ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་མངོན་པའི
སྤེལ་དུས།05-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།
གསུམ་པ་མངོན་པའི་གཞུང་ལས་འབྱུང་བའི་མིང་གི་རྣམ་གྲངས་ལ། མངོན་པ་སྡེ་བདུན་ནི། ཡེ་ཤེས་ལ་འཇུག་པ། རབ་ཏུ་བྱེད་པ། རྣམ་ཤེས་ཀྱི་ཚོགས། ཆོས་ཀྱི་ཕུང་པོ། གདགས་པའི་བསྟན་བཅོས། འགྲོ་བའི་རྣམ་གྲངས། ཁམས་ཀྱི་ཚོགས་ཏེ་བདུན་ཡིན་ལ། དེ་དག་ནི། རིམ་པ་བཞིན་དུ། ཀ་ཏྱའི་བུ་དང་། དབྱིག་བཤེས་དང་། བྲམ་ཟེ་ལྷ་སྐྱིད་དང་། ཤྰ་རིའི་བུ་དང་། མོའི་གལ་གྱི་བུ་དང་། གསུས་པོ་ཆེ་དང་། གང་པོས་བྱས་པའོ། ། བརྗོད་བྱའི་གཙོ་བོ་གཞི་ལྔ་ནི། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་པའི་ཞི་སྟེ་ལྔའོ། ། མངོན་པ་ལ་དོན་དམ་པའི་ཆོས་མངོན་པ་དང་། བརྡར་བཏགས་པའི་ཆོས་མངོན་པ་གཉིས། དང་པོ་ནི། ཟག་མེད་ཤེས་རབ་རྗེས་འབྲང་དང་བཅས་པའོ། ། ཕྱི་མ་ལ་ཐོབ་བྱེད་ལམ་གྱི་མངོན་པ། བརྗོད་བྱེད་གཞུང་གི་མངོན་པ་གཉིས་སོ། །འདིར་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་ལས་བཏུས་དང་། ཀུན་མཁྱེན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་གཉིས་ལ་མངོན་པ་གོང་འོག་གཉིས་སུ་གྲགས་པ་ལས། སྔ་མ་མིང་གི་རྣམ་གྲངས་མང་ཞིང་བརྗོད་བྱ་རྒྱ་ཆེ་བས་དེ་ལས་བྱུང་བ་བཞིན་འབྲི་བར་བྱ་ལ། དེར་མི་འབྱུང་བའི་མངོན་པ་འོག་མའི་སྒོས་ཀྱི་ཐ་སྙད་རྣམས་བར་བར་དུ་འབྲི་བར་བྱའོ། །
མངོན་པར་གོང་མ་ལ་མཚན་ཉིད་ཀུན་ལས་བཏུས་པ་དང་། རྣམ་པར་ངེས་པ་ཀུན་ལས་བཏུས་པ་གཉིས་ལས། དང་པོ་ལ་མཚན་གཞིའི་དབྱེ་བ་དང་། གྲངས་ངེས། ཉེར་ལེན། མཚན་ཉིད། རྣམ་བཞག གོ་རིམ། མིང་དོན། དཔེ། དབྱེ་བ། བསྡུས་པ། མཚུངས་ལྡན། ལྡན་པ་སྟེ་བཅུ་གཉིས་སོ། ། ཕུང་པོ་ལྔ་ནི། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོའོ། ། ཁམས་བཅོ་བརྒྱད་ནི། མིང་གི་ཁམས་དང་། དེ་བཞིན་དུ་སྦྱང་ཏེ་རྣ་བ། སྣ། ལྕེ། ལུས། ཡིད་ཀྱི་ཁམས་དང་། མིང་གི་རྣམ་པར་ཤེས་པའི་ཁམས་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དྲུག་དང་། གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་ཀྱི་ཁམས་ཏེ་བཅོ་བརྒྱད་དེ། བསྡུ་ན་རྟེན་བདག་རྐྱེན་གྱི་ཁམས། དམིགས་པ་ཡུལ་གྱི་ཁམས། བརྟེན་པ་རྣམ་པར་ཤེས