ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > དགོན་སྡེ་མཚམས་སྦྱོར།
༄༅། །བླ་བྲང་དགོན་པའི་མཚམས་སྦྱོར།
སྤེལ་དུས།05-08  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
                                                                        
      གསུམ་པ་དུས་འཁོར་གྲྭ་ཚང་ཨེ་ཝམ་ཆོས་འཁོར་གླིང་ནི།     དེ་ཡང་ལྷ་དང་བཅས་པའི་སྐྱེ་དགུ་མཐའ་དག་གི་ཕན་བདེ་མ་ལུས་པའི་འབྱུང་གནས་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡིན་ལ།   དེ་ཡང་ཚངས་སྤྱོད་རྣམ་པར་དག་པའི་དགེ་འདུན་གྱི་སྡེ་ལ་རག་ལས་པར་དགོངས་ནས་ཀུན་མཁྱེན་སྐུ་ཕྲེང་གཉིས་པ ༧ ཡབ་རྗེ་དཀོན་མཆོག་འཇིགསས་མེད་དབང་བོར་པན་ཆེན་ཐམས་ཅད་མཁྱེན་པ ༧ བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་དུས་འཁོར་གྱི་འཆད་ཉན་ཞིག་ངེས་པར་ཚུགས་དགོས་ཞེས་བཀའ་སྣང་བཞིན།   རབ་བྱུང་བཅུ་གསུམ་པའི་ཆུ་ལུག་སྤྱི་ལོ ༡༧༦༣ ལོར་ཕྱག་འདེབས་མཛད།     དང་བོ་མཚན་ཉིད་དང་རྒྱུད་གྲྭ་གཉིས་ནས་གྲྭ་བ་ཁ་ཤས་རེ་ཚགས་བཙུགས།   གྲྭ་རྒྱུན་འདུས་པ་རྣམས་དང་བཅས་ཟུར་དུ་འཚོགས་པར་སྐྱབས་མགོན་མཆོག་ནས་ཞོགས་པར་རྒྱུད་སྡེ་སྤྱི་རྣམ་དང་།    ཀུན་རིག་གི་ཊིཀྐ་ཆེ་ཆུང་།    དུས་འཁོར་གྱི་བསྐྱེད་རྫོགས།   གུང་ཚིགས་ལ་འགྲེལ་ཆེན་དྲི་མེད་འོད་དང་།   ཊིཀྐ་ཆེན་དེ་ཉིད་སྣང་བ་བཅས་ཆོས་ཐོག་གཅིག་གི་རིང་ལ་གནང་སྟེ།   དཔལ་དུས་ཀྱི་འཁོར་ལོ་དང་། ཀུན་རིག་རྣམ་སྣང་མངོན་བྱང་གསུམ་གྱི་སྒྲུབ་མཆོད་ཚུགས།     དུས་འཁོར་གྱི་རྡུལ་ཚོན་ལ་བརྟེན་ནས་སྒྲུབ་མཆོད་ས་གར་རྟ་དབྱངས་སོགས་རྣམ་རྒྱལ་གྲྭ་ཚང་ལྟར་དང་།   འཇམ་དཔལ་མཚན་བརྗོད་ཀྱི་གསུངས་གདངས་བློ་གསལ་གླིང་ལྟར།    ཀུན་རིག་གི་དབྱངས་བར་རྟ་ཕྱག་རྒྱ་སོགས་སྐྱོར་མོ་ལུང་ལྟར་དང་།     དགུན་ཉི་ལྡོག་ལ་མགོན་པོའི་གཏོར་ཆེན་ཀྱང་ཚུགས།   དེ་ཡང་རྒྱུད་འདིའི་ཕྱི་ནང་གཞན་གསུམ་གྱི་རྣམ་བཞག་ཞིབ་པར་ཤེས་པ་ལ་བྱེད་གྲུབ་ཀྱི་རི་མོ་ལ་གོ་བ་རྩལ་ཐོན་པ་ཞིག་མེད་མི་རུང་དུ་དགོས་པའི་གནད་ཀྱིས་གཟའ་ཚེས་སྐར་སྦྱོར་བྱེད་པ་སྟེ་ལྔ་བསྡུས་དང་།    རྩ་འཇུག་གདོང་གསུམ། ཉི་ཟླ་སྒྲིབ་ཚུལ།   