ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །བླ་བྲང་དགོན་པའི་མཚམས་སྦྱོར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
       གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་དྲུག་ལས།   དང་བོ་རྨད་བྱུང་ཐོས་བསམ་གླིང་ནི།   དེ་ཡང་བདག་ཅག་གི་སྟོན་པ་ས་གསུམ་གྱི་འདྲེན་པ་གཅིག་པུ། རྣམ་འདྲེན་བུ་རམ་ཤིང་པ་ཞེས་སྙན་གྲགས་གྱི་བ་དན་དཀར་པོ་སྲིད་པ་གསུམ་ན་མངོན་པར་གཡོ་བ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།    བར་དུ་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་བླ་ན་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་བརྙེས་ནས།   སླར་ཡང་མ་དག་པའི་ཞིང་གི་གདུལ་བྱ་རྣམས་རྗེས་སུ་གཟུང་བའི་ཕྱིར།   རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་བསྟན་ཏེ།  ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་བརྗོད་བྱ་བསླབ་བ་གསུམ་དུ་འདུ་བའི་ཕྱིར་བརྗོད་བྱེད་ཀྱང་སྡེ་སྣོད་གསུམ་དུ་འདུ་ལ།   དེ་ཡང་སྡེ་སྣོད་གསུམ་གྱིས་བསྡུས་པའི་ལེགས་བཤད་རྣམས་ལུང་གི་བསྟན་པ་དང་། བསླབ་པ་གསུམ་གྱིས་བསྡུས་པའི་མངོན་རྟོགས་རྣམས་རྟོགས་པའི་བསྟན་པ་སྟེ་ལུང་རྟོགས་ཀྱི་བསྟན་པ་གཉིས་ལས་མ་འདས་ཏེ། མཁས་མཆོག་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །   ཞེས་གསུངས་པ་ལྟར།   མང་དུ་ཐོས་པར་བྱ་བ་ལུང་གི་བསྟན་པ་དང་།   དེ་དོན་ཚུལ་བཞིན་ཉམས་སུ་ལེན་པ་རྟོགས་པའི་བསྟན་པ་གཉིས་ཡིན་ལ།   ལུང་རྟོགས་ཀྱི་བསྟན་པ་དེ་ཡང་དགེ་འདུན་གྱི་སྡེ་ལ་རག་ལས་ཤིང་།    དེས་ཀྱང་ཐོས་བསམ་སྒོམ་གསུམ་གྱིས་སྒོ་ནས་བཤད་སྒྲུབ་རྒྱ་ཆེན་བྱེད་དགོས་པར་དགོངས་ནས་ཀུན་མཁྱེན་སྐུ་ཕྲེང་དང་བོ་ཉིད་ཀྱིས་དགོན་པ་ཕྱག་འདེབས་མཛད་པས་ཕྱི་ལོར་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་བཅོམ་ལྡན་འདས་ཀྱིས་དུས་འཁོར་རྩ་རྒྱུད་དང་ཤེར་ཕྱིན་གྱི་མདོ་གསུངས་པའི་དུས་ཆེན་ཡིན་པས་ཚེས་གྲངས་བཟང་བས་སྔ་དྲོ་གསོ་སྦྱོང་མཛད་དེ།     