ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཁྱིམ་ཚང་སློབ་གསོ།
༄༅། །ལྡུམ་བུ་སྔོ་རིས་མས་གྲོགས་བསྒྲིགས་པ།
སྤེལ་དུས།03-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། རིན་ཆེན་སྐྱིད།

      རྒྱང་ཐག་རིང་བའི་ནགས་ཚལ་ཆེན་པོ་ཞིག་གི་འདབས་སུ། ལྡུམ་བུ་སྔོ་རིས་མ་ཞིག་དྲོད་འཇམ་ཉི་མའི་འོད་སྣང་དང་འབྱུང་བ་ས་ཆུའི་བརླན་གཤེར་གྱི་དྲིན་གྱིས་བསྐྱངས་འོག སྐྱོན་བྲལ་ངང་འཚར་ལོངས་བྱུང་ནས་ཉིན་རེ་རེར་སྐྱིད་པའི་གླུ་དང་སྤྲོ་བའི་གར་ལ་རོལ་བཞིན་མཆིས། ལྡུམ་བུ་སྔོ་རིས་མའི་གཞུང་རྟ་དཀར་ཞིང་གཙང་བ་དང་ལོ་འདབ་ལྗང་ཞིང་ཆེ་ལ་སྣུམ་ཤིགས་སེ་ཡོད་པས་ཧ་ཅང་ཡིད་དུ་འོང་བ་ཞིག་རེད།
      ཉིན་ཞིག་ལ་སྔོ་རིས་མས་ཉིན་གང་བོར་གླུ་ལེན་གར་རྩེ་བྱས་མཐར། གློ་བུར་དུ་སུན་སྣང་ཞིག་སྐྱེས་ནས་ང་རང་འདི་འདྲའི་མཛེས་ཤིང་ལྟ་ན་སྡུག་པ་ལ་གྲོགས་ཤིག་མེད་མི་རུང༌། གལ་ཏེ་མཛེས་སྡུག་ལྡན་པའི་གྲོགས་པོ་དང་མཉམ་དུ་གླུ་ལེན་གར་རྩེ་བྱས་ན་ཅི་འདྲའི་སྐྱིད་པ་ལ་བསམས་ནས། གླུ་ཞིག་ལེན་ན་གླུ་ཞིག་ལེན། །ང་ནི་མཛེས་མ་སྔོ་རིས་ཡིན། །སྙན་མོ་གླུ་ལ་ང་རང་མཁས། ། གར་གྱི་སྟངས་སྟབས་ཀུན་ལས་མཛེས། །མཛེས་པའི་གྲོགས་ཤིག་བསྒྲིག་ན་འདོད། །ཅེས་སྐད་གསེང་མཐོན་པོས་གླུ་བླངས།
      ས་འབུ་ནག་རིང་ཞིག་ས་འོག་ནས་འཛུལ་འོངས་ཏེ་ན་རེ། ལྡུམ་བུ་སྔོ་རིས་མ། དེད་གཉིས་ཀྱིས་གྲོགས་བསྒྲིག་ན་ཆོག་གམ། ང་ཡིས་ཁྱོད་ཀྱི་རྩད་པའི་ས་སོབ་སོབ་བྱེད་ཐུབ་ཅེས་སྨོས། སྔོ་རིས་མས་མགོ་བོ་སྒུར་ནས་བལྟས་པ་ན། ཨ་ལ། ནག་ནུར་རེར་ས་འབུ་ནག་རིང་ཞིག་གིས་མགོ་བོ་བཏེགས་ནས་ཡར་མིག་ཅེ་རེར་བལྟས་འདུག་པ་མཐོང་འཕྲལ་སྨིན་མ་བསྡུས་ནས་ན་རེ། ཁྱོད་ཀྱི་སྐྱེ་གཟུགས་ས་ནག་དང་འདྲ་བར་ནག་ཅིང་རྫོབ་པས། ང་ཡི་གྲོགས་བྱ་ག་ལ་རུང་ཟེར། ས་འབུ་ནག་རིང་ཁོང་ཁྲོ་ལངས་བཞིན་ནུར་ནས་ཕྱིན་སོང༌།