དབུགས་སྒང་ཉི་ལྡོག་དྲང་སྲོང་གཟའ་ལྔ།     ཞག་གསུམ་སྟོང་འཇུག་དང་བཅས་པ་ལ་ཞིབ་པར་སྦྱངས་ནས་ལོ་རེར་བཞིན་ལི་ཐོ་འབྲི་བའི་སྲོལ་དར ། གཞན་ཡང་།   ཀ་ཙན་གཉིས་དང་།   དབྱངས་ཅན་སྒྲ་མདོ་སོགས་སྒྲ་དང་སྡེབ་སྦྱོར།     ལཉྩ་སོགས་ཡིག་རིགས་སྣ་ཚོགས་ལ་སྦྱངས་པའི་སྲོལ་ཚུགས།       དེ་ཡང་ཁྲིམས་སུ་བཅའ་བའི་རིམ་པ་རགས་ཙམ་ནི།    དགེ་ཚུལ་སློང་གི་སྡོམ་ལྡན་མ་གཏོགས་ཚུལ་ཁྲིམས་འཆལ་བའི་རིགས་སྡེ་འདིར་མི་འཇུག    དགོན་པ་གཞན་ནས་གནས་དབྱུང་བྱས་པ་དང་ནག་ཅན་རྣམས་ཀྱང་ཞུགས་མི་ཆོག    དགེ་ཚུལ་སློང་གི་ཡོ་བྱད་ཆ་ཚང་དང་། ཤོ་ཀ་ལི།    གདིང་བ།   རྩི་ཞྭ།    ཟླ་གམ། ཆབ་རིལ།   ཆབ་ཐུར་རྣམས་ཚང་མས་འཛོམ་པ་བྱེད་དགོས། དགེ་ཚུལ་སློང་གང་ཡིན་ཀྱང་རང་རང་གི་བསླབ་བྱ་ལྟར་ཚུལ་ཁྲིམས་ལ་གཅེས་སྤྲས་སུ་བྱ།   སྡེ་འདིར་གསང་སྔགས་ཀྱི་ཉམས་ལེན་གཙོ་ཆེ་བས་རབ་དུས་ཀྱི་འཁོར་ལོའི་དབང་ཐོབ་པ།    མ་མཐའ་ཡང་བླ་མེད་ཀྱི་རྒྱུད་སྡེ་གང་རིགས་ཀྱི་དབང་ཐོབ་པ་དགོས།   ཚོགས་གྲལ་དུའང་མཐའ་དབུས་མེད་པར་འུར་ཆེམ་ཆེམ་གྱིས་འདོན་པ་གསུང་བ་མ་གཏོགས་ཁ་རོག་འདུག་པ་དང་། སྔགས་བཟླ་བ། རྒྱབ་ལ་སྙེ་བ། མདུན་དུ་སྒུར་བ།   གཡས་གཡོན་དུ་འཆུས་པ་སོགས་མི་བྱེད།   འཛིན་གྲྭ་གོང་མར་རྒྱུད་སྡེ་སྤྱི་རྣམ།   བར་མར་དུས་འཁོར་གྱི་བསྐྱེད་རྫོགས། འོག་མ་ལ་དུས་འཁོར་ཊིཀ་ཆེན་དང་ཀུན་རིག་ཊིག་ཆུང་གཉིས་རེས་མོས་བྱས་ནས་རྩི་བཞག་ལ་གཏོང་བ་ལ་སོགས་མདོར་ན་རྒྱུན་དུ་གསར་བུ་བ་རྣམས་ཀྱིས་སྐྱོར་སྦྱངས་དང་དབྱངས་ལྟ།   ཐིག   གཏོར་མའི་བཅའ་བཟོ། རྔ་ཆིངས་སོགས་ཞིབ་ཏུ་སློབ་པ་དང་། རྒན་པ་རྣམས་ཀྱིས་རང་རང་གི་བློ་ནུས་དང་བསྟུན་པའི་ལམ་རིམ་བློ་སྦྱོངས། སྔགས་རིམ། རྒྱུད་སྡེ་སྤྱི་རྣམ།    དུས་འཁོར་གྱི་བསྐྱེད་རྫོགས་སོགས་ཀྱི་ཉམས་ལེན་ལ་འབད་དེ་དལ་འབྱོར་ལ་སྙིང་བོ་ལེན་པར་བྱེད་དགོས།
གདན་རབས་ནི།    ༧ ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་ནས་བཟུང་ཨ་མཆོག་ཧོར་སྐལ་བཟང་འཇམ་དབྱངས་བསྟན་འཛིན་རྒྱ་མཚོའི་བར་བདུན་ཅུ་དོན་བརྒྱད་བྱོན། །