གུང་ཚིགས་སྐབས་བཀའ་རམས་པ་རྣམས་དང་གསར་ཞུགས་ཀྱི་གྲྭ་བ་བཅོ་ལྔ་བཅས་དགེ་འདུན་བརྒྱ་ཕྲག་ལྷག་ཙམ་ཆོས་གྲྭའི་སྲོལ་ལྟར་འཚོགས་པ་ལ་ལམ་རིམ་ཆེན་མོའི་དབུ་ནས་གསུང་ཆོས་མདོར་བསྡུས་ཤིག་བསྩལ།     བརྩི་བཞག་ལ་འདུལ་མཛོད།  དབུ་ཕར།    རྣམ་འགྲེལ།     བསྡུས་གྲྭ་རྣམས་གནང་སྟེ་ཆོས་གྲྭ་གསར་དུ་ཚུགས།    དགེ་བའི་བཤེས་གཉེན་ཆེན་པོ་བཀའ་བཅུ་བ་ངག་དབང་བཀྲ་ཤིས་རྒྱལ་ཚབ་ཏུ་དབང་བསྐུར།   ལོ་རེ་བཞིན་སྒོ་མང་ལྟར་ཟླ་ཆོས་བཞི།     བར་ཆོས་བཞི་།     རིགས་གྲྭའི་ཆོས་ཐོག་སྟེ་སྒྲིག་ལམ་མཐའ་དག་བཀྲ་ཤིས་སྒོ་མང་ལྟར་བཙུགས།           ཕྱིས་སུ་ཀུན་མཁྱེན་སྐུ་ཕྲེང་གཉིས་པ ༧ རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་བོ་དཔལ་བཟང་བོ་དེ་ཉིད་ཀྱིས་བློ་གསལ་དོན་གཉེར་ཅན་རྣམས་ཡི་གེ་དཀར་ནག་གི་རྒྱུགས་སྤྲད་ཐོག་ཐོག་མར་ཆོས་གྲྭར་འཇུག་དགོས་པའི་བཀའ་བསྩལ།      འཛིན་གྲྭ་བཅུ་གསུམ་སྟེ།    ཁ་དོག་དཀར་དམར་དང་།      ཁ་དོག་གོང་།    བསྡུས་འབྲིང་།     བསྡུས་ཆེན་ཏེ་འཛིན་གྲྭ་བཞིས་ཚད་མ་རྣམ་འགྲེལ་གྱི་དགོངས་དོན་ལས་བཏུས་པའི་བསྡུས་ཚན་ཉེར་ལྔ་གསལ་བར་སྟོན་པའི་གཞུང་ཚད་མའི་དགོངས་དོན་རྩ་འགྲེལ་མཁས་པའི་མགུལ་རྒྱན་སོགས་དང་།      རྟགས་རིགས་འཛིན་གྲྭས་རྒྱན་འཇུག་གཉིས་དང་མདོ་གདུགས་ཀྱི་རྒྱུགས་སྤྲད་ཐོག་རྟགས་རིགས་ཀྱི་རྣམ་བཞག་ཉུང་གསལ་ལེགས་བཞད་གསེར་གྱི་ཕྲེང་མཛེས་དང་།   རྟགས་རིགས་ཀྱི་རང་ལུགས་མཐའ་དཔྱོད་བློ་གསལ་མཁས་པའི་མགུལ་རྒྱན།    བློ་རིགས་ཀྱི་རྣམ་བཞག་ཉུང་གསལ་ལེགས་བཞད་གསེར་གྱི་ཕྲེང་མཛེས།   དོན་བདུན་ཅུའི་རྣམ་བཞག་ལེགས་པར་བཞད་པ་མི་ཕམ་བླ་མའི་ཞལ་ལུང་སོགས་འཛིན་ཆོས་སུ་གཏོང་ལ།   དེར་མི་གསལ་བ་གཏན་ཚིགས་ལྟར་སྣང་།   དགག་རྟགས་ཀྱི་རབ་དབྱེ།   རང་ངེས་གཞན་ངེས་ཀྱི་རྣམ་བཞག     ཡིད་མངོན་གྱི་མཐའ་དཔྱོད་སོགས་འཇམ་མགོན་ཁྲི་རིན་པོ་ཆེས་བརྩི་བཞག་ལ་བཏང་བ་སྐྱོར་དཔོན་སོ་སོས་ཟིན་བྲིས་བྱས་པ་མང་དུ་ཡོད་ལ། བློ་རབ་ཀྱིས་ཚད་མའི་གཞུང་སྤྱི་ལ་གོ་བ་ཆགས་པ་དང་།   དེ་ཙམ་མི་ལྕོགས་པ་རྣམས་ཀྱིས་ཀྱང་ཀུན་མཁྱེན་མཆོག་གི་བློ་རྟགས་གཉིས་ལ་གོང་གསལ་གྱི་རང་ལུགས་དང་མཐའ་དཔྱོད་ཀྱིས་ཟུར་བཏབ་སྟེ་རྩོད་པ་ཐེ་ཚོམ་ཆོད་ངེས་སུ་བགྱིད་པས་སློབ་གཉེར་བ་གང་ཡིན་གྱིས་བློ་རྟགས་ཀྱི་རྒྱུགས་འབུལ་བར་སྣང་ལ།    