      ཨ་ཁུ་གླང་ཆེན་རྒྱང་རིང་ནས་འོངས་ཏེ་ན་རེ། ལྡུམ་བུ་སྔོ་རིས་མ། འུ་གཉིས་ཀྱིས་གྲོགས་པོ་བསྒྲིག་ན་ཆོག་གམ། ང་ཡི་ཁྱོད་ལ་ཆུ་གཏོང་ཆོག་ཟེར། ལྡུམ་བུ་སྔོ་རིས་མས་མགོ་བོ་ཡར་བཀྱགས་ནས་བལྟ་བཞིན། ཁ་མུར་མུར་བྱེད་ཀྱིན་ན་རེ། ཁྱོད་ཀྱི་སྣ་ཞག་རིང་བ་སྦུ་གུ་ཞིག་དང་འདྲ་ལ། ལུས་པོ་ཆེ་བ་ཕ་བོང་ཞིག་དང་འདྲ་བས་ང་ཡི་མཛེས་པའི་གྲོགས་པོར་ག་ལ་རུང་ཟེར། གླང་ཆེན་ཡང་ཁྲོས་ནས་བཞུད་སོང༌།
      རི་བྱིའུ་ཞིག་རྩྭ་གསེབ་ནས་འཕུར་འོངས་ཏེ་ན་རེ། ལྡུམ་བུ་སྔོ་རིས་མ། ང་ཚོ་གྲོགས་པོ་བསྒྲིག་ན་ཆོག་གམ། ང་ཡི་ཁྱོད་ཀྱི་ལུས་སྟེང་གི་གནོད་འབུ་འཛིན་ཐུབ་ཅེས་སྨོས། ལྡུམ་བུ་སྔོ་རིས་མས་མགོ་བོ་འཁྱོགས་ནས་བལྟ་བཞིན་ལག་པ་གཡུག་གིན་ན་རེ། ཁྱོད་ཀྱི་མཆུ་ཏོ་འབིགས་དང་མཚུངས་པས། ང་ཡིས་ཁྱོད་དང་གྲོགས་པོ་སྒྲིག་མི་སྲིད་ཟེར། རི་བྱིའུ་ཡང་མ་དགའ་བར་འཕུར་སོང༌།
      སྐབས་དེར། ཕྱེ་མ་ལེབ་ཅིག་གིས་གཤོག་འདབ་གཡོ་བཞིན་འཕུར་འོངས་ནས་ན་རེ། ལྡུམ་བུ་སྔོ་རིས་མ། དེད་གཉིས་ཀས་གྲོགས་པོ་ཞིག་བསྒྲིག་ན་ཅི་འདྲ་རེད། ང་ཡིས་ཁྱོད་ལ་བྲོ་གར་འཁྲབ་ཆོག་ཅེས་སྨོས། སྔོ་རིས་མས་དེ་ལ་བལྟས་པ་ན། ཨ་ལ་ལ་ལ། ཕྱེ་མ་ལེབ་དེ་སྔོ་ལྗང་དེ༌། དཀར་ཁྲ་ལེར་ཅི་འདྲ་མཛེས་པ་ལ། ལྡུམ་བུ་སྔོ་རིས་མ་ཤིན་ཏུ་དགའ་ནས་མྱུར་བ་མྱུར་དུ་མགོ་ལྕོག་ལྡེམ་ལྡེམ་བྱེད་ཀྱིན་མཛེས་སྡུག་ལྡན་པའི་ཕྱེ་མ་ལེབ། ཁྱོད་ཀྱིས་ང་དང་གྲོགས་པོ་སྒྲིག་པར་དགའ་བསུ་བྱེད་ཟེར། ཕྱེ་མ་ལེབ་དེས་ལྡུམ་བུ་སྔོ་རིས་མའི་ལོ་འདབ་སྣུམ་ལྗང་སྟེང་ལ་ཡང་ཡང་འཁྱུད་ནས། ལོ་འདབ་སྟེང་གོར་ཐིག་མང་པོ་ཞིག་བཞག་པ་དང༌། ལྡུམ་བུ་སྔོ་རིས་མའི་མཐའ་བསྐོར་ནས་གཤོག་རྩལ་ངོམ་བཞིན་གར་འཁྲབ་རྗེས་འཕུར་སོང༌།
      ཉིན་འགའི་རྗེས་སུ། ལོ་འདབ་སྟེང་གི་གོར་ཐིག་དེ་དག་ལས་སྔོ་འབུ་མང་པོ་ཕྱིར་ཐོན། སྔོ་འབུ་དེ་དག་གིས་ལྡུམ་བུ་སྔོ་རིས་མའི་ལོ་མ་ཟ་བཞིན་རིམ་བཞིན་ནར་སོན། ལྡུམ་བུ་སྔོ་རིས་མར་ན་ཟུག་དང་ཟ་འཕྲུག་ལངས་ནས། ཨ་ཚ་ཚ། ཁྱོད་ཚོ་སུ་ཡིན། ང་ཡི་ལོ་འདབ་ཟ་དོན་ཅི་ཡིན་ཞེས་དྲིས། སྔོ་འབུ་ན་རེ། ང་ཚོ་ནི་ཁྱོད་ཀྱི་གྲོགས་པོ་ཕྱེ་མ་ལེབ་ཀྱི་བུ་ཕྲུག་ཡིན། ཁྱོད་རང་མཛེས་སྡུག་ལྡན་པའི་ཕྱེ་མ་ལེབ་ལ་དགའ་ཞེན་ཆེ་བ་མ་ཡིན་ནམ། ང་ཚོས་ཁྱོད་ཀྱི་ལོ་མ་ཟོས་ནས་