   བཞི་བ་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་ནི།    དེ་ཡང་འོ་སྐོལ་གྱི་རྣམ་འདྲེན་དམ་པ་སྙིགས་མ་ལྔ་ཆེ་ཆེར་བདོ་བའི་ཚེ་སྙིང་སྟོབས་བཙན་པོའི་གོ་ཆ་མ་སྨད་པར་གྱོན་པའི་རྒྱལ་བོ་ཟས་གཙང་གི་སྲས་པོ་ཞེས་པད་དཀར་ལྟ་བུར་བསྔགས་པའི་ཡུལ་དུ་གྱུར་པ་འདི་ཉིད་ཀྱི་བསྟན་པ་རིན་པོ་ཆེ་ནི་ལུས་ཅན་ཡོངས་ཀྱི་ཕན་པ་དང་བདེ་བའི་རྩ་ལག་ཡིན་ལ། དེ་ཡང་ཐོས་པར་བྱ་བ་ལུང་གི་བསྟན་པ་དང་། དེ་དོན་ཚུལ་བཞིན་ཉམས་སུ་བསྟར་བ་རྟོགས་པའི་བསྟན་པ་གཉིས་ལས།   ཡང་དག་པའི་ལམ་རྒྱུད་ལ་སྐྱེས་པ་ལ་ལུང་སྡེ་སྣོད་གསུམ་ལ་བསླབ་དགོས་ཞིང་།   དེ་དག་གི་གཞི་དང་རྟེན་དུ་གྱུར་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ཡིན་ལ། དེ་ཡང་རྒྱུད་ལྡན་དགེ་འདུན་གྱི་སྡེ་ལ་རག་ལས་པར་གཟིགས་ཤིང་། ལྷག་པར་གསོ་བ་རིག་པ་འདི་སེམས་ཅན་དུས་མིན་འཆི་བ་ལས་སྐྱོབ་པའི་མི་འཇིགས་པའི་སྦྱིན་པ་དང་།    གཞན་རྗེས་སུ་འཛིན་པའི་ཐབས་མཆོག་ཏུ་གྱུར་པ་ཐུགས་ལ་དགོངས་ནས།  སྐྱབས་མགོན་རྡོ་རྗེ་འཆང ༧ རྗེ་བཙུན་འཇིགས་མེད་དབང་བོས་དང་བོར་དུས་འཁོར་གྲྭ་ཚང་གི་འཛིན་གྲྭ་ཞིག་གིས་སྨན་སློབ་དགོས་པར་བཀས་བཅད།    ཞལ་རས་ལྷ་ཁང་དུ་ཆོས་གྲྭ་ཟུར་ཚོགས་བྱས་ཏེ།    གཙང་སྨན་ཡེ་ཤེས་བཟང་བོ་སོགས་གསུམ་སློབ་དཔོན་དུ་བསྐོས།    ཟླ་བ་བཞི་བ་ནས་བརྒྱད་པའི་བར་དུ་རྩ་དང་ལོ་མ་འབྲས་བུ་སྟེང་ནས་སྔོ་སྨན་ངོ་སྤྲོད་དང་ཟླ་བཞིར་དཔེ་ཁྲིད་དང་གཉིས་ལ་ལག་ལེན་དམར་ཁྲིད་ཀྱི་རིགས་ཞིབ་ཏུ་སློབ་སྲོལ་གཏོད།      རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་སྤྱི་ལོ ༡༧༨༤ ལོར་ཚོགས་ཀྱང་ཟུར་ཚོགས་བྱས་ཏེ། ༧ སྐྱབས་མགོན་མཆོག་ནས་ཞབས་ཀྱི་པདྨོ་མི་འཇིགས་ཆོས་ཀྱི་ཁྲི་ལ་རྣམ་པར་བཀོད། གསོ་རིག་གཞན་ཕན་གླིང་ཞེས་མཚན་གསོལ།    སྨན་མཆོག་ཆེ་བ་དང་མི་འཁྲུགས་པ་ལྷ་དགུའི་ཆོ་ག་ཚོགས་འདོན་དང་།   ཆོས་གྲྭའི་འགྲིག་ལམ་རགས་རིམ།   འཛིན་བཟང་བ་རྣམས་ཀྱིས་རྒྱུད་བཞི་ཡོངས་རྫོགས་དང་།    མ་མཐའ་ཡང་རྒྱུད་ཆུང་གསུམ་གྱི་རྒྱུགས་སྤྲོད་དགོས་པ་སོགས་ཀྱི་བཀའ་ཁྱབ་ནན་ཏན་དུ་མཛད།   འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེས་རྩ་བ་ཐུགས་རྒྱུད་ཚོགས་འདོན་དང་།   བཤད་རྒྱུད་ཕྱི་མ་རྒྱུད་གཉིས་དང་།    ལམ་རིམ་གྱི་བརྩི་བཞག      