་པའི་ཁམས་གསུམ་མོ། སྐྱེ་མཆེད་བཅུ་གཉིས་ནི། མིག་སོགས་དྲུག་དང་། གཟུགས་སོགས་དྲུག་གི་སྐྱེ་མཆེད་དེ་བཅུ་གཉིས་སོ། ། བདག་གི་གཞི་ལུས་ཡོངས་སུ་གཟུང་བ་དང་བཅས་པ་དང་། བདག་གི་གཞི་ལོངས་སྤྱོད་དང་། བདག་གི་གཞི་ཐ་སྙད་དང་། བདག་གི་གཞི་མངོན་པར་འདུ་བྱེད་པ་དང་། བདག་གི་གཞི་དེ་དག་གི་གནས་བརྗོད་པས་ན་ཕུང་པོ་ལྔའོ། ། ལོངས་སྤྱོད་པ་པོའི་གནས་ཀྱི་སྒོ་ནས་ཡུལ་འཛིན་པ་དང་། དམིགས་པའི་སྒོ་ནས་འཛིན་པ་དང་། ཉེར་སྤྱོད་རང་གི་མཚན་ཉིད་འཛིན་པ་གསུམ་གྱི་སྒོ་ནས་ཁམས་དྲུག་ཚན་གསུམ་མོ། ། ལུས་དང་། ཡོངས་སུ་གཟུང་བ་གཉིས་ཀྱིས་རྣམ་ཤེས་སྐྱེ་བ་དང་། རྒྱས་པའི་སྒོ་འབྱེད་པས་ན་སྐྱེ་མཆེད་དྲུག་ཚན་གཉིས་སོ། ། ཉེ་བར་ལེན་པ་ནི། འདུན་པ་དང་། འདོད་ཆགས་སོ། ། མངོན་པ་འོག་མར། འཐབ་བཅས། སྡུག་བསྔལ། ཀུན་འགྱུར། འཇིག་རྟེན། ལྷ་གནས། སྲིད་པ་རྣམས་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་མིང་གི་རྣམ་གྲངས་སུ་བཤད་དོ། །གཟུགས་ཀྱི་མཚན་ཉིད་ནི། རེག་པ་དང་ཡུལ་སྤྱད་པས་གཟུགས་སུ་རུང་བའོ། །ཚོར་བ་ནི། མྱོང་བར་བྱེད་པའི་རིག་པའོ། ། དབྱེ་ན། སིམ་པ། གདུང་བ། བར་མའི་རྣམ་པ་ཅན་གསུམ་མོ། །འདུ་ཤེས་ནི། མཚན་མར་འཛིན་པའི་རིག་པའོ། །དབྱེ་ན་མཚན་མ་ཙམ་དུ་འཛིན་པའི་རྟོག་མེད་ཀྱི་འདུ་ཤེས་དང་། བཀྲ་བར་འཛིན་བའི་རྟོག་བཅས་ཀྱི་འདུ་ཤེས་གཉིས་ཀྱིས་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་ལ་ཐ་སྙད་འདོགས་པ་བཞིའོ། །འདུ་བྱེད་ནི། ཕུང་པོ་བཞི་ལས་གཞན་དུ་གྱུར་པའི་འདུ་བྱས་སོ། ། དབྱེ་ན་མཚུངས་ལྡན་འདུ་བྱེད་དང་། ལྡན་པ་མ་ཡིན་པའི་འདུ་བྱེད་གཉིས་སོ། །མཚན་གཞིའི་གཙོ་བོ་སེམས་པ་ནི། རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་ཞིང་བསྐུལ་བར་བྱེད་པའི་སེམས་བྱུང་ངོ་། །དེ་ལ་གནས་སྐབས་ཉེར་ལྔ་ནི། བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་མ་ཡིན་པ་དང་། ཆུང་འབྲིང་ཆེ་གསུམ་དང་། དགེ་མི་དགེ་ལུང་མ་བསྟན་གསུམ་དང་། ཐོས་བསམ་བསྒོམས་གསུམ་དང་། བསླབ་པ་གསུམ་དང་། ཕྱི་ནང་དང་། གཟུང་འཛིན་དང་། སྤོང་གཉེན་དང་། མངོན་དུ་གྱུར་མ་གྱུར་དང་། རྒྱུ་དང་འབྲས་བུའི་གནས་སྐབས་ཏེ་ཉེར་ལྔར་འཇུག་གོ། ། རྣམ་པར་ཤེས་པ་ནི། ཡུལ་གྱི་ངོ་བོ་རྣམ་པར་རིག་པའོ། ། དབྱེ་ན་གཟུགས