སྡེ་བདུན་ཡིད་ཀྱི་མུན་སེལ་དང་།   སྤྱི་དོན་རིགས་རྒྱན་སོགས་ཀྱི་རྒྱུགས་འབུལ་མཁན་ཡང་ཡོད་པ་སོགས་མདོར་ན་བསྡུས་གྲྭ་བློ་རྟགས་དང་བཅས་ལོ་ལྔའི་བར་དུ་རྩོད་པས་རིགས་ལམ་གྱི་བདར་ཤ་གཅོད་ལུགས་གཞན་དང་མི་འདྲ་བ་ཤིང་རྟ་ཆེན་པོའི་སྲོལ་བཞིན་ཡོད་པས་སྡེ་འདིར་ཞུགས་པའི་རྟོག་གེ་བ་རྣམས་བློ་རྟགས་བསྡུས་གྲྭའི་རིགས་ལམ་སྨྲ་བ་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་བཙུགས་པ་ལྟ་བུར་ཡོད་པ་ལ་རིགས་པ་སྨྲ་བ་སུས་ཀྱང་བསྙོན་དུ་མེད་དོ། གཞུང་གསར།    གཞུང་གོང་།   སྐབས་དང་པོ།   སྐབས་བཞི་བ་སྟེ་འཛིན་གྲྭ་བཞིས་ཕར་ཕྱིན་མཐའ་དཔྱོད་ནོར་བུའི་འཕྲེང་མཛེས་མཁས་པའི་མགུལ་རྒྱན་སྐབས་བརྒྱད་ཀ་སྟེ།
        ཕར་ཕྱིན་སྐབས་དང་བོ་གཉིས་པ་བཞི་བ་རྣམས་ཐལ་ཕྲེང་དང་སྐབས་ལྷག་མ་རྣམས་སྲོད་ཆོས་ལ་ལོ་རེས་མོས་ཀྱི་ཚུལ་དུ་རྫོགས་པར་གཏོང་ཞིང་།    ཟུར་བཀོལ་བསམ་གཟུགས་ལ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་མཛད་པ་དང་།      བསམ་གཟུགས་ལེགས་བཤད་སྒོ་འབྱེད།    བསམ་གཟུགས་ལེགས་བཤད་བུམ་བཟང་།   དྲང་ངེས་རྣམ་འབྱེད་ལ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་མཛད་པའི་དྲང་ངེས་རྣམ་འབྱེད་རྒྱས་འབྲིང་བསྡུས་གསུམ། རྟེན་འབྲེལ་ལ་ཀུན་མཁྱེན་ཆེན་པོ་ཉིད་ནས་རྟེན་འབྲེལ་རྒྱས་པ་རྩོམ་འཕྲོ་ཅན་དང་།ཤིན་ཏུ་བསྡུས་པ་ཤོག་གྲངས་བཅུ་ལྷག་ཅན། འཇམ་མགོན་ཁྲི་ཆེན་ནས་རྟེན་འབྲེལ་ཆེན་མོར་གྲགས་པ་ལེགས་བཤད་རྒྱ་མཚོ་ཤོག་གྲངས་ཉིས་བརྒྱ་ཅན།   འཇམ་དབྱངས་བླ་མ་བསྟན་པའི་སྒྲོན་མེའི་རྟེན་འབྲེལ་གྱི་མཐའ་དཔྱོད་ཉིན་བྱེད་སྣང་བ།   ཀུན་གཞིའི་མཐའ་དཔྱོད་ལེགས་བཤད་རྦ་རླབས།   དགེ་འདུན་ཉི་ཤུ་ལ་བསེ་ངག་དབང་བཀྲ་ཤིས་པས་དགེི་འདུན་ཉི་ཤུ་ཆེན་མོར་གྲགས་པ་སྐལ་བཟང་འཇུག་ངོགས་དང་དེ་ལས་བསྡུས་པ་སོགས་ཟུར་བཀོལ་ཆེན་མོ་བཞི་དང་།   ཡང་སྐབས་བརྒྱད་པའི་འཕྲིན་ལས་ཀྱི་སྐོར་ལ་ཁྲི་ཆེན་དེ་ཉིད་ཀྱིས་མཐའ་དཔྱོད་གངྒྰའི་ཆུ་རྒྱུན་དང་།    