ནར་སོན་རྗེས། མཛེས་སྡུག་ལྡན་པའི་ཕྱེ་མ་ལེབ་ཏུ་འགྱུར་ཐུབ་ཅེས་སྨོས། ལྡུམ་བུ་སྔོ་རིས་མར་བྲེལ་འཚུབ་ལངས་ནས་ངུས་ཏེ། ཁྱོད་ཚོས་ང་ཡི་ལོ་མ་ཟ་ག་ལ་རུང༌། གལ་ཏེ་ང་ལ་ལོ་འདབ་མེད་ཚེ་སྐམ་ནས་འཆི་དེས་ཞེས་འུར་བརྒྱབ། ཡིན་ནའང༌། སྔོ་འབུ་དེ་ཚོས་ཁ་ཡ་ཡང་མི་བྱེད་པར་མུ་མཐུད་དུ་སོ་རྒན་བཏབ་ནས་ལྡུམ་བུ་སྔོ་རིས་མའི་ལོ་འདབ་ཟོས། ལྡུམ་བུ་སྔོ་རིས་མ་ན་ཟུག་ལངས་ནས་ཨ་ཧོ་ཨ་མ། ང་ཡི་སྲོག་སྐྱོབས་དང་ཞེས་སྐད་བརྒྱབ།
      དུས་དེར། ས་འབུ་ནག་རིང་དང་གླང་བོ་ཆེ། རི་བྱིའུ་བཅས་ཀྱིས་ལྡུམ་བུ་སྔོ་རིས་མའི་ངུ་སྐད་ཐོས་ནས་ཐག་རིང་ནས་བརྒྱུགས་འོངས། རི་བྱིའུ་ཡིས་འབིགས་དང་འདྲ་བའི་མཆུ་ཏོ་བསྲིངས་ནས་སྔོ་འབུ་རེ་རེ་བཞིན་ཟོས། ས་འབུ་ནག་རིང་གིས་ས་ནག་དང་འདྲ་བའི་ལུས་པོ་སྙི་མོས་ལྡུམ་བུ་སྔོ་རིས་མའི་རྩད་པའི་ས་སོབ་སོབ་བྱས། གླང་བོ་ཆེས་སྦུ་གུ་དང་འདྲ་བའི་སྣ་ཞག་བསྲིངས་ནས་ལྡུམ་བུ་སྔོ་རིས་མར་ཆུ་བཏང༌། རེ་ཞིག་ནས་ལྡུམ་བུ་སྔོ་རིས་མར་ན་ཟུག་མི་སྐྱེས་པ་དང་ཟ་འཕྲུག་མི་ལངས་པར་བདེ་འབོལ་ལེར་སོང་བས། ངོ་ཚ་དང་བཅས་མགོ་བོ་སྨད་དེ་ན་རེ། ཁྱོད་ཚོར་བཀའ་དྲིན་ཆེ། ཁྱོད་ཚོས་ང་ཡི་སྲོག་བསྐྱབས། ཁྱོད་ཚོ་ད་གཟོད་ང་ཡི་གྲོགས་པོ་དམ་པ་ཡིན་ཟེར།
      གྲོགས་པོ་ཆུང་ཆུང་ཚོ། མི་ཞིག་ལ་མཚོན་ན་ཕྱི་གཟུགས་ལེགས་ན་དགེ་མཚན་ཞིག་ཏུ་བརྩི་ཆོག་མོད། ཡིན་ཡང་། ཕྱི་གཟུགས་ལས་ཀྱང་སེམས་རྒྱུད་ལེགས་པོ་ཞིག་ལྡན་པ་ནི་ལྷག་པར་གལ་ཆེ་བ་རེད། སེམས་རྒྱུད་ལེགས་པའི་མི་ཡིས་ད་གཟོད་གྲོགས་པོ་མང་པོ་ངང་གིས་འགུགས་ཐུབ། ང་ཚོར་ཡང་གྲོགས་པོ་མང་པོ་ཡོད་སྲིད་དེ། གྲོགས་པོ་སྒྲིག་དུས་ཕྱིའི་སྐྱེ་གཟུགས་དང་ཕྱིའི་རྣམ་པ་ཁོ་ནར་མི་བལྟ་བར། གཙོ་བོ་ཕ་རོལ་པོའི་གཤིས་ཀ་དང་སེམས་རྒྱུད། ཀུན་སྤྱོད་ལ་བརྟག་དགོས།
      མཁས་པའི་ལེགས་བཤད་ལའང༌། ཡོན་ཏན་མེད་ན་ཆ་ལུགས་ཀྱིས། །མཁས་རྣམས་དགའ་བ་བསྐྱེད་མི་ནུས། །རྟ་མཆོག་འགྲོས་དང་མི་ལྡན་ན། །ཤིན་ཏུ་བརླིང་ཡང་རིན་ཐང་ཆུང༌། །ཞེས་གསུངས།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号