ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་འཐད་པའི་རྒྱན་ཅེས་བྱ་བ་བཞུགས་སོ།
སྤེལ་དུས།04-28  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 སྡུག་བསྔལ་གང་ཟག་གཞན་གྱིས་བྱས་པ་དགག་པ་ལ། གལ་ཏེ་ཚེ་སྔ་ཕྱིའི་མི་དང་ལྷའི་གང་ཟག་གཉིས་གཅིག་མ་ཡིན་མོད་ཀྱི། འོན་ཀྱང་དེ་གཉིས་རྫས་གཞན་ཡིན་པས་ཚེ་སྔ་མའི་མིའི་གང་ཟག་གིས་དེའི་འདུ་བྱེད་བསགས་པའི་སྒོ་ནས་ཕྱི་མའི་ལྷའི་སྡུག་བསྔལ་བྱས་ནས་དེ་ལྷའི་གང་ཟག་ལ་བྱིན་པས་གང་ཟག་དེར་འདོགས་པའི་ཕྱིར་སྡུག་བསྔལ་གང་ཟག་གཞན་གྱིས་བྱས་པ་ཡིན་ནོ་ཞེ་ན། དེ་དགག་པ་ལ་གཉིས་ལས། དང་པོ་ལེན་པ་པོ་མེད་པ་ནི། གལ་ཏེ་དེ་ལྟར་སྐྱེ་བ་སྔ་མའི་མིའི་གང་ཟག་གཞན་ལས་ནི་ཕྱི་མའི་ལྷའི་སྡུག་བསྔལ་འབྱུང་ན་མིའི་གང་ཟག་གཞན་ཞིག་གིས་ལྷའི་སྡུག་བསྔལ་དེ་བྱས་ནས་གང་ལ་སྦྱིན་པར་བྱ་བའི་ཡུལ་ལྷའི་གང་ཟག་དེ་གང་སྦྱིན་བྱ་ལྷའི་སྡུག་བསྔལ་ལས་མ་གཏོགས་པར་ཇི་ལྟར་རུང་སྟེ། དེ་ལས་ཐ་དད་པའི་ལེན་པ་པོ་མ་དམིགས་པའི་ཕྱིར་སྡུག་བསྔལ་གང་ཟག་གཞན་ལས་འབྱུང་བ་མེད་དོ་ཞེས་པའོ། །གཉིས་པ་སྦྱིན་པ་པོ་མེད་པ་ནི། གལ་ཏེ་དེ་ལྟར་མིའི་གང་ཟག་གཞན་ལས་ཕྱི་མའི་ལྷའི་སྡུག་བསྔལ་འབྱུང་ན་མིའི་གང་ཟག་གང་གིས་སྡུག་བསྔལ་དེ་བྱས་ནས་གཞན་ལྷའི་གང་ཟག་ལ་སྟེར་བ་པོའི་མི་གང་ཟག་གཞན་དེ་མིའི་སྡུག་བསྔལ་ལས་མ་གཏོགས་པ་གང་ཞིག་ཡིན་ཏེ། དེ་ལས་ཐ་དད་པའི་སྟེར་བ་པོ་མ་དམིགས་པའི་ཕྱིར་སྡུག་བསྔལ་གང་ཟག་གཞན་ལས་བྱུང་བ་མེད་དོ། །གསུམ་པ་རང་བྱས་མ་གྲུབ་པས་གཞན་བྱས་དགག་པ་ལ་གཉིས་ལས། གང་ཟག་ལ་ལྟོས་ཏེ་རང་བྱས་མ་གྲུབ་པས་གཞན་བྱས་དགག་པ་ནི། སྡུག་བསྔལ་གཞན་གྱིས་ག་ལ་བྱས། །ཞེས་པ་དང་། གྲུབ་བདེ་གཅིག་པ་མིའི་གང་ཟག་ཆོས་ཅན། གཞན་ལྷའི་སྡུག་བསྔལ་རང་བཞིན་པ་ག་ལ་བྱེད་དེ། སྡུག་བསྔལ་ལས་གཞན་པའི་མི་ཉིད་མ་གྲུབ་པས་མིའི་སྡུག་བསྔལ་ལ་ལྟོས་ནས་གང་ཟག་བདག་གིར་བྱས་པ་མ་གྲུབ་པའི་ཕྱིར། དེའི་ཁྱབ་པ་ནི་གང་ཟག་གཞན་གྱིས་སྡུག་བསྔལ་གང་བྱེད་པའི་གང་ཟག་དེ་ནི་གང་ཟག་དེའི་སྡུག་བསྔལ་གང་ཟག་བདག་གིས་བྱས་པར་འགྱུར་དགོས་ཏེ། དེ་ཡང་གང་ཟག་གཞན་ལ་ལྟོས་ན་བཅོས་མ་སྒྱུ་མ་ལྟ་བུར་འགྱུར་བས། གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཅེས་པའི་ཚུལ་གྱིས་གང་ཟག་གཞན་གྱི་སྡུག་བསྔལ་རང་བཞིན་པ་བྱེད་པར་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ། བུམ་པ་རྒྱུ་ལས་གྲུབ་འགྱུར་ཞིང་། །རྒྱུ་ཡང་གཞན་ལས་གྲུབ་འགྱུར་བས། །གང་ཞིག་རང་གིས་གྲུབ་མེད་པ། །དེ་ཡིས་གཞན་པོ་ཇི་ལྟར་སྐྱེད། །ཅེས་པ་བཞིན་ནོ། །གཉིས་པ་ཉེར་ལེན་ལ་ལྟོས་ཏེ་རང་བྱས་མ་གྲུབ་པས་གཞན་བྱས་དགག་པ་ནི། རེ་ཞིག་སྡུག་བསྔལ་གཞན་བྱེད་པ་པོ་མིའི་སྡུག་བསྔལ་གྱི་ཕུང་པོ་དེ་བདག་གིས་བྱས་པ་མིན་ཏེ་རང་ལ་བྱ་བྱེད་འགལ་བས་སྡུག་བསྔལ་དེ་ཉིད་ཀྱིས་ནི་དེ་མ་བྱས་སོ། །འདིར་ཡང་། སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །ཅེས་པ་དང་། གྲུབ་བདེ་གཅིག་པ་མིའི་སྡུག་བསྔལ་ཆོས་ཅན། གཞན་ལྷའི་སྡུག་བསྔལ་རང་བཞིན་པ་བྱེད་པར་ག་ལ་འགྱུར་ཏེ། དེའི་བྱེད་པ་པོ་གཞན་མིའི་སྡུག་བསྔལ་དེ་ཉིད་བདག་གིས་མ་བྱས་པའི་ཕྱིར་རོ། །ཞེས་པ་སྟེ་ཁྱབ་པ་སྔ་མ་ལྟར་ཤེས་པར་བྱའོ། །དེ་ལྟར་རང་གཞན་སོ་སོས་བྱས་པ་བཀག་ནས། གཉི་གས་བྱས་པ་དགག་པ་ནི། གལ་ཏེ་རང་གཞན་རེ་རེས་སོ་སོར་བྱས་པར་གྱུར་ན། སྡུག་བསྔལ་གཉི་གས་བྱས་པར་འགྱུར་ན། སྔར་བཀག་པས་རེ་རེས་མ་བྱས་པའི་ཕྱིར་གཉི་ག་ཚོགས་པས་ཀྱང་མི་བྱེད་དེ་བྱེ་མ་ལས་ཏིལ་མར་བཞིན་ནོ་སྙམ་པའོ། །གསུམ་པ་སྡུག་བསྔལ་རྒྱུ་མེད་དགག་པ་ནི། གཞན་གྱིས་མ་བྱས་བདག་གིས་མ་བྱས་གཉི་གས་ཀྱང་མ་བྱས་པའི་སྡུག་བསྔལ་རྒྱུ་མེད་ནི་ནམ་མཁའི་མེ་ཏོག་ལྟར་ཡོད་པར་ག་ལ་འགྱུར་ཏེ་རྒྱུ་མེད་ཡིན་ན་ཤེས་པའི་གཟུང་ཡུལ་དུ་མི་སྣང་བ་དང་། རེས་འགའ་བ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གལ་ཏེ་སྡུག་བསྔལ་རང་བཞིན་དུ་ཡོད་ན་སྐྱེ་བའི་རྣམ་པར་རྟོག་པ་གཞན་མི་སྲིད་པའི་ཕྱིར་མཐའ་བཞི་གང་རུང་ལས་སྐྱེ་བས་ཁྱབ་པ་ལས་མཐའ་བཞིའི་སྐྱེ་བ་དང་བྲལ་བའི་ཕྱིར་དེ་རང་བཞིན་མེད་པར་གྲུབ་པས་དེའི་རྟེན་གང་ཟག་ཀྱང་མེད་པར་གྲུབ་བོ། །ཆོས་གཞན་ལ་བསྒྲེ་བ་ནི། ནང་ཟིན་པའི་ཕུང་པོ་ལྔས་བསྡུས་པའི་སྡུག་བསྔལ་འབའ་ཞིག་རྣམ་པ་བཞིར་ཡོད་པ་མ་ཡིན་པ་མ་ཡིན་གྱི། དེ་བཞིན་དུ་ཕྱི་རོལ་བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་དག་ལ་ཡང་སྔར་བཤད་པའི་རྣམ་པ་བཞི་པོ་དག་ལས་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་པ་སྟེ་ཐམས་ཅད་སྔ་མ་ལྟར་སྦྱར་བར་བྱའོ། །གསུམ་པ་དོན་བསྡུ་བ་ནི། རབ་ཏུ་བྱེད་པ་འདིས་ཆོས་ཐམས་ཅད་ཡང་དག་པར་སྐྱེ་བའི་སྤྲོས་པ་མེད་དགག་དང་། བརྟེན་ནས་སྐྱེ་བར་སྣང་བ་ཐམས་ཅད་སྒྱུ་མ་ལྟར་ཀུན་རྫོབ་ཏུ་གྲུབ་པ་ཡིན་ནོ། །ཇི་སྐད་དུ་སློབ་དཔོན་ཉིད་ཀྱིས། སྡུག་བསྔལ་རང་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉི་གས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་འདོད། །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། ཀུན་རྫོབ་ཏུ་ནི་རྒྱལ་བས་ཆོས་བཤད་དེ། །འདུས་བྱས་འདུས་མ་བྱས་ཡིན་དེ་ལྟར་ལྟོས། །ཡང་དག་ཏུ་ན་བདག་དང་མི་མེད་དེ། །འགྲོ་བ་ཀུན་གྱི་མཚན་ཉིད་འདི་འདྲ་འོ། །ཞེས་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས་སྡུག་བསྔལ་བརྟག་པ་སྟེ། རབ་ཏུ་བྱེད་པ་བཅུ་གཉིས་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་རྟེན་འབྲེལ་གང་ཟག་གི་བདག་གིས་སྟོང་པར་བསྟན་ནས། ད་ནི་ཆོས་དང་གང་ཟག་ཏུ་མ་ཕྱེ་བར་དངོས་པོ་ཙམ་གྱི་རང་བཞིན་གྱིས་སྟོང་པར་སྟོན་པ་ལ། རེ་ཞིག་དངོས་པོའི་རང་བཞིན་གྱི་འགོག་པ་འདུ་བྱེད་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། བྲག་ཕུག་རི་དང་གཅོང་རོང་ཀླུང་རྣམས་སུ། །རྐྱེན་གྱིས་ཇི་ལྟར་བྲག་ཅ་འབྱུང་བ་ལྟར། །དེ་བཞིན་འདུས་བྱས་འདི་ཀུན་རིག་པར་གྱིས། །འགྲོ་བ་ཐམས་ཅད་སྒྱུ་མ་སྨིག་རྒྱུ་བཞིན། །ཅེས་དང་། དེ་བཞིན་ཏུ། དགེ་སློང་དག་བདེན་པ་དམ་པ་ནི་གཅིག་སྟེ། བསླུ་བ་མེད་པའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་བརྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་པ་ལ་སོགས་པ་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། སྡུག་བསྔལ་བརྟག་པར་ཕྱི་ནང་གི་ཆོས་རྣམས་མཐའ་བཞི་ལས་སྐྱེ་བ་བཀག་པས་ཡང་དག་པར་མ་སྐྱེས་པར་གྲུབ་བཞིན་ཏུ་མ་རིག་པའི་རབ་རིབ་ཅན་ལ་སྐྱེ་བ་ལ་སོགས་པར་སྣང་བས་འདུ་བྱེད་སླུ་བའི་ཆོས་ཅན་དུ་གྲུབ་ལ། དེ་ལ་བརྫུན་པས་ཁྱབ་པ་ལུང་ལས་གསུངས་པས་དེ་བརྫུན་པ་ཉིད་དུ་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་གཞུང་བཤད་པ་ལ་གཉིས་ཏེ། ལུང་ལས་རང་བཞིན་མེད་པར་གྲུབ་པ་དང་། ལུང་གི་དོན་གཞན་དུ་རྟོག་པ་དགག་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་མདོ་ལས། དགེ་སློང་དག་འདུས་བྱས་སླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ལ་ཞེས་དང་། དེ་བཞིན་ཏུ་འདི་ན་དེ་བཞིན་ཉིད་དམ་ཕྱིན་ཅི་མ་ལོག་པའི་དེ་བཞིན་ཉིད་ནི་མེད་ཀྱི་འདི་དག་ནི་སླུ་བར་བྱེད་པའི་ཆོས་ཅན་ནོ། །སྒྱུ་མ་བརྫུན་པ་བྱིས་པ་འདྲིད་པའི་ཆོས་ཅན་ནོ་ཞེས་ཆོས་གང་ཞིག་སླུ་བ་དེ་ནི་བརྫུན་ཞེས་ཁྱབ་པ་གསུངས་ལ། འདུ་བྱེད་ཕྱི་ནང་གི་ཆོས་ཐམས་ཅད་སྔར་བཤད་པའི་རིགས་པས་དཔྱད་ན་བདེན་པའི་སྐྱེ་བ་དང་དངོས་པོ་ཁེགས་བཞིན་ཏུ་མ་རིག་པའི་རབ་རིབ་ཅན་ལ་དེ་ལས་ཕྱིན་ཅི་ལོག་སྐྱེ་བ་དང་དངོས་པོར་སྣང་བས་སླུ་བའི་ཆོས་ཅན་དུ་གྲུབ་པ་དེས་ན། འདུ་བྱེད་ཕྱི་ནང་གི་དངོས་པོ་དེ་དག་སྒྱུ་མའི་སྐྱེས་བུ་ལྟར་བརྫུན་པ་རང་བཞིན་མེད་པ་ཡིན་ནོ་ཞེས་པའོ། །གཉིས་པ་ལ་རེ་ཞིག་དངོས་མེད་ལུང་གི་དོན་མ་ཡིན་པ་ནི། གལ་ཏེ་དེ་ལྟ་ན་འདུ་བྱེད་ཐམས་ཅད་མེད་པར་ལྟ་བའི་ཆད་པར་ལྟ་བ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་གལ་ཏེའམ་འདི་ལྟར་འདུ་བྱེད་སླུ་བའི་ཆོས་ཅན་གང་ཡིན་པ་དེ་བརྫུན་ཞིང་རང་བཞིན་མེད་པ་ཡིན་པས་དེ་ལ་ཅི་ཞིག་སླུ་ཞིང་དངོས་པོ་མེད་པའམ་ཆད་པར་འགྱུར་ཏེ། དགག་བྱ་དང་ཆད་རྒྱུ་མ་དམིགས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་པོ་མེད་པ་འགྲུབ་མི་འགྱུར། །ཞེས་དང་། མ་སྐྱེས་ངོ་བོ་ཉིད་ལ་ནི། །རྟག་དང་ཆད་ཉིད་ག་ལ་ཞིག །ཅེས་ཇི་སྐད་བཤད་པ་ལྟ་བུའོ། །ལུང་དེས་དངོས་པོ་མེད་པའང་མི་སྟོན་ན། འོ་ན་ཅི་ཞིག་བསྟན་ཅེ་ན། བཅོམ་ལྡན་འདས་ཀྱིས་འདུ་བྱེད་སླུ་བའི་ཆོས་ཅན་གང་ཡིན་པ་དེ་བརྫུན་ནོ་ཞེས་དེ་སྐད་གསུངས་པ་ནི་དགག་སྒྲུབ་ལ་སོགས་པ་སྤྲོས་པའི་མཚན་མ་ཅིའང་མེད་པའི་རང་བཞིན་སྟོང་ཉིད་ཡོངས་སུ་བསྟན་པ་ཡིན་ནོ། །ཇི་སྐད་དུ། གང་ཕྱིར་དངོས་པོ་ཐམས་ཅད་ནི། །ངོ་བོ་ཉིད་ཀྱིས་སྟོང་རིག་བྱ། །སྟོང་ཞེས་བྱ་བ་དེ་ཡང་སྟོང་། །འདི་ལྟར་མི་སྟོང་ཡོད་མ་ཡིན། །ཞེས་དང་། ཆོས་རྣམས་ཡི་གེ་མེད་པ་ཡི་གེས་བསྟན། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་མི་རྟག་པ་ལུང་གི་དོན་མ་ཡིན་པ་ལ་ཕྱོགས་སྔ་མ་དགོད་པ་ནི། རང་གི་སྡེ་པ་དག་ལུང་དེའི་དགོངས་པ་རང་བཞིན་མེད་དགག་སྟོན་པ་དེ་ལྟར་མ་ཡིན་གྱི་རང་བཞིན་མ་ཡིན་དགག་གཞན་གྱི་སྡེ་པ་དང་འཇིག་རྟེན་བྱིས་པ་རྣམས་ཀྱིས་བརྟགས་པ་རྟག་པའི་དངོས་པོས་སྟོང་པའི་འདུ་བྱེད་རྫས་སྐད་ཅིག་གི་འཇིག་པ་དང་རྒྱུན་གྱི་མཐར་མི་གནས་པའི་མི་རྟག་པ་ཆོས་ཙམ་སྟོན་པར་བྱེད་པ་ཡིན་ཏེ་དེ་ཉིད་རིགས་པས་གནས་པའི་ཕྱིར་རོ། །འདི་ལྟར་ཕྱི་རོལ་པ་ལྟར་འདུ་བྱེད་ཕྱི་ནང་གི་དངོས་པོ་རྣམས་རང་བཞིན་འཇིག་མེད་དམ་རྫས་སྐད་ཅིག་གཉིས་པར་སྡོད་པ་རྟག་པའི་ངོ་བོ་ཉིད་མེད་དེ། རིམ་པ་ལྟར་གནས་སྐབས་གཞན་དུ་འགྱུར་བ་དང་རྒྱུན་ཆད་པ་མངོན་སུམ་དུ་སྣང་བའི་ཕྱིར་རོ། །ཡང་དབུ་མ་ལྟར་དངོས་པོ་རྣམས་ངོ་བོ་ཉིད་ཡེ་མེད་པའང་མེད་པའང་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་རྣམས་ལ་སྟོང་པ་ཉིད་ཅེས་པའི་ཆོས་ཁས་ལེན་པའི་ཕྱིར་རོ། །ཡང་གལ་ཏེ་ངོ་བོ་ཉིད་མེད་ན་ནམ་མཁའི་མེ་ཏོག་ལྟར་ཆོས་གཞན་དུ་འགྱུར་བ་ཆོས་ཅན་གང་གི་ཡིན་ཏེ་དེ་མེད་པར་ཐལ་བ་ལས་ཆོས་གཞན་དུ་འགྱུར་བ་ཡོད་པའི་ཕྱིར་དངོས་པོ་ངོ་བོ་ཉིད་མེད་པ་མ་ཡིན་ནོ་ཞེས་འཛེར་ཏོ། །དེ་སུན་དབྱུང་བ་ལ་གཉིས་ཏེ། ཆོས་ཙམ་རང་བཞིན་དུ་ཡོད་པའི་སྒྲུབ་བྱེད་གཞན་འགྱུར་མི་འཐད་པ་དང་། སྟོང་ཉིད་མ་གྲུབ་པའོ། །དང་པོ་ལའང་རང་བཞིན་གཞན་དུ་འགྱུར་བར་འགལ་བ་དང་། ཡང་དག་པར་གཞན་འགྱུར་ཉིད་མ་གྲུབ་པ་གཉིས་ལས། དང་པོ་ནི། གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་ནམ་ངོ་བོ་ཉིད་ཡོད་པའི་ཕྱིར་ཇི་ལྟ་བུར་ན་གཞན་དུ་འགྱུར་ཏེ་གཞན་དུ་འགྱུར་བ་མེད་པར་ཐལ་ལོ་ཞེས་པའོ། །དེའི་ཁྱབ་པ་ནི་འཇིག་རྟེན་ན་མེའི་ཚ་བ་ལྟར་ཆོས་གང་ཞིག་གང་ལ་མི་འཁྲུལ་པ་དེ་ནི་དེའི་རང་བཞིན་ཞེས་བརྗོད་དེ་ཆུའི་ཚ་བ་དང་རིང་ཐུང་དང་མེའི་རྩེ་ལྔ་པའམ་གསེར་གྱི་གཡའ་བཞིན་ཏུ་རིམ་པ་ལྟར་ངོ་བོ་རྒྱུ་རྐྱེན་གྱིས་བསྐྱེད་པ་དང་རྣམ་འཇོག་ཆོས་གཞན་ལ་ལྟོས་པ་དང་། གཞན་དུ་འགྱུར་བ་ནི་དེ་ལ་མི་འཁྲུལ་པ་མེད་པས་དེ་དག་གི་རང་བཞིན་དུ་མི་རུང་བའི་ཕྱིར་དངོས་པོ་རྣམས་རང་བཞིན་དུ་ཡོད་ན་གཞན་དུ་མི་འགྱུར་དགོས་པ་ལས། གཞན་དུ་འགྱུར་བར་སྣང་བས་སྒྱུ་མའི་སྐྱེས་བུ་བཞིན་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གཉིས་པ་ནི། གཞན་དུ་འགྱུར་བ་དེ་ཡང་མ་དཔྱད་པ་ཕ་རོལ་ལ་གྲགས་པའི་མངོན་སུམ་ལ་སྣང་བ་ཙམ་ཡིན་གྱི་ཡང་དག་པར་དཔྱད་ན་མི་སྲིད་དེ་འདི་ལྟར་སྔར་གྱི་གནས་སྐབས་དེ་ཉིད་ལ་ནི་གཞན་དུ་འགྱུར་བ་མེད་དེ་དེའི་གནས་སྐབས་མ་བཏང་བར་གཞན་དུ་འགྱུར་བ་འགལ་བའི་ཕྱིར་རོ། །སྔར་གྱི་གནས་སྐབས་ལས་གཞན་ཉིད་ལ་ཡང་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ཏེ། གནས་སྐབས་གཞན་ཐོབ་པ་དེ་ཉིད་གཞན་དུ་གྱུར་ཟིན་ཡིན་པས་ཡང་གཞན་དུ་འགྱུར་བ་དོན་མེད་པའི་ཕྱིར་རོ། །དེ་ཉིད་དཔེས་བསྟན་པ་ནི། གང་གི་ཕྱིར་གཞོན་ནུའི་གནས་སྐབས་མ་དོར་བར་མི་རྒ་སྟེ་གནས་སྐབས་གཉིས་ཕན་ཚུན་འགལ་བའི་ཕྱིར་རོ། །གལ་ཏེ་གཞོན་ནུའི་གནས་སྐབས་དོར་ནས་རྒ་བར་འགྱུར་རོ་སྙམ་ན། མ་ཡིན་ཏེ་གཞོན་ནུའི་གནས་སྐབས་དོར་བ་ཉིད་རྒས་པ་ཡིན་པས་གང་གི་ཕྱིར་རྒས་པ་ཡང་མི་རྒ་སྟེ་དོན་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་སྔར་གྱི་གནས་སྐབས་དེ་ཉིད་གཞན་དུ་འགྱུར་ན་འོ་མ་ཉིད་ནི་མ་དོར་བར་ཞོར་འགྱུར་རོ། །གཞན་གཞན་དུ་འགྱུར་ནའང་འོ་མ་ལས་གཞན་ཆུ་ལ་སོགས་པ་གང་ཞིག་ཞོའི་དངོས་པོ་ཡིན་པར་འགྱུར་ཏེ་འགྱུར་མི་སྲིད་པ་ཉིད་དོ་སྙམ་དུ་དགོངས་པའོ། །དོན་དེ་ཉིད་འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། ཆོས་གང་འབྱུང་བ་མེད་ཅིང་འཇིག་པ་མེད། །འཆི་འཕོ་མེད་ཅིང་རྒ་བར་མི་འགྱུར་བ། །མི་ཡི་སེང་གེ་དེས་ནི་དེ་བསྟན་ཅིང་། །སྲོག་ཆགས་བརྒྱ་ཕྲག་དག་ནི་དེ་ལ་བཀོད། །ཅེས་གསུངས་པ་ཡིན་ནོ། །གཉིས་པ་སྟོང་ཉིད་མ་གྲུབ་པ་ལ་སྟོང་ཉིད་དཔྱད་བཟོད་དགག་པ་དང་། བཀག་པ་ལ་ལུང་དང་འགལ་བ་སྤང་བ་གཉིས་ལས། དང་པོ་ནི། དངོས་པོ་རྣམས་ལ་སྟོང་པ་ཉིད་ཀྱི་ཆོས་ཡང་དག་པར་ཡོད་པའི་རྟགས་མ་གྲུབ་སྟེ་མི་སྟོང་པ་མེད་པའི་ཕྱིར་རོ། །དེའི་ཁྱབ་པ་ནི་སྔར་བཤད་པ་ལྟར་བཀག་པ་དང་དགག་བྱ་ཕན་ཚུན་ལྟོས་དགོས་པས་གལ་ཏེ་དགག་བྱ་གང་ཟག་དང་ཆོས་བདེན་པའི་དངོས་པོ་མི་སྟོང་པ་ཅུང་ཟད་གཅིག་ཡོད་ན། དེ་བཀག་པའི་གང་ཟག་དང་ཆོས་བདེན་པའི་དངོས་པོས་སྟོང་པ་ཅུང་ཟད་ཡོད་པར་འགྱུར་བ་ཞིག་ན། སྔར་བཀག་པས་ལྟོས་ས་གང་ཟག་དང་ཆོས་བདེན་པའི་དངོས་པོས་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་ན། དེ་ལ་ལྟོས་པའི་ཆོས་གང་ཟག་དང་། ཆོས་བདེན་པའི་དངོས་པོས་སྟོང་པ་ཡང་ཡོད་པར་ག་ལ་འགྱུར་ཏེ་རྨི་ལམ་གྱི་སྐྱེས་བུ་མི་བདེན་པས་དེ་ཤི་བ་མི་བདེན་པ་བཞིན་ནོ། །གཉིས་པ་ནི། དེ་ལྟ་ན་ཐུབ་པས་མདོ་ལས་གཞན་མུ་སྟེགས་སྨྲ་བ་དང་ཐུན་མོང་མ་ཡིན་པ་རྣམ་པར་ཐར་པའི་སྒོ་གསུམ་གསུངས་པ་ཚུལ་འདིས་བསལ་བས་ལུང་དང་འགལ་ཞིང་། དེ་ལྟར་ལུང་དང་རིགས་པས་གྲུབ་པའི་ཆོས་ཉིད་སྟོང་པ་ཉིད་ལ་སྐུར་བས་ལོག་པར་ལྟ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་རྒྱལ་བའི་ཡུམ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་པའི་ཚུལ་གྱིས་ཟབ་མོའི་མདོ་ལས་གསུངས་པའི་སྟོང་པ་ཉིད་ཀྱི་དོན་ནི་སྟོང་མི་སྟོང་ལ་སོགས་པ་དགག་བྱ་དང་བཀག་པའི་སྤྲོས་པའམ་ཁས་ལེན་ཐམས་ཅད་དང་བྲལ་བ་ཡིན་གྱི། ཁྱོད་ཀྱིས་བཟུང་བའི་གང་ཟག་དང་ཆོས་ཀྱི་བདག་བཀག་ཆོས་ཙམ་དུ་གནས་པ་བཀག་པ་སྐྱེ་མེད་དམ་སྟོང་ཉིད་མ་ཡིན་དགག་ནི་ཁོ་བོས་བཀག་ཀྱང་མདོའི་དགོངས་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་སྤང་བྱའི་དགྲ་དང་ཡོན་ཏན་བསྒོས་སྐལ་ལས་རྒྱལ་བ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་དྲུངས་ནས་འབྱིན་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ལྟ་བར་གྱུར་བ་ཐམས་ཅད་ལས་ངེས་པར་འབྱུང་བ་ནི་སྟོང་པ་ཉིད་ཁོ་ན་ཡིན་ལ་ཞེས་དང་། རྒྱལ་བའི་ཡུམ་ལས། གཟུགས་སྟོང་པའམ་མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེས་རབ་ཕ་རོལ་ཕྱིན་པ་ལ་མི་སྤྱོད་དོ། །འོན་ཀྱང་ཅི་ལ་ཡང་མི་སྤྱོད་ན་ཤེས་རབ་ཕ་རོལ་ཕྱིན་པ་ལ་སྤྱོད་དོ་ཞེས་སྟོང་པ་ཉིད་ཡོད་མེད་ལ་སོགས་པ་ཆོས་འགའ་ཞིག་ཏུ་ལྟ་བ་ཀུན་ངེས་པར་འབྱིན་པར་གསུངས་སོ། །དེ་ལ་གང་ཟག་མི་མཁས་པ་གང་དག་སྟོང་པ་ཉིད་ཅེས་པ་བཀག་ཆོས་ཀྱི་མཚན་མའམ་ཡོངས་གཅོད་དུ་ལྟ་བ་དེ་དག་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡོད་མེད་ལ་སོགས་པར་ལྟ་བ་ཐམས་ཅད་བྲལ་བའམ་དེ་དང་བྲལ་བའི་སྒོ་ནས་སྲིད་པ་ལས་ཐར་བའམ། སྲིད་ཞི་གཉི་གར་མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབ་ཏུ་མེད་པར་མདོ་ལས་གསུངས་ཏེ། ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་གང་དག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོག་པ་དེ་དག་ནི་ངས་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དོ། །གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་སླའི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན་སྟོང་པ་ཉིད་ཁོ་ནར་ལྟ་བ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ་ཞེས་ནད་སེལ་བའི་སྨན་མ་ཞུ་ནས་ན་བའི་མི་དེ་ནད་ལས་མི་ཐར་བའི་དཔེས་གསུངས་ཏེ། ཉེས་པའི་རྩ་བ་ལྟ་བ་ཐམས་ཅད་མ་སྤངས་པར་ནི་ཐར་པ་ཙམ་མམ། མི་གནས་པའི་མྱ་ངན་ལས་འདས་པ་མི་འཐོབ་ལ། དེ་སྤོང་བའི་གཉེན་པོ་སྟོང་པ་ཉིད་ལ་མཚན་མར་ལྟ་བའི་ཕྱིར་ཏེ། ཇི་ལྟར་ཟོད་མེད་དོ་ཞེས་སྨྲས་པ་ལ། ཀྱེ་མེད་པ་ཞེས་བྱ་བའི་ཟོད་དེ་བདག་ལ་བྱིན་ཅིག་ཅེས་དགག་བྱ་ཟོད་འགོག་པའི་ཚིག་བཀག་པ་ཟོད་དུ་བསྒྲུབ་པར་གོ་བ་ལ་ཟོད་མེད་པ་འཛིན་དུ་གཞུག་པའི་ཐབས་མི་སྲིད་པ་བཞིན་ནོ། །དོན་འདི་ཉིད་སློབ་དཔོན་ཉིད་ཀྱིས། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ཞིག་དེ་ལའང་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་འགྲེལ་བ་འཐད་པའི་རྒྱན་ལས་འདུ་བྱེད་བརྟག་པ་སྟེ། རབ་ཏུ་བྱེད་པ་བཅུ་གསུམ་པའི་རྣམ་པར་བཤད་པའོ།།  །།ཕྲད་པ་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མིག་དང་གཟུགས་ལ་བརྟེན་ནས་ནི། །མིག་གི་རྣམ་ཤེས་འདིར་སྐྱེ་ཡང་། །མིག་ནི་གཟུགས་ལ་བརྟེན་མ་ཡིན། །མིག་ནི་གཟུགས་ལ་འཕོ་བ་མེད། །བདག་མེད་མི་སྡུག་ཆོས་འདི་དག །སླར་ཡང་བདག་དང་སྡུག་ཅེས་བཏགས། །མེད་ལ་ལོག་པར་བཏགས་པ་སྟེ། །དེ་ལས་མིག་གི་རྣམ་ཤེས་འབྱུང་། །ཞེས་དབང་པོ་དང་དོན་དང་རྣམ་པར་ཤེས་པ་ལ་སོགས་པ་ལ་ཕྲད་པ་རང་བཞིན་པ་མེད་པར་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། འདུ་བྱེད་བརྟག་པར་དངོས་པོའི་རང་བཞིན་བཀག་མོད་ཀྱི་དེ་ཡོད་པ་ཉིད་དེ། མདོ་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་དང་། གསུམ་འདུས་པ་ལས་རེག་པའོ། །རེག་པ་དང་ལྷན་ཅིག་འབྱུང་བ་ནི་ཚོར་བའོ། །ཞེས་དང་། ཚོར་བ་དང་འདུ་ཤེས་ཞེས་བྱ་བའི་ཆོས་འདི་གཉིས་ནི་ཕྲད་པ་ཡིན་གྱི་མ་ཕྲད་པ་ནི་མ་ཡིན་ནོ་ཞེས་གསུངས་པས་འདུ་བྱེད་རྣམས་ལ་ཕྲད་པ་ཡོད་པའི་ཕྱིར་རོ། །འདིར་གང་མེད་པ་ལ་ནི་ཕྲད་པ་མི་རུང་སྟེ་མོ་གཤམ་གྱི་བུ་དང་བུ་མོ་བཞིན་ནོ་སྙམ་པ་ལ། ལུང་དེ་དག་དྲང་དོན་ཡིན་པས་ཕྲད་པ་རང་བཞིན་དུ་མེད་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཞུང་བཤད་པ་ལ་གསུམ་སྟེ། འདུ་བྱེད་རྣམས་ལ་ཕྲད་པ་མེད་པའི་དམ་བཅའ་བསྟན་པ་དང་། འཐད་པས་བཤད་པ་དང་། སྐབས་དོན་བསྡུ་བའོ། །དང་པོ་ནི། བལྟ་བྱ་གཟུགས་དང་ལྟ་བའི་བྱེད་པ་མིག་གི་དབང་པོ་དང་ལྟ་བ་པོ་མིག་གི་རྣམ་པར་ཤེས་པ་གསུམ་པོ་དེ་དག་གཉིས་གཉིས་ཏེ་མིག་དང་གཟུགས་སམ། མིག་དང་རྣམ་པར་ཤེས་པའམ། རྣམ་པར་ཤེས་པ་དང་གཟུགས་ལ་ཕན་ཚུན་ཕྲད་པ་ཡོད་པ་མ་ཡིན་ཞིང་། གསུམ་པོ་ཐམས་ཅད་ཀྱང་ནི་ཅིག་ཅར་ཕན་ཚུན་དུ་ཕྲད་པར་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་བཞིན་ཏུ་འདོད་ཆགས་དང་དེའི་རྟེན་གཙོ་བོ་རྣམ་ཤེས་ཆགས་པ་དང་ཆགས་པར་བྱ་བ་ཡུལ་ཡིད་དུ་འོང་བའང་གཉིས་གཉིས་དང་ཐམས་ཅད་ཕན་ཚུན་དུ་ཕྲད་པ་མེད་པར་བལྟ་བར་བྱ་ལ། ཉོན་མོངས་པ་ལྷག་མ་ཞེ་སྡང་དང་གཏི་མུག་གི་ཆོས་རྣམས་དང་སྐྱེ་མཆེད་ཀྱི་ལྷག་མ་རྣ་བ་ལ་སོགས་པ་ལྔ་པོ་ལའང་ཞེ་སྡང་དང་སྡང་བ་དང་སྡང་བྱ་དང་། མཉན་བྱ་དང་ཉན་པ་དང་ཉན་པ་པོ་ལ་སོགས་པ་རྣམ་པ་གསུམ་དུ་ཕྱེ་ལ་དེ་དག་གཉིས་གཉིས་ལན་གསུམ་དང་ཐམས་ཅད་ཅིག་ཅར་ཏེ་ཚུལ་བཞི་བཞིས་ཕྲད་པ་མེད་པར་ཤེས་པར་བྱའོ། །གཉིས་པ་ལ་གཞན་དུ་མ་གྲུབ་པས་ཕྲད་པ་མེད་པ་དང་། དེ་ཉིད་དང་གཞན་ལ་ཕྲད་པ་མི་འཐད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། ལྡོག་ཁྱབ་བསྟན་པས་རྟགས་དགོད་པ་དང་། དེ་ཆོས་ཐམས་ཅད་ལ་སྦྱར་བ་དང་། རྟགས་བསྒྲུབ་པའོ། །དང་པོ་ནི། གཞན་དང་གཞན་དུ་ཕྲད་གྱུར་ན་སྟེ་ཕྲད་པ་ལ་རྫས་གཞན་གྱིས་ཁྱབ་པ་ལས། གང་གི་ཕྱིར་བལྟ་བྱ་དང་ལྟ་བ་དང་ལྟ་བ་པོ་ལ་སོགས་པ་དེ་དག་རྣམས་ལ་ཁྱབ་བྱེད་རྫས་གཞན་དུ་གྲུབ་པ་དེ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཁྱབ་བྱ་ཕྲད་པར་མི་འགྱུར་རོ་ཞེས་སོ། །གཉིས་པ་ནི། དེ་ལྟར་བལྟ་བྱ་དང་ལྟ་བ་ལ་སོགས་པ་རྒྱུ་འབྲས་སམ་ཕན་ཚུན་ལྟོས་པའི་ཆོས་རྣམས་འབའ་ཞིག་ལ་གཞན་ཉིད་མེད་པས་ཕྲད་པ་མེད་པར་མ་ཟད་ཀྱི། དཔྱད་ན་བུམ་པ་ལ་སོགས་པའི་དངོས་པོ་གང་སྣམ་བུ་ལ་སོགས་པ་གང་དང་ཡང་ལྷན་ཅིག་ཏུ་རྫས་གཞན་པ་ཉིད་དུ་མི་འཐད་པས་དེ་དག་ཐམས་ཅད་ལ་ཕྲད་པ་མེད་དོ་ཞེས་པའོ། །གསུམ་པ་ལ་ལྟོས་པས་གཞན་དུ་མི་འཐད་པ་དང་། གཞན་ཉིད་ཀྱི་སྤྱི་མ་གྲུབ་པ་དང་། དེས་གྲུབ་པའི་དོན་བསྡུ་བ་གསུམ་ལས། དང་པོ་ནི། འཇིག་རྟེན་ན་གཞན་བུམ་པ་ལ་སོགས་པ་ནི་སྣམ་བུ་ལ་སོགས་པ་གཞན་ལ་བརྟེན་ཏེ་གཞན་གྱི་ཐ་སྙད་དུ་འཇོག་ཅིང་། ལྟོས་ས་སྣམ་བུ་ལ་སོགས་པ་མེད་ན་གཞན་དེ་མེད་པར་གཞན་བུམ་པ་ལ་སོགས་པ་གཞན་གྱི་ཐ་སྙད་དུ་གྲུབ་པར་མི་འགྱུར་བར་མཐོང་ཞིང་གྲགས་པ་ཡིན་ནོ། །དེའི་ཕྱིར་སྣམ་བུ་ལས་གཞན་དུ་འདོད་པའི་བུམ་པ་ནི་སྣམ་བུ་ལས་གཞན་དུ་མི་འཐད་དེ་སྣམ་བུ་ལ་ལྟོས་པའི་ཕྱིར་ཞེས་པའི་རྟགས་དོན་གྱིས་གནས་ལ། དེའི་ཁྱབ་པ་ནི་གང་ལ་བརྟེན་ཏེ་གཞན་གང་ཡིན་པ་དེ་ནི་དེ་ལས་ཡང་དག་པར་རམ་རང་བཞིན་གྱིས་གཞན་དུ་མི་འཐད་དེ་ཕན་ཚུན་ལྟོས་པའི་ས་བོན་དང་མྱུ་གུའམ། རིང་པོ་དང་ཐུང་ངུ་གཞན་དུ་མ་གྲུབ་པ་བཞིན་ནོ་ཞེས་པའོ། །གལ་ཏེ་གཞན་སྣམ་བུ་ལ་སོགས་པ་ལ་མ་ལྟོས་པར་བུམ་པ་གཞན་དུ་མ་གྲུབ་ཀྱང་དེ་ལ་ལྟོས་ནས་ཡང་དག་པར་རམ་གཞན་རང་བཞིན་པར་གྱུར་ན་ཉེས་པ་ཅི་ཡོད་སྙམ་ན། གལ་ཏེ་དེ་ལྟར་གཞན་བུམ་པ་ནི་གཞན་སྣམ་བུ་ལས་རང་བཞིན་གྱིས་གཞན་དུ་གྲུབ་ན་ལྟོས་པ་དོན་མེད་པས་དེའི་ཚེ་བུམ་པའི་གཞན་དེ་ཆོས་ཅན། སྣམ་བུ་ལ་སོགས་པའི་གཞན་མེད་པར་ཡང་གཞན་དུ་འགྱུར་ཏེ། རང་བཞིན་གྱིས་གཞན་དུ་གྲུབ་པའི་ཕྱིར། བུམ་པའི་རང་གི་ངོ་བོ་སྣམ་བུ་ལ་མི་ལྟོས་པས་དེ་མེད་པར་འབྱུང་བ་བཞིན་ནོ། །འདོད་པར་མི་ནུས་ཏེ་སྣམ་བུ་ལ་སོགས་པའི་གཞན་མེད་པར་ནི་བུམ་པ་གཞན་དུ་འགྱུར་བའམ་གྲུབ་པ་ཡོད་པ་མིན་པར་འཇིག་རྟེན་ན་མཐོང་བ་དེའི་ཕྱིར་ན་རང་བཞིན་གྱིས་གཞན་དུ་གྲུབ་པ་མེད་དོ། །གཉིས་པ་ནི། གལ་ཏེ་གཞན་གྱི་སྡེ་པ་དག་དངོས་པོ་གཞན་ལ་ལྟོས་ནས་གཞན་གྱི་ཐ་སྙད་དུ་འཇོག་པ་མ་ཡིན་གྱི་གཞན་ཉིད་ཅེས་པའི་སྤྱི་དང་འབྲེལ་པས་གཞན་གྱི་ཐ་སྙད་དུ་འཇོག་པ་ཡིན་ནོ་ཞེ་ན། གཞན་ཉིད་ཀྱི་སྤྱི་ཡོད་ན་དེ་ལྟར་འགྱུར་བ་ཞིག་ན་དེ་ཉིད་མ་གྲུབ་སྟེ་འདི་ལྟར་གཞན་ཉིད་ཀྱི་སྤྱི་དེ་གསལ་བ་གཞན་དུ་གྲུབ་པ་ལ་ཡོད་པ་མ་ཡིན་ཏེ་དེ་ནི་གསལ་བ་གཞན་གྱི་ཐ་སྙད་དུ་གྲུབ་པར་བྱ་བའི་ཕྱིར་རྟོག་པ་ཡིན་པས་དེ་ལ་གཞན་ཉིད་ཀྱི་སྤྱི་དོན་མེད་པའི་ཕྱིར་རོ། །གསལ་བ་གཞན་མ་ཡིན་པ་ལ་ཡང་གཞན་ཉིད་ཀྱི་སྤྱི་ཡོད་པ་མ་ཡིན་ཏེ་དེ་དང་འགལ་བ་གཅིག་ཉིད་ཀྱི་སྤྱི་ཡོད་པའི་ཕྱིར་རོ། །གསལ་བ་གཞན་ཡིན་མ་ཡིན་དངོས་འགལ་ཡིན་པས་དེ་གཉིས་ལ་ཕུང་གསུམ་པ་མི་སྲིད་པའི་ཕྱིར་དེ་ལའང་མེད་པས་གཞན་ཉིད་ཀྱི་སྤྱི་མི་སྲིད་དོ། །གསུམ་པ་ནི། དེ་ལྟར་གསལ་བ་གཞན་དུ་འཇོག་པའི་རྒྱུ་མཚན་གཞན་ཉིད་ཀྱི་སྤྱི་ཡོད་པ་མ་ཡིན་ན་གསལ་བ་གཞན་ནམ་གཞན་མ་ཡིན་པ་དེ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་གཞན་མེད་པས་ཕྲད་པ་བཀག་ནས། གཉིས་པ་དེ་ཉིད་དང་གཞན་ལ་ཕྲད་པ་མི་འཐད་པས་དགག་པ་ནི། གཞན་ཡང་ཆོས་རྣམས་ལ་ཕྲད་པ་རང་བཞིན་པ་ཡོད་ན་ངོ་བོ་གཅིག་པའམ་གཞན་པ་ཞིག་ལ་རྟོག་གྲང་། དང་པོ་ལྟར་ན། དེ་ཉིད་དེ་དང་ཕྲད་པ་མེད་དེ་ཕྲད་བྱ་ཕྲད་བྱེད་གཉིས་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། གཞན་དང་གཞན་ཡང་ཕྲད་པར་མི་འགྱུར་ཏེ་དངོས་པོ་ཐ་དད་ན་ཡུལ་དུས་གཅིག་ཏུ་མི་རུང་བར་བཤད་ཟིན་ཏོ། །གསུམ་པ་སྐབས་དོན་བསྡུ་བ་ནི། དེའི་ཕྱིར་ཕྲད་པའི་བྱ་བ་བྱེད་བཞིན་པ་དང་བྱ་བ་རྫོགས་པ་ཕྲད་པ་དང་བྱ་བ་ལ་རང་དབང་དུ་གྱུར་པ་ཕྲད་པ་པོ་ཡང་ཡོད་པ་མ་ཡིན་ནོ་ཞེས་པའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། ཕྲད་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བཞི་པའི་རྣམ་པར་བཤད་པའོ།།  །།རང་བཞིན་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། ལང་ཀར་གཤེགས་པ་ལས། ཇི་ལྟར་རབ་རིབ་ཅན་དག་གིས། །སྐྲ་ཤད་ལོག་པར་འཛིན་པ་ལྟར། །དེ་བཞིན་དངོས་པོར་རྟོག་པ་འདི། །བྱིས་པས་ལོག་པར་རྣམ་པར་བཏགས། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ལ། །བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་འདི་དག་བཏགས། །ཞེས་དང་། རྒྱལ་བའི་ཡུམ་ལས། དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་མདོར་བསྡུས་ནས་སྟོང་པ་ཉིད་བཞིར་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་དངོས་པོའི་རང་བཞིན་གྱི་ངོ་བོ་དང་དེའི་སྒྲུབ་བྱེད་ཕྲད་པ་བཀག་པ་དེ་ལྟ་ན་ཡང་། མྱུ་གུ་དང་འདུ་བྱེད་ལ་སོགས་པ་ཕྱི་ནང་གི་དངོས་པོ་རྣམས་ནི་རང་བཞིན་དུ་ཡོད་པ་ཉིད་དེ་ས་བོན་དང་མ་རིག་པ་ལ་སོགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ་སྙམ་ན། དེ་ཁོ་ན་ཉིད་དུ་རྟགས་མ་གྲུབ་ལ་ཐ་སྙད་དུ་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཉིད་ཀྱིས་སྒྱུ་མ་ལྟར་རང་བཞིན་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་གཞུང་བཤད་པ་ལ་གསུམ་སྟེ། མཐའ་བཞིའི་སྤྲོས་པ་དགག་པ་དང་། བཀག་པའི་དོན་དུ་ལྟ་བ་སྨད་པ་དང་། དབུ་མ་ལ་བློ་སྦྱར་བར་གདམས་པའོ། །དང་པོ་ལའང་རང་བཞིན་གཞན་དངོས་དགག་པ་དང་། དངོས་པོ་དངོས་མེད་དགག་པ་གཉིས་ལས། དང་པོ་ལའང་གཉིས་ལས། རེ་ཞིག་རང་བཞིན་དགག་པ་ལ་གཉིས་ཏེ། བརྟེན་ནས་འབྱུང་བས་དང་། གཞན་དུ་འགྱུར་བས་དགག་པའོ། །དང་པོ་ཕྱི་ནང་གི་དངོས་པོ་རྣམས་རང་བཞིན་མེད་དེ་བརྟེན་ནས་འབྱུང་བའི་ཕྱིར་སྒྱུ་མ་བཞིན་ནོ་ཞེས་པའི་ཁྱབ་པ་རང་བཞིན་རྟེན་འབྱུང་དུ་མི་རུང་བར་སྟོན་པ་ལ་གཉིས་ལས། རེ་ཞིག་རང་བཞིན་རྒྱུ་རྐྱེན་ལས་འབྱུང་བ་དོན་མེད་པ་ནི། བྱེ་བྲག་ཏུ་སྨྲ་བ་དག་མ་འོངས་པ་ན་ཡོད་པའི་རང་བཞིན་རྒྱུ་རྐྱེན་ལ་བརྟེན་ནས་ད་ལྟར་དུ་འབྱུང་བར་སྨྲ་བ་ལ་མ་འོངས་པ་ན་ཡོད་པའི་རང་བཞིན་ནི་རྒྱུ་དང་རྐྱེན་ལས་འབྱུང་བར་རིགས་པ་མ་ཡིན་ཏེ་གྲུབ་ཟིན་པའི་ཕྱིར་ད་ལྟ་བའི་དངོས་པོ་བཞིན་ནོ་ཞེས་པའོ། །གཉིས་པ་རང་བཞིན་རྒྱུ་རྐྱེན་ལས་འབྱུང་བར་འགལ་བ་ནི། ཡང་མདོ་སྡེ་པ་དང་སེམས་ཙམ་པ་དག་སྔར་མ་གྲུབ་པ་ཕྱིས་རྒྱུ་རྐྱེན་ལ་བརྟེན་ནས་རང་བཞིན་དུ་འབྱུང་བས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། དེ་ལ་ཧ་ཅང་ཐལ་བ་དགོད་པ་དང་། འདོད་པ་ལ་གནོད་པ་བརྗོད་པ་དང་། ཐ་སྙད་དུ་རང་གི་ལུགས་བརྗོད་པ་གསུམ་ལས། དང་པོ་ནི། ཁྱོད་འདོད་པའི་རང་བཞིན་ནི་བྱས་པ་ཅན་དུ་འགྱུར་ཏེ་རྒྱུ་དང་རྐྱེན་ལས་ཕྱུང་བའི་ཕྱིར་བུམ་པ་བཞིན་ཅེས་པའོ། །གཉིས་པ་ནི། དེ་ལྟར་འདོད་པ་ཡིན་ནོ་སྙམ་ན། རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར་ཏེ་འཇིག་རྟེན་ན་རང་གི་ངོ་བོ་ནི་རང་བཞིན་ནོ་ཞེས་མེའི་ཚ་བ་ལྟར་དེའི་ངོ་བོ་མི་འདོར་ཞིང་དེ་བདག་གིར་བྱེད་པས་དེ་ལ་མི་འཁྲུལ་བ་ལ་རང་བཞིན་ཞེས་བརྗོད་ལ། དེ་ལ་ནི་མེའི་ཚ་བ་དང་ཆུའི་གཤེར་བ་ལྟར་རྒྱུ་རྐྱེན་གཞན་དང་ཕྲད་པས་མ་བསྐྱེད་ཅིང་མ་བཅོས་པར་དགོས་ཏེ་དེ་ལྟ་མ་ཡིན་ན་ཆུའི་ཚ་བའམ་སའི་གཤེར་བ་ལྟར་རྒྱུ་རྐྱེན་གཞན་དང་ཕྲད་པས་བསྐྱེད་པ་ནི་དེ་མི་འདོར་ཞིང་བདག་གི་བྱེད་པ་དང་མི་འཁྲུལ་བར་མི་རུང་བས་རང་བཞིན་དུ་མི་འཐད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཚ་བ་ཉིད་ཀྱང་མེའི་རང་བཞིན་དུ་མི་རུང་སྟེ། ཆུའི་ཚ་བ་ལྟར་རྒྱུ་རྐྱེན་གྱིས་བྱས་པའི་ཕྱིར་རོ། །མ་གྲུབ་པ་མ་ཡིན་ཏེ་མེ་གཙུབ་ཤིང་ལ་སོགས་པས་བསྐྱེད་ཅིང་མེ་ལས་ངོ་བོ་གཞན་པའི་ཚ་བ་མེད་པའི་ཕྱིར་དང་། མེ་དང་ཚ་བ་རྒྱུ་རྐྱེན་གྱིས་བསྐྱེད་ཀྱང་ཆུའི་ཚ་བ་ལྟར་མེ་ཚ་བར་རྒྱུ་རྐྱེན་གཞན་དང་ཕྲད་པས་བསྐྱེད་པ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། མེ་ཚ་བར་གཙུབ་ཤིང་ལ་སོགས་པ་ཉིད་ཀྱིས་བསྐྱེད་པའི་ཕྱིར་རོ། །མེའི་རང་བཞིན་ཚ་བའོ་ཞེས་འཇིག་རྟེན་ལ་གྲགས་པས་ཀྱང་མི་གནོད་དེ། དེ་ལ་མ་གྲགས་པར་ནི་མི་སྨྲའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་མི་རིགས་པར་སྨྲ་བ་ཡིན་ལ་འཇིག་རྟེན་དེ་ཁོ་ནའི་དོན་ལ་ཚད་མ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཚ་བ་ལ་སོགས་པ་ཇི་ལྟར་སྣང་བ་འདི་མེ་ལ་སོགས་པ་དངོས་པོ་རྣམས་ཀྱི་དེ་ཁོ་ནའི་རང་བཞིན་མ་ཡིན་གྱི་གཟུགས་བརྙན་ལ་སོགས་པ་ལྟར་འཁྲུལ་བའི་ངོ་ན་དེ་ལྟར་སྣང་བའི་ངོ་བོ་བརྫུན་པ་ཡིན་ན། འོ་ན་དངོས་པོ་རྣམས་ཀྱི་དེ་ཁོ་ནའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཅེ་ན། མདོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་ཡིན་སྟོན་པ་གང་། །སྒྲོ་བཏགས་པ་ལས་ཡི་གེ་མེད། །དེ་ནི་ཉན་ཅིང་སྟོན་པའང་ཡིན། །ཞེས་གསུངས་པའི་ཚུལ་གྱིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྒྲ་བློའི་ཡུལ་དུ་མ་གྲུབ་པས་རང་གི་ངོ་བོས་བསྟན་པར་མི་ནུས་མོད་གདུལ་བྱ་རྣམས་ཀྱིས་དེའི་རང་བཞིན་ཕྱིན་ཅི་མ་ལོག་པ་སྤྲོས་པའི་མཚན་མ་ཅིར་ཡང་མི་གནས་པའི་ཚུལ་གྱིས་རྟོགས་པར་བྱ་བའི་ཕྱིར་ཐ་སྙད་དུ་སྒྲོ་བཏགས་ནས་སྟོན་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཆོས་རྣམས་ཀྱི་དེ་ཁོ་ནའི་རང་བཞིན་དག་གི་མཚན་ཉིད་ནི་ངོ་བོ་རྒྱུ་རྐྱེན་གྱིས་བཅོས་མ་མིན་པ་དང་། ཐ་སྙད་རྣམ་འཇོག་ཆོས་གཞན་ལ་ལྟོས་པ་མེད་པ་དང་། གཞན་དུ་མི་འགྱུར་བ་སྟེ་ཆོས་གསུམ་དང་ལྡན་པ། དུས་གསུམ་ཆར་དུ་ཡང་དེ་ལ་མི་འཁྲུལ་བ་གཉུག་མའི་ངོ་བོ་ཡིན་ལ། དེའི་མཚན་གཞི་ནི་དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་འདི་གནས་པ་ཁོ་ནའོ་ཞེས་གསུངས་པའི་ཚུལ་གྱིས་ཆོས་རྣམས་འཕགས་པའི་མཉམ་གཞག་མི་རྟོག་པའི་ཡེ་ཤེས་ཀྱི་དོན་དགག་སྒྲུབ་ལ་སོགས་པའི་སྤྲོས་པའི་མཚན་མ་གང་དུ་ཡང་གྲུབ་པ་མེད་པའི་རང་བཞིན་སྟོང་པ་ཉིད་ཡིན་ཏེ། ཆོས་རྣམས་ཀྱི་རང་བཞིན་ནི་མ་བྱས་ཤིང་རྣམ་པར་མ་བྱས་པ་སྟེ་འདི་ལྟར་ཉན་ཐོས་རྣམས་ཀྱིས་མ་བྱས་ཞེས་གསུངས་པའི་ཚུལ་གྱིས་ཆོས་རྣམས་གདོད་ནས་སྟོང་པ་ཉིད་དུ་གནས་པ་ཡིན་གྱི་ཆོས་གཞན་གྱིས་སྟོང་པ་ཉིད་དུ་བྱས་པ་མ་ཡིན་པ་དང་། གང་ཕྱིར་དངོས་པོ་ཐམས་ཅད་ནི། །ངོ་བོ་ཉིད་ཀྱིས་སྟོང་རིག་བྱ། །སྟོང་ཞེས་བྱ་བ་དེ་ཡང་སྟོང་། །འདི་ལྟར་མི་སྟོང་ཡོད་མ་ཡིན། །ཞེས་པའི་ཚུལ་གྱིས་ཆོས་ཐམས་ཅད་རང་རང་གི་རང་བཞིན་གྱིས་ཀྱང་སྟོང་པས་འདིས་སྟོང་གི་འདིས་མི་སྟོང་ཞེས་རྣམ་འཇོག་ཆོས་གཞན་ལ་མི་ལྟོས་པ་དང་། སྐད་ཅིག་གཉིས་པར་རམ་རྒྱུན་གྱི་མཐར་ཡང་སྟོང་ཉིད་ལས་གཞན་དུ་མི་འགྱུར་བས་ཇི་སྐད་བཤད་པའི་མཚན་ཉིད་གསུམ་དང་ལྡན་པའི་ཕྱིར་རོ། །དོན་དེ་ཉིད་ཀྱི་དབང་དུ་མཛད་ནས་རྒྱལ་བའི་ཡུམ་ལས། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ་ཞེས་དང་། སློབ་དཔོན་ཉིད་ཀྱིས་ཀྱང་། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །ཅེས་གསུངས་པ་ཡིན་ནོ། །སྔར་ཆོས་རྣམས་ལ་རང་རང་གི་རང་བཞིན་མེད་པར་བསྟན་པ་དང་ཡང་མི་འགལ་ཏེ། ཆོས་རྣམས་དེ་ཁོ་ན་ཉིད་དུ་རང་བཞིན་ཅི་ཡང་གྲུབ་པ་མེད་པར་གནས་པ་ལ་དེ་དག་གི་རང་བཞིན་སྟོང་པ་ཉིད་ཡིན་ནོ་ཞེས་སྒྲོ་བཏགས་ནས་བསྟན་པར་ཟད་ཀྱི་དེ་ཡོད་མེད་ལ་སོགས་པ་ཤེས་བྱའི་ཆོས་སུ་གྲུབ་པར་ཁས་མ་བླངས་པའི་ཕྱིར་རོ། །གཞན་དུ་འགྱུར་བས་རང་བཞིན་དགག་པ་ལ་ཧ་ཅང་ཐལ་བ་དགོད་པ་དང་། དེའི་ཁྱབ་པ་བསྟན་པ་དང་། རང་བཞིན་བཀག་པ་ལ་སྐྱོན་སྤང་བ་གསུམ་ལས། དང་པོ་ནི། གཞན་ཡང་འོག་གི་གལ་ཏེ་མེའི་ཚ་བ་ལ་སོགས་པ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་ན་དེ་ནི་དུས་ནམ་ཡང་མེད་པ་ཉིད་དུ་མི་འགྱུར་རོ་ཞེས་པའོ། །གཉིས་པ་ནི། ཁྱབ་པ་མ་གྲུབ་ཅེས་ཀྱང་བརྗོད་པར་མི་ནུས་ཏེ་གང་གི་ཕྱིར་ནམ་མཁའི་མི་སྒྲིབ་པ་ལྟར། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་ཏེ། །གལ་ཏེ་གཞན་དུ་འགྱུར་ན་ཆུའི་ཚ་བའམ་མེའི་རྩེ་ལྔ་པ་ལྟར་སྔར་བཤད་པའི་རང་བཞིན་གྱི་དོན་དེ་མི་འདོར་ཞིང་བདག་གིར་བྱེད་པས་དེ་ལ་མི་འཁྲུལ་བ་ཉིད་མེད་པས་རང་བཞིན་དུ་མི་རུང་བར་དགོངས་པའོ། །འདོད་པར་ཡང་མི་ནུས་ཏེ་དངོས་པོ་རྣམས་ལ་མ་དཔྱད་པ་ཕ་རོལ་ལ་གྲགས་པ་མངོན་སུམ་རྗེས་དཔག་གིས་རྒྱུན་ཆད་པ་དང་རྫས་སྐད་ཅིག་གཉིས་པར་འགྱུར་བ་དམིགས་པས་སོ། །དེའི་ཕྱིར་སྒྱུ་མའི་སྐྱེས་བུ་ལྟར་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་པས་དངོས་པོ་རྣམས་རང་བཞིན་མེད་དོ་ཞེས་ཤེས་པར་བྱའོ། །གསུམ་པ་ནི། གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་འགའ་ཞིག་ཡོད་པ་མ་ཡིན་ན་ནམ་མཁའི་མེ་ཏོག་ལྟར་གཞན་དུ་འགྱུར་བ་གང་གི་ཡིན་ཏེ་གཞན་འགྱུར་ཉིད་མེད་པར་ཐལ་བ་ལས་དེ་ཡོད་པས་རང་བཞིན་ཡོད་དོ་ཞེ་ན། སྔར་བཀག་པས་གཞན་དུ་འགྱུར་བ་བདེན་པར་ཡོད་པ་མ་གྲུབ་ལ། རང་བཞིན་མེད་ཀྱང་སྒྱུ་མའི་སྐྱེས་བུ་ལྟར་གཞན་དུ་འགྱུར་བར་སྣང་བ་མི་འགལ་ལོ། །དེ་ལྟར་མ་ཡིན་ཏེ་ཁྱོད་ལྟར་དངོས་པོ་རྣམས་རང་བཞིན་དུ་ཡོད་པ་ཡིན་ན་ཡང་། ནམ་མཁའི་མི་སྒྲིབ་པ་ལྟར་གཞན་དུ་འགྱུར་བ་གང་གི་ཡིན་ཏེ་གཞན་དུ་འགྱུར་བར་མི་རིགས་པའི་ཕྱིར། གཞན་དུ་འགྱུར་བར་སྣང་བ་ལ་རང་བཞིན་མེད་པས་ཁྱབ་པས་དེས་རང་བཞིན་ཡོད་པར་དཔོག་པའི་རྟགས་འགལ་བ་ཡིན་ནོ། །གཉིས་པ་གཞན་དངོས་དགག་པ་ནི། གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་མེད་ན་གཞན་བཞིན་ནམ་གཞན་གྱི་དངོས་པོ་ཡོད་དོ་སྙམ་ན། ཕྱི་ནང་གི་དངོས་པོ་རྣམས་ལ་སྔར་བཀག་པས་རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར་ན་གཞན་གྱི་དངོས་པོ་ཡང་ག་ལ་ཡོད་དེ། དེའི་ཁྱབ་པ་ནི་ཚ་བ་ལྟ་བུའི་རང་བཞིན་འགའ་ཞིག་ཁོ་ན་ལ་གཤེར་བ་ལྟ་བུའི་རང་བཞིན་གཞན་འགའ་ཞིག་ལ་ལྟོས་ནས་གཞན་གྱི་དངོས་པོར་འཇོག་པ་ལྟར། རང་བཞིན་འགའ་ཞིག་ལས་གཞན་གྱི་དངོས་པོའང་ཡིན་ལ་དེ་ཉིད་ཀྱི་རང་བཞིན་ཡང་ཡིན་པ་ཞིག་ལ་ནི་གཞན་གྱི་དངོས་པོའི་རང་བཞིན་ཡིན་ཞེས་བརྗོད་པ་ཡིན་པས་དེ་ལ་ཡང་རང་བཞིན་གྱིས་ཁྱབ་དགོས་སོ། །གཉིས་པ་དངོས་པོ་དངོས་མེད་དགག་པ་ལའང་གཉིས་ལས། དང་པོ་རིགས་པས་དགག་པ་ལ་རེ་ཞིག་དངོས་པོ་དགག་པ་ནི། དེ་ལྟར་རང་བཞིན་གཞན་དངོས་བཀག་ཀྱང་དངོས་པོ་ཙམ་པོ་ནི་མ་བཀག་པས་ཡོད་དོ་སྙམ་ན། ཁྱབ་བྱེད་རང་བཞིན་དང་ནི་གཞན་དངོས་དག ཡོད་ན་ཁྱབ་བྱ་དངོས་པོ་ཙམ་པོའང་འགྲུབ་པར་འགྱུར་བ་ཞིག་ན། ཆོས་རྣམས་ལ་དེ་གཉིས་སྔར་བཀག་པས་མ་གྲུབ་པའི་ཕྱིར་ནམ་མཁའི་མེ་ཏོག་ལྟར་དངོས་པོ་ཙམ་པོའང་མེད་དོ་ཞེས་པའི་རྟགས་དོན་གྱིས་གནས་ལ། ཁྱབ་པ་དེ་ཉིད་གསལ་བར་འཆད་པ་ནི། རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །ཅེས་པ་སྟེ། གཞི་དངོས་པོ་ལ་ཆོས་དེ་གཉིས་དངོས་འགལ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གཉིས་པ་དངོས་མེད་དགག་པ་ནི། དེ་ལྟར་དངོས་པོ་མ་གྲུབ་མོད་དངོས་མེད་ནི་མ་བཀག་པས་ཡོད་དོ་སྙམ་ན། གལ་ཏེ་ཕྱི་ནང་གི་ཆོས་རྣམས་ལ་དངོས་པོ་སྔར་བཀག་པས་མ་གྲུབ་པའི་ཕྱིར་ན་དངོས་མེད་ཀྱང་འགྲུབ་པར་མི་འགྱུར་རོ། །ཁྱབ་པ་མ་གྲུབ་ཅེས་ཀྱང་བརྗོད་པར་མི་ནུས་ཏེ་འཇིག་རྟེན་ན་སྐྱེ་བོ་དག་དགག་བྱ་དངོས་པོ་གཞན་དུ་གྱུར་པ་སྟེ་དེ་ཞིག་པའམ་བཀག་པ་ལ་དངོས་མེད་ཡིན་ཅེས་སྨྲ་བ་ཡིན་པས་བཀག་པའང་དགག་བྱ་ལ་ལྟོས་པ་ཡིན་ནོ་ཞེས་པའི་དོན་ཏོ། །གཉིས་པ་ངེས་དོན་གྱི་ལུང་གིས་དགག་པ་ནི། དེ་ལྟར་རང་བཞིན་གཞན་དངོས་དང་དངོས་པོ་དངོས་མེད་དུ་ལྟ་བ་རིགས་པ་དང་འགལ་བས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་འཇུག་པ་མིན་པའི་ཕྱིར་བཅོམ་ལྡན་འདས་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཇི་ལྟར་གནས་པ་བཞིན་ཕྱིན་ཅི་མ་ལོག་པར་མཁྱེན་པས་ཡིད་ཆེས་ཤིང་ཚད་མའི་སྐྱེས་བུར་གྱུར་པས་སྡེ་པ་ཀུན་གྱིས་ལུང་དུ་ཁས་ལེན་པའི་ཀ་ཏྱཱ་ཡ་ན་ཡི། གདམས་དག་ལས་ནི་ཀ་ཏྱཱ་ཡ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེ་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར་ཞེས་ཡོད་པ་དང་མེད་པར་ལྟ་བ་གཉི་གའང་གདུལ་བྱའི་སྐྱེ་བོ་ཐར་པ་འདོད་པ་རྣམས་ལ་དགག་པར་མཛད་པ་ཡིན་ནོ། །དེ་ལྟར་མཐའ་བཞིའི་སྤྲོས་པ་བཀག་ནས། བཀག་པའི་མཐའ་བཞི་པོ་དེ་དག་ཏུ་ལྟ་བ་སྨད་པ་ནི་དེ་ལྟར་ལུང་དང་རིགས་པས་ཆོས་རྣམས་ཡང་དག་པར་རང་བཞིན་གཞན་དངོས་དང་དངོས་པོ་དངོས་མེད་ཀྱིས་སྟོང་པར་གྲུབ་བཞིན་ཏུ། རང་གི་སྡེ་པ་དངོས་པོར་སྨྲ་བ་གང་དག་མ་རིག་པའི་རབ་རིབ་ཀྱིས་བློའི་མིག་ཉམས་པས་ཕྱིན་ཅིག་ལོག་ཏུ་གཟུགས་གཟུགས་སུ་རུང་བ་དང་། ཚོར་བ་ཉམས་སུ་མྱོང་བ་དང་། རྣམ་པར་ཤེས་པ་ཡུལ་སོ་སོར་རིག་པ་ལ་སོགས་པའི་རང་བཞིན་དང་། གཟུགས་སེམས་སེམས་ལས་བྱུང་བ་གསུམ་གཞན་ཞེས་གཞན་དངོས་དང་དེ་གསུམ་ག་ད་ལྟར་བའམ། སེམས་དང་སེམས་བྱུང་ཙམ་དངོས་པོར་ཡོད་ཅེས་དང་། འདས་མ་འོངས་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་། མི་ལྡན་པའི་འདུ་བྱེད་རྫས་སུ་མེད་ཅེས་སམ། གཟུང་འཛིན་གཉིས་དངོས་མེད་ཉིད་དུ་ལྟ་བ་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་སྔར་བཤད་པའི་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་མཐོང་བ་མ་ཡིན་ནོ་ཞེས་པའོ། །གསུམ་པ་མཐར་འཛིན་གྱི་ལྟ་བ་དོར་ཏེ་དབུ་མ་ལ་བློ་སྦྱར་བ་གདམས་པ་ནི། མཁས་པས་རང་གི་སྡེ་བ་དག་གི་ཡོད་པ་དང་མེད་པའི་ལྟ་བ་ལ། གནས་པར་མི་བྱའོ་ཞེས་བླངས་ཏེ་དེའི་འཐད་པ་ཤེས་བྱའི་གཤིས་ཡོད་མེད་གཉིས་དང་བྲལ་བར་གྲུབ་པ་ལ། ཡོད་ཅེས་བྱ་བ་ལྟ་བ་རྟག་པར་འཛིན་པ་དང་། མེད་ཅེས་བྱ་བར་འཛིན་པ་ཆད་པར་ལྟ་བར་ཐལ་བར་འགྱུར་ལ། དེ་གཉི་གའང་ཐུབ་པའི་གསུང་རབ་དང་འགལ་ཞིང་འཁོར་བ་དང་ངན་འགྲོའི་རྒྱུ་ཡིན་པས་དོན་མ་ཡིན་པ་ཆེན་པོ་བྱེད་པ་དེའི་ཕྱིར་ཞེས་དང་དེའི་ཡང་འཐད་པ་ཡོད་ཙམ་གྱིས་རྟག་པར་མི་འགྱུར་ཡང་ཁྱོད་ལྟར་ཕྱི་ནང་གི་དངོས་པོ་གང་ཞིག་རང་བཞིན་གྱིས་ཡོད་པ། དེ་ནི་དུས་ནམ་ཡང་མེད་པར་འགྱུར་བ་མིན་པས་རྟག་པར་ཐལ་བར་འགྱུར་ལ། མེད་ཙམ་གྱིས་ཆད་པར་མི་འགྱུར་ཡང་ཁྱོད་ལྟར་སྡུག་བསྔལ་རྒྱུ་བཅས་སྔོན་འཁོར་དུས་སུ་རང་བཞིན་དབྱུང་ནས་ད་ལྟར་ཏེ་ཕྱིས་མྱ་ངན་ལས་འདས་པའི་དུས་ན་མེད་ཅེས་པ། དེས་ན་ཆད་པར་ཐལ་བར་འགྱུར་རོ་ཞེས་པ་སྟེ། ཇི་སྐད་དུ་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་པ་མེད་མི་འགྱུར། །ཞེས་དང་། བཅོམ་ལྡན་འདས་གང་གིས་སྔར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་དངོས་པོར་གཡར་གྱིས་བླངས་ནས་ཕྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་དེ་ནི་མེད་པ་པར་འགྱུར་ལགས་སོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དམ་པ་ཐར་པ་འདོད་པ་དག་གིས་ཇི་སྲིད་དུ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་གཉིས་ཀྱི་གླགས་ཡོད་པ་དེ་སྲིད་དུ་འཁོར་བ་ཡིན་ནོ་ཞེས་རྟོགས་པར་བྱས་ནས་ལྟ་བ་འདི་གཉིས་བསལ་ཏེ་དབུ་མའི་ལམ་ཇི་ལྟ་བ་བཞིན་ཏུ་བསྒོམ་པར་བྱའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། རང་བཞིན་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅོ་ལྔ་པའི་རྣམ་པར་བཤད་པའོ།།  །།བཅིངས་ཐར་བརྟག་པ་ལ་ཡང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། འཁོར་པ་ཡང་རྨི་ལམ་སྒྱུ་མ་ལྟ་བུ་མྱ་ངན་ལས་འདས་པ་ཡང་རྨི་ལམ་སྒྱུ་མ་ལྟ་བུ་ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མྱ་ངན་འདས་མེད་མྱང་འདས་སུ། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །མཁའ་ལ་མདུད་པ་བོར་བ་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བ་ཡིན། །ཞེས་པ་ལ་སོགས་པ་སྲིད་ཞི་རང་བཞིན་སྟོང་པ་ཉིད་དུ་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་དངོས་པོའི་རང་བཞིན་བཀག་ཀྱང་ཡོད་པ་ཉིད་དེ་འཁོར་བ་ཡོད་པའི་ཕྱིར་རོ། །གང་མེད་པ་ལ་འཁོར་བ་མི་རུང་སྟེ་མོ་གཤམ་གྱི་བུ་བཞིན་ནོ་སྙམ་པ་ལ། འཁོར་བ་ཉིད་རང་བཞིན་མེད་པར་བསྟན་པའི་ཕྱིར་འདི་བཀོད་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་རང་བཞིན་དུ་དགག་པ་དང་། བཅིངས་པ་དང་ཐར་པ་དགག་པ་དང་། དེ་དག་བཀག་པ་ལ་འབྲས་བུ་ལ་འདུན་པ་དང་རྒྱུ་ལམ་ལ་སྦྱོར་བ་དོན་མེད་པར་ཐལ་བ་སྤང་བའོ། །དང་པོ་ལ་གཉིས་ལས། འཁོར་བ་དགག་པ་ལ་གཉིས་ཏེ། བླང་བྱ་ཕུང་པོ་དང་། ལེན་པ་པོའི་གང་ཟག་འཁོར་བ་དགག་པའོ། །དང་པོ་ནི། གལ་ཏེ་འཁོར་བ་རང་བཞིན་དུ་ཡོད་ན་ཉེ་བར་བླང་བྱ་ཕུང་པོའམ་ཉེ་བར་ལེན་པ་པོའི་གང་ཟག་འཁོར་གྲང་། དེ་ལ་གལ་ཏེ་རང་གི་སྡེ་བ་དག་བླང་བྱ་འདུ་བྱེད་ཕུང་པོ་འཁོར་རོ་ཞེ་ན། ཅི་སྐད་ཅིག་གཉིས་པར་མི་འཇིག་པའི་རྟག་པའམ། འཇིག་པའི་མི་རྟག་པ་ཞིག་འཁོར། དེ་ལ་དང་པོ་ལྟར་རྟག་པ་ཡིན་ན་མི་འཁོར་སྟེ་རྟག་པ་འགྱུར་བ་མེད་པ་ལ་འཁོར་བའི་བྱ་བ་གནས་སྐབས་སྔ་ཕྱི་གཏོང་ལེན་མི་རུང་བའི་ཕྱིར་རོ། །གནས་སྐབས་འགྱུར་ཡང་རང་བཞིན་རྟག་གོ་ཞེས་ཀྱང་བརྗོད་པར་མི་རུས་ཏེ། གནས་སྐབས་དུ་མ་ལས་ངོ་བོ་ཐ་དད་པའི་རང་བཞིན་མ་དམིགས་པའི་ཕྱིར་དང་། ངོ་བོ་དབྱེར་མེད་ཡིན་ན་ཡང་གནས་སྐབས་ལྟར་མི་རྟག་པ་དུ་མར་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟར་འདུ་བྱེད་དེ་དག་སྐད་ཅིག་གཉིས་པར་འཇིག་པའི་མི་རྟག་པ་ཡིན་ན་ཡང་འཁོར་བར་མི་འགྱུར་ཏེ། སྔ་མ་ནས་འོང་བ་དང་ཕྱི་མར་འགྲོ་བ་མེད་པར་འགག་པའི་ཕྱིར་རོ། །འདུ་བྱེད་སྐད་ཅིག་མའི་རྫས་ལ་འཁོར་བ་མེད་ཀྱང་རྒྱུ་འབྲས་ཀྱི་སྐད་ཅིག་སྔ་ཕྱི་བར་མ་ཆད་དུ་འཇུག་པའི་རྒྱུན་ལ་འཁོར་བ་ཡོད་དོ་ཞེས་ཀྱང་བརྟག་པར་མི་ནུས་ཏེ། རྒྱུན་ཁས་བླངས་ཀྱང་དེ་ལ་འཁོར་བ་མི་རུང་བ་དང་། རྒྱུན་ཉིད་མ་གྲུབ་པའི་ཕྱིར་རོ། །དང་པོ་ནི། རྒྱུ་འགག་པའི་དང་། འབྲས་བུ་སྐྱེ་བའི་སྐད་ཅིག་ལ་ནི་སྔར་བཤད་པ་ལྟར་འགྲོ་འོང་མེད་པར་འགག་པས་འཁོར་བ་མེད་ལ་དེ་གཉིས་ལས་ངོ་བོ་ཐ་དད་པའི་རྒྱུན་མ་དམིགས་ཤིང་། ངོ་བོ་དབྱེར་མེད་ཡིན་ན་ཡང་རྫས་ལྟར་རྒྱུན་ལའང་འགྲོ་འོང་མི་རུང་བའི་ཕྱིར་རོ། །གཞན་ཡང་རྒྱུན་དུས་གསུམ་གྱིས་བསྡུས་པ་ཡིན་པས་འདས་མ་འོངས་ཀྱི་འདུ་བྱེད་ལ་ནི་འགགས་པ་དང་མ་སྐྱེས་པས་འཁོར་བ་མི་རུང་ལ། ད་ལྟར་གྱི་སྐད་ཅིག་ཀྱང་སྐད་ཅིག་སྔ་ཕྱི་གཉིས་ཀྱི་དབུས་ན་གནས་པ་ཉིད་ཀྱིས་དེ་གཉིས་ལ་ལྟ་བའི་ཆ་ཡོད་དགོས་ལ། ཆ་དེ་གཉིས་འདས་མ་འོངས་སུ་འགྱུར་བས་དེ་གཉིས་ལས་མ་གཏོགས་པའི་ད་ལྟར་བའི་སྐད་ཅིག་དཔྱད་ན་མི་རྙེད་པས་དེ་ལའང་འཁོར་བ་མི་རུང་ངོ་། །གལ་ཏེ་འདུ་བྱེད་སྐད་ཅིག་ཕྱི་མ་སྐྱེས་པ་ཉིད་ཀྱིས་སྔ་མ་འཁོར་བ་ཡིན་ནོ་སྙམ་ན། འདུ་བྱེད་སྐད་ཅིག་སྔ་ཕྱི་གཉིས་གཅིག་ཡིན་ན་དེ་ལྟར་འགྱུར་བ་ཞིག་ན། དེ་དག་གཅིག་པ་ཡང་མ་ཡིན་ཏེ། རྒྱུ་འབྲས་ཡིན་པའི་ཕྱིར་དང་། དུས་སྐད་ཅིག་དུ་མ་དང་འབྲེལ་བའི་ཕྱིར་དང་། ཞིག་མ་ཞིག་དང་སྐྱེས་མ་སྐྱེས་ཆོས་འགལ་བ་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་སོ་སོའི་སྐྱེ་བོ་འཁོར་བས་འཕགས་པ་མྱ་ངན་ལས་མ་འདས་པར་མི་འགྱུར་བ་ལྟར་འདུ་བྱེད་སྐད་ཅིག་གཞན་སྐྱེས་པས་གཞན་འཁོར་བར་ཇི་ལྟར་འགྱུར། གཉིས་པ་དཔྱད་ན་རྒྱུན་ཉིད་མ་གྲུབ་པས་ཀྱང་དེ་འཁོར་བར་མི་རིགས་ཏེ། འབྲས་བུ་སྐད་ཅིག་ཕྱི་མ་རྒྱུ་སྐད་ཅིག་སྔ་མ་འགགས་པ་དང་མ་འགགས་པ་དང་འགག་བཞིན་པ་ལས་སྐྱེ་བར་མི་རུང་བའི་ཕྱིར་ཏེ་དེ་དག་རིམ་པ་ལྟར་འགགས་པ་དང་མ་སྐྱེས་པ་དང་དེ་གཉིས་ལས་ཐ་དད་པ་མེད་པའི་ཕྱིར་རོ། །གཉིས་པ་ཉེ་བར་ལེན་པ་པོའི་འཁོར་བ་དགག་པ་ལ་ཕུང་པོ་ལ་མ་ལྟོས་པ་དང་ལྟོས་པ་རྫས་སུ་ཡོད་པའི་དང་། བརྟག་ཡོད་ཀྱི་གང་ཟག་འཁོར་དགག་པ་གཉིས་ལས། དང་པོ་གཞན་གྱི་སྡེ་པ་དག་ཕུང་པོ་ལ་མ་ལྟོས་པ་རྫས་སུ་ཡོད་པའི་བདག་གམ་སེམས་ཅན་འཁོར་བར་འདོད་པ་ལ་ཡང་འདུ་བྱེད་རྟག་པ་དང་མི་རྟག་པ་འཁོར་བར་མི་འཐད་པའི་རིམ་པ་འདི་ཉིད་མཚུངས་པས་དེ་ལ་ཡང་འཁོར་བ་མེད་དོ་ཞེས་པའོ། །གཉིས་པ་ལ་འཁོར་བ་པོ་ཉིད་མ་གྲུབ་པས་དང་། ཉེར་ལེན་མེད་པས་འཁོར་བར་མི་འཐད་པ་གཉིས་ལས། དང་པོ་ནི། རང་གི་སྡེ་པ་ཁ་ཅིག་དག་གལ་ཏེ་བརྗོད་དུ་ཡོད་པའི་བདག་འཁོར་བ་ལ་དེ་མཚུངས་ཀྱང་ཕུང་པོའམ་དེ་ཉིད་དང་གཞན་དང་རྟག་མི་རྟག་ཏུ་བརྗོད་དུ་མེད་པའི་གང་ཟག་འཁོར་བས་སྔར་གྱི་ཉེས་པ་མི་མཚུངས་སོ་ཞེ་ན། གདགས་གཞི་ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ་བདག་དེ་ནི་ངོ་བོ་གཅིག་དང་ཐ་དད་དང་ལྡན་པ་དང་རྟེན་དང་བརྟེན་པ་རྣམ་པ་ལྔས་བཙལ་ན། མེད་ན་གང་ཞིག་འཁོར་བར་ཏེ་མོ་གཤམ་གྱི་བུ་ལྟར་འཁོར་བ་པོ་མེད་པར་གང་ཡང་འཁོར་བར་མི་འགྱུར་རོ་ཞེས་པའོ། །གཉིས་པ་ནི། གཞན་ཡང་བདག་དེ་ཡོད་དུ་ཆུག་ན་ཡང་དེ་མིའི་ཉེ་བར་ལེན་པ་ནས་ལྷའི་ཉེ་བར་ལེན་པར་འཁོར་ན། མིའི་ཉེར་ལེན་མ་བཏང་བར་རམ་བཏང་ནས་འཁོར་གྲང་། སྔ་མ་ལྟར་ན་མིའི་ཉེར་ལེན་མ་བཏང་ཞིང་ལྷའི་ཉེར་ལེན་བླངས་པས་གང་ཟག་གཅིག་ལ་དུས་གཅིག་གི་ཚེ་ཉེར་ལེན་གཉིས་དང་དེ་ལས་བཏགས་པའི་བདག་གཉིས་ཡོད་པར་འགྱུར་བས་འཁོར་བའི་ཐོག་མ་དང་རྒྱུ་མེད་པའི་སྐྱོན་དུ་འགྱུར་རོ། །ཕྱི་མ་ལྟར་ན་མིའི་ཉེར་ལེན་བཏང་བ་དང་ལྷའི་ཉེར་ལེན་མ་བླངས་པའི་བར་དུ་སྲིད་པ་ཕུང་པོ་མེད་པར་འགྱུར་ལ། བར་དེར་སྲིད་པ་མེད་ཅིང་ཉེ་བར་ལེན་པའི་ཕུང་པོ་མེད་ན་བདག་ཏུ་གདགས་པའི་གཞི་མེད་པའི་བདག་དེ་གང་སྟེ་འཁོར་བ་པོའི་བདག་ཡོད་པ་མ་ཡིན་པས་ཅི་ཞིག་འཁོར་བར་འགྱུར་ཏེ་གང་ཡང་འཁོར་བར་མི་འགྱུར་རོ་ཞེས་པའམ། ཡང་ན་སྔ་མ་ལྟར་འཁོར་བ་པོའི་བདག་མེད་པས་དེས་འཁོར་བའི་བྱ་བ་ཅི་ཞིག་བྱེད་པར་འགྱུར་ཏེ་འཁོར་བའི་བྱ་བ་བྱེད་པར་མི་འགྱུར་རོ་ཞེས་ཅི་ཞིག་གི་སྒྲ་བྱ་བ་འཁོར་བའི་ཁྱད་པར་དུ་སྦྱར་རོ། །ཇི་སྟེ་མི་དང་ལྷའི་སྲིད་པའི་བར་དེར་སྲིད་པ་བར་མ་དོའི་ཉེར་ལེན་ཡོད་པས་ཉེས་པ་དེར་མི་འགྱུར་ཞེས་ཀྱང་བསམ་པར་མི་རིགས་ཏེ། བར་མ་དོའི་ཉེར་ལེན་ཉིད་མིའི་ཉེར་ལེན་མ་བཏང་བར་ལེན་ནམ། བཏང་ནས་ལེན་ཅེས་ཉེས་པ་སྔ་མ་མཚུངས་པའི་ཕྱིར་རོ། །གཉིས་པ་མྱང་འདས་དགག་པ་ལ། དེ་ལྟར་འཁོར་བ་བཀག་མོད་ཀྱི་མྱང་འདས་དངོས་སུ་མ་བཀག་ཅིང་ལུང་ལས་གསུངས་པས་ཡོད་དོ་སྙམ་ན། དེ་ཡང་བླང་བྱ་དང་ལེན་པ་པོ་ལ་མི་འཐད་པ་གཉིས་ལས། གལ་ཏེ་མྱ་ངན་ལས་འདས་པ་ཞིག་ཡོད་ན་བླང་བྱ་ཕུང་པོའམ་ལེན་པ་པོའི་བདག་ལ་ཡོད་གྲང་། དང་པོ་ལྟར་ན། འདུ་བྱེད་ཕུང་པོ་མྱ་ངན་འདའ་བར་ནི་རྟག་པའམ་མི་རྟག་པ་ཇི་ལྟ་བུར་ཡང་མི་འཐད་དེ། རྟག་པ་འགྱུར་བ་མེད་པ་ལ་སྐྱོན་ཡོན་སྤོང་ལེན་མི་རུང་ཞིང་། མི་རྟག་པ་སྐད་ཅིག་གཉིས་པར་འགག་པས་སྐྱོན་ཡོན་འདོར་ལེན་བྱ་བར་མི་ནུས་པའི་ཕྱིར་རོ། །གཉིས་པ་ལྟར་ན། སེམས་ཅན་མྱ་ངན་འདའ་བར་ཡང་རྟག་པའམ་མི་རྟག་པ་ཇི་ལྟ་བུར་ཡང་མི་འཐད་དེ་སྔ་མ་བཞིན་ནོ། །བརྗོད་དུ་མེད་པའི་གང་ཟག་ཀྱང་མྱ་ངན་ལས་མི་འདའ་སྟེ། དེ་ཉིད་མི་འཐད་པའི་ཕྱིར་དང་། མྱ་ངན་ལས་འདས་པའི་ཚེ་དེ་ཡོད་ན་རྟག་པ་དང་མེད་ན་མི་རྟག་པར་འགྱུར་བས་སྔར་གྱི་ཉེས་པ་མཚུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྒྱལ་བའི་ཡུམ་ལས། ཚེ་དང་ལྡན་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་རྨི་ལམ་སྒྱུ་མ་ལྟ་བུའོ་ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། དོན་དམ་བདེན་པ་རྨི་ལམ་འདྲ་བ་དང་། །མྱ་ངན་འདས་པ་རྨི་ལམ་རང་བཞིན་དུ། །མཁས་པ་གང་གིས་དེ་ལྟར་འཇུག་པ་ཡང་། །དེ་ནི་ཡིད་ཀྱི་སྡོམ་པ་མཆོག་ཏུ་བརྗོད། །ཅེས་གསུངས་སོ། །གཉིས་པ་བཅིངས་གྲོལ་དགག་པ་ལ་ཐུན་མོང་དང་། སོ་སོར་དགག་པ་གཉིས་ལས། དང་པོ་ནི། དེ་ལྟར་འཁོར་འདས་བཀག་མོད་ཀྱི་ཉོན་མོངས་པའི་ལྕགས་སྒྲོག་གིས་བཅིངས་པ་དང་དེ་ལས་ཐར་པ་ཡོད་པའི་ཕྱིར་དངོས་པོའི་རང་བཞིན་ཡོད་པ་ཡིན་ནོ་སྙམ་པ་ལ། བཅིངས་གྲོལ་ཉིད་སྔ་མ་ལྟར་བླང་བྱ་དང་ལེན་པོ་ལ་དཔྱད་ན་མི་རུང་བ་ལས་རེ་ཞིག་བླང་བྱ་འདུ་བྱེད་རྣམས་ནི་ལས་དང་ཉོན་མོངས་པས་མི་འཆིང་ཞིང་དེ་ལས་གྲོལ་བར་མི་འགྱུར་ཏེ། སྐད་ཅིག་དང་པོར་སྐྱེས་པ་གཉིས་པར་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེའི་ཁྱབ་པ་ནི་དུས་མཉམ་པ་ལ་བྱ་བྱེད་འགལ་བས་སྐྱེ་བའི་ཚེ་བཅིངས་གྲོལ་བྱ་བར་མི་ནུས་ལ་དུས་གཉིས་པར་བཅིངས་པ་དང་གྲོལ་བའི་ལོང་མེད་པར་འགག་པས་སོ་སྙམ་པའོ། །སྔ་མ་འདུ་བྱེད་རྣམས་ཇི་ལྟ་བ་བཞིན་ཏུ་ལེན་པ་པོའི་བདག་གམ་སེམས་ཅན་ཡང་མི་འཆིང་ཞིང་གྲོལ་བར་མི་འགྱུར་ཏེ། དེ་མི་རྟག་ན་ཉེས་པ་སྔ་མ་མཚུངས་ལ། རྟག་ན་བཅིངས་ཐར་གྱི་བྱ་བ་མི་འཐད་པའི་ཕྱིར་རོ། །གཉིས་པ་ལའང་གཉིས་ལས། དང་པོ་བཅིངས་པ་དགག་པ་ལ་གསུམ་སྟེ། ཉེ་བར་ལེན་པ་ཡོད་མེད་མི་འཆིང་བས་དང་། བཅིང་བྱའི་སྔ་རོལ་དུ་འཆིང་བ་མེད་པས་དང་། ལས་ལ་དུས་གསུམ་དུ་དཔྱད་པས་དགག་པའོ། །དང་པོ་ནི། གལ་ཏེ་ཉེ་བར་ལེན་པ་འདོད་ཆགས་ལ་སོགས་པས་བཅིང་བྱ་བླང་བྱ་འདུ་བྱེད་དམ་ལེན་པ་པོའི་གང་ཟག་འགའ་ཞིག་འཆིང་ན་བཅིང་བྱ་དེ་ཉེར་ལེན་ཡོད་པའམ་མེད་པ་ཞིག་འཆིང་གྲང་། དེ་ལ་ཉེ་བར་ལེན་པ་དང་བཅས་པ་ནི་འཆིང་བར་མི་འགྱུར་ཏེ་དོན་མེད་པའི་ཕྱིར་རོ། །ཉེ་བར་ལེན་པ་མེད་པ་ཡང་མི་འཆིང་སྟེ་ཕན་ཚུན་འགལ་བས་དེ་བཞིན་གཤེགས་པ་ལྟར་བཅིང་བར་མི་ནུས་པའི་ཕྱིར་རོ། །དེ་གཉིས་ལས་གཞན་པའི་གནས་སྐབས་གང་ཞིག་འཆིང་བར་འགྱུར་ཏེ་ཉེར་ལེན་ཡོད་མེད་དངོས་འགལ་ཡིན་པས་ཕུག་གསུམ་མེད་པར་དགོངས་པའོ། །གཉིས་པ་ནི། གཞན་ཡང་གལ་ཏེ་ལྕགས་སྒྲོག་སྔར་གྲུབ་པས་ལྷས་སྦྱིན་འཆིང་བ་ལྟར་བཅིང་བྱ་འདུ་བྱེད་དམ་གང་ཟག་གི་སྔ་རོལ་ན་འཆིང་བའི་བྱེད་པ་འདོད་ཆགས་ལ་སོགས་པ་ཡོད་ན་དེས་དེ་དག་འཆིང་ལ་རག་ན་འཆིང་བའི་བྱེད་པ་སྔར་གྲུབ་པ་དེ་ཡང་མེད་དེ་རྟེན་མེད་པའི་ཕྱིར་དང་། བཅིང་བྱའི་སྔར་འཆིང་བའི་བྱེད་པར་གྲུབ་པ་ཕྱིས་བཅིང་བྱ་དང་འབྲེལ་པ་དགོས་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། བཅིངས་པ་སུན་འབྱིན་པའི་ལྷག་མ་ནི་སྔར་སོང་དང་མ་སོང་བགོམ་བྱར་འགྲོ་བའི་བྱ་བ་བཀག་པས་བསྟན་པར་ཤེས་པར་བྱ་སྟེ། རེ་ཞིག་བཅིངས་པ་མི་འཆིང་སྟེ། །ཞེས་འདོན་པ་བསྒྱུར་བས་སླའོ། །གཉིས་པ་གྲོལ་བ་དགག་པ་ལ་གལ་ཏེ་མདོ་ལས་གྲོལ་བའི་ཐབས་གསུངས་པས་གྲོལ་བ་ཡོད་ལ། དེ་ཡོད་པས་བཅིངས་པ་ཡང་ཡོད་དོ་ཞེ་ན། གྲོལ་བ་ཉིད་དཔྱད་ན་མེད་དེ་འདི་ལྟར་དེ་ཡོད་ན་བཅིངས་པའམ་མ་བཅིངས་པ་ཞིག་ལ་ཡོད་གྲང་། དེ་ལ་རེ་ཞིག་བཅིངས་པ་ནི་མི་གྲོལ་ཏེ་བྱ་བ་གཉིས་ཕན་ཚུན་འགལ་བའི་ཕྱིར་རོ། །བཅིངས་པ་ཉིད་ཕྱིས་ཐབས་ཀྱིས་གྲོལ་བར་འགྱུར་རོ་ཞེས་ཀྱང་བརྟག་པར་མི་ནུས་ཏེ་བཅིངས་པའི་གནས་སྐབས་མ་བཏང་བར་གྲོལ་བར་འགྱུར་བ་འགལ་ཞིང་བཏང་ནས་གྲོལ་བར་འགྱུར་ན་དོན་མེད་པ་དང་བཅིངས་པའི་གནས་སྐབས་གཏོང་བ་ལའང་གྲོལ་བ་ཐོབ་དགོས་པས་ཕན་ཚུན་རྟེན་པར་འགྱུར་བས་སོ། །མ་བཅིངས་པ་ཡང་གྲོལ་བར་མི་འགྱུར་ཏེ་གྲོལ་ཟིན་ཉིད་ཡིན་པས་ཡང་གྲོལ་པར་འགྱུར་བ་དོན་མེད་པའི་ཕྱིར་རོ། །གཞན་ཡང་མ་བཅིངས་པ་ལ་གྲོལ་བ་མི་རུང་བས་བཅིངས་པ་གྲོལ་བཞིན་ཡིན་པར་གྱུར་པར་རྟོག་ན། བཅིངས་དང་གྲོལ་བ་དུས་གཅིག་ཏུ་འགྱུར་ན་དེ་གཉིས་བྱ་བ་འགལ་བའི་ཕྱིར་སྣང་མུན་ལྟར་དུས་གཅིག་ཏུ་སྲིད་པ་ཡང་མ་ཡིན་པས་དེ་མི་རིགས་སོ། །དོན་དེ་ཉིད་ཀྱི་དབང་དུ་མཛད་ནས། རྒྱལ་བའི་ཡུམ་ལས། གཟུགས་ནི་མ་བཅིངས་མ་གྲོལ་བའོ་ཞེས་གསུངས་པ་ཡིན་ནོ། །གསུམ་པ་སྲིད་ཞི་བཀག་པ་ལ་འབྲས་བུ་ལ་འདུན་པ་དང་དེའི་རྒྱུ་ལམ་ལ་སྦྱོར་བ་དོན་མེད་པར་ཐལ་བ་སྤང་བ་ནི། ཉན་ཐོས་སྡེ་པ་དག་དེ་ལྟར་འཁོར་བ་དང་མྱང་འདས་གཉིས་མེད་ན་བདག་འཁོར་བའི་འབྲོག་དགོན་པ་སྡུག་བསྔལ་བརྒྱ་ཕྲག་གི་གནས་སུ་གྱུར་པ་བགྲོད་པར་དཀའ་བ་ལས་བརྒལ་ནས་ནམ་མྱ་ངན་ལས་འདའ་བར་འགྱུར་མྱང་འདས་བདག་གིར་ནམ་ཞིག་འགྱུར་ཞེས་སྲིད་ཞི་ལ་སྤང་བླང་དུ་འདུན་པ་ཆེན་པོ་དང་དེས་ཀུན་ནས་བསླངས་པའི་བཤེས་གཉེན་བསྟེན་པ་དང་སྦྱིན་པ་ཚུལ་ཁྲིམས་དང་ཐོས་བསམ་སྒོམ་པ་ལ་སོགས་པ་ལ་སྲིད་པ་སྤང་ཞིང་ཞི་བ་འཐོབ་པའི་དོན་དུ་འཇུག་པའི་བྱ་བ་ཐམས་ཅད་དོན་མེད་པར་འགྱུར་རོ་ཞེ་ན། འདོད་པ་ཉིད་དེ་ཆོས་ཐམས་ཅད་ལ་ཡང་དག་པར་ན་སྤང་བླང་གཉིས་སམ་བདག་དང་བདག་གི་བ་མ་གྲུབ་པར་གནས་པ་ལ་ཕྱིན་ཅི་ལོག་ཏུ་བདག་ནི་ལེན་པ་མེད་པར་མྱ་ངན་ལས་འདའོ་མྱང་འདས་བདག་གིར་འགྱུར་རོ་ཞེས། དེ་ལྟར་གང་དག་འཛིན་པ་དེའི་འཇིག་ཚོགས་ལ་ལྟ་བས་ཉེར་ལེན་ལ་འཛིན་པ་ཆེན་པོ་ཡིན་པས་ལྟ་བ་དེས་ཀུན་ནས་བསླངས་པའི་རྩོད་པ་ཇི་སྙེད་པ་ཐམས་ཅད་ཀྱིས་ཀུན་རྫོབ་ཏུ་མྱ་ངན་ལས་མི་འདའ་བ་ཁོ་ན་སྟེ། ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། ཅེས་ཇི་སྲིད་དམིགས་པ་དང་བཅས་པ་དེ་སྲིད་དུ་འཁོར་བ་ཀུན་རྫོབ་པ་ལས་མི་གྲོལ་བར་གསུངས་པའི་ཕྱིར་རོ། །འོ་ན་ཚུལ་ཇི་ལྟ་བུས་མྱ་ངན་ལས་འདའ་བར་འགྱུར་ཞེ་ན། ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་གང་ལ་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཡོན་ཏན་གསར་པ་བསྐྱེད་དུ་མེད་ཅིང་། འཁོར་བ་ཞེས་བྱ་བའི་སྐྱོན་རྙིང་པ་བསལ་བར་བྱ་བའང་ཡོད་པ་མ་ཡིན་པས་སྲིད་ཞི་གདོད་ནས་མ་སྐྱེས་པར་མཉམ་པ་ཉིད་དེ་ལ་སྤང་བྱ་འཁོར་བ་ཅི་ཞིག་ཡིན་ཞིང་། བླང་བྱ་མྱ་ངན་འདས་པའང་ཅི་ཞིག་ཡིན་བརྟག་སྟེ་སྤང་བླང་གི་ཆོས་དེ་གཉིས་མ་གྲུབ་ལ་དེ་ལྟར་ཤེས་པས་འཁོར་བ་ཀུན་རྫོབ་པ་ལས་གྲོལ་བར་འགྱུར་རོ། །ཇི་སྐད་དུ་སློབ་དཔོན་ཉིད་ཀྱིས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། འཕགས་པ་བདུད་འདུལ་བའི་མདོ་ལས། དེ་བཞིན་དུ་གང་དག་གྲོལ་བར་འགྱུར་བ་དེ་དག་ཀྱང་ཡང་དག་པ་མ་ཡིན་པའི་འདུ་ཤེས་གང་ཡིན་པ་དེ་ཡོངས་སུ་ཤེས་པ་ལས་མ་གཏོགས་པ་གང་ལས་ཀྱང་གྲོལ་བར་འགྱུར་བ་མེད་དེ་དེ་ཡོངས་སུ་ཤེས་ན་གྲོལ་བ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། བཅིངས་པ་དང་ཐར་བ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་དྲུག་པའི་རྣམ་པར་བཤད་པའོ།།  །།ལས་འབྲས་བརྟག་པ་ལ་ཡང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། སྲིད་པ་འཕོ་བའི་མདོ་ལས། རྒྱལ་པོ་ཆེན་པོ་འཆི་འཕོ་བ་ནི་འཆི་འཕོ་བས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་། ལས་ཀྱང་ལས་ཀྱིས་སྟོང་། ལས་ཀྱི་འབྲས་བུ་ཡང་འབྲས་བུས་སྟོང་ངོ་ཞེས་པ་ལ་སོགས་པ་ལས་འབྲས་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་འཁོར་བ་བཀག་ཀྱང་ཡོད་པ་ཉིད་དེ། མདོ་ལས། བདག་གིས་བྱས་པའི་ལས་རྣམས་ནི། །བདག་གིས་སོ་སོར་མྱོང་བར་འགྱུར། །ཞེས་པའི་ཚུལ་གྱིས་ལས་དང་འབྲས་བུའི་འབྲེལ་པ་ཡོད་པའི་ཕྱིར་རོ། །གལ་ཏེ་འདུ་བྱེད་དམ་གང་ཟག་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བའི་འཁོར་བ་ཡོད་པར་མ་གྱུར་ན་སྔ་མར་བྱས་པའི་ལས་ཀྱི་འབྲས་བུ་འདིར་དང་འདིར་ལས་བྱས་པའི་འབྲས་བུ་ཕྱི་མར་མྱོང་བར་མི་རུང་ལ། དགེ་མི་དགེའི་ལས་སྤྱོད་པའི་དུས་ནི་རྣམ་སྨིན་གྱི་འབྲས་བུ་ཡིད་དུ་འོང་མི་འོང་འབྱུང་བར་མ་དམིགས་པའི་ཕྱིར་རོ་ཞེས་རྒོལ་བ་ལ། ལས་དང་འབྲས་བུ་ཉིད་རང་བཞིན་མེད་པར་བསྟན་པའི་ཕྱིར་འདི་བཀོད་པའོ། །གཞུང་བཤད་པ་ལ་རྒོལ་ལན་གཉིས་ལས། དང་པོ་ལ་གཉིས་ཏེ། ལས་འབྲས་ཀྱི་རང་བཞིན་བཞག་པ་དང་། དེ་ལ་རྟག་ཆད་ཀྱི་སྐྱོན་སྤང་བའོ། །དང་པོ་ལ་གཉིས་ཏེ། ལས་ཀྱི་དབྱེ་བ་དང་། དེའི་འབྲས་བུའོ། །དང་པོ་ལ་ཡང་གསུམ་ལས། མདོར་དབྱེ་བ་ལ་ལས་ལ་རྣམ་སྨིན་ཡིད་དུ་འོང་མི་འོང་བསྐྱེད་པ་དགེ་མི་དགེ་གཉིས་ལས། དགེ་བའི་ལས་ཀྱི་དབྱེ་བ་ནི་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་ཉིད་སྲོག་གཅོད་པ་ལ་སོགས་པ་སྒོ་གསུམ་གྱི་ཉེས་སྤྱོད་ལེགས་པར་སྡོམ་པའི་སེམས་དང་། བསྡུ་དངོས་བཞི་དང་འཇིགས་པ་སྐྱོབ་པ་ལ་སོགས་པ་ལ་ཞུགས་པ་གཞན་ལ་སྦྱོར་བས་ཕན་འདོགས་པའི་སེམས་དང་། བསམ་པས་སྡུག་བསྔལ་དང་བྲལ་ཞིང་བདེ་བ་ཐོབ་པར་འདོད་པའི་བྱམས་པའི་སེམས་གང་ཡིན་པ་དེ་ངན་འགྲོར་ལྟུང་བ་ལས་འཛིན་པའི་ཆོས་ཡིན་ལ། དེ་ནི་ཚེ་འདི་དང་ཚེ་གཞན་དུ་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་འོང་བ་འགྲུབ་པར་བྱེད་པའི་ས་བོན་ཡིན་ཞེས་པ་སྟེ། དེ་ལ་ས་བོན་ནི་འབྲས་བུ་ཐུན་མོང་མ་ཡིན་པ་ལ་ཕན་འདོགས་པའམ་སྤྱི་རིགས་འབྲས་བུའི་ངོ་བོ་སྐྱེད་བྱེད་ཡིན་ལ། འབྲས་བུ་ཐུན་མོང་བ་ལ་ཕན་འདོགས་པའམ་སྤྱི་རིགས་ཁྱད་པར་སྐྱེད་བྱེད་ནི་ལྷན་ཅིག་བྱེད་པའི་རྐྱེན་ཅེས་བྱའོ། །མི་དགེ་བའི་ལས་ནི་དེ་ལས་བཟློག་པའི་སྒོ་ནས་བདག་ཉིད་སྒོ་གསུམ་གྱི་ཉེས་སྤྱོད་ལ་འཇུག་པའི་སེམས་དང་། སྦྱོར་བས་ཞུགས་པའི་སེམས་ནི་ཆོས་མ་ཡིན་པ་ཡིན་ལ། དེ་ཚེ་འདི་དང་གཞན་དུ་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་འགྲུབ་པའི་ས་བོན་ཡིན་ཞེས་ཤེས་པར་བྱའོ། །དེ་ཉིད་ལ་ཅུང་ཞིག་དབྱེ་བ་ནི། དོན་དམ་རྟོགས་ཤིང་འཕགས་པ་གཞན་ལས་མཆོག་ཏུ་གྱུར་བ་དྲང་སྲོང་མཆོག་སངས་རྒྱས་ཀྱིས་སྔར་གྱི་དགེ་མི་དགེའི་ལས་དེ་དག་ཉིད་ལ་ནི་སེམས་པའི་ལས་དང་ནི་བསམ་པའི་ལས་ཏེ་གཉིས་སུ་གསུངས་ལ། ལས་གཉིས་པོ་དེ་དག་གི་བྱེ་བྲག་ནི། རྣམ་པ་དུ་མར་ཡོངས་སུ་བསྒྲགས་ཏེ། འདི་ལྟར་ལས་གཉིས་པོ་དེ་ལ་ལས་གང་སེམས་པ་ཞེས་གསུངས་པ་དེ་ནི་ཡིད་ཀྱིར་འདོད་དེ་ཡིད་ལ་ཡོད་པའམ་ཡིད་ལ་སེམས་པ་ཙམ་གྱིས་མཐར་ཐུག་པར་འགྱུར་བའི་ཕྱིར་རོ། །བསམ་པ་ཞེས་གང་གསུངས་པ་དེ་ནི་ལུས་དང་ངག་གིར་འདོད་དེ་ལུས་ངག་ལ་ཡོད་པའམ་ལུས་ངག་གི་འདི་ལྟར་བྱའོ་ཞེས་ཡིད་ཀྱིས་བསམས་ནས་ལུས་ངག་གིས་བྱས་པས་མཐར་ཐུག་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ལུས་ངག་ཡིད་ཀྱི་ལས་གསུམ་དུ་ཡང་འགྱུར་རོ། །གསུམ་པ་དེ་དག་ཉིད་ལ་རྒྱས་པར་དབྱེ་ན་བདུན་ཡང་འགྱུར་ཏེ་དགེ་བ་དང་མི་དགེ་བའི་ངག་དང་ལུས་བསྐྱོད་པ་སྟེ་རྣམ་པར་རིག་བྱེད་གཉིས་དང་སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་མི་སྤོང་བའི་རྣམ་པར་རིག་བྱེད་མིན་ཞེས་བྱ་བ་གང་ཡིན་པ་སྡོམ་པ་མ་ཡིན་པ་སྟེ་རིགས་སུ་སྐྱེས་པ་དང་མ་སྐྱེས་པ་དག་ལ་རིམ་པར་སྲོག་གཅོད་པ་དང་ཆོམ་རྐུན་ལ་སོགས་པའི་ལས་བྱེད་ནུས་པ་དང་སྡིག་པའི་ལས་དེ་དག་བྱེད་པར་ཁས་བླངས་པ་ནས་བཟུང་སྟེ་དེ་སྐྱེ་ལ་དེ་སྐྱེས་པའི་སྟོབས་ཀྱིས་ལས་དེ་དངོས་སུ་མི་བྱེད་པ་མྱོས་པ་ལ་སོགས་པའི་གནས་སྐབས་ན་ཡང་སྡིག་པའི་དབང་རྒྱུན་ཆགས་སུ་འབྱུང་བའོ། །སྲོག་གཅོད་པ་ལ་སོགས་པ་ཉེས་སྤྱོད་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་སྡོམ་པ་སྟེ། མཁན་སློབ་ལ་སོགས་པའི་སྤྱན་སྔར་སྲོག་གཅོད་པ་ལ་སོགས་པ་སྤོང་ངོ་ཞེས་ལུས་ངག་གི་རིག་བྱེད་རྫོགས་པའི་དུས་ནས་དེ་སྐྱེ་ལ་དེ་ནས་བཟུང་སྟེ་དེའི་བསམ་སྦྱོར་མངོན་དུ་རྒྱུ་མེད་པ་མྱོས་པ་ལ་སོགས་པའི་དུས་སུ་ཡང་དགེ་བའི་དབང་རྒྱུན་ཆགས་སུ་སྐྱེ་བའོ། །དེ་ལྟ་ན་སྔ་མ་རྣམ་པར་རིག་བྱེད་ལ་དགེ་མི་དགེ་གཉིས་ཡོད་པ་དེ་བཞིན་གཞན་དག་རྣམ་པར་རིག་བྱེད་མ་ཡིན་པ་ལ་ཡང་དགེ་མི་དགེ་གཉིས་སུ་འདོད་དེ་དེ་ནི་གཟུགས་དང་དགེ་མི་དགེའི་དབང་རྒྱུན་ཆགས་སུ་འབྱུང་བའི་བྱ་བའི་རང་བཞིན་ཅན་ཡིན་ཡང་རྣམ་པར་རིག་བྱེད་བཞིན་དུ་དེ་ལྟར་གཞན་ལ་རིག་པར་བྱེད་མི་ནུས་པས་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །ལོངས་སྤྱོད་ཕུལ་བ་དགེ་འདུན་ལ་སོགས་པས་ལོངས་སྤྱད་པ་ལས་སྦྱིན་པའི་རྒྱུད་ལ་བྱུང་བའི་བསོད་ནམས་དང་། སྲོག་ཆགས་གསོད་པའི་ལྷ་ཁང་ལ་སོགས་པ་བརྩིགས་པས་ཕྱིས་དེའི་རྗེས་སུ་འཇུག་པ་རྣམས་ཀྱིས་དེར་ཇི་ཙམ་དུ་སྲོག་ཆགས་བསད་པ་དང་། ལྷ་ཁང་དེ་རྩིག་པ་པོའི་རྒྱུད་ལ་བསོད་ནམས་མ་ཡིན་པ་འབྱུང་བ་ཚུལ་དེ་བཞིན་ཏེ་ལོངས་སྤྱད་པ་ལས་བྱུང་བའི་བསོད་ནམས་མ་ཡིན་པ་སྟེ་སེམས་པའི་ལས་དྲུག་དང་། སྔར་བཤད་པའི་སེམས་པའི་ལས་དང་ཆོས་དེ་བདུན་ལས་ཀྱི་མཚན་གཞིར་མངོན་པར་འདོད་པ་ཡིན་ཞེས་པ་གྲངས་ཀྱི་དབྱེ་བའོ། །གཉིས་པ་དེའི་འབྲས་བུ་ནི། འོག་གི་སྔར་གྱི་བདུན་པོ་དེ་དག་ཏུ་འདུས་པའི་དཀར་པོའི་ལས་ཀྱི་ལམ་བཅུ་པོ་སྔར་གྱི་དགེ་བའི་སེམས་གསུམ་པོའམ་བཅུ་པོ་ཉིད་ཀྱི་བྱ་བ་ཡོངས་སུ་རྫོགས་པའི་ཆོས་སྒྲུབ་པའི་ཐབས་ཡིན་ཏེ་དེས་བསྒྲུབས་པའི་ཆོས་ཀྱི་འབྲས་བུ་ཚེ་འདི་དང་གཞན་དུ་གཟུགས་སྡུག་པ་ལ་སོགས་པ་འདོད་པའི་ཡོན་ཏན་རྣམ་པ་ལྔའོ་ཞེས་པ་སྟེ། ཆོས་མ་ཡིན་པའི་འབྲས་བུ་དེ་ལས་བཟློག་པའི་སྒོ་ནས་ཤེས་པར་བྱའོ། །གཉིས་པ་ལ་ལས་རྟག་ཆད་དུ་ཐལ་བའི་རྩོད་པ་དགོད་པ་དང་། སྐྱོན་སྤོང་གི་ལན་བརྗོད་པ་གཉིས་ལས། དང་པོ་ནི། གལ་ཏེ་ལས་དེ་དག་འབྲས་བུ་སྨིན་པའི་དུས་ཀྱི་བར་དུ་གནས་ན་རྟག་པར་འགྱུར་ལ། གལ་ཏེ་མི་གནས་པར་འགགས་ན་ཡང་ས་བོན་ཚིག་པ་ལས་མྱུ་གུ་ལྟར་འགགས་པར