སྐབས་བཞི་བའི་སྐོར་ཅུང་ཟད་བསྡུས་ཏེ་སྐྱབས་མགོན་མཆོག་ནས་པད་དཀར་འཁྲི་ཤིང་མཛད་པ་སོགས་འཛིན་སྐྱོར་གྱི་ཡིག་ཆ་རྒྱས་བསྡུས་ལག་མི་ཐོགས་པའི་སྟབས་ཀྱིས་ཐལ་ཕྲེང་ཟུར་བཀོལ་ཆ་ཚང་རེ་རྒྱས་བསྡུས་སྣ་ཚོགས་ཀྱི་སྒོ་ནས་ཕལ་ཆེར་གྱིས་འཛིན་སྐྱོར་བྱེད་ལ།    བློ་གྲོས་རབ་དང་ལྡན་པ་རྣམས་ཀྱིས་ནི།   ཡིག་ཆའི་སྐབས་བརྒྱད་ཀ་མཆན་དང་བཅས་པ་དང་།   ཟུར་བཀོལ་ཆེན་མོ་བཞི།   འགྲེལ་ཆུང་དོན་གསལ།   རྣམ་བཤད་སྙིང་བོ་རྒྱན། ལེགས་བཤད་གསེར་ཕྲེང་ཡོངས་རྫོགས་དང་སྐབས་ཅི་ཐོན་སོགས་འཛིན་སྐྱོར་དང་རྒྱུགས་འབུལ་བ་སྣང་ལ། རྩོད་པ་ཧོར་ཁོངས་སུ་མི་ལུས་པ་ཞིབ་མོར་འགྲོ་བ་དང་།    ལོ་རེ་བཞིན་ཉེ་ལོགས་དགྲ་ལོགས་བསྲེས་ནས་བརྒལ་བརྟག་བྱེད་པ་དང་།   ཕར་ཕྱིན་སྟོན་མོའི་དམ་བཅའ་སོགས་ཀྱང་བཀྲ་ཤིས་སྒོ་མང་གི་ཕྱག་སྲོལ་ཡར་ལྡན་དུ་ཡོད་དོ།
     དབུ་མ་གསར་རྙིང་གི་འཛིན་གྲྭ་གཉིས་ཀྱིས་ལོ་གཉིས་ཀྱི་རིང་ལ་དབུ་མ་ལུང་རིགས་གཏེར་མཛོད་ཀྱི་སྟོད་ཆ་ཐལ་ཕྲེང་དང་། སྨད་ཆ་ཟུར་བཀོལ་བྱས་ནས་རྩོད་པ་ཞིབ་མོར་འགྲོ་དགོས་ལ། ཡིག་ཆ་དེ་ཉིད་འཛིན་སྐྱོར་རྔོ་མི་ཐོགས་པ་རྣམས་ཀྱིས་དབུ་མ་ལུང་རིགས་སྒྲོན་མེ་ངེས་ཅན་དུ་འཛིན་སྐྱོར་བྱེད་པ་དང་།    རྣམ་བཤད་དགོངས་པ་རབ་གསལ་དང་།   ལེགས་བཤད་སྙིང་བོ་འཛིན་སྐྱོར་དང་རྒྱུགས་འབུལ་མཁན་ཡང་ཆེས་ཤིན་ཏུ་མང་བོ་ཡོད།
 
    མཛོད་འཛིན་གྲྭས་ཀུན་མཁྱེན་མཆོག་གིས་མཛད་པའི་མཛོད་ཀྱི་མཐའ་དཔྱོད་ཆེན་མོ་མངོན་པ་མཛོད་ཀྱི་དགོངས་འགྲེལ་དུས་གསུམ་རྒྱལ་བའི་བཞེད་དོན་ཀུན་གསལ་གནས་བརྒྱད་ཀ་ཡོངས་རྫོགས་དང་།      སྐྱབས་མགོན་མཆོག་གིས་རྩོམ་འཕྲོ་ཅན་གྱི་མཛོད་གནས་ཁ་ཤས་དང་།      གུང་ཐང་མཆོག་སྤྲུལ་རིན་པོ་ཆེས་མཛད་པའི་མཛོད་ཀྱི་སྡོམ་ཚིག་སོགས་དང་།    བཀའ་རམས་འཛིན་གྲྭས་འདུལ་བའི་དཀའ་གནས་རྣམ་པར་དཔྱད་པ་འཁྲུལ་སྤོང་བློ་གསལ་མགུལ་རྒྱན་ཙིནྟ་མ་ཎིའི་ཕྲེང་མཛེས་དང་།    བསྟན་པའི་སྒྲོན་མེས་མཛད་པའི་འདུལ་བ་ཚིགས་བཅད་མ་དང་།   