གུང་ཚིགས་གསུང་ཆོས་ལ་ལམ་རིམ་ཆེན་མོ་དང་།   མེས་པོའི་ཞལ་ལུང་སོགས་གསུང་བཤད་ཐར་ཆགས་སུ་འགྲོ་བའི་འགྲིག་ལམ་དང་མི་འཁྲུགས་པ་ལྷ་དགུའི་སྒྲུབ་མཆོད་ཀྱང་བཙུགས།   ཀུན་མཁྱེན་སྐུ་ཕྲེང་བཞི་བས་སྨན་བླ་དང་རྟ་མགྲིན་པདྨ་གར་དབང་གཉིས་ཀྱི་སྒྲུབ་མཆོད་ཚུགས།    སྤྱིར་སྨན་གྱི་རྒྱུད་བཞི་མཆན་འགྲེལ།   སྨན་དཔྱད་ཡན་ལག་བརྒྱད་པ།    འཆད་ཐབས་ཆ་ལག་བཅོ་བརྒྱད་སོགས་ནས་འབྱུང་བ་ལྟར་གྱིས།    སྨན་དཔྱད།    སྦྱོར་སྡེབས།     ངོ་སྤྲོད།    ལག་ལེན་དམར་ཁྲིད་བྱེད་པ་སོགས་བཤད་སྒྲུབ་ཟུང་འབྲེལ་གྱིས་དུས་ཀུན་འདའ་བར་བྱེད།    གདན་རདས་ནི།    ༧ ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་ནས་ཙ་ཡུས་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོའི་བར་དྲུག་ཅུ་རེ་གཉིས་བྱོན།    །
ལྔ་བ་ཀྱེེ་རྡོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་ནི།   དེ་ཡང་བགྲང་དུ་ཡས་པའི་བསྐལ་བར་དྲི་མ་མེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རླབས་པོ་ཆེ་ལ་ལན་གཅིག་མ་ཡིན་པར་ཡང་དང་ཡང་དུ་གོམས་པར་བྱས་པས་སྒྲིབ་གཉིས་བབ་ཆགས་དང་བཅས་པ་དྲུང་ནས་ཕྱུང་སྟེ།  རྣམ་པར་དག་པའི་ཆོས་ཀྱི་སྐུ་མངོན་དུ་མཛད་པའི་མདྲེན་མཆོག་བུ་རམ་ཤིང་བ་ཞེས་གྲགས་པའི་བ་དན་དཀར་པོ་ས་གསུམ་ན་རྣམ་པར་གཡོ་བ་དེ་ཉིད་ཀྱིས་འགྲོ་བ་མཐའ་དག་རང་གིས་བརྙེས་པའི་གོ་འཕང་དེ་ལྟ་བུ་ལ་འགོད་པའི་སླད་དུ་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱི་བརྗོད་བྱ་བསླབ་པ་གསུམ་དུ་འདུ་བའི་ཕྱིར་བརྗོད་བྱེད་ཀྱང་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་དུ་འདུའོ། དེའང་སྡེ་སྣོད་གསུམ་གྱིས་བསྡུས་པའི་ལེགས་པར་བཤད་པ་རྣམས་ལུང་གི་བསྟན་པ་དང་།  བསླབ་པ་གསུམ་གྱིས་བསྟུས་པའི་མངོན་པར་རྟོགས་པ་རྣམས་ལ་རྟོགས་པའི་བསྟན་པ་ཞེས་ཟེར་ཞིང་། དེ་ལྟ་བུའིི་ལུང་དང་མངོན་པར་རྟོགས་པས་བསྡུས་པའི་བསྟན་པ་རིན་པོ་ཆེ་ནི་འགྲོ་བ་རྣམས་ཀྱི་རྒུད་པ་མཐའ་དག་སེལ་པའི་སྨན།   བདེ་བ་ཐམས་ཅད་གང་ལས་འོངས་པའི་འབྱུང་གནས་སམ་འཇུག་ངོགས་ཡིན་ཏེ། སྤྱོད་འཇུག་ལས་། འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ། །    