སྒྲིག་ཆས་ཆ་ཚང་གསར་འཛུགས་དང་ལེགས་བཅོས་བྱས།དེ་དང་དུས་མཚུངས་ཡུལ་སྐོར་གྱི་ཚོང་ར་གསར་འབྱེད་བྱ་རྒྱུར་མཐོང་ཆེན་བྱས་ཏེ་བརྙན་འཕྲིན་སོགས་པའི་ཐོག་ནས་ཡུལ་སྐོར་ངོ་སྤྲོད་ཞུས་ནས་ཡུལ་སྐོར་པ་མང་པོ་འགུགས་བཞིན་ཡོད། 1992ལོ་ནས་བཟུང་ལྷོ་ཁའི་ཡུལ་སྐོར་ལས་རིགས་ཀྱིས་ཀོང་ཀྲོའུ་དང༌། པེ་ཅིན། ཁུན་མིང༌། ཧྲང་ཧའེ་སོགས་རྒྱལ་ནང་གི་ཡུལ་སྐོར་འགྲེམས་ཚོགས་སུ་ཞུགས་པ་མ་ཟད་ཞང་ཀང་དང༌། སིང་ཀ་ཕོར། འཇར་མན། ཧྥ་རན་སི་སོགས་པའི་རྒྱལ་སྤྱིའི་འགྲེམས་ཚོགས་ལའང་མི་མངགས་ཏེ་ལས་མཐུན་ལས་རིགས་ཆ་རྒྱུས་བླངས། ལོ་10ཡི་རིང་ལ་ལྷོ་ཁས་ཕྱི་ནང་གི་ཡུལ་སྐོར་པ་ཐེངས་གྲངས་93000ལྷག་ཙམ་ལ་སྣེ་ལེན་ཞུས་པའི་ནང་ཕྱི་མགྲོན་ཐེངས་གྲངས་37400ཟིན་ཞིང༌། ལས་གཉེར་གྱི་སྒོར་བསྡོམས་གྲངས་ཁྲི་3828.28དང༌། ཨ་སྒོར་ས་ཡ་ཟིན་ཏེ་ཁེ་སྤོགས་སྒོར་ཁྲི་631.14བྱུང་བས་ནོར་སྲིད་ཀྱི་དཔྱ་ཁྲལ་སྒོར་ཁྲི་306.24འཇལ་བ་རེད།
རྩེད་ཐང་གསོལ་མགྲོན་ཁང་ནི་1984ལོར་བརྒྱབ་པའི་ཀྲུང་དབྱང་གི་རོགས་སྐྱོར་རྣམ་གྲངས་གྲས་ལས་ལྷོ་ཁའི་རིམ་གསུམ་མགྲོན་ཁང་གཅིག་པུ་དེ་ཡིན།ཚད་ལྡན་དང༌། རྒྱས་པོ། གོང་ཁེ་བ་བཅས་ཁང་པ་རིགས་གསུམ་དུ་ཕྱེ་བ་ཁྱོན་བསྡོམས་ཁང་མིག་118ཡོད། ཁང་པའི་ནང་རྒྱལ་ཕྱི་རྒྱལ་ནང་གི་ཁ་པར་བསྒར་ཡོད་ལ་བརྙན་སྐྱེལ་དང་གློག་ཀླད་སོགས་པའི་སྒྲིག་ཆས་ཀྱང་ཡོད། བོད་ཟས་དང་ནང་སའི་ཚལ་རིགས་གྲགས་ཅན་མང་བའི་ཟ་ཁང་ཆེ་ཆུང་གསུམ་དང༌། གོ་མང་ཆོད་པའི་སྤྲོ་ཁང་དང༌།ཆང་ཁང༌། ཇ་ཁང༌། ཚོང་ཁང་ཆུང་ངུ་སོགས་ཀྱང་ཡོད། ལས་མི་ཚང་མ་གསོ་སྦྱོང་ནན་པོ་བྱས་པ་ཤ་སྟག་ཡིན་པས་ཚན་རིག་དང་མཐུན་པའི་དོ་དམ་བྱེད་སྟངས་ཆ་ཚང་ཙམ་ཤེས་ཀྱི་ཡོད།
གོང་པོ་རི་དང་སྤྲེའུ་བྲག་ཕུག
རྩེད་ཐང་དུ་སྔོན་བྱོན་སྐྱེ་བོ་དམ་པའི་མཛད་རྗེས་དང་གནའ་ཤུལ་གྲགས་ཅན་མང་ཞིང༌། རྩེད་ཐང་གོང་པོ་རི་ནི་བོད་ཀྱི་གནས་རི་ཆེན་པོ་བཞི་ཡི་ཡ་གྱལ་ཞིག་ཡིན་པ་དང༌། སངས་རྒྱས་ཤཱཀྱ་ཐུབ་པ་འཁྲུངས་པའི་དུས་ཆེན་སྐབས་དང་ས་ག་ཟླ་བར་གནས་རི་མཇལ་མི་མང་བ་སྤྱི་དང་ལྷག་པར་ཚེས་15ཉིན་མང་ཤོས་ཡིན། དམངས་ཁྲོད་ཀྱི་བཤད་རྒྱུན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཇོ་མོ་སྒྲོལ་མའི་ཐུགས་རྗེས་རྒྱུད་སྐུལ་ནས། སྤྲེའུ་བྱང་ཆུབ་སེམས་པ་དང་བྲག་སྲིན་མོ་གཉིས་བཟའ་མིར་འདོམས་པ་དང༌། སྤྲེའུ་ཕྲུག་དྲུག་སྐྱེས་ནས་ཇེ་མང་དུ་འཕེལ་བས།བཀྲེས་ལྟོགས་ཀྱིས་ཉེན་པ་ལ་བརྟེན་ནས་འབྲུ་སྣ་ལྔའི་ས་བོན་བཏབ་པའི་མྱུ་གུ་སྔོན་པོ་སྤྲེའུ་ཕྲུག་རྣམ་ཀྱིས་ཟོས་པས་ཟོ་དང་དུ་གྲགས། དེ་རྗེས་སྤྲེའུ་རྣམས་ཀྱིས་སྦར་མོ་བརྒྱབ་ནས་ཞིང་བཟོས་པ་ལ་སྦར་ཞིང་ཞེས་གྲགས། དེ་ནས་རིམ་‘གྱིས་འདེབས་ལས་ཤེས་ཏེ་མིར་གྱུར་པས་ཁ་བ་ཅན་དུ་འགྲོ་བ་མི་བྱུང༌། ཟོ་དང་ཞེས་པ་དེའང་ཁ་བའི་ལྗོངས་ཀྱི་ཞིང་གི་ཐོག་མ་ཡིན་པར་གྲགས་པས་གོང་པོ་རི་ཡང་གནས་རི་ངོ་མཚར་ཅན་དུ་གྱུར་པའོ།
སྤྲེའུ་བྲག་ཕུག་ནི་གོང་པོ་རིའི་རི་སྐེད་དུ་ཡོད་ལ་དེ་ནི་ལྷུན་གྱིས་འགྲུབ་པའི་བྲག་ཕུག་ཅིག་ཡིན། བྲག་ཕུག་གི་གཏིང་ཚད་ལ་སྨི་25ཙམ་དང༌། ཞེང༌།ཚད་ལ་སྨི་6.95ཡོད། བྲག་ཕུག་གི་གསེབ་ཏུ་སྤྲེའུ་བྱང་ཆུབ་སེམས་པའི་མགོ༌ཡིན་ཟེར་བའི་སྤྲེལ་མགོའི་དབྱིབས་ཤིག༌མཆིས། བྲག་ཕུག་གི་ལྡེབས་སུ་ལག་ཏུ༌མཎྜལ་ཐོགས་ཏེ་མེ་ཏོག་པདྨའི་སྟེང་དུ་འཁོད་པའི་སྤྲེའུའི་རི་མོ་སོགས་ཡོད་ཅིང༌།བྲག་ཕུག་གི་ཕྱི་ནང་དུ་རྡོ་སྐུའང་6ཙམ་ཡོད་པ་དང༌། བྲག་ཕུག་གི་ཉེ་འཁོར་དུ་མ་ཎི་རྡོ་བརྐོས་དང་ཚོན་སྣ་ལྔའི་དར་ མདུད་ཀྱིས་ཁེངས་ལ་སྒོ་རྩར་ཡང་སེའུའི་སྡོང་པོ་ཞིག་ཡོད་པ་དེའི་སེའུ་འབྲུ་སྤྲེའུ་དག་གིས་བཟའ་མྱོང་ཡོད་ཟེར།
ཡུམ་བུ་བརླ་སྒང༌།
ཡུམ་བུ་བརླ་སྒང་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་བཞེངས་པའི་སྐུ་མཁར་ཐོག་མ་ཡིན། ཡུམ་བུ་བརླ་སྒང་ཞེས་པའང་ཡར་ཀླུང་ཤར་ངོས་ཀྱི་ཇོ་མོ་བཀྲ་ཤིས་ཚེ་རིང་སྟེ་ཤྭ་མོའི་བརླ་འདྲ་བའི་ཐོག་ཏུ་ཕོ་བྲང་བཞེངས་པས་མིང་དེ་ལྟར་ཐོགས་པ་ཡིན་ཟེར། ཕོ་བྲང་དེའང་སྤྱི་ལོའི་དུས་རབས་གཉིས་པའི་དུས་འགོར་བཞེངས་ཤིང༌། བོད་རྒྱལ་སོ་གཉིས་པ་སྲོང་བཙན་སྒམ་པོས་ཕོ་བྲང་གི་གཞོགས་གཉིས་སུ་ཐོག་རིམ་གཉིས་བཞེངས་ཏེ་རིམ་བཞིན་ལྷ་ཁང་དུ་གྱུར།རྒྱལ་བ་སྐུ་ཕྲེང་ལྔ་པ་མཆོག་གིས་གསེར་ཟངས་ཀྱི་རྒྱ་ཕིབས་བཞེངས། སྤྱིར་ན་ལྷ་ཁང་གི་གཞི་ཁྱོན་མི་ཆེ་ཡང་བཞེངས་པ་སྔ་བ་དང་རི་རྩེར་བཞེངས་ཤིང་བརྗིད་ཉམས་དང་ལྡན་པ་མ་ཟད་བཙན་པོ་རིམ་བྱོན་དང་ཝུན་ཤིང་ཀོང་ཇོས་ཀྱང་ཡང་ཡང་མཇལ་བཞུགས་གནང་བའི་བཤད་རྒྱུན་མཆིས་གཤིས། བཟོ་སྐྲུན་དེ་ཉིད་སྙན་གྲགས་དང་ལྡན། 1962ལོར་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཁུལ་གྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་འཁེལ་གནང་བས་ལྷོ་ཁར་ཡུལ་སྐོར་དུ་ཕེབས་ཁྲོད་ནས་དེ་གར་གནས་མཇལ་དུ་ཕེབས་མི་མང་པོ་ཡོད། 2/7 མདུན་ངོས། 上一页 1 2 3 4 5 6 下一页 尾页 |