ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > གསུང་རབ་བང་མཛོད།
༄༅། །ཆོས་ཀྱི་རྗེ་དོན་རིན་པས་མཛད་པའི་རྒྱུད་བླ་མའི་བསྟན་བཅོས་ལས་ལེའུ་ལྔ་པ། རིགས་ལ་མོས་པའི་ཕན་ཡོན་གྱི་ས
སྤེལ་དུས།07-17  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

ལེའུ་ལྔ་པ། རིགས་ལ་མོས་པའི་ཕན་ཡོན་གྱི་

སྐབས་ཀྱི་རྣམ་པར་བཤད་པ།
གསུམ་པ་རིགས་ལ་མོས་པའི་ཕན་ཡོན་ལ་གཉིས་ཏེ།མདོར་བསྟན་རྒྱས་པར་བཤད་པའོ།།
དང་པོ་ལ་གསུམ་སྟེ། ཕན་ཡོན་སྤྱིར་བརྗོད་པ། བྱེ་བྲག་ཏུ་བཤད།དེའི་འཐད་པའོ།།
དང་པོ་ལ་བཞི་ལས། མོས་པའི་ཡུལ་ནི། སངས་རྒྱས་ཀྱི་ཁམས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་སངས་རྒྱས་ཀྱི་བྱང་ཆུབ་དྲི་མ་མེད་པའི་དེ་བཞིན་ཉིད་དང༌། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་དང༌། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ཏེ་བཞི་པོ་འདིས་སངས་རྒྱས་ཀྱི་རྒྱུ་རྐྱེན་ཚོགས་པ་ཡིན་པས་མོས་པའི་ཡུལ་ཡིན་ནོ༑།དེ་དག་བསམ་གྱིས་མི་ཁྱབ་པའི་ཚུལ་ནི། གནས་བཞི་པོ་འདི་དག་པའི་སེམས་ཅན་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བསམ་བྱ་མིན་ཞེས་པ་བསམ་གྱིས་མི་ཁྱབ་པའོ༑།འོ་ན་སུས་རྟོགས་པར་ནུས་ཤེ་ན། དཀོན་མཆོག་རྒྱུ་དང་རྐྱེན་བཞི་པོ་འདི་ནི་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་འདྲེན་པ་སངས་རྒྱས་( ༡༦༨ན)རྣམས་ཀྱི་སྤྱོད་ཡུལ་ཡིན་ནོ། །མོས་པའི་ཕན་ཡོན་ལ་ཡོན་ཏན་གྱི་སྣོད་དུ་འགྱུར་བ་ནི།   བློ་ལྡན་བྱང་ཆུབ་སེམས་དཔའ་གང་ཞིག་རྒྱལ་བའི་ཡུལ་ཁམས་ལ་སོགས་པ་བཞི་པོ་འདི་ལ་ཡིད་ཆེས་པས་དད་ཅིང་མོས་པ་ཐོབ་ན་ཐེག་པ་ཆེན་པོའི་རིགས་སད་པས་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་སྐྱེ་བར་འགྱུར་བའི་ཕྱིར་དེའི་སྣོད་དུ་འགྱུར་ཏེ་ཞེས་པའོ།།
བསོད་ནམས་གཞན་ཟིལ་གྱིས་གནོན་པ་ནི། གཞན་གྱིས་བསམ་དུ་མེད་པའི་ཡོན་ཏན་གྱི་ཚོགས་ལ་མངོན་པར་དགའ་ཞིང་མོས་པས་དེ་ལས་གཞན་པ་དེ་དང་མཚུངས་པའི་སེམས་ཅན་གཞན་ཀུན་གྱི་བསོད་ནམས་ཀྱི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །འདི་ལ་གོང་མ་འགའ་ཞིག་ཟིལ་གྱིས་གནོན་པར་བྱ་བའི་དགེ་བ་ནི་ཐར་པ་ཆ་མཐུན་གྱི་དགེ་བ་མ་ཡིན་གྱི་བསོད་ནམས་ཆ་མཐུན་གྱི་དགེ་བ་ཡིན་ཞེས་གསུངས་ཏེ། གཞུང་ལས། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་ཞེས་གསུངས་པས་ཐར་པ་ཆ་མཐུན་གྱི་དགེ་བ་གཞན་ཡང་ཟིལ་གྱིས་གནོན་པར་མངོན་ནོ།།
གཉིས་པ་ལ་གསུམ་སྟེ། སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་བསོད་ནམས་ཟིལ་གྱིས་གནོན་པའོ།   །དང་པོ་ལ་སྦྱིན་པའི་རང་བཞིན་ནི་གཏོང་བ་པོ་གང་ཞིག་འབུལ་བ་བྱེད་དོ།།ཞེས་པའོ།།ཀུན་སློང་གི་བསམ་པ་གང་གིས་ཤེ་ན༑   སྙན་གྲགས་ལོངས༌།སྤྱོད་ལ་སོགས་པའི་(༡༦༨བ)ཟང་ཟིང་འདོད་པ་མ་ཡིན་ཏེ་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བས་སོ། །དངོས་པོ་ཇི་ལྟ་བུ་ཞེ་ན།   ཁ་ཟས་ལ་སོགས་པ་ཅུང་ཟད་མ་ཡིན་ཏེ།གསེར་གྱི་གཞོང་པའི་ནང་དུ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་ཤིང་བཀང་བར་གྱུར་པའོ། །ཇི་སྙེད་ཅིག་འབུལ་ན་ཅུང་ཟད་ཙམ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་གི་རྡུལ་གྱི་གྲངས་དང་མཉམ་པའོ། །དུས་ནི་རེས་འགའ་ལན་ཅིག་ཙམ་མ་ཡིན་ཏེ་ཉིན་རེ་བཞིན་དུ་རྟག་པར་རོ༑   །ཡུལ་ནི་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལའོ༑ །གལ་ཏེ་དེ་ལས་ཁྱད་པར་དུ་འཕགས་པའི་བསོད་ནམས་ཡོད་དམ་ཞེ་ན། ཡོད་དེ་གང་ཟག་གཞན་འགའ་ཞིག་རྒྱུད་བླ་མ་འདི་ལས་ཁམས་ལ་སོགས་པའི་དོན་ཇི་ལྟ་བ་བཞིན་མ་རྟོགས་ནའང་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་བཞི་པོ་དེ་ལ་ཡིད་ཆེས་པའི་དད་པས་མོས་པ་ཐོབ་ན་གང་ཟག་འདི་ལ་གོང་དུ་བཤད་པའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་དེ་ལས་དགེ་བ་ཆེས་མང་ཞིང་ཁྱད་པར་འཕགས་པ་འཐོབ་པར་གྱུར་རོ། །གཉིས་པ་ཚུལ་ཁྲིམས་ཀྱི་རང་བཞིན་ནི་བློ་ལྡན་གང་ཞིག་ཚུལ་ཁྲིམས་དྲི་མ་མེད་པ་སྲུང་བར་བྱེད་དོ་ཞེས་པའོ། །ཀུན་སློང་གི་བསམ་པ་ནི་བླ་ན་མེད་པའི་བྱང་ཆུབ་འདོད་པས་སོ། །དུས་ནི་བསྐལ་པ་དུ་མར་ཡང་བསྲུང་བའོ། སྒོ་གང་ནས་བསྲུང་ན་ལུས་ངག་ཡིད་ཀྱི་དེ་གསུམ་གྱིས་སོ། །སྦྱོར་བ་ནི་འབད་པ་མེད་པར་རང་གི་ངང་གིས་འཇུག་པའོ། །དེ་ལྟ་བུའི་(༡༦༩ན)ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་ཤིན་ཏུ་ཆེ་མོད་ཀྱི་དེ་ལས་ཀྱང་བསོད་ནམས་ཆེས་མང་ཞིང་ཁྱད་པར་དུ་འཕགས་པ་འཐོབ་པར་འགྱུར་རོ། །རྒྱུ་གང་ལས་གང་གིས་འཐོབ་ཅེ་ན། གཞན་གང་ཞིག་རྒྱུད་བླ་མའི་བསྟན་བཅོས་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་མོས་པའི་རྒྱུ་དེ་ལས་མོས་པ་དང་ལྡན་པའི་གང་ཟག་འདི་ཞེས་པ་དེས་འཐོབ་བོ། །གསུམ་པ་ནི་གང་ཟག་གང་ཞིག་བསམ་གཏན་སྒོམ་པར་བྱེད་ལ་ཞེས་པ་བྱའོ། །བྱེད་ལས་ནི་སྲིད་པ་གསུམ་གྱི་ཉོན་མོངས་པའི་མེ་འཇིལ་ཞིང་ཞི་བར་བྱེད་པའོ༑ །ངོ་བོ་ནི་ལྷའི་གནས་པ་བསམ་གཏན་བཞི་དང་ཚངས་པའི་གནས་པ་ཚད་མེད་བཞིའོ། །དེ་དག་ཕུལ་དུ་བྱུང་བས་ན་མཐར་སོན་ཞེས་པའོ། །བསམ་པ་ནི་རྫོགས་པའི་བྱང་ཆུབ་འཕོ་བ་མེད་པའི་ཐབས་སུ་གྱུར་པ་བསྒོམ་མོ། །དེ་ལྟ་བུའི་བསམ་གཏན་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ཆེས་མང་བ་འཐོབ་པར་འགྱུར་རོ། །གང་གིས་གང་ལས་ཤེ་ན། རྒྱུད་བླ་མ་འདི་ལ་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི་ཞེས་པའོ། །གསུམ་པ་དེའི་འཐད་པ་ནི་གང་གི་ཕྱིར་ན་སྦྱིན་པ་བཏང་བས་འབྲས་བུ་ལོངས་སྤྱོད་དག་ནི་སྒྲུབ་པར་བྱེད་ཅིང་ཚུལ་ཁྲིམས་བསྲུངས་པ་ཉིད་ཀྱིས་ནི་འབྲས་བུ་མཐོ་རིས་ཀྱི་གོ་འཕང་འཐོབ་པར་བྱེད་དོ།   །བསམ་གཏན་བསྒོམས་པས་ཁམས་གསུམ་གྱི་ཉོན་(༡༦༩བ)མོངས་པ་ཙམ་སྤོང་བར་བྱེད་པ་ཡིན་ལ། རྒྱུད་བླ་མ་འདི་ཐོས་པ་ལ་བརྟེན་ནས་ཁམས་ལ་སོགས་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་ནི་ཁམས་གསུམ་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཀུན་སྤོང་བར་བྱེད་པ་དེའི་ཕྱིར་ན། ཤེས་རབ་འདི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལས་མཆོག་ཏུ་གྱུར་པ་ཉིད་དེ། དེས་ན་ཤེས་རབ་དེ་སྐྱེ་བའི་རྒྱུ་ནི་རྒྱུད་བླ་མའི་བསྟན་བཅོས་འདི་ཐོས་པ་ཡིན་པའི་ཕྱིར་རོ།།
རྒྱས་པར་བཤད་པ་ལ་གཉིས་ཏེ། མདོར་བསྟན་དང༌། རྒྱས་བཤད་དོ། །དང་པོ་ནི་མོས་པའི་ཡུལ་གདོད་མ་ནས་གནས་པའི་ཁམས་དང༌།ཁམས་དེ་ཉིད་དྲི་མ་མེད་པར་གནས་གྱུར་པའི་བྱང་ཆུབ་དང༌། བྱང་ཆུབ་དེའི་ཡོན་ཏན་སྟོབས་ལ་སོགས་པའི་ཡེ་ཤེས་དང༌། དེ་ལས་གདུལ་བྱའི་དོན་སྒྲུབ་པའི་འཕྲིན་ལས་ཏེ་རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ་དུ་གྱུར་པ་རྣམ་པ་བཞི་ཇི་སྐད་བརྗོད་པ་འདི་ལའོ། །མོས་པའི་རྣམ་པ་ནི་བློ་ལྡན་བྱང་ཆུབ་སེམས་དཔས་ཁམས་དེ་བཞིན་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པ་དང་བདག་ཉིད་ཀྱིས་དེ་འཐོབ་པར་ནུས་པ་ཉིད་དང༌། རང་ཉིད་ལ་ཡོན་ཏན་ཐོབ་རུང་དང་ལྡན་པར་ཡིད་ཆེས་པའི་མོས་པས་ན་ཞེས་པའོ།    །དེའི་ཕན་ཡོན་ནི་མྱུར་དུ་དེ་བཞིན་གཤེགས་པའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号