བདེ་བ་ཐམས་ཅད་འབྱུང་བའི་གནས། །   བསྟན་པ་ཞེས་གསུངས་པ་ལྟར་རོ།   དེས་ཕྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཀྱི་སྒོ་ནས་གཏན་ལ་ཕབ་ཏེ་དར་རྒྱས་སུ་བྱེད་པ་ནི་ངེས་པར་གལ་ཆེ་ལ།   དེ་ཡང་དགེ་འདུན་གྱི་སྡེ་རྣམ་པར་དག་པས་འཛིན་སྐྱོང་སྤེལ་བར་བྱེད་པ་ལ་རག་ལས་པར་གཟིགས་ནས།   གོང་ས་སྐྱབས་མགོན།
༧ རྗེ་བཙུན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོས་རབ་བྱུང་བཅོ་ལྔ་བའི་ས་མོ་ཡོས་སྤྱི་ལོ༡༨༧༩ལོར་ཕྱག་འདེབས་མཛད།    འདིའི་འཆད་ཉན་བཤད་སྒྲུབ་ཀྱི་གཙོ་བོ་ནི་དཔལ་དགྱེས་པ་རྡོ་རྗེ་དང།   གསང་བདག་འཁོར་ལོ་ཆེན་པོ།   རྣམ་འབྱོར་ནམ་མཁའ་གསུམ་གྱི་སྒྲུབ་མཆོད་དང་།   རྒྱུད་བརྟག་པ་གཉིས་པ་རྒྱུད་སྡེ་སྤྱི་རྣམ་བསྐྱེད་རྫོགས་སོགས་ཀྱི་ཁྲིད་དང་།   དཔྱིད་ཆོས་ལ་སྔགས་ཀྱི་དམ་བཅའ་དང་།   དབྱར་ཉི་ལྡོག་ལ་དཔལ་མགོན་ཞལ་བཞི་བའི་གཏོར་ཆེན།   ཟླ་བ་དགུ་བའི་ཚེས་ཉེར་དགུ་ལ་བདེ་མོ་གླིང་གི་ཕྱག་ལེན་ལྟར་དགུན་འཆམ་བཅས་རིམ་པར་ཚུགས་ཡོད།   གཞན་ཡང་། མགོན་ཆོས་ལྔའི་དབྱངས་བར་རྟ་དང་ཆོས་སྤྱོད་རྣམས་ཀྱི་འདོན་རྟ་དབྱངས་སོགས་དམ་པའི་ཕྱག་བཞེས་བཞིན་བཙུགས་ཡོད།  ཞར་བྱུང་དུ་སྒྲ་དང་སྙན་ངག    སྡེབ་སྦྱོར།      ལཉྫ     ཝརྟུ    ཡིག་དཀར་ནག    མེ་རི་བཅའ་བཟོ།   གར་ཐིག་དབྱངས་གསུམ་དང་། སྐར་རྩིས་ལྔ་བསྡུས་དང་།   རྩ་མཇུག་གདོང་གསུམ་དང་།   དབུགས་སྒང་ཁྱིམ་སླེབས་སོགས་བོད་རྩིས་དང་།   ཁྱད་པར་དུ་གོང་མ་ཁང་ཞི་རྒྱལ་བོས་མཛད་པའི་རྒྱ་རྩིས་ཆེན་མོའི་དགོངས་དོན་ལྟར་རྒྱ་རྩིས་རི་མོ་འབྲི་ཚུལ་དང་དུས་ཚིགས་ཉེར་བཞི།  གཟའ་སྐར་སྤར་སྨེ་ཉིན་ཁམས་བཅས་ཀྱི་བརྩི་ཚུལ།    ཟླ་ཉི་སྒྲིབ་ཚུལ་ཁྱད་པར་ཅན་དང་ལོ་ཟླ་ཞག་དུས་བརྩི་ཚུལ་བཅས་ལ་ཞིབ་པར་སྦྱངས་ཏེ་ལོ་རེ་བཞིན་རྒྱ་རྩིས་ཀྱི་ལི་ཐོ་འབྲི་བའི་སྲོལ་དར་བ་སོགས་ཀྱིས་སྒྲུབ་རྒྱུད་ཀྱི་བསྟན་པ་འཕེལ་ཞིང་རྒྱས་པར་ཡོད།གདན་རབས་ནི།༧ ཀུན་མཁྱེན་སྐུ་ཕྲེང་བཞི་བ་མཆོག་ནས་བཟུང་གླིང་སྐལ་བཟང་ལེགས་བཤད་རྒྱ་མཚོའི་བར་སུམ་ཅུ་སོ་གཅིག་བྱོན།  །                                            