་རྣམ་པར་ཤེས་སོགས་དྲུག་གོ། །མིག་གི་ཁམས་ལ་འདས་པའི་མིག་གིས་གཟུགས་མཐོང་ཟིན་པ་དང་། ད་ལྟར་བའི་མིག་གིས་གཟུགས་ལ་བལྟ་བཞིན་པ་དང་། རྒྱུ་མཐུན་གྱི་ས་བོན་དང་། རྣམ་སྨིན་གྱི་ས་བོན་བཞིའོ།།དེ་བཞིན་དུ་རྣ་བ་སོགས་ལའང་རིགས་འགྲེའོ། ། གཟུགས་ཀྱི་ཁམས་སོགས་ལ་ཡུལ་ཅན་གྱི་སྒོ་ནས་མཚོན་པ་དང་རྒྱུའི་སྒོ་ནས་མཚོན་པ་གཉིས་གཉིས་སོ། །མིག་གི་རྣམ་པར་ཤེས་པའི་ཁམས་སོགས་ལ་མངོན་གྱུར་གྱིས་བསྡུས་པ་དང་། ས་བོན་གྱིས་བསྡུས་པ་གཉིས་གཉིས་སོ། ། སྐྱེ་མཆེད་རྣམས་ཀྱང་དེ་དང་འདྲའོ། །གཟུགས་ཀྱི་ཕུང་པོ་ལ། རྒྱུ་གཟུགས་འབྱུང་བ་ཆེན་པོ་བཞི་དང་། འབྲས་གཟུགས་བཅུ་གཅིག་གོ། ། རྒྱུར་འགྱུར་ཚུལ་ནི། འབྱུང་བའི་རྒྱུ། འདུག་པའི་རྒྱུ། རྗེས་སུ་འགྱུར་བའི་རྒྱུ། གནས་པར་བྱེད་པའི་རྒྱུ། འཕེལ་བར་བྱེད་པའི་རྒྱུ་སྟེ་ལྔའོ། ། སའི་ཁམས་ནི་སྲ་ཞིང་འཐས་པའོ། །ཆུའི་ཁམས་ནི་བརླན་ཞིང་གཤེར་བའོ། །མེའི་ཁམས་ནི་ཚ་ཞིང་སྲེག་པའོ། །རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་སྟེ་ངོ་བོ་དང་བྱེད་ལས་གཉིས་གཉིས་སོ། །མངོན་པ་འོག་མར་འཛིན་པ་དང་། བསྡུད་པ་དང་སྨིན་པ་དང་འཕེལ་ཞིང་རྒྱས་པར་བྱེད་པ་རྣམས་བྱེད་ལས་སུ་བཤད་དོ། །
འབྲས་གཟུགས་བཅུ་གཅིག་ནི། དབང་པོ་གཟུགས་ཅན་པ་ལྔ། དེའི་གཟུང་དོན་ལྔ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་རྣམས་སོ། །དབང་པོ་ལྔ་ལ། རང་རྒྱུ་འབྱུང་བ་ཆེན་པོ་བཞིའི་སྐལ་མཉམ་གྱི་རྒྱུ་ལས་བྱུང་བའི་རྒྱུའི་ཁྱད་པར།རྣས་ཤེས་ཀྱི་རྟེན་བདག་པོའི་རྐྱེན་བྱེད་པའི་བྱེད་ལས་ཀྱི་ཁྱད་པར། གཟུགས་ཅན་དང་བོས་བསྡུས་པའི་ངོ་བོའི་ཁྱད་པར་ཏེ་གསུམ་གསུམ་མོ།།གཟུགས་ཀྱི་མཚན་ཉིད་ནི།རང་རྒྱུ་འབྱུང་བ་བཞི་རྒྱུར་བྱས་པའི་མིག་ཤེས་ཀྱི་གཟུར་བྱ་སྟེ་སྒྲ་སོགས་ལ་ཡང་རིགས་བསྒྲེ་སྦྱོར་ཚུལ་ཤེས་པར་བྱའོ། །དབྱེ་ན་ཉེར་ལྔ་སྟེ། སྔོན་པོ། སེར་པོ། དམར་པོ། དཀར་པོ། རིང་པོ། ཐུང་ངུ་། ལྷམ་པ། ཟླུམ་པོ། རྡུལ་ཕྲ་མོ། རགས་པ། ཕྱལ་ལེ་བ། ཕྱལ་ལེ་བ་མ་ཡིན་པ། མཐོན་པོ། དམའ་པ། གྲིབ་མ། ཉི་མ། སྣང་བ། མུན་པ། སྤྲིན། དུ་བ། རྡུལ། ཁུག་རྣ། མངོན་པར་སྐབས་ཡོད་པ། རྣམ་པར་རིག་བྱེད། ནམ་མཁའ་ཁ་དོག་གཅིག་པའི་གཟུགས་རྣམས་སོ། །བསྡུ་ན་བཞི་སྟེ། བཟང་པོ་དང་། ངན་པ་དང་། བར་མ་དང་། ཁ་དོག་དང་འདྲ་བའོ། །སྒྲ་ལ་དབྱེ་ན་བཅུ་གཅིག་སྟེ། ཡིད་དུ་འོང་བ། མི་འོང་བ། གཉིས་ཀ་མ་ཡིན་པ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ། མ་ཟིན་པའི་འབྱུང་ཆེན་པོའི་རྒྱུ་ལས་བྱུང་བ། དེ་གཉིས་ཀ་མ་ཡིན་པ། འཇིག་རྟེན་གྱི་གྲགས་པ། གྲུབ་པས་བསྟན་པ། ཀུན་བརྟགས་པ། འཕགས་པས་ཐ་སྙད་བཏགས་པ། འཕགས་པ་མ་ཡིན་པས་ཐ་སྙད་བཏགས་པའི་སྒྲ་རྣམས་སོ། །མངོན་པ་འོག་མར། ཟིན་པའི་འབྱུང་བ་ལས་གྱུར་པ་དང་། མ་ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་གཉིས་ལ་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་དང་། སྙན་པ་དང་མི་སྙན་པ་བཞི་རེར་ཕྱེ་ནས་བརྒྱད་དུ་བཤད་དོ། །
དྲི་ལ་དབྱེ་ན་དྲུག་སྟེ། དྲི་ཞིམ་པ། དྲི་ང་བ། དྲི་མཉམ་པ། ལྷན་ཅིག་སྐྱེས་པ། སྦྱར་བ་ལས་བྱུང་བ། གྱུར་པ་ལས་བྱུང་བའི་དྲི་རྣམས་སོ། །རོ་ལ་དབྱེ་ན་བཅུ་གཉིས་ཏེ། ཁ་བ། སྐྱུར་བ། ཚ་བ། བསྐ་བ། ལན་ཚྭ། མངར་བ། ཡིད་དུ་འོང་བ། ཡིད་དུ་མི་འོང་བ། གཉིས་ཀ་མ་ཡིན་པ། ལྷན་ཅིག་སྐྱེས་པ། སྦྱར་བ་ལས་བྱུང་བ། གྱུར་པ་ལས་བྱུང་བའི་རོ་རྣམས་སོ། །འབྱུང་གྱུར་གྱི་རེག་བྱ་ལ་དབྱེ་ན་ཉེར་གཉིས་ཏེ། འཇམ་པ། རྩུབ་པ། ཡང་བ། ལྕི་བ། མཉེན་པ། ལྷོད་པ། ལྷོད་པ་མ་ཡིན་པ། གྲང་བ། བཀྲེས་པ། སྐོམ་པ། ཚིམ་པ། ཉམ་ཡོད་པ། ཉམ་ཆུང་བ། བརྒྱལ་བ། གཡའ་བ། འགྲེད་པ། ན་བ། རྒ་བ། འཆི་བ། ངལ་བ། ངལ་བསོས་པ། སྤུངས་ཆེ་བའི་རེག་བྱ་རྣམས་སོ། །ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལ་ལྔ་སྟེ། བསྡུས་པ་ལས་གྱུར་པ། མངོན་པར་སྐབས་ཡོད་པ། ཡང་དག་པར་བླང་བ་ལས་བྱུང་བ། ཀུན་བརྟགས་པ། དབང་འབྱོར་བའི་གཟུགས་རྣམས་སོ། ། མངོན་པ་འོག་མར། གཡེང་བ་དང་སེམས་མེད་པའི་གནས་སྐབས་སུ་ཡང་འབྱུང་བ། དགེ་བ་དང་མི་དགེ་བ་གང་རུང་ཡིན་པ། རྒྱུན་མཆོག་ཏུ་རྗེས་སུ་འབྲེལ་བ། འབྱུང་བ་ཆེན་པོ་བཞི་ཅི་རིགས་རྒྱུར་བྱས་པ་སྟེ་ཁྱད་པར་བཞི་ལྡན་གྱི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དང་བྱེད་པའི་གཞི་མཐུན་ཡིན་པ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལ། ཀུན་བརྟགས་པའི་གཟུགས་དང་། སྒྲོ་མ་བཏགས་པར་རྒྱུས་བསྐྱེད་པའི་གཟུགས་གཉིས་སུ་བཤད་དོ། ཚོར་བའི་ཕུང་པོ་ལ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དྲུག་དང་། ལུས་ཀྱི