ཀུན་མཁྱེན་མཆོག་གི་སྤྱི་བསྟན་རྩོམ་འཕྲོ་དང་ཁྲི་ཆེན་བསོད་ནམས་དབང་རྒྱལ་གྱི་སྤྱི་བསྟན་སོགས་ཀྱིས་ལྡེ་མིག་བྱས་ནས་གཞི་བཅུ་བདུན་དང་རྣམ་འབྱེད་ཆ་ལག་དང་བཅས་པ་ལ་རྩོད་པ་བརྡར་ཤ་ཆོད་པ་བྱས་ཏེ་འདུལ་མངོན་གྱི་གཞུང་ཆེན་མོ་རྣམས་གཅལ་དུ་བཀྲམ་ནས་ལག་མཐིལ་གྱི་རྫས་ལྟར་གསལ་བར་བགྱིད་དེ་ལོ་བཅོ་ལྔའི་རིང་ལ་བཀའ་པོཏ་ལྔའི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པ་བྱེད་དགོས་ཤིང་།     དེ་བཞིན་བརྟན་ཆགས་སུ་ཡོང་ཕྱིར་ཆོས་གྲྭའི་བཅའ་ཡིག་དང་རྩོད་ཡིག་བསྩལ།   གཞན་ཡང་གཞུང་དོན་ལ་གོ་བ དཔྱིས་ཕྱིན་ལོན་པ་དང་།    ཆོས་གྲྭའི་རྩོད་པ་དམར་བའི་ཐབས་སུ།     དགུན་ཆོས་ཆེན་མོར་ཕར་ཕྱིན་སྟོན་མོའི་དམ་བཅའ་དང་།    དཔྱིད་ཆོས་ཆེན་མོར་རིགས་ལུང་གི་རྒྱུགས།    དཔྱིད་ཆོས་གཉིས་པར་བརྩི་བཞག་གི་རྒྱུགས།    དཔྱིད་ཆོས་གསུམ་པར་འཛིན་གྲྭ་གཏུགས།    དབྱར་ཆོས་ཆེན་མོར་ཚོགས་ལངས་དམ་བཅའ།      རིགས་གྲྭའི་ཆོས་ཐོག་སྐབས་ཚོགས་ལངས་དངོས་གཞི།     སྟོན་ཆོས་ཆེན་མོར་སྟོན་རྒྱུགས་དང་མཚན་ཕུད།     ས་དཀར་ཆོས་ཐོག་དང་ལྔ་མཆོད་ཆོས་ཐོག་གཉིས་ལ་སྲོད་ཆོས་བཅས་བཙུགས་ཏེ་དཔོན་སློབ་ཁྲི་རིན་པོ་ཆེས་བཀའ་པོཏ་ལྔའི་བརྩི་བཞག་གནང་བའི་སྟེང་ནས་རྩོད་པ་འགྲོ་དགོས་ཤིང་དབྱར་དཔྱིད་ཀྱི་ཆོས་ཐོག་རྣམས་སུ་བྱང་ཆུབ་ལམ་རིམ་གྱི་བཤད་པའང་གནང་དགོས།     ཆོས་མཚམས་སུ་འཛིན་སྐྱོང་སྦྱངས་དཔེ་ཁྲིད་དཔེ་གཟིགས་ལྷོད་མེད་ངོས་མཚན་མོ་སྐྱོར་སྦྱངས་དང་།   བསྡུས་གྲྭ་བ་རྣམས་ཀྱིས་འཛིན་གྲྭ་གཏུགས་པ་དང་ཚོགས་ལངས་བྱེད་པ་བསྡུས་གྲྭའི་དམ་བཅའ་སོགས་ཀྱི་དུས་ཚིགས་མ་འཆོལ་བར་བྱེད་སྲོལ་ཚུགས།    སྤྱིར་བརྩི་བཞག་གི་རྒྱུགས་ཤོག་གྲངས་དགུ་བརྒྱ་དྲུག་ཅུ་ངེས་ཅན་དུ་སྤྲད་ཐོག་བློ་འཛིན་བཟང་བ་རྣམས་ཀྱིས་པོ་ཏི་ལྔའི་རྩ་བ།   བྱམས་ཆོས་སྡེ་ལྔ།    འབྲེལ་བ་དོན་གསལ།    ལེགས་བཤད་སྙིང་བོ།    རྣམ་བཤད་སྙིང་བོའི་རྒྱན།    རིགས་ཚོགས་དྲུག     སྤྱོད་འཇུག་ཆེན་མོ།    རྣམ་བཤད་དགོངས་པ་རབ་གསལ།    ལེགས་བཤད་གསེར་ཕྲེང་།   དབུ་མ་རྒྱས་པ།     ལམ་རིམ་ཆེན་མོ།     སྔགས་རིམ་ཆེན་མོ་སོགས་གཞུང་ཆེ་ཆུང་མང་པོ་ཐུགས་འཛིན་གནང་སྟེ་ཚོགས་རྒྱུགས་སུ་འབུལ་བའི་ཕྱག་སྲོལ་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད།   
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号