ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ནང་བའི་གྲུབ་མཐའ།
༄༅། །གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཇེས་རྒྱན་ལས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེ
སྤེལ་དུས།03-29  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ལྕང་སྐྱ་རོལ་བའི་རྡོ་རྗེ།

  མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེས་ཇི་ལྟར་ཕྱེ་ཚུལ་བསྟན་པ།

དེ་ལྟ་ན་དགོངས་འགྲེལ་ལ་བརྟེན་ནས་དྲང་ངེས་ཇི་ལྟར་ཕྱེ་བ་ཡིན་ཞེ་ན།   འདི་ལ་མདོ་དགོད་པ་དང༌།དེའི་དོན་བཤད་པ་གཉིས། དང་པོ་ནི། སྤྱིར་དགོངས་འགྲེལ་གྱི་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུའི་མདོ་སྡེ་ལ་འགལ་སྤོང་གི་དྲི་ལན་གྱི་སྐོར་རིལ་གྱིས་འདིའི་ཁུངས་ཡིན་མོད་ཀྱང་འཇུག་པ་བདེ་བའི་ཕྱིར་གྲུབ་དོན་གྱི་མདོ་ལ་བརྟེན་ནས་བཤད་ན་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་ཡང༌། བླ་ན་མཆིས་པ། སྐབས་མཆིས་པ། དྲང་པའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ།  སྐབས་མཆིས་པ།  དྲང་པའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི།བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས།  སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌།  གཟོད་མ་ནས་ཞི་བ་དང༌།  རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ།བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ།ངེས་བའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་སོ།   །
གཉིས་པ་ལ་གཉིས།   མདོའི་ཚིག་དོན་ཅུང་ཟད་བཤད་པ་དང༌།    འཁོར་ལོ་གསུམ་གྱི་དྲང་ངེས་ཕྱེ་ཚུལ་དངོས་སོ། །དང་པོ་ནི།   འདི་ལ་མདོ་ཚིག་ཏུ་དང་པོར་ཞེས་པ་ནི་བྱ་རྒོད་ཕུང་བོའི་རིར་ཤེར་ཕྱིན་གྱི་མདོ་དང་ཡངས་པ་ཅན་དུ་འཁོར་ལོ་གསུམ་པ་བསྐོར་བ་ལ་ལྟོས་ཏེ་ཝ་ར་ཎ་སིར་བདེན་བཞིའི་ཆོས་འཁོར་བསྐོར་བ་འདི་དུས་ཐོག་སྔ་བས་ན་འདིར་དངོས་སུ་བཤད་པའི་འཁོར་ལོ་གསུམ་བསྐོར་བའི་དུས་ཀྱི་རིམ་པ་སྟོན་པ་ཙམ་ཡིན་གྱི་སྤྱིར་དུས་དང་པོར་གསུངས་པའི་མདོ་ཐམས་ཅད་འདི་ནས་བཤད་པའི་འཁོར་ལོ་དང་པོར་བསྒྲུབ་པ་དང་དེ་ཉིད་འཁོར་ལོ་དང་པོའི་འཛོག་བྱེད་དུ་སྟོན་པ་མིན་ནོ།   །ཝ་ར་ཎ་སི་སོགས་ནི་ཆོས་འཁོར་བསྐོར་བའི་གནས་སོ། །ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་ནི་གདུལ་བྱ་སྟེ། དེའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ནི་ཐེག་པ་དམན་པའི་རིགས་ཅན་ནོ།   །འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པ་ནི་བརྗོད་བྱ་སྟེ།  བདེན་པ་བཞི་ལས་བརྩམས་ཏེ་གསུངས་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ཞེས་པ་ནས་བསྐོར་ཏེ་ཞེས་པའི་བར་ནི་ཆོས་འཁོར་གྱི་བསྔགས་པའོ། །བླ་ན་མཆིས་པ་ནི་འདིའི་གོང་ན་ཁྱད་པར་ཅན་གྱི་ཆོས་འཁོར་ཡོད་པ་སྟེ། དེ་ཡང་ངེས་དོན་གྱི་མདོ་རྣམས་སོ།  །སྐབས་ཡོད་པ་ནི་འདིའི་དངོས་བསྟན་སྒྲ་ཇི་བཞིན་པའི་དོན་ལ་རྒོལ་བ་གཞན་གྱིས་གླགས་འཚོལ་བའི་སྐབས་ཡོད་པའོ།   །དྲང་པའི་དོན་ནི་འདིའི་དོན་གཞན་དུ་དྲང་དགོས་པའོ།   །རྩོད་པའི་གཞིའི་གནས་སུ་གྱུར་པ་ནི་ཀུན་རྫོབ་དང་དོན་དམ་དུ་ཡོད་མེད་ཀྱི་ཁྱད་པར་གསལ་བར་མ་ཕྱེ་བས་དོན་གང་ཡིན་ལ་མི་མཐུན་པའི་རྩོད་པ་དང་བཅས་པའོ། །གཉིས་པའི་བཅོམ་ལྡན་འདས་ཀྱིས་ཞེས་པ་ནས་བརྩམས་ནས་ཞེས་པའི་བར་ནི་བརྫོད་བྱ་སྟོན་པ་སྟེ།ཡུམ་གྱི་མདོ་ལ་སོགས་པ་བརྗོད་བྱ་ངོ་བོ་ཉིད་མེད་པ་ལ་སོགས་ལས་བརྩམས་ཏེ་གསུངས་པའི་ཕྱིར་རོ།   །ཐེག་པ་ཞེས་སོགས་ནི་བསྐོར་ཡུལ་གྱི་གདུལ་བྱ་སྟེ།    འདིའི་ཆེད་དུ་བྱ་བའི་གདུལ་བྱ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་པའི་ཕྱིར་རོ།  །སྟོང་པ་ཉིད་སྨོས་པའི་རྣམ་པ་ནི་ངོ་བོ་ཉིད་ཡོད་མེད་གསལ་བར་མ་ཕྱེ་པས་མི་མངོན་པའི་རྣམ་པས་གསུངས་པའོ། །ལྷག་མ་ནི་སྔར་ལྟར་རོ། །གསུམ་པའི་བཅོམ་ལྡན་འདས་ཞེས་པ་ནས་བརྩམས་ནས་ཞེས་པའི་བར་ནི་བརྗོད་བྱ་སྟོན་པ་སྟེ།   འཁོར་ལོ་གསུམ་པ་ཡང་ངོ་བོ་ཉིད་མེད་པ་སོགས་ལས་བརྩམས་པ་ནི་བཀའ་བར་བ་དང་འདྲ་བའི་ཕྱིར་རོ། །ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ནི་བསྐོར་ཡུལ་གྱི་གདུལ་བྱ་སྟེ།   འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ཡིན་པ་ནི་སྔ་མ་དང་འདྲ་ལ།ཐེག་པ་ཐམས་ཅད་ལ་ཞུགས་པའི་དོན་ནི་འཁོར་ལོ་དང་པོར་གང་ཟག་གི་བདག་མེད་ཙམ་དང་བར་པར་ཆོས་ཀྱི་བདག་མེད་བསྟན་པའི་ཐེག་པ་ཆེ་ཆུང་གཉིས་ཀའི་མདོའི་དོན་ལེགས་པར་རྟོགས་པའི་ཆེད་དུ་ཐོས་བསམ་སོགས་ཀྱིས་ཞུགས་པའོ།   །ལེགས་པར་རྣམ་པར་ཕྱེ་བ་ནི་གཟུགས་སོགས་ཀྱི་ཆོས་རྣམས་རེ་རེ་ལ་ཡང་མཚན་ཉིད་གསུམ་གསུམ་གྱི་རྣམ་བཞག་དང་ངོ་བོ་ཉིད་མེད་ཚུལ་གསུམ་གསུམ་གྱི་ཁྱད་པར་གསལ་བར་ཕྱེ་པའོ།  །
བླ་ན་མ་མཆིས་པ་སོགས་ཀྱི་དོན་ནི་སྔ་མ་ལས་བཟློག་པ་སྟེ།   རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་པ་ནི་ངོ་བོ་ཉིད་ཡོད་མེད་གསལ་བར་ཕྱེ་བས་མདོ་དེས་དེ་ལྟར་གཏན་ལ་ཕབ་པ་ཡིན་མིན་མཁས་པས་བརྟགས་ན་རྩོད་པ་མེད་པ་ལ་བྱའོ།   །དེ་ལྟར་ན་འདིར་བསྟན་པའི་དྲང་དོན་དུ་འདོད་རྒྱུའི་འཁོར་ལོ་དང་པོ་ནི་བདེན་པ་བཞི་ལས་བརྩམས་ནས་རང་གི་མཚན་ཉིད་ཡོད་པ་སོགས་སུ་གསུངས་པ་དང་།བར་པ་ཡང་ཁྱད་པར་གསལ་བར་མ་ཕྱེ་བར་ངོ་བོ་ཉིད་མེད་པ་སོགས་སུ་གསུངས་པ་དང༌།    ངེས་དོན་དུ་འདོད་རྒྱུའི་འཁོར་ལོ་ཐ་མ་ནི་སྔར་བཤད་པ་ལྟར་ངོ་བོ་ཉིད་ཡོད་མེད་ཀྱི་ཁྱད་པར་གསལ་བར་ཕྱེ་ནས་བསྟན་པ་རྣམས་ཡིན་གྱི་ཡུལ་དུས་དེ་དག་ཏུ་གསུངས་པའི་མདོ་ཐམས་ཅད་ལ་བྱེད་པ་མིན་པར་རྗེ་ཐམས་ཅད་མཁྱེན་པས་ལེགས་བཤད་སྙིང་པོར་གསལ་བར་གསུངས་སོ།  །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号