        དྲུག་པ་རྒྱུད་སྟོད་གྲྭ་ཚང་གསང་ཆེན་རྡོ་རྗེ་གླིང་ནི།   དེ་ཡང་བསྐལ་བཟང་རྣམ་འདྲེན་བཞི་བ་མཉམ་མེད་བུ་རམ་ཤིང་བའི་བསྟན་པ་རིན་པོ་ཆེ་ནི་ལྷ་དང་བཅས་པའི་སྐྱེ་དགུ་ཡོངས་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་སྒོ་གཅིག་བུ་ཡིན་ལ།   ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་བསྟན་པ་རིན་པོ་ཆེ་དེ་ཉིད་འཛིན་པར་བྱེད་པ་ཡང་དགེ་འདུན་གྱི་སྡེ་ལ་རག་ལས་པར་དགོངས་ནས་ཀུན་མཁྱེན་སྐུ་ཕྲེང་ལྔ་བ ༧ རྗེ་བཙུན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་ཞལ་སྔ་ནས་ཀྱིས་རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྤྱི་ལོ ༡༩༢༨ ལོར་ཕྱག་འདེབས་མཛད།   དེ་ཡང་ཐོག་མར་རྟེན་འགྲེལ་གྱི་ལེགས་བཤད་དགའ་ཚལ་དུ་འཚོགས་ཏེ། རྗེ་རང་ཉིད་ཁྲི་ལ་མངའ་གསོལ་མཛད་ཅིང་གདན་ས་བྱིན་གྱི་བརླབས་ཏེ་བཅའ་ཡིག་བསྩལ།    རྒྱུད་གཞུང་དང་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་སོགས་ཉམས་ལེན་ཆོས་སྤྱོད་ཀྱི་རིམ་པ་དབུས་ཀྱི་རྒྱུད་སྟོད་ལྟར་ཚུགས།    རྗེས་སོར་རྗེ་རང་ཉིད་ཀྱིས་གསུངས་གནང་བ་ལྟར་མཛོད་པ་མཁྱེན་རབ་དོན་གྲུབ་པས་དབུས་ཀྱི་རྒྱུད་སྟོད་གྲྭ་ཚང་ནས་བཤེས་གཉེན་ཆེན་པོ་ཡེ་ཤེས་དོན་གྲུབ་དང་བསྟན་པ་ཆོས་ལྡན་རྣམ་གཉིས་འདིར་གདན་དྲངས་ཏེ། བདེ་གསང་འཇིགས་གསུམ་གྱི་སྒྲུབ་དཀྱིལ། རབ་གནས། བསྐང་གསོལ། ཆོས་སྤྱོད་སོ་སོའི་འདོན་རྟ་དབྱངས།   ཐིག་རྡུལ་ཚོན།    ཚོགས་ཆོས་གྲྭའི་འགྲིག་ལམ་སོགས་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་ཕྱག་བཞེས་བཟང་བོ་མ་ཉམས་པར་བཙུགས་པས་གསང་སྔགས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱས་སོ།   གདན་རབས་ནི། ༧ ཀུན་མཁྱེན་ལྔ་བ་མཆོག་ནས་བཟུང་རབ་བརྟན་རྒྱ་མཚོ་སྐལ་བཟང་ཐུབ་བསྟན་རྒྱ་མཚོའི་བར་དགུ་དང་།     གཞན་ཡང་ཆོས་སྡེ་ཆེན་པོ་འདིར་ལམ་ཞུགས་གང་ཟག་ཁྲི་ཕྲག་བརྒྱད་ལ་སོགས་པ་བྱོན་ཏེ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་རྗེ་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་དང་མཛད་བཞིན་པ་འདི་ལགས་སོ།   །

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号