་ཚོར་བ། སེམས་ཀྱི་ཚོར་བ། ཟང་ཟིང་དང་བཅས་པའི་ཚོར་བ། ཟང་ཟིང་མེད་པའི་ཚོར་བ། ཞེན་པ་བསྟེན་པའི་ཚོར་བ། མངོན་པར་འབྱུང་བ་བསྟེན་པའི་ཚོར་བ་སྟེ་བཅུ་གཉིས་ལ་བདེ་སྡུག་བཏང་སྙོམས་གསུམ་གསུམ་དུ་ཕྱེ་བས་སོ་དྲུག་གོ། །ལུས་ཚོར་སེམས་ཚོར་གཉིས་ལ། དབང་ཤེས་སུ་གྱུར་པའི་ཚོར་བ་དང་། ཡིད་ཤེས་སུ་གྱུར་པའི་ཚོར་བ་ཞེས་ཀྱང་བྱའོ། །འདུ་ཤེས་ཀྱི་ཕུང་པོ་ལ། རྟེན་གྱི་སྒོ་ནས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག་གོ། །དམིགས་པའི་སྒོ་ནས་དྲུག་སྟེ། མཚན་མ་དང་བཅས་པ། མཚན་མ་མེད་པ། ཆུང་ངུ། རྒྱུ་ཆེན་པོར་གྱུར་པ། ཚད་མེད་པ། ཅི་ཡང་མེད་དོ་སྙམ་པའི་འདུ་ཤེས་ཏེ་དྲུག་གོ། །མཚན་བཅས་ལ། ཐ་སྙད་ལ་མཁས་པའི་འདུ་ཤེས། འདུས་བྱས་མི་རྟག་པ་སོགས་ལ་དམིགས་པའི་འདུ་ཤེས། དམིགས་རྣམ་གསལ་བའི་འདུ་ཤེས་སོ། །འདུ་བྱེད་ཀྱི་ཕུང་པོ་ལ། འདུས་བྱས་དང་འདུ་བྱེད་མི་གཅིག་ལ། འདུ་བྱེད་ཀྱི་མཚན་གཞིའི་གཙོ་བོ་སེམས་བྱུང་སེམས་པ་ནི། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་སོགས་དྲུག་གོ། །སྤྱིར་འདུ་བྱེད་ཀྱི་ཕུང་པོ་ལ་དབྱེ་ན། ཚོར་བ་དང་འདུ་ཤེས་མ་གཏོགས་པའི་སེམས་བྱུང་རྣམས་དང་། སེམས་དང་མི་ལྡན་པའི་འདུ་བྱེད་དེ་གཉིས་སོ། །མཚུངས་ལྡན་འདུ་བྱེད་ལ། ཚོར་བ། འདུ་ཤེས། སེམས་པ། ཡིད་ལ་བྱེད་པ། རེག་པ་སྟེ་ཀུན་འགྲོ་ལྔ། འདུན་པ། མོས་པ། དྲན་པ། ཏིང་འཛིན། ཤེས་རབ་སྟེ་ཡུལ་ངེས་པ་ལྔ། དད་པ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། མ་ཆགས་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། བརྩོན་འགྲུས། ཤིན་ཏུ་སྦྱངས་པ། བག་ཡོད་པ། བཏང་སྙོམས། རྣམ་པར་མི་འཚེ་བ་སྟེ་དགེ་བ་བཅུ་གཅིག འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྟ་མིན་ལྔ་དང་། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པའི་ལྟ་བ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལོག་ལྟ་སྟེ་ལྟ་བ་ལྔ་གཅིག་ཏུ་བགྲང་ན་རྩ་བའི་ཉོན་མོངས་དྲུག ཁྲོ་བ། ཁོན་དུ་འཛིན་པ། འཆབ་པ། འཚིག་པ། ཕྲག་དོག སེར་སྣ། སྒྱུ། གཡོ། རྒྱགས་པ། རྣམ་པ་འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། རྨུགས་པ། རྒོད་པ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号