ཁྲ་འབྲུག་གཙུག་ལག་ཁང༌།
ཁྲ་འབྲུག་སྒྲོལ་མ་ལྷ་ཁང་ནི་རྩེད་ཐང་ནས་སྤྱི་ལེ་3ཙམ་ཆོད་པའི་ཡར་ཀླུང་གི་མདའ་རུ་ཡོད་དེ། བཙན་པོའི་རྒྱལ་རབས་དུས་སུ་བཞེངས་པའི་ལྷ་ཁང་དང་པོའི་གྲས་ཡིན། བཤད་རྒྱུན་ལྟར་ན།རྒྱ་བཟའ་ཀོང་ཇོའི་རྩིས་ཁོག་ནས་བསྟན་པར་གྲགས་པའི་ས་དགྲ་བརྒྱད་འགོག་བཅོས་བྱས་པ་ལས། སྲིན་མོའི་དཔུང་འགོ་གཡོན་གནོན་པའི་ཕྱིར་ཁྲ་འབྲུག་བྱམས་པ་མི་འགྱུར་ལྷ་ཁང་དེ་བཏབ་པར་གྲགས་ཤིང༌། ཐོག་མར་ཁྲ་འབྲུག་གཙུག་ལག་ཁང་དེ་ཉིད་གཞི་ཁྱོན་ཆུང་རུང་ཕྱིས་སུ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་ལེགས་བཟོ་རྒྱས་སྐྲུན་གནང་བ་དང༌།རྒྱལ་བ་སྐུ་ཕྲེང་ལྔ་པ་དང་བདུན་པ་རྣམ་གཉིས་ཀྱི་དུས་སུའང་ཉམས་གསོ་མཛད་སྟབས་ལྷ་ཁང་དེ་ཉིད་བཟོ་སྐྲུན་གྲ་རྒྱས་སུ་གྱུར།
|