་གྱུར་པའི་ལས་ཀྱིས་ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར་ཏེ་སྐྱེད་པར་མི་རུང་བས་ལས་ཆད་པར་འགྱུར་རོ་ཞེ་ན་ཞེས་པའོ། །གཉིས་པ་ལ་གསུམ་སྟེ། རིགས་མཐུན་པའི་རྒྱུ་འབྲས་ཁས་བླངས་པས་ལན་གདབ་པ་དང་། དེ་སུན་དབྱུང་བ་དང་། ཆུད་མི་ཟ་བའི་རྫས་ཁས་བླངས་པས་ལན་གདབ་པའོ། །དང་པོ་ནི། ཉན་ཐོས་མདོ་སྡེ་པ་དག་ཉེས་པ་དེ་དག་ཏུ་མི་འགྱུར་བར་དཔེས་བསྟན་པ་ལ་རྒྱུས་འབྲས་བུ་སྐྱེད་པའི་ཚུལ་དང་། དེ་རྟག་ཆད་སྤོང་བའི་ཚུལ་གཉིས་ལས། དང་པོ་ནི་ཇི་ལྟར་ཕྱི་རོལ་མྱུ་གུ་དང་ལྗང་བུ་དང་སྡོང་བུ་ལ་སོགས་པའི་རྒྱུན་གང་ནི་ས་བོན་ལས་མངོན་པར་འབྱུང་ཞིང་། ས་བོན་གྱི་འབྲས་བུ་རྒྱུན་དེ་ལས་མཐར་འབྲས་བུ་ལོ་ཐོག་འབྱུང་ལ། སྔར་གྱི་ས་བོན་ནི་མེད་ན་མྱུ་གུ་ལ་སོགས་པའི་རྒྱུན་དང་འབྲས་བུ་ལོ་ཐོག་དེ་ཡང་འབྱུང་བར་མི་འགྱུར་བས་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་རྒྱུ་འབྲས་སུ་སྒྲུབ་པའོ། །གཉིས་པ་ནི། ས་བོན་མི་འགག་པའམ་རྒྱུན་སྐྱེད་པའི་རྒྱུར་མ་གྱུར་པར་འགག་པ་ན་རྟག་ཆད་ཀྱི་ཉེས་པར་འགྱུར་བ་ཞིག་ན་གང་གི་ཕྱིར་ས་བོན་འབྲས་བུའི་སྔོན་དུ་འགྲོ་ཞིང་འགག་པ་དེའི་ཕྱིར་རྟག་པ་མིན་ལ། སྔར་བཤད་པ་ལྟར་རྒྱུན་སྐྱེད་པའི་རྒྱུར་གྱུར་ནས་འགག་པས་ས་བོན་ལས་མྱུ་གུ་ལ་སོགས་པའི་རྒྱུན་དང་རྒྱུན་ལས་འབྲས་བུ་ལོ་ཐོག་འབྱུང་བར་འགྱུར་བ་དེའི་ཕྱིར་ཆད་པ་མིན་ཞེས་སྦྱར་རོ། །དེ་ཉིད་དོན་ལ་སྦྱར་བ་ལ་ལས་ཀྱི་འབྲས་བུ་འབྱིན་པའི་ཚུལ་ལམ་རྗེས་སུ་འགྲོ་ལྡོག་གིས་རྒྱུ་འབྲས་སུ་བསྒྲུབ་པ་ནི། འདུ་བྱེད་སེམས་པ་དགེ་མི་དགེ་དང་མཚུངས་པར་ལྡན་པའི་སེམས་ཀྱི་རྒྱུན་ནི་གང་ཡིན་པ་དང་པོའི་དགེ་མི་དགེ་དང་མཚུངས་ལྡན་གྱི་སེམས་ལས་མངོན་པར་འབྱུང་བར་འགྱུར་ཞིང་རྒྱུན་དེ་ལས་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་འོང་མི་འོང་འབྱུང་ལ། དང་པོའི་དགེ་མི་དགེ་དང་མཚུངས་ལྡན་གྱི་སེམས་ལྟ་ཞིག་མེད་ན་དེའི་རྒྱུན་དང་འབྲས་བུ་དེ་ཡང་འབྱུང་བར་མི་འགྱུར་རོ་ཞེས་པའོ། །དེས་རྟག་ཆད་སྤོང་བའི་ཚུལ་ནི། ལས་འདུ་བྱེད་སེམས་པ་མི་འགག་པའམ་རྒྱུན་སྐྱེད་པའི་རྒྱུར་མ་གྱུར་པར་འགག་ན་རྟག་ཆད་ཀྱི་ཉེས་པར་འགྱུར་བ་ཞིག་ན་གང་གི་ཕྱིར་སྔར་བཤད་པ་ལྟར་ལས་འདུ་བྱེད་སེམས་པ་དགེ་མི་དགེ་ནི་འབྲས་བུའི་སྔོན་དུ་འགྲོ་ཞིང་འགག་པ་དེའི་ཕྱིར་རྟག་པ་མ་ཡིན་ཞིང་། དེ་ཡང་རྒྱུན་སྐྱེད་པའི་རྒྱུར་གྱུར་ནས་འགག་པས་དང་པོའི་སེམས་པ་དགེ་མི་དགེ་དང་མཚུངས་ལྡན་གྱི་སེམས་ལས་དེའི་རྒྱུན་དང་ནི་རྒྱུན་ལས་འབྲས་བུ་ཡིད་དུ་འོང་མི་འོང་འབྱུང་བ་དེའི་ཕྱིར་ཆད་པ་མིན་ཞེས་པའོ། །གཉིས་པ་སྡེ་པ་གཞན་བྱེ་བྲག་ཏུ་སྨྲ་བས་དེ་སུན་དབྱུང་བ་ནི། གལ་ཏེ་མྱུ་གུ་ལ་སོགས་པ་དང་ཆོས་མཚུངས་པར་དགེ་མི་དགེས་བསྒོས་པའི་སེམས་ལས་དེ་དང་མཚུངས་པའི་རྒྱུན་དང་རྒྱུན་ལས་འབྲས་བུ་འབྱུང་བའི་བརྟག་པ་དེར་གྱུར་ན། དེ་ལྟ་ན་དགེ་མི་དགེ་ལུང་མ་བསྟན་པ་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་དང་། ཟག་བཅས་ཟག་མེད་དང་། མི་དང་ལྷའི་སེམས་ལས་རིམ་པ་ལྟར་དགེ་བ་དང་མི་དགེ་བ་ལ་སོགས་པའི་སེམས་ཁོ་ན་རྒྱུན་ཆགས་སུ་འབྱུང་གི་དགེ་བ་ལས་མི་དགེ་བ་ལ་སོགས་པ་གཞན་གྱི་རྒྱུན་མི་འབྱུང་བར་འགྱུར་བས་མཐོང་བ་དང་མ་མཐོང་བ་དང་འགལ་བས་ཉེས་པ་ཆེན་པོ་གྲངས་མང་པོར་འགྱུར་རོ། །དེ་ལྟ་བས་ན་ལས་ཀྱི་ངོ་བོ་འགག་ཀྱང་རིགས་འདྲའི་རྒྱུན་སྐྱེད་པས་རྟག་ཆད་སྤོང་བའི་བརྟག་པ་དེ་ལས་འབྲས་ཀྱི་སྐབས་འདིར་ནི་འཐད་པ་མ་ཡིན་ནོ་ཞེས་པའོ། །འོ་ན་ལས་རྟག་ཆད་དུ་མི་འགྱུར་བའི་ལན་ཇི་ལྟར་ཞེ་ན། བྱེ་བྲག་ཏུ་སྨྲ་བ་དག་ཆུད་མི་ཟ་བའི་རྫས་ཁས་བླངས་ནས་ལན་གདབ་པ་ལ་བསྟན་བཤད་བསྡུ་བ་གསུམ་ལས། དང་པོ་ནི། སངས་རྒྱས་རྣམས་དང་རང་རྒྱལ་དང་། ཉན་ཐོས་རྣམས་ཀྱིས་ལུང་ལས་གསུངས་པ་ཡི། བརྟག་པ་གང་ཞིག་ལས་འབྲས་ཀྱི་སྐབས་འདིར་རིགས་པས་འཐད་པ་དེ་ནི་རབ་ཏུ་བརྗོད་པར་བྱ་ཞེས་པའོ། །དེ་གང་ཞེ་ན། གཉིས་པ་དེ་རྒྱས་པར་བཤད་པ་ལ་དགུ་ལས། དང་པོ་ངོ་བོ་དཔེས་བསྟན་པ་ནི། ཇི་ལྟར་བུ་ལོན་ནམ་ནོར་སྤྱད་པས་ཟད་ཀྱང་དཔང་རྒྱས་དུས་ནམ་ཞིག་གི་ཚེ་དེའི་འབྲས་བུ་སྐྱེད་དང་བཅས་པ་འགུགས་པས་ནོར་བདག་གི་ནོར་ཆུད་ཟ་བར་མི་འགྱུར་བ་བཞིན། གང་གི་ཚེ་དགེ་མི་དགེའི་ལས་སྐྱེས་པ་དེའི་ཚེ་དེའི་རྒྱུད་ལ་མི་ལྡན་པའི་འདུ་བྱེད་ཐོབ་པའི་ཁོངས་སུ་གཏོགས་པ་ཆོས་དེའི་ཆུད་མི་ཟ་བ་ཞེས་པའི་ཆོས་གཞན་ཉེ་བར་སྐྱེ་ལ། དེ་ལྟ་ཡིན་དང་ལས་ནི་བུ་ལོན་བཞིན་དུ་སྐྱེས་མ་ཐག་ཏུ་འགག་པས་རྟག་པར་མི་འགྱུར་ཞིང་བུ་ལོན་འགགས་ཀྱང་དཔང་རྒྱས་དུས་ནམ་ཞིག་ན་དེའི་འབྲས་བུ་སྐྱེད་དང་བཅས་པ་འགུགས་པ་ཇི་ལྟ་བ་དེ་བཞིན་ཏུ་ལས་འགགས་ཀྱང་ལས་ཀྱི་ཆུད་མི་ཟ་བས་དུས་ནམ་ཞིག་གི་ཚེ་དེའི་འབྲས་བུ་སྐྱེད་དང་བཅས་པ་འགུགས་པའམ་འབྱིན་པས་ཆད་པར་མི་འགྱུར་རོ་ཞེས་པའོ། །གཉིས་པ་དེའི་དབྱེ་བ། ཆུད་མི་ཟ་བ་དེ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་དང་ཟག་མེད་ཀྱི་ཁམས་ལས་རྣམ་པ་བཞིའོ། །གསུམ་པ་དེའི་རང་བཞིན་ནི། ཆུད་མི་ཟ་བ་དེ་ཡང་དགེ་མི་དགེར་བརྡར་སྤྲད་དུ་མེད་པས་རང་བཞིན་ལུང་དུ་མ་བསྟན་པ་སྟེ་གལ་ཏེ་དགེ་བའི་ལས་ཀྱི་ཆུད་མི་ཟ་བ་དགེ་བ་ཡིན་ན་ནི་དགེ་བའི་རྩ་བ་རྒྱུན་ཆད་པ་ལ་དགེ་བའི་ཆུད་མི་ཟ་བ་མེད་པར་འགྱུར་བས་དེ་སྔོན་བྱས་པའི་དགེ་བའི་འབྲས་བུ་ཡིད་དུ་འོང་བ་མི་མྱང་བ་དང་། མི་དགེ་བའི་ལས་ཀྱི་ཆུད་མི་ཟ་བ་མི་དགེ་བ་ཡིན་ན་འདོད་པ་ལ་འདོད་ཆགས་དང་བྲལ་བ་ལ་མི་དགེ་བའི་ཆུད་མི་ཟ་བ་མེད་པར་འགྱུར་བས་དེ་སྔོན་བྱས་པའི་མི་དགེ་བའི་འབྲས་བུ་མྱང་བར་མི་འགྱུར་བའི་ཕྱིར་རོ། །བཞི་པ་སྤང་བྱ་གར་གཏོགས་བསམ་པ་ནི། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་པའི་ཚུལ་གྱིས་སོ་སོའི་སྐྱེ་བོ་ལྟར་ཁམས་གསུམ་དུ་འཕེན་བྱེད་ཀྱི་ལས་བྱེད་པ་མཐོང་བའི་ལམ་གྱིས་སྤོང་གི་སྔོན་སོ་སོ་སྐྱེ་བོའི་དུས་ན་འཕེན་བྱེད་ཀྱི་ལས་བསགས་པའི་དང་། སྤྱིར་དགེ་མི་དགེའི་ལས་ཀྱི་ཆུད་མི་ཟ་བ་མི་སྤོང་བའི་ཕྱིར་ཆོས་ཉིད་མཐོང་སྤང་སྤོང་བས་སྤང་བ་མ་ཡིན་ཏེ། སྒོམ་པའི་ལམ་ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོའི་བར་གྱིས་ཁམས་གསུམ་དུ་རྣམ་སྨིན་གྱི་འབྲས་བུ་མྱོང་འགྱུར་གྱི་ལས་ཀྱི་ཆུད་མི་ཟ་བ་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་ཅི་རིགས་སུ་སྤོང་བས་སྒོམ་པས་སྤང་བ་ཉིད་ཀྱང་ཡིན་ཏེ་ཀྱང་གི་སྒྲ་ནི། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་པའི་ཚུལ་གྱིས་ཁམས་གསུམ་གྱི་སྒོམ་སྤང་གི་ཉོན་མོངས་ཐམས་ཅད་སྤངས་བའི་འཕགས་པ་དགྲ་བཅོམ་པ་ལ་ཡང་ཇི་སྲིད་ཁམས་གསུམ་ལས་མ་འདས་པར་རྟེན་ཕུང་པོ་ཡོད་པ་དེ་སྲིད་དུ་སྔོན་བྱས་པའི་དགེ་མི་དགེའི་འབྲས་བུ་མྱོང་བས་ན་དེ་གཉི་གའི་ཆུད་མི་ཟ་བ་ཡོད་པས། དེ་ཁམས་གསུམ་ག་ལས་ཤིན་ཏུ་འདས་པས་ཀྱང་སྤོང་ཞེས་པའོ། །ལྔ་པ་དེའི་འཐད་པ། འོག་གི་གལ་ཏེ་ལས་སྤོང་བས་དེའི་ཆུད་མི་ཟ་བ་སྤོང་བའམ་མཐོང་སྤང་སྤོང་བས་སྤང་བ་དང་། ལས་འཕོ་བ་སྟེ་ལས་རིགས་མི་མཐུན་སྔོན་དུ་བྱས་པ་ཡིས་སྔ་མའི་ཆུད་མི་ཟ་བའི་རྒྱུན་འཇིག་པར་གྱུར་ན། དེ་ལ་རྒྱུ་མེད་པའི་ཕྱིར་རིམ་པ་ལྟར་འཕགས་པ་དང་སོ་སོའི་སྐྱེ་བོ་ལ་སྔོན་བྱས་པའི་ལས་ཀྱི་འབྲས་བུ་འཇིག་པ་དང་རྒྱུ་མེད་པར་མྱོང་ན་མ་བྱས་པའི་ལས་ཀྱི་འབྲས་བུ་དང་ཕྲད་པ་དང་བྱས་པ་ཆུད་ཟོས་པ་ལ་སོགས་པའི་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར་རོ། །དྲུག་པ་དེའི་ཡོན་ཏན་ནི། མཐོང་སྤང་སྤངས་ཀྱང་སྔོན་གྱི་ལས་ཀྱི་ཆུད་མི་ཟ་བ་མི་སྤོང་བ་དང་། ལས་འགགས་ཀྱང་དེའི་ཆུད་མི་ཟ་བའི་རྒྱུན་མི་འཇིག་པ་དེའི་ཕྱིར་རིམ་པ་ལྟར་འཕགས་པ་དང་བྱིས་པ་ལ་སྔར་བྱས་པའི་དགེ་མི་དགེའི་ལས་ཀྱི་ཆུད་མི་ཟ་བ་ཡིས་ལས་ཀྱི་འབྲས་བུ་ཡིད་དུ་འོང་མི་འོང་སྐྱེད་པར་འགྱུར་རོ་ཞེས་པའོ། །བདུན་པ་དེ་སྐྱེ་བའི་ཚུལ་ལ་འདིར་སྐྱེ་བའི་ཚུལ་ནི། མཐོང་བའི་ཆོས་ཚེ་འདི་ལ་ནི་ཟག་བཅས་ཟག་མེད་རྣམ་པ་གཉིས་པོ་ཀུན་གྱི་ལས་དང་ལས་ཀྱི་ཆུད་མི་ཟ་བ་དེ་ལས་རེ་རེ་ཞིང་རྫས་ཐ་དད་པར་ནི་སྐྱེ་འགྱུར་ཞིང་། འབྲས་བུ་རྣམ་པར་སྨིན་པ་ཕྱུངས་ཀྱང་གནས་པ་ཡིན་མོད་ཀྱི་བུ་ལོན་ཁྱེར་བའི་དཔང་རྒྱ་ལྟར་ཡང་རྣམ་སྨིན་སྐྱེད་མི་ནུས་སོ། །ཉིང་མཚམས་སྦྱོར་བའི་ཚེ་སྐྱེ་ཚུལ་ནི། ཁམས་མཚུངས་པར་འབྲས་བུ་མྱང་བར་འགྱུར་བའི་ལས་ནི་ཆ་མཚུངས་པ་དགེ་བ་དང་མི་དགེ་བ་ནང་དང་། ཆ་མི་མཚུངས་པ་དགེ་མི་དགེ་ཐམས་ཅད་ཀྱི་ཆུད་མི་ཟ་བ་དེ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཉིང་མཚམས་སྦྱོར་བའི་ཚེ་རྫས་དུ་མར་གནས་པ་དེ་ཐམས་ཅད་ཆུད་མི་ཟ་བའི་རྫས་གཅིག་པུ་ཁོ་ནར་སྐྱེ་བར་འགྱུར་ལ། ཁམས་མི་མཚུངས་པར་མྱང་འགྱུར་ཡིན་ན་ལས་མཚུངས་ཀྱང་ཆུད་མི་ཟ་བ་གཅིག་ཏུ་འགྱུར་རོ། །བརྒྱད་པ་འགག་པའི་ཚུལ་ལ། དགེ་སྦྱོང་གི་འབྲས་བུ་བཞི་པོ་གོང་ནས་གོང་དུ་འཕོ་བ་ན་འགག་པར་འགྱུར་བ་ནི་སྔར། སྒོམ་པས་སྤང་བ་ཉིད་ཀྱང་ཡིན། །ཞེས་དང་། ཤི་བར་གྱུར་ན་འགག་པ་ནི་སྔར་དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། རྫས་དུ་མའི་གནས་སྐབས་འགགས་ནས་ཆེན་མོ་གཅིག་པུ་ཁོ་ནར་སྐྱེ་བར་འགྱུར་ཞེས་བཤད་པ་ལྟ་བུའོ། །དགུ་པ་མདོར་དབྱེ་བ་ནི། ཆུད་མི་ཟ་བ་དེའི་རྣམ་པར་དབྱེ་བ་མདོར་བསྡུ་ན་ཟག་མེད་དང་ཟག་དང་བཅས་པར་ཤེས་པར་བྱ་ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟ་ན་ལས་སྐྱེས་མ་ཐག་ཏུ་འགག་པས་རྟག་པའི་དངོས་པོས་སྟོང་པ་ཉིད་ཡིན་པས་རྟག་པ་མིན་ལ། དེ་ལྟ་ཡིན་རུང་ཆད་པའང་མེད་དེ། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཞེས་ལས་རྣམས་ཆུད་མི་ཟ་བའི་ཆོས། སངས་རྒྱས་ཀྱིས་ནི་བསྟན་པ་ཡིན་པས་ལས་འགགས་ཀྱང་དེའི་ཆུད་མི་ཟ་བ་ཡིས་ལས་ཀྱི་འབྲས་བུ་འབྱིན་པས་རིགས་སྣ་ཚོགས་པས་བཀྲ་བ་ཡི་འཁོར་བ་རུང་བའི་ཕྱིར་རོ་ཞེས་འཛེར་ཏོ། །དེའི་ལན་ལས་འབྲས་རང་བཞིན་མེད་པས་དེའི་རྟེན་འཁོར་བ་ཡང་མེད་པར་སྟོན་པ་ལ་གསུམ་སྟེ། ལས་རང་བཞིན་མེད་པས་རྟག་ཆད་ཀྱི་སྐྱོན་མེད་པ་དང་། རང་བཞིན་ཡོད་པ་དགག་པ་དང་། རང་བཞིན་མེད་ཀྱང་ཐ་སྙད་དུ་གཞག་པའི་ཚུལ་དཔེས་བསྟན་པའོ། །དང་པོ་ནི། ལས་ལ་རྟག་ཆད་སྤོང་བའི་འབད་པ་དེ་ཐམས་ཅད་ནི་དྲི་ཟའི་འམ་རྨི་ལམ་གྱི་གྲོང་ཁྱེར་གསོ་བའི་འབད་པ་ལྟར་དོན་མེད་པ་ཡིན་ཏེ་ལས་རང་བཞིན་གྱིས་སྐྱེས་ན་གནས་པའམ་འཇིག་པས་རྟག་ཆད་ཀྱི་ཉེས་པར་འགྱུར་བ་ཞིག་ན། གང་གི་ཕྱིར་ལས་ནི་དེ་ཁོ་ནར་སྐྱེ་བ་མེད་པ་དེའི་ཕྱིར་རྟག་པ་དང་ཆད་པར་མི་འགྱུར་ཏེ་མོ་གཤམ་གྱི་བུ་བཞིན་ནོ། །དེ་ཉིད་ཅིས་ཏེ་སྙམ་ན། འདི་ལྟར་ལས་རང་བཞིན་མེད་པ་དེའི་ཕྱིར་དེ་ཁོ་ནར་སྐྱེ་བ་མེད་དོ། །དེ་ལྟ་ན་མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་དང་ཇི་ལྟར་མི་འགལ་སྙམ་ན་མི་འགལ་ཏེ་གང་གི་ཕྱིར་མདོ་དེའི་དགོངས་པ་ལས་དེ་ནི་ཡང་དག་པར་མ་སྐྱེས་པ་དེའི་ཕྱིར་ཆུད་ཟ་རྒྱུ་མེད་པས་སམ། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ཅེས་པའི་ཚུལ་གྱིས་ལས་རང་བཞིན་གྱིས་མ་སྐྱེས་པས་རང་བཞིན་གྱིས་མི་འགག་ལ་དེ་ལས་ཐ་སྙད་དུ་འབྲས་བུ་འབྱུང་བ་མི་འགལ་བས་ཆུད་ཟ་བར་མི་འགྱུར་བར་གསུངས་པ་ཡིན་ནོ། །གཉིས་པ་ལ་གནོད་པ་བརྗོད་པ་དང་། སྒྲུབ་བྱེད་དགག་པ་གཉིས་ལས། དང་པོ་ལ་ཡང་ལས་རྟག་པར་ཐལ་བ་དགོད་པ་དང་། འདོད་པ་ལ་གནོད་པ་བརྗོད་པ་གཉིས་ལས། དང་པོ་ནི། གལ་ཏེ་ལས་རང་བཞིན་མེད་པའི་རྟགས་མ་གྲུབ་སྟེ་ལས་ལ་རང་བཞིན་ཡོད་ན་ཐེ་ཚོམ་མེད་པར་རྟག་པར་འགྱུར་ཏེ་དེའི་ཁྱབ་པ་ནི། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་བཤད་ཟིན་ཏོ། །གཉིས་པ་ལ་ཡང་ལས་མ་བྱས་པར་ཐལ་བ་དང་། རྣམ་སྨིན་ཐུག་མེད་དུ་སྐྱེད་པར་ཐལ་བ་གཉིས་ལས། དང་པོ་ནི། ལས་རྟག་པར་འདོད་ན་ནམ་མཁའ་ལྟར་བྱས་པ་མ་ཡིན་པར་འགྱུར་རོ། །དེའི་ཁྱབ་པ་རྟག་པ་སྔར་ནས་ཡོད་པས་སམ་སྔར་མེད་པའི་ཁྱད་པར་བྱར་མེད་པས་དེ་ལ་བྱ་བ་མེད་པའི་ཕྱིར་རོ། །ལས་མ་བྱས་པར་འདོད་པ་ཡིན་ནོ་ཞེ་ན་ལུང་ལས་དང་། འཇིག་རྟེན་ལས་གྲགས་པ་དང་འགལ་བ་ལས། དང་པོ་ནི། ཇི་སྟེ་ལས་ནི་མ་བྱས་པར་འདོད་ན་མ་བྱས་ཀྱང་དེ་ཐོག་ཏུ་འབྱུང་བས་མཚམས་མེད་ལ་སོགས་པའི་ལས་མ་བྱས་ཀྱང་དེའི་འབྲས་བུ་དང་ཕྲད་པའི་འཇིགས་པར་འགྱུར་ལ། དགེ་སྦྱོང་གིས་མི་ཚངས་པར་མ་སྤྱད་ཀྱང་དེས་གོས་པས་ཚངས་སྤྱོད་ལ་གནས་པ་མ་ཡིན་པའང་ལས་མ་བྱས་པར་འདོད་པ་དེ་ལ་སྐྱོན་དུ་ཐལ་བར་འགྱུར་བ་དང་། འོག་གི་བསོད་ནམས་དང་སྡིག་པ་ཁོ་ན་བྱེད་པའི་གང་ཟག་རིམ་པ་ལྟར་བསོད་ནམས་ཅན་དང་སྡིག་ཅན་ཞེས་བཟང་ངན་དུ་རྣམ་པར་དབྱེ་བ་ཡང་འཐད་པར་མི་འགྱུར་ཏེ། རིམ་པ་ལྟར་མ་བྱས་པའི་བསོད་ནམས་དང་སྡིག་པ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། ཞིང་ལས་ལ་སོགས་པ་འབྲས་བུའི་དོན་དུ་རྩོམ་པ་ཐམས་ཅད་དོན་མེད་པར་འགྱུར་ཞིང་བུམ་པ་གྱིས་ཤིག་ཅེས་པ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ཉིད་དང་ཡང་། ཐེ་ཚོམ་མེད་པར་འགལ་བར་འགྱུར་ཏེ་འབྲས་བུ་དེ་དག་ཐམས་ཅད་མ་བྱས་ཀྱང་ཡོད་པའི་ཕྱིར་རོ། །ཐལ་བ་གཉིས་པ་ནི། གལ་ཏེ་ལས་ལ་རང་བཞིན་ཡོད་ན་ནི་སྔར་བཤད་པ་ལྟར་གནས་པར་འགྱུར་ལ། འདོད་ན་གང་གི་ཕྱིར་ལས་སྔ་སོ་ན་གནས་པ་དེ་ཡི་ཕྱིར་རྣམ་སྨིན་མ་ཕྱུངས་པ་ལྟར་ལས་དེ་ནི་རྣམ་སྨིན་སྨིན་པའམ་ཕྱུངས་པར་གྱུར་པའང་། ཡང་དང་ཡང་དུ་རྣམ་སྨིན་སྐྱེད་པར་འགྱུར་རོ་ཞེས་པའོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ་གསུམ་ལས་རྒྱུ་ཉོན་མོངས་དགག་པ་ནི། ལས་ནི་རང་བཞིན་དུ་ཡོད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་གསུངས་པས་དེའི་རྒྱུ་ཉོན་མོངས་པ་ཡོད་པའི་ཕྱིར་རོ་ཞེ་ན། ཉོན་མོངས་པ་དེ་དག་ཡང་དག་མིན་ཏེ་བརྟེན་ནས་འབྱུང་བའི་ཕྱིར་དང་དགག་པ་འཆད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཉོན་མོངས་པ་དེ་དག་ཡང་དག་མིན་ན་ལས་ནི་ཡང་དག་ཇི་ལྟར་ཡིན་ཏེ། དེའི་ཁྱབ་པ་ནི་སྔར་ལྟར་ལས་ནི་ཉོན་མོངས་བདག་ཉིད་ལས་ཏེ་དེ་ལ་བརྟེན་ནས་འབྱུང་བ་ཡིན་པས། གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཅེས་པ་ལྟ་བུའོ། །གཉིས་པ་འབྲས་བུ་ལུས་དགག་པ་ནི། ལས་དང་ཉོན་མོངས་པ་དག་ནི་རང་བཞིན་དུ་ཡོད་དེ་དེ་དག་གི་འབྲས་བུ་ལུས་དམིགས་པའི་ཕྱིར་རོ་ཞེ་ན། ལུས་ལ་ཆོས་ཅན། ཇི་ལྟར་རང་བཞིན་དུ་བརྗོད་དུ་ཡོད་དེ། སྔར་བཀག་པས་ལས་དང་ཉོན་མོངས་པ་དེས་སྟོང་པའི་ཕྱིར་རོ། །དེའི་ཁྱབ་པ་ནི། ལས་དང་ཉོན་མོངས་པ་དག་ནི། ལུས་རྣམས་ཀྱི་ནི་རྐྱེན་དུ་མདོ་ལས་བསྟན་པས་སོ་ཞེས་པའོ། །གསུམ་པ་ལས་ཀྱི་འབྲས་བུ་ཟ་བ་པོ་དགག་པ་ནི། གལ་ཏེ་ལས་ནི་རང་བཞིན་དུ་ཡོད་དེ་དེའི་འབྲས་བུ་ཟ་བ་པོ་ཡོད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། མདོ་ལས། མ་རིག་བསྒྲིབས་པའི་སེམས་ཅན་དག །སྲིད་པའི་ཀུན་ཏུ་སྦྱོར་བ་ཅན། །ཞེས་གསུངས་པའི་ཚུལ་གྱིས་མ་རིག་པས་ཞི་བའི་ལམ་ལ་ལྟ་བའི་ཡང་དག་པའི་ཤེས་རབ་ཀྱི་མིག་བསྒྲིབས་པའི་སྐྱེ་བོ་གང་ཟག་གང་སྲེད་ལྡན་དེ་ནི་ཟ་བ་པོ་ཡིན་ལ། བདག་གིས་བྱས་པའི་ལས་རྣམས་ནི། །བདག་གིས་སོ་སོར་མྱང་བར་འགྱུར། །ཅེས་པའི་ཚུལ་གྱིས་ཟབ་པོ་དེ་ཡང་སྔར་གྱི་ལས་བྱེད་པ་པོ་ལས་རྫས་གཞན་མིན་ཞིང་། རྟག་པར་འགྱུར་བས་དོན་བྱེད་པའི་དངོས་པོར་མི་རུང་བའི་ཕྱིར་དེ་ཉིད་དེ་ཡང་མ་ཡིན་པས་བརྗོད་དུ་མེད་པའི་ཟ་བ་པོ་ཡོད་པས་ལས་ཡོད་དོ་ཞེ་ན། ཟ་བ་པོ་ཉིད་རང་བཞིན་དུ་མ་གྲུབ་སྟེ་གང་གི་ཕྱིར་ལས་འདི་ནི་རྐྱེན་བརྟག་པར་བཀག་པས་རྐྱེན་ལས་བྱུང་བ་མ་ཡིན་ཞིང་། རྐྱེན་མིན་ལས་བྱུང་བའི་རྒྱུ་མེད་ལས་དང་བྱེད་པོ་བརྟག་པར་བཀག་པས་ཡོད་པ་མིན་པ་དེའི་ཕྱིར་ལས་བྱེད་པ་པོ་ཡང་མེད་ལ། གལ་ཏེ་ལས་དང་བྱེད་པ་པོ་མེད་ན་ལས་དེ་ལས་སྐྱེས་པའི་འབྲས་བུ་ག་ལ་ཡོད་ཅིང་། ཇི་སྟེ་འབྲས་བུ་ཡོད་པ་མིན་ན་འབྲས་བུ་དེ་ལ་སྤྱོད་པའི་ཟ་བ་པོ་ལྟ་ག་ལ་ཡོད་དེ་ཟ་བ་པོ་མ་གྲུབ་བོ། །གསུམ་པ་རང་བཞིན་མེད་ཀྱང་ལས་འབྲས་གཞག་པའི་ཚུལ་ནི། གལ་ཏེ་དེ་ལྟ་ན། བདག་གིས་བྱས་པའི་ལས་རྣམས་ནི། །བདག་གིས་སོ་སོར་མྱང་བར་འགྱུར། །ཞེས་ལས་དང་འབྲས་བུའི་འབྲེལ་པ་མདོ་ལས་གསུངས་པ་དེ་ཐམས་ཅད་བཀག་པས་ལས་འབྲས་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བའམ་མེད་པར་ལྟ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཁོ་བོ་ཅག་གིས་དེ་དག་རང་བཞིན་དུ་ཡོད་པ་བཀག་པ་ཡིན་གྱི་ཀུན་རྫོབ་ཏུ་མེད་པར་མི་བསྒྲུབ་པའི་ཕྱིར་རོ། །རང་བཞིན་མེད་པ་རྣམས་ལ་ཐ་སྙད་དུ་བྱ་བྱེད་མི་འཐད་པ་ཡང་མ་ཡིན་ཏེ། བསྟན་བཅོས་ལ་གྲགས་པའི་དཔེ་ཇི་ལྟར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་ནི་རྫུ་འཕྲུལ་ཕུན་སུམ་ཚོགས་པའི་སྒོ་ནས་སྤྲུལ་ཞིང་། སྤྲུལ་པ་དེ་ཡང་སྤྲུལ་པ་ན། དེས་སླར་ཡང་ཉིང་སྤྲུལ་གཞན་དག་སྤྲུལ་པར་མཛད་པ་ལྟར། དེ་བཞིན་ཏུ་ལས་བྱེད་པ་པོ་དེ་རང་བཞིན་དུ་མེད་ཀྱང་ཐ་སྙད་དུ་ལས་བྱེད་ནུས་པ་སྤྲུལ་པའི་རྣམ་པ་བཞིན་དང་། དེས་ལས་གང་བྱས་པ་རང་བཞིན་མེད་ཀྱང་ཐ་སྙད་དུ་བྱ་བར་རུང་པ་དཔེར་ན་སྤྲུལ་པས་སྤྲུལ་པ་གཞན་ཞིག་སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཞེས་པའོ། །དེ་ཉིད་འཇིག་རྟེན་ལ་གྲགས་པའི་དཔེས་བསྒྲུབ་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་དེས་བསླངས་པ་དགེ་མི་དགེ་མི་གཡོ་བའི་ལས་དང་དེའི་འབྲས་བུ་རྟེན་ཁོག་པ་དང་བཅས་པའི་ལུས་རྣམས་དང་། ལས་ཀྱི་བྱེད་པ་པོ་བརྗོད་དུ་མེད་པའི་བདག་དང་རྣམ་པར་སྨིན་པའི་དང་། བདག་པོའི་དང་རྒྱུ་མཐུན་པའི་འབྲས་བུ་དག་རང་བཞིན་མེད་ཀྱང་ཐ་སྙད་དུ་བརྟེན་ནས་འབྱུང་བར་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན་ཞེས་པའོ། །དེ་ལྟ་ན་རབ་ཏུ་བྱེད་པ་འདིས་ལས་འབྲས་ལ་སོགས་པ་དོན་དམ་པར་རང་བཞིན་མེད་དགག་དང་། ཀུན་རྫོབ་ཏུ་བརྟེན་ནས་འབྱུང་བར་སྣང་བ་སྤྲུལ་པ་ལ་སོགས་པ་ལྟ་བུར་གྲུབ་པ་ཡིན་ནོ། །ཇི་སྐད་དུ་ཏིང་ངེ་འཛིན་རྒྱལ་པོ་ལས། གང་ཚེ་བདེར་གཤེགས་གཏམ་རྣམས་སྟོན་པ་ན། །མགོན་པོ་སྲང་བཞུད་མི་ལ་ཐུགས་བརྩེའི་ཕྱིར། །རྒྱལ་བས་དེར་ནི་སྤྲུལ་པ་རྣམ་སྤྲུལ་ཏེ། །དེ་དག་ལ་ཡང་སངས་རྒྱས་ཆོས་བཟང་སྟོན། །སྲོག་ཆགས་སྟོང་ཕྲག་དག་གིས་དེ་ཐོས་ནས། །སངས་རྒྱས་ཡེ་ཤེས་མཆོག་ལ་སྨོན་ལམ་འདེབས། །ནམ་བདག་འདི་འདྲའི་ཡེ་ཤེས་འཐོབ་སྙམ་སྟེ། །བསམ་པ་མཁྱེན་ནས་རྒྱལ་བས་དེ་ལུང་སྟོན། །ཅེས་དང་། ཇི་ལྟར་དྲི་ཟའི་གྲོང་ཁྱེར་སྣང་གྱུར་ཀྱང་། །གྲོང་ཁྱེར་ཕྱོགས་བཅུར་ཡོད་མིན་གཞན་ནའང་མེད། །དེ་དག་མིང་ཙམ་གྱིས་ནི་བཞག་པ་ཡིན། །དེ་ལྟར་དེ་བཞིན་གཤེགས་པས་འགྲོ་འདི་གཟིགས། །ཞེས་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། ལས་འབྲས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་པའི་རྣམ་པར་བཤད་པའོ།།  །།བདག་དང་ཆོས་བརྟག་པ་ལ་ཡང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། གཟུགས་ནི་བདག་གམ་བདག་གིས་སྟོང་ཞེས་དང་། ལང་ཀར་གཤེགས་པ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །འདི་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་བདག་གམ་སེམས་ཅན་མེད། །ཅེས་པ་ལ་སོགས་པ་བདག་དང་བདག་གི་པའི་ཕུང་པོ་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཉོན་མོངས་དང་ལས་དང་ལུས་ལ་སོགས་པ་ཇི་ལྟར་སྣང་བ་འདི་དེ་ཁོ་ན་ཉིད་མ་ཡིན་གྱི་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟར་དེ་ཁོ་ན་ཉིད་མ་ཡིན་བཞིན་དུ་བྱིས་པ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པར་སྣང་བ་བརྫུན་པ་ཡིན་ན། འོ་ན་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དང་། དེ་རྟོགས་པ་དང་། དེ་ལ་འཇུག་པའི་ཐབས་དང་། དེས་དེ་རྟོགས་པའི་འབྲས་བུ་གང་ཞིག་ཡིན་ཅེ་ན། རིམ་པ་ལྟར་ཕྱི་ནང་གི་དངོས་པོ་ཡང་དག་པར་མ་གྲུབ་པས་དེ་ལ་བདག་དང་བདག་གིར་འཛིན་པའི་ཡུལ་བདག་དང་བདག་གི་བ་ཕུང་པོ་གདོད་མ་ནས་ཞི་བ་དང་། ཡང་དག་པའི་ཤེས་རབ་ཀྱིས་བདག་དང་བདག་གི་བ་མ་དམིགས་པས་ཕྱི་ནང་གི་ཆོས་རྣམས་ལ་གང་ཟག་དང་ཆོས་སུ་འཛིན་པ་ཟད་པ་དང་། བདག་དང་བདག་གི་བའི་ཕུང་པོ་འདི་ཅི་ཞིག་ཅེས་དེ་ལ་རིགས་པའི་ཤེས་པས་ཕྱིན་ཅི་མ་ལོག་པར་དཔྱོད་པ་དང་། དཔྱད་བྱ་རྣམ་པར་དཔྱད་བྱས་ན། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་འབྱུང་སྟེ། །དེ་ཡང་མྱ་ངན་འདས་པར་བསྟན། །ཅེས་པའི་ཚུལ་གྱིས་རྣམ་པར་དཔྱོད་པ་རིགས་པའི་ཤེས་དོན་བདག་དང་བདག་གི་བའི་ཕུང་པོ་མ་དམིགས་པས་བདག་དང་བདག་གིར་འཛིན་པ་མི་འབྱུང་ལ། དེ་ཟད་པས་ཉོན་མོངས་དང་ལས་ལྡོག་ཅིང་། དེ་ལོག་པས་སྐྱེ་བ་རྒ་ཤིའི་འཁོར་བ་ཉེ་བར་ཞི་བ་མྱ་ངན་ལས་འདས་པ་འཐོབ་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཞུང་གི་དོན་ལ་གསུམ་སྟེ། དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་དང་། དེ་ཁོ་ན་ཉིད་ཀྱི་རང་བཞིན་དང་། དེ་རྟོགས་པའི་འབྲས་བུའོ། །དང་པོ་ལ་བདག་དང་བདག་གི་བ་དགག་པ་དང་། དེ་བཀག་པའི་འབྲས་བུ་དང་། བཀག་པ་ལ་ལུང་དང་འགལ་བ་སྤང་བ་གསུམ་ལས། དང་པོ་ལ་གཉིས་ཏེ། བླང་བྱ་ཕུང་པོ་ལས་དེ་ཉིད་དང་གཞན་དུ་མ་གྲུབ་པས་ལེན་པ་པོའི་བདག་དགག་པ་དང་། དེས་བདག་གི་བ་བླང་བྱ་ཕུང་པོ་ཡང་དགག་པ་གྲུབ་པའོ། །དང་པོ་ནི། ལེན་པ་པོའི་བདག་དེ་བླང་བྱ་ཕུང་པོའི་ངོ་བོར་རམ་དེ་ལས་ངོ་བོ་ཐ་དད་དུ་ཡོད་གྲང་། དེ་ལ་གལ་ཏེ་ཕུང་པོ་ཉིད་བདག་ཡིན་ན་བདག་དེ་སྐྱེ་དང་འཇིག་པ་ཅན་དང་དུ་མར་འགྱུར་ཏེ། ཕུང་པོ་མི་རྟག་པ་དུ་མ་དང་ངོ་བོ་དབྱེར་མེད་ཡིན་པའི་ཕྱིར་རོ། །འདོད་པ་ཡང་མ་ཡིན་ཏེ། གཞན་གྱི་སྡེ་པ་ལྟར་ན་བདག་རྟག་པ་གཅིག་བུར་འདོད་པའི་ཕྱོགས་ཉམས་པ་དང་། རང་གི་སྡེ་པ་ལྟར་ན་སྐད་ཅིག་མ་ལ་ལས་བྱེད་པ་པོ་དང་འབྲས་བུ་ལོངས་སྤྱོད་པ་པོ་གཞི་མཐུན་མི་རུང་བས་ལས་འབྲས་མི་འཐད་པའི་ཕྱིར་དང་། དུ་མ་ཡིན་ན་འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེ་ཞེས་པའི་ལུང་དང་འགལ་བའི་ཕྱིར་རོ། །དེ་བཞིན་དུ་རང་གི་སྡེ་པ་ཁ་ཅིག་བདག་ཕུང་པོའི་ངོ་བོར་འདོད་པ་དགག་པ་རྒྱས་པར་ནི་དབུ་མ་ལ་འཇུག་པ་ལས། གང་ཕྱིར་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །མྱ་ངན་འདས་སྔོན་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་འབྲས་མེད་ཉིད། །གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །ཞེས་དང་། འདི་ཉིད་དུ། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་འཆད་པར་འགྱུར་རོ། །གལ་ཏེ་གཉིས་པ་ལྟར་བདག་ཕུང་པོ་རྣམས་ལས་ངོ་བོ་གཞན་ཡིན་ན། འདུས་བྱས་གང་ཞེ་ན་ཕུང་པོ་ལྔའོ་ཞེས་གསུངས་པའི་ཚུལ་གྱིས་ཕུང་པོ་ལྔ་འདུས་བྱས་ཡིན་པས་དེ་དག་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་གནས་འཇིག་པ་མེད་པར་འགྱུར་བས་དེ་དོན་བྱེད་ནུས་པའི་དངོས་པོར་མི་རུང་ངོ་ཞེས་པའམ། ཡང་ན་བདག་དེ་གཟུགས་སུ་རུང་བ་ལ་སོགས་པ་ཕུང་པོ་ལྔ་པོ་སོ་སོའི་མཚན་ཉིད་མེད་པར་ཏེ་མཚན་ཉིད་དམ་ངོ་བོ་ཐ་དད་དུ་དམིགས་པར་འགྱུར་བ་ལས་དེ་དག་ལས་ངོ་བོ་ཐ་དད་པའི་བདག་སྣང་རུང་མ་དམིགས་པས་མེད་དོ་ཞེས་པའོ། །དེ་ཉིད་དང་གཞན་བཀག་པ་ཉིད་ཀྱིས་རྟེན་དང་བརྟེན་པ་དང་ལྡན་པར་ཡང་ཤུགས་ལ་བཀག་པར་བལྟའོ། །གཉིས་པ་ནི། དེ་ལྟར་རྒྱུ་ལས་བྱེད་པ་པོ་དང་འབྲས་བུ་ཕུང་པོ་ལེན་པ་པོའི་བདག་ཉིད་ཡོད་པ་མ་ཡིན་པའི་ཕྱིར་ན་ལས་ཀྱི་འབྲས་བུའམ་ཉེ་བར་བླང་བྱའི་ཕུང་པོ་བདག་གི་བ་ཡང་རང་བཞིན་དུ་ཡོད་པར་ག་ལ་འགྱུར་ཏེ། བྱེད་པོ་མེད་པའི་ལས་དང་ལེན་པོ་མེད་པའི་བླང་བྱ་མི་རུང་བར་དགོངས་པའོ། །གཉིས་པ་དེ་དག་བཀག་པའི་འབྲས་བུ་ལ། དེས་ཡུལ་ཅན་འཛིན་པ་སྤོང་བ་དང་། དེ་ལ་རྩོད་པ་སྤང་བ་དང་། འཛིན་པ་ཟད་པས་གྲོལ་བ་ཐོབ་པའི་ཚུལ་གསུམ་ལས། དང་པོ་ནི། དེ་ལྟར་རྣལ་འབྱོར་པས་ལེན་པ་པོའི་བདག་དང་བདག་གི་བ་བླང་བྱ་ཕུང་པོ་མ་དམིགས་ཤིང་། རང་བཞིན་གྱིས་ཞི་བར་ཤེས་པའི་ཕྱིར་ངར་འཛིན་པ་དང་ང་ཡི་བ་ཕུང་པོར་འཛིན་པ་མེད་པའི་མི་འབྱུང་བར་འགྱུར་ཏེ། སྨིག་རྒྱུ་ལ་ཆུ་མེད་པར་ཤེས་པས་ཆུར་འཛིན་སྤང་བ་བཞིན་ནོ། །གཉིས་པ་ནི། དེ་ལྟར་ང་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་དེ་ཡོད་པས་བདག་དང་བདག་གི་བ་ཡང་ཡོད་དོ་ཞེ་ན། ངར་འཛིན་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ཡང་རང་བཞིན་དུ་ཡོད་པ་མ་ཡིན་ཏེ་སྔར་བདག་དང་ཕུང་པོ་ཙམ་བཀག་པས་དེ་གཉིས་སུ་མ་འདུས་པའི་རྣལ་འབྱོར་པ་ཉིད་མི་སྲིད་པའི་ཕྱིར་རོ། །དེ་ལྟར་འཛིན་པ་གཉིས་དང་བྲལ་བའི་རྣལ་འབྱོར་པ་ཉིད་མ་གྲུབ་པ་ལ་ངར་འཛིན་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པའི་དངོས་པོ་ཡོད་པར་གང་ཟག་གང་གིས་མཐོང་ཞིང་ལྟ་བ་དེས་དེ་ཁོ་ན་ཉིད་མི་མཐོང་ངོ་ཞེས་ཤེས་པར་བྱའོ། །ཇི་སྐད་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ནང་གི་བདག་ཉིད་སྟོང་པར་ལྟོས། །ཕྱི་རོལ་གྱུར་པའང་སྟོང་པ་ལྟོས། །གང་ཞིག་སྟོང་ཉིད་སྒོམ་བྱེད་པ། །དེ་འགའ་ཞིག་ཀྱང་ཡོད་མ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། དེ་ལྟར་ནང་ཟིན་པའི་ཕུང་པོ་དང་ཕྱི་རོལ་མ་ཟིན་པ་ཉིད་དག་ལ་རིམ་པ་ལྟར་བདག་དང་བདག་གི་སྙམ་དུ་འཛིན་པ་ཟད་ན་འདོད་པའི་དང་ལྟ་བའི་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་དང་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་བཞི་པོ་འགག་པར་འགྱུར་ཞིང་། རྒྱུ་ལེན་པ་བཞི་པོ་དེ་ཟད་པས་ན་སྲིད་པ་ཟད་ཅིང་དེས་ཡང་སྲིད་ཕྱི་མའི་སྐྱེ་བ་ཡང་ཟད་པར་འགྱུར་ལ། དེས་ན་ལས་དང་ཉོན་མོངས་པ་ཟད་པ་ལས་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །འོ་ན་ལས་དང་ཉོན་མོངས་པ་དེ་དག་གང་གིས་འཛད་པར་འགྱུར་ཞེ་ན། དེ་ཡང་རྒྱུ་ཟད་པའི་སྒོ་ནས་ཏེ་འདི་ལྟར་ལས་དང་ཉོན་མོངས་ནི་སྔར་བཤད་པ་ལྟར་བདག་དང་བདག་གིར་འཛིན་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་རྣམ་པར་རྟོག་པ་ལས་འབྱུང་ལ། རྣམ་རྟོག་དེ་དག་སྤྲོས་པ་ཕྲ་བ་ན་ཛ་ཞེས་པ་སྐབས་ཀྱིས་དུ་མ་ལ་འཇུག་པ་ལས་འདིར་ཤེས་པ་དང་ཤེས་བྱ་བརྗོད་བྱ་དང་རྗོད་བྱེད་ལ་སོགས་པ་མཚན་མར་འཛིན་པའི་སྤྲོས་པ་སྣ་ཚོགས་པ་ལས་འབྱུང་ལ་ཀུན་གྱི་རྩ་བ་ཐོག་མ་མེད་ནས་གོམས་པའི་མཚན་མའི་སྤྲོས་པ་ནི་སྤྲོ་བྱའི་ཤེས་པ་དང་ཤེས་བྱའི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ལྟ་བ་གོམས་པ་ཉིད་ཀྱིས་འགག་པར་འགྱུར་ལ། དེ་འགག་པས་དེའི་འབྲས་བུ་ཚུལ་བཞིན་མ་ཡིན་པའི་རྣམ་རྟོག་ལྡོག་ཅིང་། དེ་ལོག་པས་ཉོན་མོངས་ལྡོག་ལ། དེ་ལོག་པས་ལས་ལྡོག་ཅིང་། དེ་ལོག་པས་སྐྱེ་བ་ལྡོག་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་བདག་དང་བདག་གི་བ་མེད་ན། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་དང་། གནག་དང་དཀར་བའི་ལས་ནི་འཇིག་མི་འགྱུར། །བདག་གིས་བྱས་པ་མྱང་བར་འགྱུར་བའང་ཡིན། །ཞེས་གསུངས་པ་དང་ཇི་ལྟར་མི་འགལ་ཞེ་ན། དེ་སྐད་གསུངས་མོད་ཀྱི། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་དང་། ཆོས་ཐམས་ཅད་ནི་བདག་མེད་པའི་ཞེས་ཀྱང་ཇི་སྟེ་མ་གསུངས། དེའི་ཕྱིར་མདོའི་དགོངས་པ་བཙལ་དགོས་པས་སྤྱིར་སངས་རྒྱས་རྣམས་ཀྱིས་ནི་གདུལ་བྱ་དམན་པ་རྒྱང་ཕན་པ་ལྟ་བུ་ཚེ་སྔ་མ་ནས་འདིར་དང་འདི་ནས་ཕྱི་མར་འཁོར་བ་པོའི་བདག་མེད་པས་ལས་རྒྱུ་འབྲས་མེད་དོ་ཞེས་སྐུར་བ་བཏབ་པས་ངན་སོང་དུ་ལྟུང་བར་འགྱུར་བ་དེ་དག་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཀུན་རྫོབ་ཏུ་ཆོས་ཙམ་ལས་བཏགས་པའི་བདག་ཡོད་པ་ལ་དགོངས་ནས་བདག་གོ་ཞེས་ཀྱང་བརྟགས་པར་གྱུར་ཅིང་། གདུལ་བྱ་བར་མ་བདག་ཏུ་ལྟ་བ་མཁྲེགས་པས་ལས་འབྲས་ལ་ཡིད་ཆེས་ཤིང་མི་དགེ་བ་ལས་ལོག་པ་དེ་དག་འཁོར་བའི་རྒྱུ་འཇིག་ཚོགས་སུ་ལྟ་བ་ལྷོད་པར་བྱ་བ་དང་། མྱ་ངན་ལས་འདས་པ་ལ་སྦྱར་བར་བྱ་བའི་ཕྱིར་ཀུན་རྫོབ་ཙམ་དུ་བདེན་པའི་བདག་བཀག་ཆོས་ཡོད་པ་ལ་དགོངས་ནས་བདེན་པའི་བདག་མེད་དོ་ཞེས་ཀྱང་བསྟན་པར་གྱུར་ལ། གདུལ་བྱ་མཆོག་ཏུ་གྱུར་པ་ཀུན་རྫོབ་ཏུ་ལས་འབྲས་ལ་ཡིད་ཆེས་ཤིང་བདེན་པའི་བདག་མེད་པར་ལྟ་བ་དེ་དག་བཀག་ཆོས་ཀྱི་མཚན་མར་འཛིན་པ་དེ་ཡང་སྤང་བའི་ཕྱིར་དེ་ཁོ་ན་ཉིད་དུ་དགག་བྱ་བདག་དང་ནི་དེ་བཀག་པའི་བདག་མེད་པ་འགའ་ཡང་མེད་ཅེས་བསྟན་པ་ཡིན་པས་ཁོ་བོ་ཅག་གི་ཕྱོགས་ལ་ལུང་གིས་གནོད་པའམ་ལུང་ནང་ཕན་ཚུན་འགལ་བའི་ཉེས་པ་མེད་དོ་ཞེས་པའོ། །ཇི་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་བསྟན་དུ་མེད་པ་ཞེས་གསུངས་པ་ལྟ་བུའོ། །ཡང་ན་གྲངས་ཅན་ལ་སོགས་པས་འདུ་བྱེད་སྐད་ཅིག་མ་ལ་ལས་འབྲས་མི་འཐད་པར་བསམས་ནས་བདག་གོ་ཞེས་ཀྱང་བརྟགས་པར་གྱུར་ཅིང་། རྒྱང་ཕན་པས་འཁོར་བ་པོའི་བདག་མ་དམིགས་པས་བདག་མེད་ཅེས་ཀྱང་བསྟན་པར་གྱུར་ལ། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་གཟིགས་པའི་སངས་རྒྱས་རྣམས་ཀྱིས་ནི་དེ་དག་གིས་བརྟགས་པའི་བདག་དང་ནི་བདག་མེད་འགའ་ཡང་མེད་ཅེས་ཀྱང་འཆད་མོད་ཀྱི་སྔ་མ་ཉིད་ལེགས་སོ། །གཉིས་པ་དེ་ཁོ་ན་ཉིད་ཀྱི་རང་བཞིན་ལ་དོན་དམ་པའི་དང་། ཀུན་རྫོབ་ཀྱི་རང་བཞིན་གཉིས་ལས། དང་པོ་ལ་གསུམ་སྟེ། རང་གི་ངོ་བོས་བསྟན་དུ་མེད་པ་དང་། སྒྲོ་བཏགས་ནས་བསྟན་པའི་ཚུལ་དང་། བསྟན་པའི་མཚན་ཉིད་དོ། །དང་པོ་ནི། དེ་ལྟར་དེ་ཁོ་ན་ཉིད་དུ་བདག་དང་བདག་མེད་པ་གཉིས་མ་བསྟན་ན་འོ་ན་ཅི་ཞིག་བསྟན་ཅེ་ན། དོན་དམ་པའི་དེ་ཁོ་ན་ཉིད་དེ་ལ་བརྗོད་པར་བྱ་བ་འགའ་ཞིག་ཡོད་ན་སྟོན་པར་འགྱུར་བ་ཞིག་ན་དེ་ལ་ནི་སྒྲས་ཞེན་ནས་ཀྱང་བརྗོད་པར་བྱ་བ་ལྡོག་པས་འགའ་ཡང་མ་བསྟན་ཏོ། །དེ་ཉིད་ཅིས་ཏེ་ཞེ་ན། དེ་བློའི་ཡུལ་དུ་འགྱུར་ན་རྒྱུ་མཚན་འགའ་ཞིག་ལས་མིང་འགའ་ཞིག་སྒྲོ་བཏགས་པའི་སྒོ་ནས་ཞེས་བརྗོད་པར་འགྱུར་བ་ཞིག་ན། དེ་ལ་སེམས་ཀྱི་སྤྱོད་ཡུལ་ལམ་དམིགས་པ་ཐམས་ཅད་ལྡོག་པས་མིང་གང་ཡང་སྒྲོ་གདགས་པར་མི་ནུས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་ཅེ་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་གདོད་ནས་མ་སྐྱེས་པ་དང་མ་འགགས་པས། གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བའི་མྱ་ངན་ལས་འདས་པ་དང་མཚུངས་པར་ངོ་བོ་ཐམས་ཅད་གདོད་མ་ནས་ཞི་བ་དེའི་ཕྱིར་བློ་ལ་རྣམ་པ་འཆར་རྒྱུ་མེད་པས་སོ་ཞེས་པའོ། །ཡང་ན་སྔར་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེས་གང་སྨྲས་ན་སྟོང་ཉིད་དུ་ལྟ་བས་སྤྲོས་པ་ཇི་ལྟར་འགག་པར་འགྱུར་ཞེ་ན། སྟོང་པ་ཉིད་ནི་སྒྲ་དང་བློའི་ཡུལ་ཐམས་ཅད་ལས་འདས་པ་ཡིན་པས་དེའི་རང་བཞིན་དེ་ལྟར་ཤེས་པ་ཉིད་ཀྱིས་སྒྲ་རྟོག་གི་སྤྲོས་པ་ཐམས་ཅད་འགག་པར་འགྱུར་རོ་ཞེས་སྦྱར་བའམ། ཡང་ན་སྔར་ནང་དང་ཕྱིའི་དངོས་པོ་ལ་བདག་དང་བདག་གི་དགོད་མ་ནས་ཞི་བ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བཤད་ན། དེ་ལྟ་བུ་ཞིག་ཡིན་ནོ་ཞེས་བརྗོད་པའམ་ཤེས་པར་ནུས་སམ་ཞེ་ན། དེ་ཁོ་ན་ཉིད་དེ་ལ་བརྗོད་པར་བྱ་བ་ལྡོག་པ་སྟེ་ཞེས་པ་ལ་སོགས་པ་བཤད་པ་སྔ་མ་ལྟར་སྦྱར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཉིད་ཀྱིས། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་འཆད་པར་འགྱུར་རོ། །གཉིས་པ་ནི། གལ་ཏེ་དེ་ལྟར་དོན་དམ་པའི་བདེན་པ་སྒྲ་བློའི་ཡུལ་ལས་འདས་ཀྱང་ཀུན་རྫོབ་ཏུ་སྒྲོ་བཏགས་པའི་ཚུལ་གྱིས་མ་བསྟན་ན་གདུལ་བྱ་རྣམས་ཀྱིས་དེའི་རང་བཞིན་དེ་ལྟར་རྟོགས་པར་མི་ནུས་ལ། མ་རྟོགས་ན་ཡང་མྱང་འདས་གསུམ་ཅི་རིགས་པར་ཐོབ་པར་མི་ནུས་པས་སྒྲོ་བཏགས་པའི་ཚུལ་གྱིས་བསྟན་དགོས་སོ་ཞེ་ན། དེ་སྒྲོ་བཏགས་ནས་ཐབས་ཀྱིས་བསྟན་པའི་ཚུལ་ནི་སྤྱིར་སངས་རྒྱས་རྣམས་ཀྱིས་ཐོག་མར་གདུལ་བྱ་ལས་དང་པོ་པ་དད་པར་བྱ་བའི་ཕྱིར་འཇིག་རྟེན་བྱིས་པའི་བློ་ལ་ལྟོས་ནས་སྣོད་བཅུད་ཀྱིས་བསྡུས་པའི་ཕྱི་ནང་གི་དངོས་པོ་ཐམས་ཅད་ཡང་དག་ཏུའང་བསྟན་ལ། ཕྱིས་དེ་ལ་ཞེན་པ་སྤང་བའི་ཕྱིར་འཕགས་པའི་སྣང་བཅས་ཀྱི་བློ་ལ་ལྟོས་ནས་ཡང་དག་མིན་པར་ཡང་བསྟན་ཏོ། །དེ་གཉིས་འགལ་བ་སྤང་བའམ་གཅིག་ཏུ་ཡོད་མེད་ཀྱི་མཐའ་སྤང་བའི་ཕྱིར་ཐ་སྙད་དུ་ཡང་དག་དང་། དེ་ཁོ་ནར་ཡང་དག་མ་ཡིན་པ་ཉིད་དོ་ཞེས་དེ་གཉི་གར་བསྟན་ཅིང་། གདུལ་བྱ་མཆོག་ལ་ཡང་དག་མ་ཡིན་པའི་བཀག་ཆོས་དེ་ཁོ་ན་ཉིད་དུ་ལྟ་བའི་སྒྲིབ་པ་ཅུང་ཟད་ཙམ་པོ་དེ་ཡང་སྤང་བའི་ཕྱིར་འཕགས་པའི་མཉམ་གཞག་ལ་ལྟོས་ནས་གང་འདི་ཐམས་ཅད་ཡང་དག་ཀྱང་མིན་ཞིང་། ཡང་དག་མིན་པ་ཡང་མིན་ནོ་ཞེས་བདག་དགག་སྒྲུབ་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བར་བསྟན་ཏོ། །དེ་ལྟར་གདུལ་བྱ་དང་འཚམ་པར་སྟོན་པའམ། གདུལ་བྱ་རྣམས་རིམ་གྱིས་མི་གནས་པའི་མྱ་ངན་ལས་འདས་པར་ཁྲིད་པའི་ལམ་སྟོན་པས་ན་རྗེས་སུ་བསྟན་པའོ། །དེ་ཉིད་ཀྱི་དབང་དུ་མཛད་ནས་སློབ་དཔོན་འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་དང་། །གཉི་ག་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་བཤད་དོ། །གསུམ་པ་ནི། དོན་དམ་པའི་དེ་ཁོ་ན་ཉིད་དེའི་མཚན་ཉིད་གང་ཡིན་ཞེ་ན། རང་བཞིན་སེམས་པས་དཔྱད་ན་སྔར་དེའི་ངོ་བོའམ་མཚན་གཞི་སྒྲ་བློའི་ཡུལ་ལས་འདས་པར་བཤད་པ་ཉིད་ཀྱིས་རྟེན་མེད་པའི་མཚན་ཉིད་ཀྱང་མེད་པར་བསྟན་པ་ཡིན་མོད་ཀྱི། འོན་ཀྱང་དེའི་ངོ་བོ་སྒྲོ་བཏགས་ནས་བསྟན་པ་ལྟར་དེའི་མཚན་ཉིད་ཀྱང་སྒྲོ་བཏགས་པའི་ཚུལ་གྱིས་བསྟན་དགོས་པས་དེའི་རིགས་མི་མཐུན་སེལ་བའི་མཚན་ཉིད་སྔར་བཤད་ཟིན་ལ། ལོག་རྟོག་སེལ་བའི་མཚན་ཉིད་གསུངས་པ་ནི་དེ་འཕགས་པའི་མཉམ་གཞག་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་འགའ་ཡང་མཐོང་བ་མེད་པའི་ཚུལ་གྱིས་རིག་པར་བྱ་བ་ཡིན་གྱི་མ་རིག་པས་བསྒྲིབས་པའི་བྱིས་པ་རྣམས་ཀྱིས་རྟོགས་པའི་ཡན་ལག་གཞན་སྒྲ་དང་རྟགས་དང་དཔེ་ལ་སོགས་པ་ལས་འགའ་ཡང་མཐོང་བ་མེད་པའི་ཚུལ་གྱིས་དེའི་རང་བཞིན་ཇི་ལྟར་གནས་པ་ལྟར་ཤེས་པར་བྱ་བ་མིན་པ་དང་། གཟོད་མ་ནས་ངོ་བོ་ཅིར་ཡང་མ་གྲུབ་པས་ཞི་བ་དང་། སྤྲོས་པ་དོན་སྤྲོ་བར་བྱེད་པའི་ངག་རྣམས་ཀྱིས་ཞེན་ནས་ཀྱང་བརྗོད་པར་བྱ་བ་མ་ཡིན་པས་ངག་གིས་མ་སྤྲོས་པ་དང་། སེམས་ཀྱི་ཡུལ་ལས་འདས་པས་རྣམ་པར་རྟོག་པས་འགར་ཡང་བརྟག་ཏུ་མེད་པ་དང་། ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ལ་མི་འདྲ་བའི་བྱེ་བྲག་མེད་པས་དོན་ཐ་དད་མིན་པས་ཏེ་ཆོས་ལྔ་པོ་དེ་ནི་དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ་ཞེས་པ་སྟེ། ཇི་སྐད་དུ་མདོ་ལས། ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ་ནི་མཁས་ཤིང་མཛངས་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་གྱི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ་ཞེས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཅེས་དང་། དོན་དམ་པའི་བདེན་པ་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་དང་། ལྷའི་བུ་དོན་དམ་པར་ནི་གཏན་མ་སྐྱེས་པ་ཉེ་བར་བཟུང་ནས་ཆོས་ཐམས་ཅད་ལ་ཐ་དད་དུ་བྱ་བ་མེད་དོ་ཞེས་རིམ་པ་ལྟར་གསུངས་པ་ཡིན་ནོ། །ཡང་ན་དོན་དམ་པ་ཡན་ལག་གཞན་སྒྲ་དང་རྟགས་ལ་སོགས་པ་ལས་ཤེས་པར་བྱ་བ་མིན་ཏེ་སྒྲ་རྟགས་ཀྱི་སྤྲོས་པ་རྣམས་ཀྱིས་མ་སྤྲོས་ཏེ་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ཅི་སྟེ་སྙམ་ན། རྣམ་པར་རྟོག་པས་མིང་དང་རིགས་ལ་སོགས་པ་བརྟག་ཏུ་མེད་པའི་ཕྱིར་རོ། །དེ་ཉིད་ཅིས་ཏེ་སྙམ་ན། ངོ་བོ་གདོད་མ་ནས་ཞི་ཞིང་ཅིར་ཡང་མ་གྲུབ་པས་བློ་ལ་རྣམ་པ་འཆར་རྒྱུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན། ཅིར་ཡང་མ་གྲུབ་ཆོས་ཉིད་ལ། །གཉིས་དང་གསུམ་ཚོགས་ག་ལ་ཡོད། །ཅེས་པའི་ཚུལ་གྱིས་མི་འདྲ་བའི་དབྱེ་བ་མེད་པས་ཐ་དད་དོན་མིན་ཞེས་གཅིག་གིས་གཅིག་བཤད་དུ་སྦྱར་རོ། །གཉིས་པ་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་དམ་རང་བཞིན་ལ་དེའི་མཚན་ཉིད་ནི། མ་དཔྱད་པ་ཐ་སྙད་པའི་ཤེས་པ་འཁྲུལ་པའི་ཡུལ་དུ་བདེན་པ་ཞེས་སྔར་བཤད་ཟིན་ལ། དེའི་མཚན་གཞིའམ་ངོ་བོ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཐམས་ཅད་ཡིན་པས་དེ་ཡང་མཐའ་གཉིས་དང་བྲལ་བའི་དབུ་མ་ཡིན་ཏེ། འདི་ལྟར་རྒྱུ་གང་ལ་བརྟེན་ཏེ་འབྲས་བུ་གང་འབྱུང་བའི་འབྲས་བུ་དེ་ནི་རེ་ཞིག་རང་ལ་བྱ་བྱེད་འགལ་བས་རྒྱུ་དང་རྫས་དེ་ཉིད་མིན་ལ་དེའི་ཕྱིར་འབྲས་བུའི་དུས་ན་རྒྱུ་ཡོད་པའི་རྟག་པ་མ་ཡིན་ཞིང་། དེ་ལ་མི་ལྟོས་པར་ཐལ་བས་འབྲས་བུ་དེ་ནི་རྒྱུ་དེ་ལས་རྫས་གཞན་པ་ཡང་མ་ཡིན་པའི་ཕྱིར་འབྲས་བུའི་དུས་ན་རྒྱུ་མེད་པའི་ཆད་པ་ཡང་མིན་ནོ། །དེ་ལྟ་ན་སངས་རྒྱས་འཇིག་རྟེན་སྲིད་པ་དང་ཞི་བའི་ཡ་ང་བའི་གནས་ལས་ཅི་རིགས་སུ་སྐྱོབ་པར་བྱེད་པའི་མགོན་རྣམས་ཀྱིས་བསྟན་པ་རྟེན་འབྲེལ་རང་བཞིན་སྐྱེ་མེད་སྐྱེ་རྒ་ན་འཆི་གཏན་གཅོད་པའི་བདུད་རྩིར་གྱུར་པ་དེ་སྔར་བཤད་པ་ལྟར་རྒྱུ་འབྲས་དོན་གཅིག་པ་མ་ཡིན་ཞིང་ཐ་དད་པའང་མིན་པས་རིམ་པར་རྟག་པ་མ་ཡིན་ཞིང་ཆད་པའང་མ་ཡིན་ནོ་ཞེས་སམ། ཡང་ན་སྔ་མ་ཀུན་རྫོབ་རྟེན་འབྲེལ་ལ་རྟག་ཆད་སྤོང་བ་དང་། ཕྱི་མ་དོན་དམ་རང་བཞིན་སྟོང་པ་ཉིད་ལ་རྟག་ཆད་སྤོང་བ་ཡིན་ནོ་ཞེས་ཟེར་རོ། །གསུམ་པ་ནི། ཇི་སྐད་བཤད་པའི་བདེན་པ་གཉིས་པོ་དེ་ཇི་ལྟ་བ་བཞིན་རྟོགས་པ་ལས་འབྲས་བུ་ཅི་འབྱུང་ཞེ་ན། རེ་ཞིག་ཉན་ཐོས་ཀྱི་རིགས་ཅན་གྱིས་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་མེད་དགག་དང་ཀུན་རྫོབ་ཏུ་བརྟེན་ནས་འབྱུང་བ་སྒྱུ་མ་ལྟ་བུར་ཐོས་པ་དང་བསམ་པ་དང་སྒོམ་པའི་རིམ་གྱིས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་གསུམ་གྱི་བདུད་རྩི་ཉེ་བར་སྤྱད་པས་རྒྱུ་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པའི་སྒོ་ནས་ཚེ་འདི་ཉིད་ལའམ་འདིར་མ་ཐོབ་ཀྱང་ཚེ་གཞན་དུ་འབད་པ་མེད་པར་སྐྱེ་བ་དང་རྒ་ཤི་ཟད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། ཇི་སྐད་དུ་འཕགས་པ་ལྷས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་བཤད་པ་ལྟ་བུའོ། །དེ་ཉིད་རང་སངས་རྒྱས་ཀྱི་རིགས་ཅན་དབང་པོ་རྣོ་འབྲིང་རྟུལ་པོས་ཐར་པ་ཆ་མཐུན་གྱི་དགེ་བ་དང་ཐོས་བསམ་སྒོམ་པའི་རིམ་གྱིས་ཅི་རིགས་སུ་སྤྱད་པས་རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། ཉན་ཐོས་རྣམས་ཀྱང་ཟད་པ་ན་ཞིང་སྟོང་པར་སྐྱེས་ཏེ་དབང་པོའི་རིམ་པ་ལྟར་དྲོད་ཀྱི་ཡེ་ཤེས་ནས་དང་། བཟོད་པ་འབྲིང་གི་ཡེ་ཤེས་ནས་དང་སྒོམ་པའི་ལམ་གྱི་ཡེ་ཤེས་ནི་རྐྱེན་ཚེ་འདིའི་དགེ་བའི་བཤེས་གཉེན་བསྟེན་པ་མེད་པར་སྔོན་གྱི་བསོད་ནམས་གོམས་པ་དང་སྨོན་ལམ་གྱི་མཐུ་ལས་རབ་ཏུ་སྐྱེ་ཞིང་། དེའི་འབྲས་བུ་ཟད་པ་དང་མི་སྐྱེ་བ་ཤེས་པ་མངོན་དུ་བྱེད་པ་ཡིན་ནོ། །དེ་གཉི་གས་ཀྱང་མཐར་རྒྱལ་སྲས་རྣམས་ལྟར་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱ་དགོས་པས་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱིས་དོན་དམ་པར་ཆོས་རྣམས་སྤྲོས་པ་མེད་དགག་གོམས་པར་བྱས་པས་ཡེ་ཤེས་ཀྱི་ཚོགས་དང་ཀུན་རྫོབ་སྒྱུ་མ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་བསོད་ནམས་ཀྱི་ཚོགས་བསགས་པས་རིམ་པ་ལྟར་སྲིད་ཞིར་མི་གནས་པའི་མྱ་ངན་ལས་འདས་པ་འཐོབ་པར་བལྟའོ། །དེ་ལྟ་ན་བདེན་པ་གཉིས་ཀྱི་དོན་ཇི་ལྟ་བ་བཞིན་རྟོགས་པ་གོམས་པར་བྱས་པས་རེ་ཞིག་རིགས་ཅན་གསུམ་གྱིས་བྱང་ཆུབ་གསུམ་དང་མཐར་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་དེའི་ཕྱིར་དོན་ཤིན་ཏུ་ཆེན་པོ་ཅན་ཡིན་པས་ཤེས་རབ་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟར་ལུས་དང་སྲོག་ཀྱང་བཏང་སྟེ་འདི་ཉིད་བཙལ་བར་འོས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་བ་འཐད་པའི་རྒྱན་ལས་བདག་དང་ཆོས་བརྟག་པ་སྟེ། རབ་ཏུ་བྱེད་པ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།།  །།ད་ནི་རྟེན་འབྱུང་དུས་ཀྱིས་སྟོང་པར་བསྟན་པ་ལ་དུས་ཀྱི་ངོ་བོ་དང་། སྒྲུབ་བྱེད་དགག་པ་གཉིས་ལས། དང་པོ་དུས་བརྟག་པ་ལ་ཡང་གསུམ་ལས། རེ་ཞིག་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། གཟུགས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་ཏེ། འདི་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཉིད་ཀྱང་མེད་ན་ཞེས་པ་ལ་སོགས་པ་དུས་གསུམ་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་དངོས་པོའི་རང་བཞིན་བཀག་མོད་ཀྱི་དུས་གསུམ་སྔར་མ་བཀག་ཅིང་མདོ་ལས་གསུངས་པས་ཡོད་ལ་དེ་ཡོད་པས་དེ་དག་ཏུ་འཇོག་པའི་རྒྱུ་དངོས་པོའང་ཡོད་པ་ཉིད་དེ་དངོས་པོ་འགགས་པ་དང་མ་སྐྱེས་པ་དང་སྐྱེས་ལ་མ་འགགས་པ་ལ་དུས་གསུམ་དུ་རྣམ་པར་གཞག་པའི་ཕྱིར་རོ་ཞེ་ན། དུས་གསུམ་ཉིད་རང་བཞིན་དུ་མེད་པས་དེར་རྣམ་འཇོག་གི་རྒྱུ་དངོས་པོའང་མེད་དོ་ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པའོ། །གཞུང་གི་དོན་ལ་གཉིས་ཏེ། དུས་རང་བཞིན་དུ་ཡོད་པ་ལ་གནོད་པ་བརྗོད་པ་དང་། སྒྲུབ་བྱེད་དགག་པའོ། །དང་པོ་ལ་ཡང་ད་ལྟར་དང་མ་འོངས་པའི་དུས་དགག་པ་དང་། དེ་གཞན་ལ་སྦྱར་བ་གཉིས་ལས། དང་པོ་ལ་གསུམ་སྟེ། འདས་པ་ལ་ལྟོས་པ་དང་། མ་ལྟོས་པ་དགག་པ་དང་། དོན་བསྡུ་བའོ། །དང་པོ་ནི། ད་ལྟར་དང་མ་འོངས་པ་རང་བཞིན་དུ་ཡོད་ན་འདས་པ་ལ་ལྟོས་པའམ་མ་ལྟོས་པར་ཡོད་གྲང་། གལ་ཏེ་དང་པོ་ལྟར་ད་ལྟར་བྱུང་དང་མ་འོངས་པ། འདས་པ་ལ་ལྟོས་པར་གྱུར་ན། ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར་ཏེ་དེའི་ལྡོག་ཁྱབ་ནི་གང་ཞིག་གང་ལ་མེད་པ་དེ་ནི་དེ་ལ་ལྟོས་པར་མི་འཐད་དེ་བྱེ་མ་ལ་ཏིལ་མར་བཞིན་ནོ་སྙམ་པའོ། །གལ་ཏེ་སྒྲོན་མ་དང་མུན་པ་ཕན་ཚུན་ལ་མེད་ཀྱང་འགལ་ཟླ་ཉིད་དུ་ལྟོས་ནས་གྲུབ་པས་མ་ངེས་སོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེ་དག་དེ་ཁོ་ན་ཉིད་དུ་ཕན་ཚུན་ལྟོས་ནས་འགལ་ཟླ་ཉིད་དུ་གྲུབ་པ་མེད་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་དེ་གཉིས་ཕན་ཚུན་ལ་ཡོད་པར་ཐལ་བ་སུས་ཀྱང་སྤང་བར་མི་ནུས་སོ། །དེ་གཉིས་འདས་པའི་དུས་ན་ཡོད་པར་ཐལ་བ་འདོད་ན་དེ་གཉིས་འདས་པར་འགྱུར་ལ་དེ་ལྟ་ན་ད་ལྟར་དང་མ་འོངས་པ་མེད་པས་དེ་གཉིས་ལ་ལྟོས་པའི་འདས་པ་ཉིད་ཀྱང་གྲུབ་པར་མི་འགྱུར་རོ། །གལ་ཏེ་ཉེས་པ་དེ་སྤང་བར་འདོད་པས་ད་ལྟར་བྱུང་དང་མ་འོངས་པ་འདས་པའི་དུས་དེ་ན་མེད་པར་གྱུར་ན། ད་ལྟར་བྱུང་དང་མ་འོངས་པ་འདས་པ་དེ་ལ་ལྟོས་པར་འགྱུར་ཏེ་ལྟོས་པ་པོ་ཡོད་པའི་དུས་ན་ལྟོས་པ་མེད་ལ་ལྟོས་པ་ཡོད་པའི་ཚེ་ལྟོས་པ་པོ་མེད་པས་ལྟོས་པར་མི་འཐད་དོ་སྙམ་དུ་དགོངས་པའོ། །གཉིས་པ་ནི། གཞན་གྱི་སྡེ་པ་དག དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ལས་འདའ་བ་ཤིན་ཏུ་དཀའ། །ཞེས་དུས་རྟག་པ་རྫས་སུ་ཡོད་པས་དེ་གཉིས་འདས་པ་ལ་མ་ལྟོས་པར་ཡོད་དོ་ཞེ་ན། འདས་པ་ལ་ནི་མ་ལྟོས་པར་ད་ལྟར་དང་མ་འོངས་པ་དེ་གཉིས་གྲུབ་པ་ཡོད་པ་མ་ཡིན་ཏེ་འདས་པ་དངོས་དང་བརྒྱུད་ནས་མ་འོངས་པ་ལ་ད་ལྟར་དང་མ་འོངས་པར་བསྙད་པའི་ཕྱིར་རོ། །གསུམ་པ་ནི། འདས་པ་དང་ལྟོས་པ་དང་མ་ལྟོས་པར་མ་གྲུབ་པ་དེའི་ཕྱིར་ད་ལྟར་བྱུང་བ་དང་། མ་འོངས་པའི་དུས་ཀྱང་རང་བཞིན་དུ་ཡོད་པ་མ་ཡིན་ནོ་ཞེས་པའོ། །གཉིས་པ་དེ་གཞན་ལ་སྦྱར་བ་ནི། ད་ལྟར་དང་མ་འོངས་པ་འདས་པ་ལ་ལྟོས་པ་དང་མ་ལྟོས་པར་མ་གྲུབ་པའི་རིམ་པའི་ཚུལ་ནི་འདི་ཉིད་ཀྱིས་དུས་ལྷག་མ་འདས་མ་འོངས་ད་ལྟར་ལ་ལྟོས་པ་དང་མ་ལྟོས་པར་མ་གྲུབ་པ་དང་། ད་ལྟར་དང་འདས་པ་མ་འོངས་པ་ལ་ལྟོས་པ་དང་མ་ལྟོས་པར་གྲུབ་པ་གཉིས་པོ་སྔར་གྱི་འདོན་པ་བསྣོར་བའམ་བསྒྱུར་བས་ཤེས་པར་བྱ་སྟེ། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་ལྟོས་ན། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་དུས་ཡོད་པར་འགྱུར། །ཞེས་པ་ལ་སོགས་པ་དང་། འདས་དང་ད་ལྟར་བྱུང་བ་ནི། །གལ་ཏེ་མ་འོངས་ལྟོས་གྱུར་ན། །འདས་པ་དང་ནི་ད་ལྟར་བྱུང་། །མ་འོངས་དུས་ན་ཡོད་པར་འགྱུར། །ཅེས་པ་ལ་སོགས་པ་འདོན་པ་བསྣོར་བ་སླའོ། །ཇི་ལྟར་དུས་གསུམ་ཕན་ཚུན་ལྟོས་པ་དང་མ་ལྟོས་པར་དཔྱད་ན་མེད་པ་དེ་བཞིན་ཏུ་མཆོག་དང་ཐ་མ་འབྲིང་དང་ལ་སོགས་ཀྱིས་བསྡུས་པ་སྐྱེ་གནས་འཇིག་པ་དང་། འདོད་པ་དང་གཟུགས་དང་གཟུགས་མེད་དང་སློབ་མི་སློབ་དེ་གཉི་ག་མ་ཡིན་པ་དང་། རྒན་གཞོན་བར་མ་ལ་སོགས་པ་ཕན་ཚུན་ལྟོས་པའི་དངོས་པོ་གསུམ་གསུམ་དང་འབྲེལ་པ་ཐམས་ཅད་དང་། གཅིག་དང་སོགས་ཀྱིས་བསྡུས་པ་གཉིས་དང་གསུམ་དང་དུ་མ་སོགས་པའང་རེ་རེ་ལ་ལྟོས་པ་དང་མ་ལྟོས་པར་གཉིས་གཉིས་མ་གྲུབ་པས་ཐམས་ཅད་རང་བཞིན་མེད་པར་ཤེས་པར་བྱའོ། །དེའི་ཕྱིར་རྟེན་འབྱུང་མ་ཡིན་པའི་ཆོས་མི་སྲིད་ལ་གང་བརྟེན་ནས་འབྱུང་བ་ཐམས་ཅད་རང་གི་ལྟོས་ས་ལ་ལྟོས་པ་དང་མ་ལྟོས་པར་དཔྱད་ན་མ་གྲུབ་པར་བསྟན་པས་རབ་ཏུ་བྱེད་པ་འདིས་ཀྱང་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་མེད་དགག་དང་། ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ནོ། །གཉིས་པ་དུས་ཀྱི་སྒྲུབ་བྱེད་དགག་པ་ལ་ཚད་དང་། དངོས་པོ་དགག་པ་གཉིས་ལས། དང་པོ་ནི། གལ་ཏེ་དུས་ནི་རང་བཞིན་དུ་ཡོད་པ་ཉིད་དེ་དེའི་ཚད་སྐད་ཅིག་ཐང་ཅིག་ཡུད་ཙམ་ནས་བསྐལ་བའི་བར་གསུངས་པས་དེའི་ཚད་ཡོད་པའི་ཕྱིར་རོ། །གང་ཞིག་མེད་པ་ལ་ནི་ཚད་ཡོད་པ་མ་ཡིན་ཏེ་བོང་བུའི་རྭ་བཞིན་ནོ་ཞེ་ན། སྐད་ཅིག་ལ་སོགས་པ་དུས་ཀྱི་ཚད་ཉིད་རང་བཞིན་དུ་ཡོད་པར་མ་གྲུབ་སྟེ། འདི་ལྟར་དུས་སྐད་ཅིག་གཉིས་པར་མི་གནས་པའམ། གནས་པ་ཞིག་ཚད་ཀྱིས་འཛིན་གྲང་། དང་པོ་ལྟར་ན། དུས་ནི་སྐད་ཅིག་ལ་སོགས་པའི་ཚད་ཀྱིས་འཛིན་པར་མི་བྱེད་དེ་སྐད་ཅིག་གཉིས་པར་མི་གནས་པའི་ཕྱིར་རོ། །དེའི་ཁྱབ་པ་ནི་སྐྱེས་པའི་སྐད་ཅིག་དེ་ཉིད་ལ་བྱ་བྱེད་འགལ་ཞིང་དུས་གཉིས་པར་མེད་པས་ཚད་གཟུང་མི་ནུས་པར་དགོངས་པའོ། །གཉིས་པ་ལྟར་ན། གལ་ཏེ་དུས་གནས་པ་ཞིག་ཡོད་ན་སྐད་ཅིག་ལ་སོགས་པའི་ཚད་ཀྱིས་འཛིན་པར་འགྱུར་བ་ཞིག་ན། གང་ཞིག་ཚད་ཀྱིས་གཟུང་བར་བྱ་བའི་དུས་གནས་པ་ཉིད་ཡོད་པ་མ་ཡིན་པས་དེ་སྐད་ཅིག་ལ་སོགས་པའི་ཚད་ཀྱིས་ཇི་ལྟར་བཟུང་ཞིང་གདགས་པར་བྱ་སྟེ་མོ་གཤམ་གྱི་བུ་བཞིན་ནོ། །དུས་གནས་པ་མེད་པ་ཉིད་ཅིས་ཏེ་སྙམ་ན། དངོས་པོ་ལས་ཐ་དད་པའི་དུས་ཡོད་ན་འཇིག་རྟེན་པའི་མངོན་སུམ་ལ་སྣང་རུང་ཡིན་པས་དེས་ཐ་དད་དུ་མ་དམིགས་པ་ཉིད་ཀྱིས་ཁེགས་ལ། དངོས་པོ་སྐད་ཅིག་མར་ཐ་སྙད་པའི་རྗེས་དཔག་གིས་གྲུབ་པས་མཐར་སྐད་ཅིག་གི་རང་བཞིན་གྱི་དངོས་པོ་ལས་མ་བཟུང་ཞིང་མ་དམིགས་པའི་ཕྱིར་དུས་གནས་པ་མེད་དོ་ཞེས་པའོ། །གཉིས་པ་ནི། གལ་ཏེ་རང་གི་སྡེ་པ་དག་སྐད་ཅིག་མའི་བདག་ཉིད་ཀྱི་དངོས་པོ་ལས་ཐ་དད་པའི་དུས་གནས་པ་མེད་པ་དེ་ལྟ་ནའང་དངོས་པོ་ཡོད་པས་དངོས་པོ་ལ་བརྟེན་ནས་བརྟགས་པའི་དུས་ནི་རང་བཞིན་དུ་ཡོད་པར་སྨྲའི་དངོས་མེད་ཀྱི་དུས་ནི་ག་ལ་ཡོད་དེ་མེད་དོ་ཞེ་ན། སྔར་བཀག་པའི་ཚུལ་གྱིས་རྟེན་དངོས་པོ་འགའ་ཡང་ཡོད་པ་མིན་པའི་ཕྱིར་ན་དེ་ལས་བརྟགས་པའི་དུས་ལྟ་རང་བཞིན་དུ་ཡོད་པར་ག་ལ་འགྱུར་ཏེ། བོང་བུའི་རྭ་ལ་རྣོ་བར་བཏགས་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་ལྟོས་པ་མེད་མི་འགྱུར། །ཅེས་དང་། ཆོས་ནི་སྟོང་ཕྲག་བརྒྱ་དག་བསྟན་གྱུར་ནས། །སངས་རྒྱས་འབུམ་ཕྲག་གང་དག་འདུས་གྱུར་ཀྱང་། །ཆོས་དང་ཡི་གེ་དག་ལ་ཟད་མེད་དེ། །སྐྱེ་བ་ཡོད་མིན་དེས་ན་ཟད་པ་མེད། །ཅེས་དང་། དེ་བཞིན་གཤེགས་པ་འབྱུང་བའི་དུས་ཀྱི་ཚེ། །བྱམས་པ་ཞེས་བྱའི་རྒྱལ་བ་འབྱུང་འགྱུར་ཞིང་། །ས་འདི་གསེར་གྱིས་བདལ་བ་འབྱུང་འགྱུར་བ། །དེ་ཚེ་དེ་ཡི་འབྱུང་དེ་ག་ལ་ཡོད། །ཅེས་དེ་ལྟར་དང་འདས་པ་དང་མ་འོངས་པ་རིམ་པ་ལྟར་རང་བཞིན་མེད་པར་གསུངས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། དུས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་དགུ་པའི་རྣམ་པར་བཤད་པའོ།།  །།དུས་ཀྱི་སྒྲུབ་བྱེད་དགག་པ་ལ་གཉིས་ལས། དུས་འབྲས་བུ་སྐྱེ་བའི་ལྷན་ཅིག་བྱེད་པའི་རྐྱེན་དུ་འདོད་པ་དགག་པ་ཚོགས་པ་བརྟག་པ་ལ་ཡང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། འཕགས་པ་རྒྱ་ཆེར་རོལ་པ་ལས། མཆུ་དང་ལྐོག་མ་རྐན་ལ་བརྟེན་ནས་ནི། །ལྕེ་བསྒྱུར་བ་ལས་ཡི་གེའི་སྒྲ་འབྱུང་ཡང་། །ལྐོག་མར་བརྟེན་ནས་མ་ཡིན་རྐན་ལས་མིན། །རེ་རེ་ལ་ནི་ཡི་གེ་དམིགས་སུ་མེད། །ཚོགས་པ་དེ་ལ་བརྟེན་ནས་ངག་དེ་ནི། །ཡིད་ཀྱི་བློ་ཡི་དབང་གིས་འབྱུང་མོད་ཀྱི། །ཡིད་དང་ངག་ནི་མི་སྣང་གཟུང་མེད་དེ། །ནང་དང་ཕྱི་རོལ་དག་ནའང་དམིགས་སུ་མེད། །མཁས་པས་ངག་སྐད་སྒྲ་དང་དབྱངས་རྣམས་ཀྱི། །སྐྱེ་དང་འཇིག་པ་རྣམ་པར་བརྟག་བྱས་ན། །དེ་ཚེ་ངག་ཀུན་བྲག་ཅ་ལྟ་བུ་དང་། །སྐད་ཅིག་མ་དང་སྙིང་པོ་མེད་པར་མཐོང་། །ཞེས་པ་ལ་སོགས་པ་ཚོགས་པ་ལས་སྐྱེ་བ་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། རང་གི་སྡེ་པ་དག་དུས་བཀག་མོད་ཀྱི་རང་བཞིན་དུ་ཡོད་པ་ཉིད་དེ་ཕྱི་མྱུ་གུ་ལ་སོགས་པའང་དཔྱིད་ལ་སོགས་པའི་དུས་ཀྱི་ཁྱད་པར་མི་ཉེ་བར་མི་སྐྱེ་ལ། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ནང་ལས་ཀྱིས་འབྲས་བུ་སྐྱེད་པའང་དུས་ལ་ལྟོས་པར་གསུངས་པས་ཕྱི་ནང་གི་འབྲས་བུ་སྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་ཕྱིར་རོ། །གང་མེད་པ་དེ་ནི་རྐྱེན་དུ་མི་རུང་སྟེ། ནམ་མཁའི་མེ་ཏོག་བཞིན་ནོ་ཞེ་ན། དཔྱད་ན་འབྲས་བུ་སྐྱེ་བ་ཉིད་མེད་པས་དུས་འབྲས་བུ་སྐྱེ་བའི་རྐྱེན་དུ་མི་འཐད་དོ་ཞེས་བསྟན་པའི་ཕྱིར། རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། རྒྱུ་རྐྱེན་ཚོགས་པས་བསྐྱེད་པ་དགག་པ་དང་། རྒྱུས་བསྐྱེད་པ་དགག་པ་དང་། དེ་དག་གི་མཇུག་བསྡུ་བའོ། །དང་པོ་ལ་འབྲས་ཕྱོགས་ནས་སྐྱེ་བ་དགག་པ་དང་། རྒྱུ་ཕྱོགས་ནས་སྐྱེ་བ་དགག་པ་གཉིས་ལས། དང་པོ་ལའང་གསུམ་སྟེ། ཚོགས་པ་སྔ་མ་ལས་དང་། དུས་མཉམ་པ་ལས་དང་། ཕྱི་མ་ལས་འབྲས་བུ་སྐྱེ་བ་དགག་པའོ། །དང་པོ་ནི། རྒྱུ་རྐྱེན་གྱི་ཚོགས་པ་སྔ་མ་ལས་འབྲས་བུ་སྐྱེ་ན་འབྲས་བུ་དེ་ལ་ཡོད་པའམ་མེད་པ་ཞིག་སྐྱེ་གྲང་། དང་པོ་ལྟར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། །ཚོགས་ལ་འབྲས་བུ་ཡོད་ན་ནི། །དེ་ཡོད་པའི་ཕྱིར། ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ་སྟེ། དེའི་ཁྱབ་པ་ནི་ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །གཉིས་པ་ལྟར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། །ཚོགས་པ་འབྲས་བུ་མེད་ན་ནི། །དེ་མེད་པའི་ཕྱིར་བྱེ་མ་ལས་ཏིལ་མར་ལྟར་ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ་སྟེ། དེའི་ཁྱབ་པ་ནི་ཧ་ཅང་ཐལ་བས་མེད་པ་སྐྱེད་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་སྔ་མ་ལྟར་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །དེ་བལྟར་རུང་ཡིན་པས་ཚོགས་པ་ལ་གཟུང་དུ་ཡོད་པར་རིགས་ན་སྟེ། གཟུང་དུ་ཡོད་པར་ཐལ་བ་ལས་ཚོགས་པ་ཉིད་ལ་གཟུང་དུ་མེད་དེ་བལྟར་རུང་མ་དམིགས་པའི་ཕྱིར་མེད་དོ། །གལ་ཏེ་ཕྱི་མ་ལྟར་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་མེད་ན་ནི། །རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་ཆོས་ཅན། རྒྱུ་རྐྱེན་མ་ཡིན་པ་དང་མཚུངས་པར་འབྲས་བུ་མི་སྐྱེད་པར་འགྱུར་ཏེ། འབྲས་བུ་མེད་པར་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཁྱབ་པ་ནི་རྒྱུ་མཚན་མཚུངས་པ་དང་ལྡོག་པ་གཅིག་པའི་ཁྱབ་པ་གཞན་དང་མཚུངས་པར་སྔར་བཤད་ཟིན་ཏོ། །གཉིས་པ་ནི། སྒྲོན་མའི་འོད་ལྟར་འབྲས་བུ་དང་དུས་མཉམ་པའི་ཚོགས་པ་ལས་སྐྱེའོ་ཞེ་ན། འོག་གི་གལ་ཏེ་དེ་ལྟར་རྒྱུ་རྐྱེན་གྱི་ཚོགས་པ་དང་ལྷན་ཅིག་ཏུ། འབྲས་བུ་ཡང་ནི་སྐྱེ་བར་འགྱུར་བའི་ཕྱིར་ན་དེ་གཉིས་ཀྱི་དོན་སྐྱེད་པར་བྱེད་དང་བསྐྱེད་བྱ་གང་ཡིན་པ་དེ་དུས་གཅིག་པར་ནི་ཐལ་བར་འགྱུར་ན་དུས་མཉམ་པ་ནི་མ་གྲུབ་ན་སྐྱེད་བྱེད་དང་གྲུབ་ན་བསྐྱེད་བྱར་འགལ་བས་རྒྱུ་འབྲས་མི་རིགས་སོ། །གསུམ་པ་ནི། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་འབྲས་བུ་རྒྱུ་རྐྱེན་གྱི་ཚོགས་པའི་སྔ་རོལ་མ་འོངས་པ་ན་ཡོད་པ་ཞིག་ཚོགས་པས་ད་ལྟར་བར་བསྐྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་རྒྱུ་རྐྱེན་ཚོགས་པའི་སྔ་རོལ་དུ། འབྲས་བུའི་ངོ་བོ་སྐྱེས་པར་གྱུར་ན་ནི་མ་འོངས་པ་ན་ཡོད་པའི་འབྲས་བུ་དེ་ཆོས་ཅན། རྒྱུ་མེད་དུ་འབྱུང་བར་འགྱུར་ཏེ། རྒྱུ་དང་རྐྱེན་རྣམས་ལ་ལྟོས་པ་མེད་པའི་ཕྱིར་རོ། །གཉིས་པ་རྒྱུ་ཕྱོགས་ནས་ཚོགས་པ་ལས་སྐྱེ་བ་དགག་པ་ནི། འོག་གི་རྒྱུ་རྣམས་དང་ནི་རྐྱེན་དག་གི ཚོགས་པ་གང་ཡིན་པ་དེ་ཡིས་ནི་ཆོས་ཅན། དེ་ཁོ་ན་ཉིད་དུ་འབྲས་བུ་ཇི་ལྟར་སྐྱེད་པར་བྱེད་དེ་རང་ལ་བྱ་བྱེད་འགལ་བས་བདག་གིས་བདག་ཉིད་མི་སྐྱེད་པའི་ཕྱིར་ནམ་མཁའ་བཞིན་ནོ། །དེའི་ཁྱབ་པ་ནི་ཚོགས་པ་བདག་གིས་མ་བསྐྱེད་དེ་གཞན་ལ་ལྟོས་ན་རང་བཞིན་དུ་མི་རུང་བས་འབྲས་བུ་རང་བཞིན་བསྐྱེད་མི་ནུས་པར་སྡུག་བསྔལ་བརྟག་པར་བཤད་ཟིན་ཏོ། །གཉིས་པ་རྒྱུ་ལས་སྐྱེ་བ་དགག་པ་ལ། ཁ་ཅིག་འབྲས་བུ་དངོས་སུ་རྒྱུ་རྐྱེན་ཚོགས་པས་མི་སྐྱེད་ཀྱི་རྒྱུས་སྐྱེད་པ་ཡིན་ལ་རྐྱེན་གྱི་ཚོགས་པས་ནི་རྒྱུ་ལ་ཕན་འདོགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ་བཅུ་ལས། དང་པོ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་པ་དང་མ་བྱིན་པར་སྐྱེད་པ་དགག་པ་ནི། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་གྱི་རྒྱུ་རུ་འགྱུར་བ་ཡིན། །ཞེས་པའི་ཚུལ་གྱིས་འབྲས་བུ་སྐྱེ་བ་ལ་རྒྱུ་འགག་པ་སྔོན་དུ་འགྲོ་དགོས་པས་རྒྱུ་འབྲས་བུ་ལ་འབྲས་བུ་སྐྱེ་རུང་གི་ཆོས་བྱེད་རྒྱུ་བྱིན་ནས་འགག་གམ་མ་བྱིན་པར་འགག་གྲང་། དེ་ལ་གལ་ཏེ་སྔ་མ་ལྟར་རྒྱུས་ནི་འབྲས་བུ་ལ་བྱེད་རྒྱུ་བྱིན་ནས་ནི་འགག་པར་གྱུར་ན། འབྲས་བུ་ལ་སྐྱེར་རུང་གི་ཆོས་གང་བྱིན་པ་དང་གང་འགགས་པའི་སྟེ་རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར་བས་ཕྱེད་རྟག་ཕྱེད་མི་རྟག་པར་འགྱུར་ན། རྟག་མི་རྟག་གཉིས་རྫས་གཅིག་ལ་སྲིད་པ་ཡང་མ་ཡིན་པས་དེ་མི་རིགས་སོ། །གལ་ཏེ་ཕྱི་མ་ལྟར་རྒྱུས་ནི་འབྲས་བུ་ལ་བྱེད་རྒྱུ་མ་བྱིན་པར་བདག་ཉིད་ཐམས་ཅད་འགག་པར་གྱུར་ན། འབྲས་བུ་དེ་ནི་རྒྱུ་མེད་པར་འགྱུར་ཏེ་རྒྱུ་འགགས་ནས་ནི་སྐྱེས་པའི་ཕྱིར་ཞེས་པའོ། །གཉིས་པ་འབྲས་བུ་དང་ཐ་མི་དད་ཀྱི་རྒྱུས་སྐྱེད་པ་དགག་པ་ནི། རྒྱུ་འབྲས་རྫས་གཞན་ཡིན་ན་བརྟག་པ་དེར་འགྱུར་བ་ཞིག་ན་རྒྱུ་འབྲས་རྫས་གཞན་པ་ནི་མ་ཡིན་གྱི་རྒྱུ་ཉིད་ཀྱི་གནས་སྐབས་འགགས་ནས་འབྲས་བུའི་བདག་ཉིད་དུ་གནས་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་རྒྱུའི་གནས་སྐབས་འགགས་ནས་དེའི་རང་བཞིན་འབྲས་བུར་འབྱུང་བ་ཡིན་ན་ཟློས་གར་མཁན་ཆ་བྱད་འདོར་ལེན་བྱེད་པ་ལྟར་རྒྱུའི་རང་བཞིན་ནི་གནས་སྐབས་ཀུན་ཏུ་འཕོ་བར་འགྱུར་ལ། དེ་ལྟར་འདོད་ན་རྒྱུའི་རང་བཞིན་རྟག་པར་ཐལ་བས་དོན་བྱེད་ནུས་པའི་དངོས་པོར་མི་རུང་བ་དང་། སྔོན་སྐྱེས་ཟིན་པའི་རྒྱུ་ཡང་ནི། ཡང་སྐྱེ་བར་ནི་ཐལ་བར་འགྱུར་བས་སྐྱེ་བ་དོན་མེད་དོ། །གལ་ཏེ་སྔར་སྐྱེས་པའི་རྒྱུའི་བདག་ཉིད་དུ་མི་སྐྱེའི་སྔར་མེད་པའི་འབྲས་བུའི་བདག་ཉིད་དུ་སྐྱེ་བ་ཡིན་པས་དོན་མེད་པ་མ་ཡིན་ནོ་ཞེས་ཀྱང་བརྟག་པར་མི་ནུས་ཏེ། ཁྱོད་ལྟར་ན་རྒྱུ་འབྲས་གཉིས་རང་བཞིན་གཅིག་ཡིན་པས་དེ་གཉིས་མིང་ཐ་དད་པ་ཙམ་ཡིན་པའི་ཕྱིར་དང་། གནས་སྐབས་ཐ་དད་ན་ཡང་དེ་དང་ངོ་བོ་དབྱེར་མེད་པའི་གནས་སྐབས་ཅན་གྱི་རང་བཞིན་ཐ་མི་དད་དུ་མི་རུང་བའི་ཕྱིར་རོ། །གསུམ་པ་རྒྱུས་འབྲས་བུ་སྐྱེས་མ་སྐྱེས་མི་སྐྱེད་པ་ནི། རྒྱུས་འབྲས་བུ་སྐྱེས་པའམ་མ་སྐྱེས་པ་ཞིག་སྐྱེད། དང་པོ་ལྟར་ན། དེ་རྒྱུ་འགགས་པའམ་མ་འགགས་པ་ཞིག་གིས་སྐྱེད་གྲང་། སྔ་མ་ལྟར་ན། རྒྱུ་འགགས་པ་ནུབ་ཅིང་མེད་པར་གྱུར་པ་ཡིས། འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད་དེ་རྒྱུ་འགགས་ནས་མེད་པ་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་དང་། འབྲས་བུ་སྐྱེས་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །ཕྱི་མ་ལྟར་ན། འབྲས་བུ་སྐྱེས་པ་ད་ལྟར་བ་དང་ནི་འབྲེལ་བའི་རྒྱུ་མ་འགགས་ཤིང་གནས་པས་ཀྱང་ནི་འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད་དེ། རྒྱུ་རྣམ་པར་མ་འགྱུར་བས་རྒྱུའི་མཚན་ཉིད་འབྲས་བུ་ལ་ཕན་འདོགས་མེད་པའི་ཕྱིར་དང་། འབྲས་བུ་སྐྱེས་པ་སྔར་ལྟར་སྐྱེ་བ་དོན་མེད་པའི་ཕྱིར་རོ། །བརྟག་པ་གཉིས་པ་ལྟར་ན། ཇི་སྟེ་འབྲས་བུ་མ་སྐྱེས་པས་རྒྱུ་འབྲས་མ་འབྲེལ་བའི་ཕྱིར་ན་རྒྱུས་ནི་འབྲས་བུ་གང་ཞིག་སྐྱེད་པར་བྱེད་དེ་གཏན་སྐྱེད་པར་མི་བྱེད་པའམ། ཡང་ན་མ་འབྲེལ་བར་ཁྱད་པར་མེད་པ་ཐམས་ཅད་བསྐྱེད་པར་འགྱུར་རོ། །བཞི་པ་རྒྱུས་འབྲས་བུ་མཐོང་མ་མཐོང་མི་སྐྱེད་པ་ནི། ཡང་རྒྱུས་འབྲས་བུ་མཐོང་ནས་སམ་མ་མཐོང་བར་སྐྱེད་གྲང་། སྔ་མ་ལྟར་རྒྱུས་ནི་འབྲས་བུ་མཐོང་ནས་སྐྱེད་པར་མི་བྱེད་དེ། འབྲས་བུ་མེད་ན་མཐོང་བར་མི་ནུས་ལ་ཡོད་ན་སྐྱེ་བ་དོན་མེད་པའི་ཕྱིར་རོ། །ཕྱི་མ་ལྟར་རྒྱུས་ནི་འབྲས་བུ་མ་མཐོང་བ་སྐྱེད་པར་མི་བྱེད་དེ་གང་མ་མཐོང་བ་ཐམས་ཅད་སྐྱེད་པར་འགྱུར་བས་ཧ་ཅང་ཐལ་བའི་ཕྱིར་རོ། །ལྔ་པ་རྒྱུས་འབྲས་བུ་ཕྲད་མ་ཕྲད་མི་སྐྱེད་པ་ནི། གཞན་ཡང་རྒྱུས་འབྲས་བུ་ཕྲད་ནས་སམ་མ་ཕྲད་པར་སྐྱེད་གྲང་། དང་པོ་ལྟར་ན་ཕྲད་པ་ཉིད་མེད་པ་དང་། ཡོད་ཀྱང་སྐྱེད་པར་མི་རུང་བ་གཉིས་ལས། དང་པོ་ནི། རྒྱུ་འབྲས་གཉིས་ལ་ཕྲད་པ་ཡོད་ན་བསྐྱེད་བྱ་སྐྱེད་བྱེད་དུ་རུང་བ་ཞིག་ན་དེ་མེད་དེ་འབྲས་བུའི་དུས་གསུམ་རེ་རེ་ཞིང་རྒྱུའི་དུས་གསུམ་དང་ཕྲད་པར་མི་རུང་བའི་ཕྱིར་རོ། །འདི་ལ་གསུམ་ལས། འབྲས་བུ་འདས་པ་རྒྱུའི་དུས་གསུམ་དང་ཕྲད་པར་མི་རུང་བ་ནི། འབྲས་བུ་འདས་པ་རྒྱུ་འདས་པ་དང་རྒྱུ་མ་སྐྱེས་པ་དང་རྒྱུ་སྐྱེས་པ་ད་ལྟར་བ་དང་། ལྷན་ཅིག་ཕྲད་པར་འགྱུར་བ་ནི། ནམ་ཡང་ཡོད་པ་མ་ཡིན་ཏེ། རིམ་པ་ལྟར་གཉི་ག་འདས་ནས་མེད་པའི་ཕྱིར་དང་། འབྲས་བུ་འདས་ཤིང་རྒྱུ་མ་སྐྱེས་པས་ན་མེད་པས་དང་། དེ་གཉིས་དུས་མི་མཚུངས་པའི་ཕྱིར་དང་། འབྲས་བུ་མེད་པས་དང་། དུས་མི་མཚུངས་པའི་ཕྱིར་རོ། །གཉིས་པ་འབྲས་བུ་ད་ལྟར་བ་རྒྱུའི་དུས་གསུམ་དང་ཕྲད་པར་མི་རུང་བ་ནི། འབྲས་བུ་སྐྱེས་པ་ད་ལྟར་བ་རྒྱུ་མ་སྐྱེས་པ་དང་། འདས་པ་དང་ནི་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ཏེ། །རིམ་པ་ལྟར་དུས་མི་མཚུངས་ཤིང་རྒྱུ་མ་སྐྱེས་པས་མེད་པའི་ཕྱིར་དང་། དུས་མི་མཚུངས་ཤིང་རྒྱུ་འདས་པས་མེད་པའི་ཕྱིར་དང་། དུས་མཉམ་པ་རྒྱུ་འབྲས་སུ་མི་རུང་ཞིང་ཕྲད་ཅིང་ལྟོས་པ་དོན་མེད་པའི་ཕྱིར་རོ། །གསུམ་པ་འབྲས་བུ་མ་འོངས་པ་རྒྱུའི་དུས་གསུམ་དང་འཕྲད་པར་མི་རུང་བ་ནི། འབྲས་བུ་མ་སྐྱེས་པ་རྒྱུ་སྐྱེས་པ་དང་། མ་སྐྱེས་པ་དང་འདས་པ་དང་། ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ཏེ། །རིམ་པ་ལྟར་དུས་མི་མཚུངས་ཤིང་། འབྲས་བུ་མ་སྐྱེས་པས་མེད་པའི་ཕྱིར་དང་། གཉི་ག་མ་སྐྱེས་ནས་མེད་པའི་ཕྱིར་དང་། དུས་མི་མཚུངས་ཤིང་གཉི་ག་མེད་པའི་ཕྱིར་རོ། །གཉིས་པ་ནི། འོག་གི་དེ་ལྟར་དཔྱད་ན་མེད་མོད་ཀྱི་ཇི་ཞིག་ལྟར་ཕྲད་པ་ཡོད་པ་ཡིན་ན་ཡང་། རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད་དེ་དུས་མཉམ་པ་ལ་བསྐྱེད་བྱ་སྐྱེད་བྱེད་མི་འཐད་པའི་ཕྱིར་རོ། །བརྟག་པ་གཉིས་པ་ལྟར་ཕྲད་པ་ཡོད་པ་མ་ཡིན་ན། རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད་དེ་མ་ཕྲད་པ་ཐམས་ཅད་སྐྱེད་པར་འགྱུར་བ་དང་། རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །དྲུག་པ་འབྲས་བུས་སྟོང་མི་སྟོང་གི་རྒྱུས་མི་སྐྱེད་པ་ནི། འབྲས་བུས་སྟོང་པའམ་མི་སྟོང་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་གྲང་། དེ་ལ་གལ་ཏེ་འབྲས་བུས་སྟོང་པའི་རྒྱུས་ཇི་ལྟར་འབྲས་བུ་སྐྱེད་པར་བྱེད་དེ་རྒྱུ་མ་ཡིན་པ་ལྟར་འབྲས་བུ་རང་ལ་མེད་པ་སྐྱེད་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་འབྲས་བུས་མི་སྟོང་པའི་རྒྱུས་ཇི་ལྟར་འབྲས་བུ་སྐྱེད་པར་བྱེད་དེ་མཁར་གཞོང་ན་ཡོད་པའི་རྒྱ་ཤུག་ལྟར་རང་ལ་ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །བདུན་པ་འབྲས་བུ་ཉིད་སྟོང་མི་སྟོང་མི་སྐྱེ་བ་ནི། འབྲས་བུ་དེ་ཡང་རང་བཞིན་གྱིས་སྟོང་པའམ་མི་སྟོང་པ་ཞིག་སྐྱེ། སྔ་མ་ལྟར་ན་འབྲས་བུ་རང་བཞིན་གྱིས་སྟོང་པ་ཡང་དག་པར་ཇི་ལྟར་སྐྱེ་བར་འགྱུར་ཞིང་། སྟོང་པ་ཡང་དག་པར་ཇི་ལྟར་འགག་པར་འགྱུར་ཏེ་རྟེན་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །འོན་ཀྱང་འབྲས་བུ་རང་བཞིན་སྟོང་པ་དེ་ཡང་རྟེན་མེད་པས་ཡང་དག་པར་མ་འགགས་པ་དང་མ་སྐྱེས་པར་ཡང་ཐལ་བར་འགྱུར་བ་ཡིན་ནོ། །མདོར་ན་སྟོང་པའི་ཆོས་རྣམས་ལས། །སྟོང་པ་ཁོ་ན་སྐྱེ་བར་འགྱུར། །ཞེས་དང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་པ་ནི་རང་བཞིན་སྟོང་པ་ལ་ཐ་སྙད་དུ་སྐྱེ་འགག་རུང་བར་བཤད་པ་ཡིན་པས་མི་འགལ་ལོ། །ཕྱི་མ་ལྟར་ན། རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བ་རིགས་པ་མ་ཡིན་ནོ། །ཞེས་དང་། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་སྔར་བཤད་ཟིན་པས་འབྲས་བུ་མི་སྟོང་པ་རང་བཞིན་དུ་ཡོད་པ་སྐྱེ་བར་མི་འགྱུར་ཞིང་། མི་སྟོང་པ་རང་བཞིན་དུ་ཡོད་པ་འགག་པར་མི་འགྱུར་རོ། །འོ་ན་ཅིར་འགྱུར་ཞེ་ན། རང་བཞིན་ཡོད་པའི་མི་སྟོང་དེ་ནི་མ་འགགས་པ་དང་རྒྱུ་ལས་མ་སྐྱེས་པར་ཡང་འགྱུར་བ་ཡིན་ནོ། །བརྒྱད་པ་དེ་ཉིད་དང་གཞན་པའི་རྒྱུས་མི་བསྐྱེད་པ་ནི། གཞན་ཡང་འབྲས་བུ་ལས་ངོ་བོ་ཐ་དད་པའམ་ཐ་མི་དད་པའི་རྒྱུས་དེ་སྐྱེད་གྲང་། དེ་ལ་ཕྱི་མ་ལྟར་རྒྱུ་དང་འབྲས་བུ་ངོ་བོ་གཅིག་ཉིད་དུ། ནམ་ཡང་འཐད་པར་མི་འགྱུར་རོ། །སྔ་མ་ལྟར་རྒྱུ་དང་འབྲས་བུ་ངོ་བོ་གཞན་ཉིད་དུ། ནམ་ཡང་འཐད་པར་མི་འགྱུར་རོ་ཞེས་པ་རྣལ་མའི་དམ་བཅའོ། །དེའི་འཐད་པ་ནི་དེ་ལྟ་མ་ཡིན་ཏེ་རྒྱུ་དང་འབྲས་བུའི་ཐ་སྙད་རྫས་གཅིག་ཉིད་ཡིན་པའི་ཕྱིར་ན་དེ་དག་གི་དོན་བསྐྱེད་བྱ་སྐྱེད་བྱེད་རྫས་གཅིག་ཏུ་འགྱུར་ན། འདོད་པ་མ་ཡིན་ཏེ་རང་ལ་བྱ་བྱེད་འགལ་བའི་ཕྱིར་དང་། ཕ་དང་བུའམ་མིག་དང་མིག་གི་རྣམ་ཤེས་ལ་སོགས་པ་ཡང་ངོ་བོ་གཅིག་ཏུ་ཐལ་བའི་ཕྱིར་རོ། །ཡང་རྒྱུ་དང་འབྲས་བུ་རྫས་གཞན་ཉིད་ཡིན་པའི་ཕྱིར་ན་རྒྱུས་འབྲས་བུ་སྐྱེད་པ་ལྟར་རྒྱུ་མིན་གྱིས་ཀྱང་སྐྱེད་པའང་རྒྱུ་མིན་གྱིས་མི་སྐྱེད་པ་ལྟར་རྒྱུས་ཀྱང་མི་སྐྱེད་པར་མཚུངས་པར་འགྱུར་ཏེ་གཞན་ཙམ་དུ་ལྡོག་པ་གཅིག་པ་ལ་ཡང་དག་པར་སྐྱེད་མི་སྐྱེད་ཀྱི་ཁྱད་པར་མི་འཐད་པར་བཤད་ཟིན་པའི་ཕྱིར་རོ། །དགུ་པ་འབྲས་བུ་ངོ་བོ་ཉིད་ཡོད་པ་དང་མེད་པ་མི་སྐྱེད་པ་ནི། ཡང་རྒྱུས་འབྲས་བུ་རང་བཞིན་དུ་སྐྱེད་ན་ངོ་བོ་ཉིད་ཡོད་པའམ་མེད་པ་ཞིག་སྐྱེད་གྲང་། དེ་ལ་འབྲས་བུ་ངོ་བོ་ཉིད་ཡོད་ན། རྒྱུས་ནི་ཅི་ཞིག་སྐྱེད་པར་འགྱུར་ཏེ་དོན་མེད་པ་དང་། རྒྱུས་བསྐྱེད་པ་རང་བཞིན་དུ་མི་རུང་བར་བཤད་ཟིན་པའི་ཕྱིར་རོ། །འབྲས་བུ་ངོ་བོ་ཉིད་མེད་ན་དེ་ཁོ་ན་ཉིད་དུ་རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར་ཏེ་བསྐྱེད་བྱའི་རྟེན་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །གལ་ཏེ་གཟུགས་བརྙན་རང་བཞིན་མེད་ཀྱང་རྒྱུས་བསྐྱེད་པས་མ་ངེས་སོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ་དེ་ཁོ་ན་ཉིད་དུ་རྒྱུས་བསྐྱེད་པར་མ་གྲུབ་པ་མཐུན་ཕྱོགས་ཉིད་ཡིན་པའི་ཕྱིར་དང་། ངོ་བོ་ཉིད་མེད་པ་ཐ་སྙད་དུ་རྒྱུས་བསྐྱེད་པ་མ་བཀག་པའི་ཕྱིར་རོ། །བཅུ་པ་དེ་དག་བཀག་པས་རྒྱུ་འབྲས་རང་བཞིན་མེད་པར་གྲུབ་པའི་དོན་བསྡུ་བ་ནི། དེའི་ཕྱིར་དེ་ལྟ་ན་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ན། རྒྱུ་ཉིད་འཐད་པར་མི་འགྱུར་ཏེ་རྒྱུའི་རྣམ་འཇོག་གི་རྒྱུ་འབྲས་བུ་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །གལ་ཏེ་རྒྱུ་མེད་མོད་ཀྱི་འབྲས་བུ་ཡོད་དོ་ཞེས་ཀྱང་བསམ་པར་མི་རིགས་ཏེ། སྔར་བཤད་པའི་ཚུལ་གྱིས་རྒྱུ་ཉིད་འཐད་པ་ཡོད་མིན་ན། འབྲས་བུ་དེ་རྒྱུ་གང་གི་འབྲས་བུ་ཡིན་པར་འགྱུར་ཏེ། འབྲས་བུའི་ངོ་བོ་དང་ཐ་སྙད་རྣམ་འཇོག་གཉི་ག་རྒྱུ་ལ་ལྟོས་པས་རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པར་དགོངས་པའོ། །གསུམ་པ་དེ་དག་གི་དོན་བསྡུ་བ་ནི། འོག་གི་དེ་ལྟར་ཚོགས་པ་སྔ་ཕྱི་ལྷན་ཅིག་གིས་མི་སྐྱེད་པ་དང་ཚོགས་པ་རང་མི་སྐྱེད་པས་འབྲས་བུ་མི་སྐྱེད་པ་དེའི་ཕྱིར་རྒྱུ་རྐྱེན་ཚོགས་པས་བྱས་པའི་འབྲས་བུ་མེད་ལ་སྔར་བཀག་པ་དེའི་ཕྱིར་རྒྱུ་རྐྱེན་ཚོགས་པ་མིན་པ་རྒྱུ་ཙམ་གྱིས་བྱས་པའི་འབྲས་བུ་ཡང་མེད་པས་འབྲས་བུ་མ་གྲུབ་ལ། དེ་མེད་ཀྱང་རྒྱུ་ཡོད་དོ་སྙམ་ན་དེ་ལྟར་འབྲས་བུ་ཡོད་པ་མ་ཡིན་པའི་ཕྱིར་ན། རྐྱེན་གྱི་ཚོགས་པ་དང་རྒྱུ་ཉིད་ག་ལ་ཡོད་དེ་དེ་དག་གི་རྣམ་འཇོག་གི་རྒྱུ་མེད་པའི་ཕྱིར་རོ་ཞེས་པའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། ཚོགས་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་པའི་རྣམ་པར་བཤད་པའོ།།  །།གཉིས་པ་དུས་འབྱུང་འཇིག་གཉིས་ཀྱི་རྒྱུར་འདོད་པ་དགག་པ་འབྱུང་འཇིག་བརྟག་པ་ལ་ཡང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། གཟུགས་འབྱུང་བ་དང་འཇིག་པར་ཡང་དག་པར་རྗེས་སུ་མི་མཐོང་། ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཆོས་གང་འབྱུང་བ་མེད་ཅིང་འཇིག་པ་མེད། །འཆི་འཕོ་མེད་ཅིང་རྒ་བར་མི་འགྱུར་བ། །མི་ཡི་སེང་གེ་དེས་ནི་དེ་བསྟན་ཅིང་། །སྲོག་ཆགས་བརྒྱ་ཕྲག་དག་ནི་དེ་ལ་བཀོད། །ཅེས་པ་ལ་སོགས་པ་འབྱུང་འཇིག་ཡང་དག་པར་མེད་པར་གསུངས་པའི་དོན་རིགས་པས་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། གཞན་གྱི་སྡེ་པ་དག་དེ་ལྟར་དུས་བཀག་ཀྱང་རང་བཞིན་དུ་ཡོད་དེ་ཕྱི་ནང་གི་འབྲས་བུ་འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར་རྐྱེན་གྱི་ཚོགས་པ་གཞན་ཡོད་ཀྱང་དུས་ཀྱི་ཁྱད་པར་འགའ་ཞིག་མི་ཉེ་བར་འབྱུང་བ་དང་འཇིག་པར་མ་དམིགས་ལ་མེད་པ་བོང་བུའི་རྭ་ལྟར་འབྱུང་འཇིག་གི་རྒྱུར་མི་རུང་ངོ་ཞེས་དངོས་པོ་ལས་ཐ་དད་པའི་དུས་རྫས་ཡོད་རྟག་པ་འབྱུང་འཇིག་གི་རྒྱུར་སྨྲའོ། །དེ་ལ་འབྱུང་འཇིག་ཉིད་རང་བཞིན་དུ་མེད་པས་དུས་དེ་དག་གི་རྒྱུར་མ་གྲུབ་ཅེས་བསྟན་པའི་ཕྱིར་འདི་བཀོད་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང་། སྒྲུབ་བྱེད་དགག་པའོ། །དང་པོ་ལ་ལྷན་ཅིག་ཡིན་མ་ཡིན་དཔྱད་པས་དགག་པ་དང་། ཟད་མ་ཟད་ལ་དགག་པ་དང་། རྟེན་མེད་པས་དགག་པ་དང་། སྟོང་མི་སྟོང་ལ་དགག་པ་དང་། གཅིག་དང་ཐ་དད་དུ་དཔྱད་པས་དགག་པ་ལྔ་ལས། དང་པོ་ལ་གསུམ་སྟེ། དམ་བཅའ་བརྗོད་པ་དང་། འཐད་པ་དགོད་པ་དང་། དོན་བསྡུ་བའོ། །དང་པོ་ནི། འབྱུང་འཇིག་རང་བཞིན་དུ་ཡོད་ན་ཕན་ཚུན་མེད་པར་རམ། ལྷན་ཅིག་ཏུ་ཡོད་པར་འགྱུར་བ་ཞིག་ན་རྣམ་པར་དཔྱད་ན་འཇིག་པ་འབྱུང་བ་མེད་པར་ཐལ། འབྱུང་བ་དང་ལྷན་ཅིག་ཡོད་པ་ཉིད་མ་ཡིན་ལ། འབྱུང་བ་ཡང་འཇིག་པ་མེད་པར་ཐལ། འཇིག་པ་དང་ལྷན་ཅིག་ཡོད་པ་མ་ཡིན་ནོ་ཞེས་པའོ། །གཉིས་པ་ལ་རེ་ཞིག་འཇིག་པ་འབྱུང་བ་མེད་པར་འདོད་པ་དགག་པ་ནི། འཇིག་པ་འབྱུང་བ་མེད་པར་ནི། ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ། གལ་ཏེ་ཡོད་ན་དེ་གཉིས་ཀྱི་དོན་ནམ། ཡང་ན་འབྱུང་འཇིག་བྱེ་བྲག་ནང་སེམས་ཅན་གྱི་སྐྱེ་བ་མེད་པར་འཆི་བར་འགྱུར་ན། འདོད་པ་མ་ཡིན་ཏེ་དེ་ལྟར་མ་མཐོང་ཞིང་རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་འཇིག་པ་འབྱུང་བ་མེད་པར་མེད་དོ་ཞེས་པ་ཐལ་བ་ལས་བཟློག་པའི་དོན་བསྡུ་པའོ། །འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་འདོད་པ་དགག་པ་ནི། འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ། ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། གལ་ཏེ་ཡོད་ན་དངོས་པོ་གཅིག་ལ་འཆི་བ་སྐྱེ་བ་དང་དུས་གཅིག་ཏུ་ཡོད་པར་འགྱུར་ན། དེ་ལྟར་ཡོད་པ་ཉིད་ནི་མ་ཡིན་ཏེ་སྣང་མུན་ལྟར་བྱ་བ་འགལ་བའི་ཕྱིར་རོ། །ད་ནི་འབྱུང་བ་འཇིག་པ་མེད་པར་འདོད་པ་དགག་པ་ནི། འབྱུང་བ་ཆོས་ཅན། འཇིག་པ་མེད་པར་ནི་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། དངོས་པོ་ཡིན་པའི་ཕྱིར། གློག་བཞིན་ནོ། །དེའི་ཁྱབ་པ་ནི་དངོས་པོ་རྣམས་ལ་མི་རྟག་པ་ཉིད་དུས་ནམ་ཡང་མེད་པ་མ་ཡིན་ཏེ་དང་པོ་ནས་དུས་གཉིས་པར་མི་སྡོད་པའི་རང་བཞིན་མ་ཡིན་ན་གཉིས་སྡོད་ཀྱི་རང་བཞིན་ཐུག་མེད་དུ་འགྱུར་བས་རྒྱུན་གྱི་མཐར་ཡང་འཇིག་པར་མི་འགྱུར་བ་ལས་མཐར་འཇིག་པར་མཐོང་བའི་ཕྱིར་རོ་ཞེས་པའམ། རྟག་པ་འགྱུར་བ་མེད་པ་ལ་རིམ་དང་གཅིག་ཅར་གྱིས་དོན་བྱེད་པར་མི་རུང་བའི་ཕྱིར་རོ། །འབྱུང་བ་འཇིག་པ་དང་ལྷན་ཅིག་ཏུ་འདོད་པ་དགག་པ་ནི། འབྱུང་བ་ནི་འཇིག་པ་དང་ལྷན་ཅིག་ཏུ། ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ་གལ་ཏེ་ཡོད་ན་གང་ཟག་གཅིག་གི་སྐྱེ་བ་འཆི་བ་དང་དུས་གཅིག་ཏུ་ཡོད་པར་འགྱུར་ན། དེ་ལྟར་ཡོད་པ་ཉིད་ནི་མ་ཡིན་ཏེ་སྣང་མུན་ལྟར་དེ་གཉིས་བྱ་བ་འགལ་བའི་ཕྱིར་རོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་འབྱུང་འཇིག་གང་དག་ཕན་ཚུན་ལྷན་ཅིག་གམ། ཕན་ཚུན་ལྷན་ཅིག་མ་ཡིན་པར་གྲུབ་པ་ཡོད་པ་མ་ཡིན་པ། དེ་དག་རི་བོང་གི་རྭ་གཡས་གཡོན་ལྟར་རང་བཞིན་དུ་གྲུབ་པ་ཇི་ལྟར་ཡོད་དེ་དེ་གཉིས་དངོས་འགལ་ཡིན་པའི་ཕྱིར་རོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཡོད་དོ་སྙམ་ན། དངོས་འགལ་གཉི་གར་བརྗོད་དུ་མེད་པ་ཉིད་ཀྱིས་རང་བཞིན་མེད་པ་ཉིད་དུ་གྲུབ་བོ། །གཉིས་པ་ནི། གཞན་ཡང་འབྱུང་འཇིག་དེ་དག་ཡོད་ན་དངོས་པོ་ཟད་པའམ་ཟད་པ་ཞིག་ལ་རྟོག དེ་ལ་དངོས་པོ་སྔར་ཡོད་ཟད་པ་ལ་འབྱུང་བ་ཡོད་པ་མ་ཡིན་ཏེ་དེ་དང་འགལ་བའི་ཆོས་ཡོད་པས་སམ་རྟེན་མེད་པའི་ཕྱིར་རོ། །ཟད་པ་མེད་དགག་དང་མ་ཡིན་དགག་གི་མ་ཟད་པ་ལ་ཡང་འབྱུང་བ་མེད་དེ་རིམ་པ་ལྟར་བོང་བུའི་རྭ་ལྟར་ངོ་བོ་མེད་པ་དང་གྲུབ་ཟིན་པའི་ཕྱིར་རོ། །དེ་བཞིན་ཏུ་སྔར་ཡོད་ཟད་པ་ལ་འཇིག་པ་ཡོད་པ་མ་ཡིན་ཏེ་ཞིག་ཟིན་པ་དང་རྟེན་མེད་པའི་ཕྱིར་རོ། །ཟད་པ་མེད་དགག་དང་མ་ཡིན་དགག་གི་མ་ཟད་པ་ལའང་འཇིག་པ་མེད་དེ་རིམ་པ་ལྟར་ངོ་བོ་མེད་པ་དང་། འཇིག་པར་འགལ་བའི་ཕྱིར་རོ། །གསུམ་པ་ནི། རྟེན་དངོས་པོ་ཡོད་པ་མ་ཡིན་པར་དེའི་ཆོས་འབྱུང་བ་དང་འཇིག་པ་ཡོད་པ་མ་ཡིན་ཏེ་སྦལ་པའི་རལ་པ་བཞིན་ནོ། །དངོས་པོ་ཇི་ལྟར་མེད་ཅེ་ན། སྔར་བཀག་པས་འབྱུང་དང་འཇིག་པ་མེད་པར་ནི་དེའི་མཚན་གཞིའམ་ཁྱབ་བྱ་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་པའོ། །འགྲེལ་པས་འབྱུང་འཇིག་ནི་ཡོད་པ་ཉིད་དེ་དེ་དག་གི་རྟེན་དངོས་པོ་ཡོད་པའི་ཕྱིར་རོ་ཞེས་རྒོལ་བ་བཀོད་ནས། དེའི་རྟགས་མ་གྲུབ་པར་འཆད་དོ། །བཞི་པ་ནི། ཡང་འབྱུང་འཇིག་དེ་དག་རང་བཞིན་གྱིས་སྟོང་པའམ་མི་སྟོང་པ་ཞིག་ལ་ཡོད་གྲང་། སྔ་མ་ལྟར་རང་བཞིན་གྱིས་སྟོང་པ་ལ་དེ་ཁོ་ནར་འབྱུང་བ་དང་འཇིག་པ་དག་ནི་འཐད་པ་ཉིད་ནི་མ་ཡིན་ཏེ་རྟེན་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །ཕྱི་མ་ལྟར་རང་བཞིན་གྱིས་མི་སྟོང་པ་ལའང་འབྱུང་འཇིག་དག་འཐད་པ་ཉིད་མ་ཡིན་ཏེ། རང་བཞིན་གྱིས་མི་སྟོང་པ་རྒྱུ་རྐྱེན་གྱིས་བཅོས་མ་དང་གཞན་དུ་འགྱུར་བ་མི་འཐད་པར་བཤད་ཟིན་པའི་ཕྱིར་རོ། །ལྔ་པ་ནི། ཡང་འབྱུང་འཇིག་དེ་དག་ཡོད་ན་ངོ་བོ་གཅིག་པའམ་གཞན་དུ་ཡོད། དེ་ལ་འབྱུང་བ་དང་ནི་འཇིག་པ་དག་ངོ་བོ་གཅིག་པ་ཉིད་དུ་མི་འཐད་དེ། སྣང་མུན་ལྟར་ཕན་ཚུན་འགལ་བའི་ཕྱིར་རོ། །འབྱུང་བ་དང་ནི་འཇིག་པ་དག་ངོ་བོ་གཞན་པ་ཉིད་དུ་ཡང་མི་འཐད་དེ་གཞན་ཡིན་ན་འབྱུང་བ་རྟག་པ་དང་། འཇིག་པ་རྒྱུ་མེད་དུ་འགྱུར་བ་དང་། གཉི་ག་ཕན་ཚུན་མི་འཁྲུལ་བས་ལྟོས་བཅས་ཡིན་པའི་ཕྱིར་རོ། །སྒྲུབ་བྱེད་དགག་པ་ལ་གཉིས་ལས། རེ་ཞིག་མངོན་སུམ་དགག་པ་ནི། དེ་ལྟར་ཞིབ་མོར་དཔྱད་པས་ཅི་ཞིག་བྱ་སྟེ། འབྱུང་བ་དང་ནི་འཇིག་པ་དག་བ་ལང་རྫི་ཡན་ཆད་ཀྱི་མངོན་སུམ་གྱིས་མཐོང་བས་རང་བཞིན་དུ་ཡོད་དོ་སྙམ་དུ་ཁྱོད་སེམས་ན། བ་ལང་རྫི་ཡན་ཆད་ཀྱིས་འབྱུང་བ་དང་ནི་འཇིག་པ་དག་མཐོང་བ་དེ་ནི་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་མཐོང་བ་ལྟར་དངོས་པོར་བདེན་པར་མེད་བཞིན་དུ་གཏི་མུག་ཉིད་ཀྱིས་འཁྲུལ་ནས་མཐོང་བ་ཡིན་པས་དེས་བདེན་པར་མི་འགྲུབ་བོ། །གཉིས་པ་རྗེས་དཔག་དགག་པ་ནི། གལ་ཏེ་འབྱུང་འཇིག་གཉིས་ནི་ཡོད་དེ་དེའི་རྟེན་དངོས་པོ་ཡོད་པའི་ཕྱིར་རོ་ཞེ་ན། སྒྲུབ་བྱེད་དངོས་པོ་ཉིད་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པར་འཆད་པ་ལ་སྐྱེ་བ་མེད་པས་དགག་པ་དང་། ཧ་ཅང་ཐལ་བས་དགག་པ་གཉིས་ལས། དང་པོ་ལ་རེ་ཞིག་དངོས་པོ་ཡོད་མེད་ལས་མི་སྐྱེ་བ་ནི། དངོས་པོ་རང་བཞིན་དུ་ཡོད་ན་དེ་དངོས་པོའམ་དངོས་མེད་ལས་སྐྱེ། དེ་ལ་དངོས་པོ་དངོས་པོ་ལས་མི་སྐྱེ་སྟེ་རྒྱུ་རྣམ་པར་མ་འགྱུར་བའི་དུས་མཉམ་པ་ལ་འབྲས་བུ་ལ་ཕན་འདོགས་མེད་པ་དང་འབྲས་བུ་དངོས་པོར་ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དངོས་པོ་དངོས་མེད་ལས་མི་སྐྱེ་སྟེ་དེ་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །དེ་བཞིན་ཏུ་དངོས་མེད་འགའ་ཞིག་ཡོད་ན་དངོས་མེད་དམ་དངོས་པོ་ལས་སྐྱེ། དེ་ལ་དངོས་མེད་ནི་དངོས་མེད་ལས་མི་སྐྱེ་སྟེ་འབྲས་བུ་དངོས་མེད་ལ་ཁྱད་པར་བྱར་མེད་པའི་ཕྱིར་དང་། རྒྱུ་དངོས་མེད་ལ་ནུས་པ་མེད་པའི་ཕྱིར་རོ། །དངོས་མེད་ནི་དངོས་པོ་ལས་མི་སྐྱེ་སྟེ་འགལ་བའི་ཕྱིར་རོ། །འགལ་ཡང་འབྱུང་ན་སྒྲོན་མ་ལས་ཀྱང་མུན་པ་འབྱུང་བར་འགྱུར་རོ། །ཡང་ན་བྷ་བའི་སྒྲ་འབྱུང་བ་ལ་འཇུག་པས་འབྱུང་བ་དངོས་པོ་དངོས་མེད་ལས་དང་། འཇིག་པ་དངོས་པོ་དངོས་མེད་ལས་མི་སྐྱེ་བས་འབྱུང་འཇིག་མེད་དེ་ཞེས་པའོ། །གཉིས་པ་བདག་དང་གཞན་ལས་མི་སྐྱེ་བ་ནི། རང་མ་གྲུབ་ན་སྐྱེད་བྱེད་དང་གྲུབ་ན་བསྐྱེད་བྱར་འགལ་བས་དངོས་པོ་བདག་ལས་མི་སྐྱེ་སྟེ། གཞན་འགགས་པ་དང་མ་འགགས་པ་ལས་སྐྱེད་པར་མི་རུང་བས་གཞན་ལས་སྐྱེ་བ་ཉིད་མ་ཡིན་ལ། སོ་སོ་ལས་མི་སྐྱེ་བས་བདག་དང་གཞན་གཉི་ག་ལས་སྐྱེ་བ་ནི་ཡོད་པ་མིན་ན་ཇི་ལྟར་སྐྱེ་བར་འགྱུར་ཏེ་རྒྱུ་མེད་པར་སྐྱེ་བ་ཤིན་ཏུའང་མི་འཐད་པས་སྙམ་དུ་དགོངས་པའོ། །གཉིས་པ་ལ་ཧ་ཅང་ཐལ་བ་བརྗོད་པ་དང་། ཉེས་སྤོང་གི་ལན་དགག་པ་གཉིས་ལས། དང་པོ་ནི། ཡང་གལ་ཏེ་རང་གི་སྡེ་པ་དག་གིས་དངོས་པོ་ཡོད་པར་ཁས་བླངས་ན་ཐུབ་པའི་བཀའ་དང་འགལ་ཞིང་ཉེས་པ་ཀུན་གྱི་འབྱུང་གནས་རྟག་པར་དང་ཆད་པར་ལྟ་བར་ནི་ཐལ་བར་འགྱུར་ཏེ་དངོས་པོ་དེ་ནི་དུས་གཉིས་པར་མི་འཇིག་ན་རྟག་པ་དང་འཇིག་པའི་མི་རྟག་ན་ཆད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་ཉེས་སྤོང་གི་ལན་ནི། དེ་ལ་གལ་ཏེ་དངོས་པོ་ཡོད་པར་ཁས་བླངས་ཀྱང་ཆད་པར་མི་འགྱུར་ཞིང་རྟག་པར་མི་འགྱུར་ཏེ། གང་གི་ཕྱིར་རྒྱུ་སྔ་མ་སྔ་མ་འཇིག་ཅིང་འབྲས་བུ་ཕྱི་མ་ཕྱི་མ་བར་མ་ཆད་དུ་འབྱུང་བའི་རྒྱུན་དེ་སྲིད་པའམ་འཁོར་བ་ཡིན་ཕྱིར་རིམ་པ་ལྟར་རྟག་ཆད་ཀྱི་ཉེས་པར་མི་འགྱུར་རོ་ཞེ་ན། དེ་དགག་པ་ལ་རྒྱུན་ཁས་བླངས་ཀྱང་རྟག་ཆད་ཀྱི་ཉེས་པར་ཐལ་བ་དང་། རྒྱུན་ཉིད་མ་གྲུབ་པས་རྟག་ཆད་ཀྱི་ཉེས་པ་ལས་མི་འདའ་བ་གཉིས་ལས། དང་པོ་ལ་རྟག་པར་ཐལ་བ་ནི། འོག་གི་གལ་ཏེ་རྒྱུའི་དངོས་པོ་ངོ་བོ་ཉིད་དུ་ཡོད་ན་དེ་འཇིག་ཅིང་དངོས་མེད་དུ་འགྱུར་བ་མི་རིགས་པས་རྟག་པར་འགྱུར་རོ་ཞེས་པའོ། །ཆད་པར་ཐལ་བ་ལ་སྲིད་པ་དང་ཞི་བའི་ཚེ་རིམ་པར་རྒྱུའི་རྫས་དང་འབྲས་བུའི་རྒྱུན་ཆད་པར་ཐལ་བ་གཉིས་ལས། དང་པོ་ནི། གལ་ཏེ་རྒྱུ་འཇིག་པ་དང་འབྲས་བུ་བར་མ་ཆད་དུ་འབྱུང་བའི་རྒྱུན་དེ་སྲིད་པ་ཡིན་པར་གྱུར་ན་ཡང་རྒྱུའི་རྫས་ནི་ཆད་པར་ཐལ་བར་འགྱུར་ཏེ་རྒྱུའི་རྫས་འཇིག་པ་ལ་སླར་ཡང་སྐྱེ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་དེ་མྱ་ངན་ལས་འདས་པའི་དུས་ན་ངེས་པར་ཆད་པར་འགྱུར་ཏེ་ཁྱོད་ཀྱི་ཆད་པར་མི་འགྱུར་བའི་རྒྱུ་མཚན་སྔར་གྱི་སྲིད་པའི་རྒྱུན་དེ་དེའི་ཚེ་རབ་ཏུ་ཞི་བའི་ཕྱིར་རོ། །གལ་ཏེ་དབུ་མ་པ་ཁྱོད་ལ་ཉེས་པ་དེ་དག་ཏུ་ཇི་ལྟར་མི་འགྱུར་ཞེ་ན། དོན་དམ་པར་མ་སྐྱེས་པས་དང་། ཀུན་རྫོབ་ཏུ་རྒྱུ་འབྲས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་དང་། ཀུན་རྫོབ་ཏུ་རྒྱུ་རྐྱེན་གྱིས་བཅོས་མ་རྒྱུ་ལོག་པས་ཞི་བ་ལ་ཆད་པའི་སྒྲ་མི་འཇུག་པས་བདེན་པ་གཉི་གར་ཡང་རྟག་ཆད་ཀྱི་ཉེས་པ་མེད་པར་ཤེས་པར་བྱའོ། །གཉིས་པ་ནི། གལ་ཏེ་སྲིད་པའི་རྒྱུན་རང་བཞིན་དུ་ཡོད་ན་འབྲས་བུ་སྐྱེ་བ་གཞན་ཉིང་མཚམས་སྦྱོར་བའི་སྲིད་པ་དང་པོ་དེ་རྒྱུ་འདིའི་སྲིད་པ་ཐ་མ་འགགས་པའམ། མ་འགགས་པའམ། འགག་བཞིན་པ་ཞིག་ལས་སྐྱེ་གྲང་། དེ་ལ་དང་པོ་ལྟར་རྒྱུ་སྲིད་པ་ཐ་མ་འགགས་པར་གྱུར་པ་ན་འབྲས་བུ་སྲིད་པ་དང་པོ་སྐྱེ་བ་རིགས་པར་མི་འགྱུར་ཏེ། ས་བོན་ཚིག་པ་ལས་མྱུ་གུ་སྐྱེ་བ་དང་། རྒྱུ་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟར་རྒྱུ་སྲིད་པ་ཐ་མ་འགགས་པར་མ་གྱུར་པའི་ཚེའང་འབྲས་བུ་སྲིད་པ་དང་པོ་སྐྱེ་བར་རིགས་པར་མི་འགྱུར་ཏེ་གང་ཟག་གཅིག་ལ་སྲིད་པ་གཉིས་ཡོད་པས་སྔོན་མེད་པའི་སེམས་ཅན་འབྱུང་བ་དང་། སྔ་མ་རྟག་པ་དང་། ཕྱི་མ་རྒྱུ་མེད་པའི་ཉེས་པར་ཐལ་བའི་ཕྱིར་རོ། །གལ་ཏེ་གསུམ་པ་ལྟར་རྒྱུ་སྲིད་པ་ཐ་མ་འགག་བཞིན་པ་ན་འབྲས་བུ་སྲིད་པ་དང་པོ་སྐྱེ་བར་གྱུར་ན་ནི་རྒྱུ་འགག་བཞིན་པ་ནི་འགག་པའི་བྱ་བ་བྱེད་པ་པོའི་སྲིད་པ་གཅིག་དང་། འབྲས་བུ་སྐྱེ་བཞིན་པ་ཡང་སྐྱེ་བའི་བྱ་བ་བྱེད་པ་པོའི་སྲིད་པ་གཞན་དུ་འགྱུར་བས་གང་ཟག་གཅིག་ལ་སྲིད་པ་གཉིས་སུ་འགྱུར་རོ། །འགག་བཞིན་དང་སྐྱེ་བཞིན་པའི་སྲིད་པ་གཉིས་ངོ་བོ་གཅིག་ཡིན་པས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། གལ་ཏེ་དེ་ལྟར་འགག་བཞིན་སྐྱེ་བཞིན་གྱི་སྲིད་པ་གཉིས་དག་དུས་ལྷན་ཅིག་ཉིད་དུའང་རིགས་མིན་ན། ཕུང་པོ་གང་ལ་འཆི་བར་འགྱུར་བའི་རྫས་དེ་ཉིད་ལ་ནི་སྐྱེ་བ་ཡང་ནི་འབྱུང་འགྱུར་རམ་སྟེ་དེ་ནི་ཤིན་ཏུ་འགལ་བས་སོ། །འང་གི་སྒྲ་ནི་དེ་གཉིས་སོ་སོར་མི་འཐད་པ་སྡུད་པའོ། །དེ་ལྟར་རྒྱུ་སྲིད་པ་ཐ་མ་འགགས་མ་འགགས་འགག་བཞིན་པའི་དུས་གསུམ་དག་ཏུ་ཡང་འབྲས་བུ་སྲིད་པ་དང་པོ་སྐྱེ་བ་མེད་པས་སྲིད་པའི་རྒྱུན་ནི་མི་རིགས་ན། དུས་གསུམ་དག་ཏུ་དཔྱད་ན་གང་མེད་པ་དེ་ནི་ཇི་ལྟར་སྲིད་པའི་རྒྱུན་ཡིན་ཏེ་རྣམ་པར་དཔྱད་ན་སྲིད་པའི་རྒྱུན་ཉིད་གྲུབ་པ་མེད་དོ་ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ན་རབ་ཏུ་བྱེད་པ་འདིས་འབྱུང་འཇིག་གིས་ཁྱབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པ་མེད་དགག་དང་། ཀུན་རྫོབ་ཏུ་བརྫུན་པ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ནོ། །ཇི་སྐད་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། སྲིད་གསུམ་རྨི་ལམ་དང་འདྲ་སྙིང་པོ་མེད། །མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་མ་བཞིན། །འོང་བ་མེད་ཅིང་འདི་ནས་འགྲོ་བའང་མེད། །རྒྱུན་རྣམས་རྟག་ཏུ་སྟོང་ཞིང་མཚན་མ་མེད། །ཅེས་དང་། སྐྱེ་བ་དང་ནི་འཆི་འགྱུར་ཡང་། །སྐྱེ་བ་མེད་ཅིང་འཆི་མེད་པར། །གང་གིས་ཤེས་པར་གྱུར་པ་ཡིས། །ཏིང་འཛིན་འདི་ནི་རྙེད་མི་དཀའ། །ཞེས་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས་འབྱུང་འཇིག་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།།  །།ད་ནི་རྟེན་འབྲེལ་སྲིད་པའི་རྒྱུན་གྱིས་སྟོང་པར་བསྟན་པ་ལ་གཉིས་ལས། དེའི་འབྲས་བུ་དེ་བཞིན་གཤེགས་པ་རང་བཞིན་དུ་གྲུབ་པ་དགག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་ཡང་མི་དམིགས་ན། གཟུགས་ཀྱི་སྐུར་དམིགས་པ་ལྟ་ཅི་ཞིག་སྨོས་ཞེས་དང་། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ནི། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་པ་ལ་སོགས་པ་མཐར་ཐུག་པའི་འབྲས་བུ་དེ་བཞིན་གཤེགས་པ་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་སྲིད་པའི་རྒྱུན་བཀག་མོད་ཀྱི་དེ་ཡོད་པ་ཉིད་དེ་དེའི་འབྲས་བུ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་ཚོགས་གཉིས་བསགས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་དེ་བཞིན་གཤེགས་པ་ཡོད་པའི་ཕྱིར་རོ་ཞེ་ན། དེ་བཞིན་གཤེགས་པ་ཉིད་ཁྱེད་ཅག་གིས་བརྟགས་པ་ལྟར་རང་བཞིན་དུ་གྲུབ་པ་མེད་པས་དེའི་རྒྱུ་སྲིད་པའི་རྒྱུན་ཡང་རང་བཞིན་དུ་མ་གྲུབ་བོ་ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པའོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། དེ་བཞིན་གཤེགས་པ་རང་བཞིན་དུ་གྲུབ་པ་དགག་པ་དང་། དེས་ལྟ་བར་གྱུར་པ་ཐམས་ཅད་སྤངས་པར་གྲུབ་པ་དང་། རིགས་པ་གཞན་ལ་བསྒྲེ་བའོ། །དང་པོ་ལ་གསུམ་སྟེ། ཉེ་བར་ལེན་པ་པོ་དེ་བཞིན་གཤེགས་པའི་གང་ཟག་མ་གྲུབ་པ་དང་། ཉེ་བར་བླང་བྱ་དེའི་ཕུང་པོ་མ་གྲུབ་པ་དང་། དེ་གཉིས་ཀྱི་དོན་བསྡུ་བའོ། །དང་པོ་ལ་བླང་བྱ་ལས་སྔར་མེད་པས་དེའི་གང་ཟག་རྫས་ཡོད་དགག་པ་དང་། བཏགས་ཡོད་དགག་པ་གཉིས་ལས། དང་པོ་ནི། ཉེ་བར་ལེན་པ་པོ་དེ་བཞིན་གཤེགས་པའི་གང་ཟག་འགའ་ཞིག་རང་བཞིན་དུ་ཡོད་ན་དེའི་བླང་བྱ་སངས་རྒྱས་ཀྱི་སས་བསྡུས་པའི་ཚུལ་ཁྲིམས་ལ་སོགས་པའམ། གཟུགས་ལ་སོགས་པ་ཕུང་པོ་ལྔའི་རང་བཞིན་ནམ། དེ་ལས་ཐ་དད་པ་དང་དེའི་རྟེན་དང་དེ་ལ་བརྟེན་པ་དང་དེ་དང་ལྡན་པའི་ཕྱོགས་ལྔ་ལས་གང་ཡང་རུང་བ་ཞིག་ཏུ་ཡོད་དགོས་པ་ལས། རེ་ཞིག་ཕུང་པོའི་ངོ་བོ་མིན་ཏེ་སྐྱེ་འཇིག་ཅན་དང་དུ་མ་དང་ལས་དང་བྱེད་པོ་གཅིག་ཏུ་འགྱུར་བའི་ཕྱིར་རོ། །ཕུང་པོ་ལས་ངོ་བོ་གཞན་པ་ཡང་མིན་ཏེ་ཐ་དད་དུ་མ་དམིགས་པའི་ཕྱིར་དང་། ཕུང་པོ་ལ་མི་ལྟོས་པར་འགྱུར་བས་དེར་གདགས་པ་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་དེ་ལ་ཕུང་པོ་བརྟེན་པར་མེད་ཅིང་ཕུང་པོ་དེར་དེ་བཞིན་གཤེགས་པ་དེ་བརྟེན་པར་མེད་དེ་གཞན་དུ་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པའང་མིན་ཏེ་དེ་ཉིད་དང་གཞན་དུ་མ་གྲུབ་པའི་ཕྱིར་རོ། །བླང་བྱའམ་གདགས་གཞི་ཕུང་པོ་ལས་རྣམ་པ་ལྔར་དཔྱད་ན་མེད་པས་དེ་བཞིན་གཤེགས་པ་གང་ཞིག་ཡིན་ཏེ་དེ་རང་བཞིན་དུ་གྲུབ་པ་མེད་དོ་ཞེས་པའོ། །གཉིས་པ་ནི། མང་པོས་བཀུར་བ་པ་དག་ཇི་སྐད་བཤད་པའི་ཉེས་པར་ཐལ་བས་ཕུང་པོ་ལས་རྣམ་པ་ལྔར་མ་གྲུབ་མོད་ཀྱི་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པ་ཞིག་ཕུང་པོ་ལ་བརྟེན་ནས་དེ་ཁོ་ན་ཉིད་དུ་འདོགས་པ་ཡིན་ནོ་ཞེ་ན། དེ་དགག་པ་ལ་གསུམ་སྟེ། གཞི་གདགས་བྱ་མེད་པས་དང་། རང་དངོས་གཞན་དངོས་ལས་མ་གྲུབ་པས་དང་། ཉེ་བར་ལེན་པ་མེད་པས་བརྟེན་ནས་བཏགས་པའི་དེ་བཞིན་གཤེགས་པ་མ་གྲུབ་པའོ། །དང་པོ་ནི། སྔར་བཤད་པ་ལྟར་འོག་གི་གང་ཞིག་ཕུང་པོ་ལས་དེ་ཉིད་དང་གཞན་དུ་མེད་པས་རྟེན་དང་བརྟེན་པ་དང་ལྡན་པའི་རྣམ་པ་ལྔས་ནི་བཙལ་བྱས་ན། མེད་པའི་དེ་བཞིན་གཤེགས་པ་དེ། ཉེ་བར་ལེན་པས་དེ་ཁོ་ན་ཉིད་དུ་ཇི་ལྟར་གདགས་སུ་ཡོད་དེ་བོང་བུའི་རྭ་ལ་རྣོན་པོར་གདགས་སུ་མེད་པ་བཞིན་ནོ། །གཉིས་པ་ལ་བསྟན་བཤད་བསྡུ་བ་གསུམ་ལས། དང་པོ་ནི། གལ་ཏེ་དེ་ལྟར་སངས་རྒྱས་ཕུང་པོ་ལ་བརྟེན་ནས་འདོགས་ན་གཟུགས་བརྙན་ལྟར་རང་བཞིན་ལས་ཡོད་པ་མིན་པར་འགྱུར་ལ། དེ་ལྟ་ན་རང་བཞིན་ལས་ནི་གང་མེད་པའི་དེ་བཞིན་གཤེགས་པ་དེ་མོ་གཤམ་གྱི་བུ་ལྟར་གཞན་ཕུང་པོའི་དངོས་པོ་ལ་ལྟོས་ནས་རང་བཞིན་དུ་ག་ལ་ཡོད་དེ་རྒྱུ་རྐྱེན་གྱིས་བཅོས་མ་རང་བཞིན་དུ་འགལ་བར་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ལ་རང་དངོས་ལས་གྲུབ་པ་དགག་པ་ནི། གང་ཞིག་གཞན་གྱི་དངོས་པོ་ལ་བརྟེན་ནས་བཏགས་པ་དེ་གཟུགས་བརྙན་ལྟར་བདག་ཉིད་དེ་རང་བཞིན་དུ་མི་འཐད་དོ། །གང་ཞིག་བདག་ཉིད་དེ་རང་བཞིན་མེད་པ་དེ་དེ་ཁོ་ན་ཉིད་དུ་ཇི་ལྟར་དེ་བཞིན་གཤེགས་པར་འགྱུར་ཏེ་ཕྱིན་ཅི་མ་ལོག་པའི་ལམ་ནས་གཤེགས་པའི་དེ་བཞིན་གཤེགས་པར་མི་འགྱུར་རོ་ཞེས་པའོ། །གཞན་དངོས་ལས་གྲུབ་པ་དགག་པ་ནི། གལ་ཏེ་དེ་ལྟར་དེ་བཞིན་གཤེགས་པ་ཉིད་རང་བཞིན་དུ་ཡོད་པ་མིན་ན་དེ་ལ་ལྟོས་ནས་ཕུང་པོ་གཞན་གྱི་དངོས་པོར་ཡོད་པར་ཇི་ལྟར་འགྱུར་ཞིང་། གཞན་དངོས་མེད་ན་ཡང་དེ་ལ་ལྟོས་པའི་དེ་བཞིན་གཤེགས་པ་མེད་དོ་ཞེས་པའོ། །གསུམ་པ་ནི། དེ་ལྟར་རང་བཞིན་དང་གཞན་དངོས་ལ་ལྟོས་པ་མ་གྲུབ་པས་རང་བཞིན་དང་ནི་གཞན་དངོས་ལ་ལྟོས་པ་དག་ལས་མ་གཏོགས་པའི་དེ་བཞིན་གཤེགས་པ་དེ་གང་སྟེ་དེ་གཉིས་ལས་མ་གཏོགས་པའི་དེ་བཞིན་གཤེགས་པ་མེད་དོ། །གསུམ་པ་ལ་བླང་བྱའི་སྔར་ལེན་པོ་མེད་པ་དང་། ལེན་པོ་སྔར་མེད་པའི་ཉེ་བར་ལེན་པ་མི་རུང་བ་དང་། ཉེ་བར་མ་བླངས་པར་བླང་བྱ་མི་རུང་བ་དང་། བླང་བྱ་མེད་པའི་ལེན་པོ་མེད་པ་བཞི་ལས། དང་པོ་ནི། ལྷས་སྦྱིན་ནོར་དང་འབྲེལ་བའི་སྔར་ཡོད་ནོར་ལེན་པ་ལྟར་གལ་ཏེ་སངས་རྒྱས་ཀྱི་སས་བསྡུས་པའི་ཕུང་པོ་ལ་མ་བརྟེན་པར་དེ་ལེན་པ་པོའི་དེ་བཞིན་གཤེགས་པ་འགའ་ཞིག་སྔར་ཡོད་ན་དེ་ནི་ད་གདོད་ཕུང་པོ་ལ་བརྟེན་པའམ་དེ་ལེན་པར་འགྱུར་ཞིང་ཕུང་པོ་བླངས་པ་དང་དེ་ནས་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འདོགས་པར་འགྱུར་ལ་རག་ན། རྣམ་པར་དཔྱད་ན་སངས་རྒྱས་ཀྱི་སའི་ཕུང་པོ་རྣམས་ལ་མ་བརྟེན་པར་སྔར་དེ་བཞིན་གཤེགས་པ་འགའ་ཡང་མེད་དེ་དེར་གདགས་པའི་རྒྱུ་མེད་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ་ཞེས་པའོ། །གཉིས་པ་ནི། དེ་ལྟར་དེ་བཞིན་གཤེགས་པ་གང་ཞིག་ཕུང་པོ་ལ་མ་བརྟེན་པར་སྔར་ཡོད་པ་མིན་པའི་ཕྱིར་ན་དེས་ནི་ཇི་ལྟར་ཕུང་པོ་ཉེ་བར་ལེན་པར་འགྱུར་ཏེ་ནོར་དང་འབྲེལ་པའི་སྔར་མེད་པའི་ལྷས་སྦྱིན་གྱིས་ནོར་ལེན་པ་མེད་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་ལེན་པ་པོ་སྔར་མེད་པས་ཉེ་བར་བླངས་བ་མ་ཡིན་པའི་ཕུང་པོ་རྣམས་ཉེ་བར་ལེན་པར་ཏེ་ཉེ་བར་བླང་བྱར་ཅིས་ཀྱང་མི་འགྱུར་ལ་ཞེས་པའོ། །བཞི་པ་ནི། དེ་ལྟར་ཉེ་བར་ལེན་པའམ་བླང་བྱ་ཕུང་པོ་མེད་པའི་ལེན་པ་པོ་དེ་བཞིན་གཤེགས་པ་ཅི་ཡང་མེད་ཅེས་པའོ། །གཉིས་པ་ནི། ལེན་པ་པོ་དེ་བཞིན་གཤེགས་པའི་གང་ཟག་མེད་པར་མ་ཟད་ཀྱི་གང་ཞིག་ཉེ་བར་བླངས་པ་སངས་རྒྱས་ཀྱི་ཕུང་པོ་དེ་ཡང་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར་རམ། ལེན་པ་པོ་ལ་ལྟོས་པའི་ཕྱིར་དེ་ནི་རང་བཞིན་གྱིས་ཡོད་པ་མིན་ནོ། །དེ་ལྟ་ནའང་དེ་རྒྱུ་རྐྱེན་གཞན་ལས་སམ་ལེན་པ་པོ་གཞན་ལ་ལྟོས་ནས་ཡོད་དོ་སྙམ་ན། བདག་གི་དངོས་ལས་གང་མེད་པའི་ཕུང་པོ་དེ་རྒྱུ་རྐྱེན་ནམ་ལེན་པ་པོ་གཞན་དངོས་ལ་ལྟོས་ནས་རང་བཞིན་དུ་གྲུབ་པ་ཡོད་རེ་ཀན་ཏེ་བཅོས་མ་དང་ཕན་ཚུན་ལྟོས་པ་རང་བཞིན་དུ་མི་རུང་བར་བཤད་ཟིན་པའི་ཕྱིར་རོ། །གསུམ་པ་དེ་གཉི་གའི་དོན་བསྡུ་བ་ནི། དེ་ལྟར་ཉེ་བར་བླང་བྱ་དང་ཉེ་བར་ལེན་པ་པོ་གཉི་ག་རྣམ་པ་ཀུན་གྱི་སྟོང་པ་ཡིན་ལ། ཉེ་བར་བླང་བྱ་སྟོང་པ་ལ་བརྟེན་ནས་ལེན་པ་པོ་དེ་བཞིན་གཤེགས་པ་སྟོང་པར་དེ་ཁོ་ན་ཉིད་དུ་ཇི་ལྟ་བུར་ན་འདོགས་པར་འགྱུར་ཞེས་པའོ། །གཉིས་པ་དེས་ལྟ་བར་གྱུར་པ་ཐམས་ཅད་སྤངས་པར་གྲུབ་པ་ལ། གལ་ཏེ་ཁོ་བོ་ཅག་ནི་སྟོན་པ་གཞན་སྤངས་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ཞིང་ཐར་པ་དོན་དུ་གཉེར་བ་ཡིན་ན། ཁྱོད་ཀྱིས་སྐྱབས་གནས་ཀྱི་གཙོ་བོ་དེ་བཀག་པས་ཐར་པའི་རེ་ཐག་བཅད་ཅིང་དེ་ལ་སྐུར་པའི་ལོག་པར་ལྟ་བར་འགྱུར་རོ་ཞེ་ན། འདི་ལ་དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་ཤེས་བརྗོད་ཀྱི་སྤྲོས་པ་ལས་འདས་པར་བསྟན་པ་དང་། དེ་ལ་སྤྲོས་བཅས་སུ་འཛིན་པའི་ཉེས་པ་གཉིས་ལས། ཁྱོད་ནི་ཐུབ་པ་ལ་སྐྱབས་སུ་སོང་ཞིང་ཐར་པ་དོན་དུ་གཉེར་ཡང་དེའི་གསུང་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་གང་ཟག་དང་ཆོས་ཀྱི་བདག་མེད་པར་བསྟན་པ་ལ་མི་བཟོད་པ་ཞིག་སྟེ། ཁོ་བོ་ཅག་ནི་ཚེ་དང་ལྡན་པ་རབ་འབྱོར་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་གསུངས་པའི་ཚུལ་གྱིས་ཆོས་ཀྱི་སྐུ་དབྱིངས་གློ་བུར་གྱི་དྲི་མ་དང་བྲལ་བ་སྤྲོས་པ་མེད་དགག་དང་། གཟུགས་ཀྱི་སྐུ་གདུལ་བྱ་ལས་དག་པ་རྣམས་ཀྱི་འཁྲུལ་པའི་དོན་སྒྱུ་མ་ལྟར་སྣང་བས་དེ་དག་གི་དོན་ཇི་ལྟར་འོས་པ་ལྟར་མཛད་པ་ལ་བསྙོན་ཅིང་སྐུར་བ་མ་ཡིན་གྱི། འོན་ཀྱང་ཁྱེད་ཅག་གིས་བཏགས་པ་དེའི་བདག་དང་ཕུང་པོ་རང་བཞིན་མེད་པར་སྟོན་པ་ཡིན་པས་དེ་བཞིན་གཤེགས་པ་དེ་ཁོ་ན་ཉིད་དུ་སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། མི་སྟོང་ཞེས་ཀྱང་བརྗོད་པར་མི་བྱ་ཞིང་། སྟོང་མི་སྟོང་གཉི་ག་དང་གཉི་ག་མིན་པར་བརྗོད་པར་མི་བྱ་སྟེ། འོན་ཀྱང་གདུལ་བྱ་རྣམས་དེས་དེ་ཁོ་ན་ཉིད་ལ་དྲང་བའི་དོན་དུ་ཐ་སྙད་དུ་སྒྲོ་གདགས་པའི་དོན་དུའམ་ཚུལ་གྱིས་གདུལ་བྱ་རྣམས་ལ་དེ་བཞི་ཀའང་བརྗོད་པར་བྱ་སྟེ། དེའི་དགོས་པ་དང་དགོངས་གཞི་ནི་བདག་དང་ཆོས་བརྟག་པར་བཤད་ཟིན་ཏོ། །དེ་ལྟར་དེ་བཞིན་གཤེགས་པའི་གང་ཟག་དང་ཕུང་པོ་བརྟག་པའི་ཐབས་ཀྱིས་སེམས་ཅན་གྱི་བདག་དང་ཕུང་པོ་ཡང་བཀག་པ་ཡིན་པས་ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་ཡང་དེ་ཉིད་ཀྱིས་མི་འཐད་པ་ཡིན་ཏེ། འདི་ལྟར་བདག་དང་ཕུང་པོ་སྔོན་བྱུང་བ་དང་། མ་བྱུང་བ་དང་། དེ་གཉི་ག་དང་། གཉི་ག་མ་ཡིན་པ་རྟག་དང་མི་རྟག་པ་ལ་སོགས་ཏེ་གཉི་ག་དང་གཉི་ག་མ་ཡིན་པ་བཞི་བདག་དང་ཕུང་པོ་རང་བཞིན་གྱིས་ཞི་བ་འདི་ལའམ་དེ་གཉིས་རང་བཞིན་གྱིས་གདོད་ནས་ཞི་བའི་དེ་བཞིན་གཤེགས་པ་འདི་ལ་ག་ལ་ཡོད་དེ་དེ་ལ་མི་མངའོ། །བདག་དང་ཕུང་པོ་ཕྱི་མའི་དུས་སུ་མི་འབྱུང་བ་དང་། འབྱུང་བ་དང་། དེ་གཉི་ག་དང་། དེ་གཉི་ག་མ་ཡིན་པ་མཐའ་ཡོད་དང་མཐའ་མེད་ལ་སོགས་མཐའ་ཡོད་མེད་གཉི་ག་དང་གཉི་ག་མ་ཡིན་པ་བཞི་ཡང་བདག་དང་ཕུང་པོ་རང་བཞིན་གྱིས་ཞི་བ་འདི་ལའམ་དེ་གཉིས་རང་བཞིན་གྱིས་གདོད་ནས་ཞི་བའི་དེ་བཞིན་གཤེགས་པ་འདི་ལ་ག་ལ་ཡོད་དེ་དེ་ལ་མི་མངའོ། །དེ་བཞིན་ཏུ་ལྟ་བ་བཞི་ཚན་གསུམ་པ་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་དོ་ཞེས་བྱ་བ་བཞི་ཡང་དེ་ལ་མི་མངའ་སྟེ། གང་གིས་དེ་བཞིན་གཤེགས་པ་སྣང་དུས་ན་རང་བཞིན་དུ་ཡོད་ཅེས་འཛིན་པ་མྱ་ངན་ལས་འདས་པའི་ལམ་དེ་ཁོ་ན་ཉིད་མཐོང་བ་འགེབས་པའི་མུན་པ་ཆེས་སྟུག་པོས་བཟུང་བར་གྱུར་པ་དེ་ནི་མྱ་ངན་ལས་འདས་པ་ལ་སྔར་གྱི་དེ་བཞིན་གཤེགས་པ་དེ་རྒྱུན་ཆད་ནས་མེད་ཅེས་ཕྱིན་ཅི་ལོག་གི་རྣམ་རྟོག་གིས་རྟོག་པར་བྱེད་པ་ཡིན་པས་ཞེས་སམ། ཡང་ན། གང་གིས་འཛིན་སྟུག་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །དེ་བཞིན་གཤེགས་པ་ཡོད་ཅེ་འམ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད་པ་ཡིན་པས་ཞེས་འདོན་པ་ལྟར་ན་དོན་བདེའོ། །སྔར་བཤད་པ་ལྟར་སངས་རྒྱས་སྣང་དུས་ཉིད་ནས་རང་བཞིན་གྱིས་ནི་སྟོང་པ་དེ་ལ་མྱ་ངན་ལས་འདས་ནས་ནི་སངས་རྒྱས་དངོས་པོར་ཡོད་དོ་ཞེའམ་ཞིག་ནས་དངོས་པོར་མེད་དོ་ཞེའམ། དེ་གཉི་ག་དང་གཉི་ག་མ་ཡིན་ནོ་ཞེས་བསམ་པའམ་འཐད་པ་ཉིད་དུ་མི་འགྱུར་ཏེ་ནམ་མཁའི་རི་མོའི་གཟུགས་རྟོག་པ་བཞིན་ནོ། །དེ་དག་རང་བཞིན་གྱིས་ཞི་བའི་དེ་བཞིན་གཤེགས་པ་མི་མངའ་ཞིང་མ་གྲུབ་པ་དེའི་ཕྱིར་མོ་གཤམ་བུའི་ཁ་དོག་ལྟར་ལུང་དུ་མ་བསྟན་པ་ཡིན་ནོ། །གཉིས་པ་ནི། གང་དག་དེ་ལྟར་སངས་རྒྱས་སྤྲོས་པ་སྒྲ་བློའི་ཡུལ་ཐམས་ཅད་ལས་འདས་ཤིང་དེ་ལ་གཞན་དུ་འགྱུར་བའི་ཟད་པའམ་སྤྲོས་པ་སྔར་ཡོད་ཟད་ཅིང་བཀག་པ་ཙམ་དུའང་གྲུབ་པ་མེད་པ་ལ་རྣམ་པར་རྟོག་པ་ཕྱིན་ཅི་ལོག་གིས་སྟོང་མི་སྟོང་དང་རྟག་མི་རྟག་དང་ཐམས་ཅད་མཁྱེན་མི་མཁྱེན་ལ་སོགས་པ་སྒྲ་རྟོག་སྣ་ཚོགས་པས་སྤྲོ་བར་བྱེད་པའི་གང་ཟག་སྤྲོས་པས་བློའི་མིག་ཉམས་པ་དེ་ཀུན་གྱིས་ཇི་སྐད་བཤད་པའི་དེ་བཞིན་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཟབ་པ་དང་རྒྱ་ཆེ་བ་མཐོང་ཞིང་ཐོབ་པར་མི་འགྱུར་རོ། །ཇི་སྐད་དུ། འཕགས་པ་རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཅེས་གསུངས་པ་ལྟ་བུའོ། །གསུམ་པ་རིགས་པ་གཞན་ལ་བསྒྲེ་བ་ནི། དེ་ལྟར་ན་དེ་བཞིན་གཤེགས་པའི་གང་ཟག་དང་ཆོས་རང་བཞིན་མེད་པར་བསྟན་པས་སེམས་ཅན་གྱི་གང་ཟག་དང་ཆོས་ཀྱང་རང་བཞིན་མེད་པར་བསྟན་པ་ཡིན་ལ། སེམས་ཅན་ཇི་ལྟ་བ་དེ་ལྟར་སྣོད་ཀྱི་འཇིག་རྟེན་ཡང་ཡིན་པས་དེ་བཞིན་གཤེགས་པའི་དོན་དམ་པའི་རང་བཞིན་གང་ཡིན་པ་དེ་ནི་ཕྱི་ནང་སྣོད་བཅུད་ཀྱི་འགྲོ་བ་འདིའི་དོན་དམ་པའི་རང་བཞིན་ཡིན་ལ། དེ་བཞིན་གཤེགས་པ་ལ་དོན་དམ་པར་རང་བཞིན་ཅིར་ཡང་གྲུབ་པ་མེད་ཅིང་གདུལ་བྱ་ལས་དག་པའི་འཁྲུལ་ངོ་ན་མོས་པ་ཇི་ལྟ་བ་བཞིན་ཏུ་སྣང་བ་བརྫུན་པ་སྒྱུ་མ་ལྟ་བུར་གྲུབ་པ་ཉིད། ཕྱི་ནང་སྣོད་བཅུད་ཀྱི་འགྲོ་བ་འདིའི་ཡང་དོན་དམ་པར་རང་བཞིན་ཅིར་ཡང་གྲུབ་པ་མེད་པ་དང་འཁྲུལ་ངོ་ན་དེ་ལྟར་སྣང་བ་བརྫུན་པ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ནོ། །ཇི་སྐད་དུ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ནི། །འཇིག་རྟེན་དག་ན་རྟག་ཏུ་མེད་ཆོས་སྤྱོད། །ཅེས་དང་། འཕགས་པ་ལྷས། གང་དག་སངས་རྒྱས་སྐྱེ་བ་མེད། །རྒྱུ་མཐུན་པ་ཡི་སྨོན་ལམ་གྱིས། །དེ་ཡི་རྣམ་པར་འཕྲུལ་པ་སྣང་། །ཞེས་དང་། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།།  །།གཉིས་པ་སྲིད་པའི་རྒྱུན་གྱི་རྒྱུ་ཉོན་མོངས་པ་འགོག་པ་ཕྱིན་ཅི་ལོག་པ་བརྟག་པ་ལ་ཡང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རང་བཞིན་གྱིས་རྣམ་པར་དག་པར་གསུངས་པ་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གང་དག་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་གྱི། །ངོ་བོ་ཀུན་རྟོག་གིས་བསྐྱེད་ལོག་པར་ཞུགས་ཤེས་ནས། །མཚན་མར་མི་བྱེད་ཆགས་བྲལ་མི་འགྱུར་བའི། །སྒོམ་པོ་དེ་དག་གནས་ནི་དངོས་པོ་ཐམས་ཅད་ཡིན། །ཞེས་པ་ལ་སོགས་པ་ཉོན་མོངས་པ་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། འདིར་དེའི་འབྲས་བུ་དེ་བཞིན་གཤེགས་པ་བཀག་ཀྱང་སྲིད་པའི་རྒྱུན་ནི་ཡོད་པ་ཉིད་དེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། དེའི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་དང་། ལེན་པའི་རྐྱེན་གྱིས་སྲིད་པ། དེའི་རྐྱེན་གྱིས་སྐྱེ་བ་ཞེས་གསུངས་པའི་ཚུལ་གྱིས་དེའི་གཙོ་བོའི་རྒྱུ་ཉོན་མོངས་པ་ཡོད་པའི་ཕྱིར་རོ་ཞེ་ན། རྒྱུ་ཉོན་མོངས་པ་ཉིད་རང་བཞིན་མེད་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པའོ། །གཉིས་པ་གཞུང་བཤད་པ་ལ་གཉིས་ལས། ཉོན་མོངས་པ་ཉིད་དགག་པ་དང་། དེའི་སྒྲུབ་བྱེད་སྤོང་བའི་ཐབས་ཚོལ་བ་དགག་པའོ། །དང་པོ་ལ་ཉོན་མོངས་པ་དུག་གསུམ་ཐུན་མོང་དུ་དགག་པ་དང་། བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ལ་བཞི་སྟེ། རྟེན་ནས་འབྱུང་བའི་རྟགས་དང་། རྟེན་མེད་པའི་རྟགས་དང་། རྒྱུ་མེད་པའི་རྟགས་དང་། དམིགས་པ་མེད་པའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། དེའི་རྟགས་ཐ་སྙད་པའི་མངོན་སུམ་རྗེས་དཔག་གིས་ཀྱང་ཅི་རིགས་པར་འགྲུབ་མོད་ཀྱི། རེ་ཞིག་རང་གི་སྡེ་པ་ལ་ཐུབ་པའི་ལུང་གིས་བསྒྲུབ་པ་ནི། ཉོན་མོངས་པའི་གཙོ་བོ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཐུན་མོང་དུ་དངོས་པོར་འཛིན་པའི་ཀུན་ཏུ་རྟོག་པ་ལས་འབྱུང་བར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཇི་སྐད་དུ། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་སྐྱེ། །ཁྱོད་ལ་རྟོག་པར་མི་འགྱུར་པ། །དེ་ཕྱིར་ང་ལ་མི་འབྱུང་ངོ་། །ཞེས་འབྱུང་བས་སོ། །བྱེ་བྲག་ཏུ་དེ་དག་རིམ་པ་ལྟར་ཡུལ་སྡུག་པ་དང་མི་སྡུག་པ་དང་གནས་ལུགས་ལས་བཟློག་པ་ཕྱིན་ཅི་ལོག་གི་རྣམ་པ་གསུམ་མམ། ཡུལ་ཅན་དེ་དག་ཏུ་འཛིན་པ་གསུམ་ལ་བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་ལ། ཡུལ་དེ་དག་གི་རྣམ་པའང་རྟོག་པས་བཞག་པ་ཡིན་པས་དེ་དག་ལས་བྱུང་བ་ཡང་མཐར་ཀུན་ཏུ་རྟོག་པ་ལས་བྱུང་བར་གྲུབ་བོ། །དེའི་ཕྱིར་གང་དག་ཡུལ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་གི་རྣམ་པའམ། ཡུལ་ཅན་དེ་དག་ཏུ་འཛིན་པ་ལས་བརྟེན་ནས་འབྱུང་བའི་ཕྱིར་ཉོན་མོངས་པ་གསུམ་པོ་དེ་དག་རང་བཞིན་ལས་མེད་ལ། རང་བཞིན་གྱིས་མེད་པ་དེའི་ཕྱིར་ཉོན་མོངས་པ་དེ་དག་ཡང་དག་པར་རམ་རང་བཞིན་དུ་མེད་དེ། དེའི་ཁྱབ་པ་ནི་རང་བཞིན་གཞིར་བྱས་ལ་བཅོས་མ་རྟེན་འབྲེལ་མི་རུང་བ་དང་། རྟེན་འབྲེལ་གཞིར་བྱས་ལ་རང་བཞིན་དུ་མི་རུང་བར་རང་བཞིན་བརྟག་པ་དང་། མེ་དང་བུད་ཤིང་བརྟག་པར་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ལ་ཐུན་མོང་དུ་བསྟན་པ་ནི། ཉོན་མོངས་པ་འདི་དག་རྩིག་ངོས་ཀྱི་རི་མོའམ་འབྲས་བུ་སྨིན་པ་ལྟར་རྟེན་འགའ་ཞིག་ལ་ལྟོས་ལ། དེའི་ཕྱིར་འོག་གི་ཉོན་མོངས་པ་འདི་དག་རྟེན་གང་གི་བརྟེན་པ་ཡིན་པའི་རྟེན་དེ་ཡང་གྲུབ་པ་ཡོད་པ་མ་ཡིན་ཏེ་བདག་གམ་སེམས་ལས་མ་གཏོགས་པའི་རྟེན་མེད་ཅིང་དེ་གཉིས་རང་བཞིན་དུ་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་རྟེན་འགའ་མེད་པར་ནི་རྟེན་གང་གི་ཡང་ཉོན་མོངས་པ་དག་རང་བཞིན་དུ་ཡོད་མ་ཡིན་ཏེ་མོ་གཤམ་བུའི་ཉོན་མོངས་པ་བཞིན་ནོ་ཞེས་པའོ། །རྟེན་དེ་གཉིས་མ་གྲུབ་པ་ཉིད་ཅིས་ཏེ་སྙམ་ན། དེ་ཉིད་འཐད་པས་སྒྲུབ་པ་ལ་གཉིས་ལས། རེ་ཞིག་རྟེན་བདག་དགག་པ་ནི། གང་ཟག་གི་བདག་གི་ཡོད་པ་ཉིད་དང་དེ་བཀག་པའི་མེད་པ་ཉིད་ནི་རྣམ་པར་དཔྱད་ན་ཇི་ལྟ་བུར་ཡང་གྲུབ་པ་མེད་དེ། གང་ཞིག་ལྷ་ལ་སོགས་པ་ཡི། །སྔ་རོལ་ད་ལྟ་ཕྱི་ན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །ཞེས་པ་ལ་སོགས་པས་སྔར་བཀག་པའི་ཕྱིར་རོ། །དེའི་ཕྱིར་རྟེན་དེ་མེད་ན་དེ་ལ་བརྟེན་པའི་ཉོན་མོངས་རྣམས་ཀྱི་ནི་རང་བཞིན་ཡོད་པ་ཉིད་དང་དེ་བཀག་པའི་མེད་པ་ཉིད་དེ་ཁོ་ན་ཉིད་དུ་ཇི་ལྟར་འགྲུབ་ཅེས་པའོ། །གཉིས་པ་རྟེན་སེམས་དགག་པ་ལ། མདོ་སྡེ་པ་དང་སེམས་ཙམ་པ་དག་རྟེན་བདག་མེད་པ་ནི་བདེན་མོད་ཀྱི་ཉོན་མོངས་ཅན་གྱི་སེམས་ལ་བརྟེན་ནས་ཉོན་མོངས་རྣམས་སྐྱེ་བར་འགྱུར་ལ། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་པའི་ཚུལ་གྱིས་སེམས་དེ་ཡང་ཉོན་མོངས་དང་ལྷན་ཅིག་ཏུ་སྐྱེ་བ་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ་རྟེན་ཉོན་མོངས་ཅན་གྱི་སེམས་ཉོན་མོངས་ལ་ལྔར་མེད་པས་མ་གྲུབ་པ་དང་། ཞར་ལ་ཉོན་མོངས་པ་ཡང་ཉོན་མོངས་ལ་ལྔར་མེད་པས་མ་གྲུབ་པ་གཉིས་ལས། དང་པོ་ནི། འོག་གི་རང་ལུས་ཕུང་པོ་ལ་བརྟེན་ནས་བདག་ཏུ་ལྟ་བའི་བདག་དེ་ཕུང་པོ་ལྔར་མེད་པ་བཞིན། ཀུན་ནས་ཉོན་མོངས་པར་བྱ་བའི་ཉོན་མོངས་ཅན་གྱི་སེམས་དེ་སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཉོན་མོངས་པ་ལ་དེ་ཉིད་དང་གཞན་དང་དེའི་རྟེན་དང་དེ་ལ་བརྟེན་པ་དང་དེ་དང་ལྡན་པའི་རྣམ་པ་ལྔར་མེད་དེ་དེ་ཉིད་ཡིན་ན་བྱེད་པ་པོ་དང་ལས་གཅིག་ཏུ་འགྱུར་བ་དང་། དེ་ལས་གཞན་ཡིན་ན་ཉོན་མོངས་ལ་མ་ལྟོས་པའི་ཉོན་མོངས་ཅན་ཡོད་པར་འགྱུར་བས་དགྲ་བཅོམ་པ་ལ་ཡང་དེ་ཡོད་པར་འགྱུར་བ་དང་། ངོ་བོ་གཞན་དུ་མ་གྲུབ་པས་རྟེན་དང་བརྟེན་པ་མི་འཐད་ཅིང་དེ་ཉིད་དང་གཞན་དུ་མེད་པས་ཐ་དད་ཐ་མི་དད་ཀྱི་ལྡན་པ་མི་འཐད་པའི་ཕྱིར་རོ། །གཉིས་པ་ནི། རང་ལུས་ཕུང་པོ་ལ་བརྟེན་ནས་བདག་ཏུ་ལྟ་བའི་བདག་དེ་ཕུང་པོ་ལ་རྣམ་པ་ལྔར་མེད་པ་བཞིན་སེམས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཉོན་མོངས་པ་རྣམས་ནི་ཉོན་མོངས་པར་བྱ་བའི་ཉོན་མོངས་ཅན་གྱི་སེམས་ལ་ངོ་བོ་དེ་ཉིད་དང་གཞན་དང་དེ་དང་ལྡན་པ་དང་དེའི་རྟེན་དང་དེ་ལ་བརྟེན་པའི་རྣམ་པ་ལྔར་དཔྱད་ན་མེད་དེ་རིམ་པ་ལྟར་ལས་དང་བྱེད་པོ་གཅིག་ཏུ་འགྱུར་བའི་ཕྱིར་དང་། ཉོན་མོངས་ཅན་ལ་མ་ལྟོས་པའི་ཉོན་མོངས་ཡོད་པར་འགྱུར་བས་རྟེན་མེད་པའི་ཉོན་མོངས་ཡོད་པར་ཐལ་བ་དང་། དེ་ཉིད་དང་གཞན་དུ་མ་གྲུབ་པས་དང་། ངོ་བོ་ཐ་དད་དུ་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ནི། སྔར་བཤད་པ་ལྟར་ཉོན་མོངས་པ་དེ་དག་སྡུག་མི་སྡུག་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བ་ཡིན་ལ། དེ་དག་བརྟེན་ནས་འབྱུང་བ་དང་། དགག་པ་འཆད་པར་འགྱུར་བའི་ཕྱིར་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་རང་བཞིན་ལས་ནི་ཡོད་པ་མིན་པའི་ཕྱིར་ན། རྒྱུ་སྡུག་དང་མི་སྡུག་ཕྱིན་ཅི་ལོག་ལ་བརྟེན་ནས་ཉོན་མོངས་གང་དག་ཡིན་ཏེ། གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཅེས་པའི་ཚུལ་གྱིས་རྒྱུ་བརྫུན་པ་ལས་བྱུང་བའི་ཕྱིར་ཉོན་མོངས་པ་རང་བཞིན་དུ་མེད་དོ་ཞེས་པའོ། །བཞི་པ་ནི། དེ་དག་གི་གཞིའམ་དམིགས་པ་ཡོད་པའི་ཕྱིར་ཡོད་དོ་ཞེ་ན། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དག་རྣམ་དྲུག་ནི། །དམིགས་པའི་གཞི་སྟེ་གང་གི་གཞི་ཡིན་ཅེ་ན། འདོད་ཆགས་ཞེ་སྡང་དང་། གཏི་མུག་གི་ནི་གཞི་ཡིན་པར་ཁྱེད་ཅག་གིས་བརྟགས་མོད་ཀྱི། འོན་ཀྱང་གཟུགས་སྒྲ་རོ་དང་རེག་པ་དང་། དྲི་དང་ཆོས་དག་ནི་བློས་བརྟགས་པ་ཙམ་འབའ་ཞིག་ཡིན་གྱི་བདེན་པས་སྟོང་པས་དེ་ལ་དམིགས་པའི་ཉོན་མོངས་པ་ཡང་རང་བཞིན་མེད་དེ་མོ་གཤམ་གྱི་བུ་ལ་དམིགས་པའི་ཉོན་མོངས་པ་བཞིན་ནོ། །གལ་ཏེ་དེ་དག་རང་བཞིན་མེད་ན་ཇི་ལྟར་སྣང་ཞེ་ན། སྣང་བ་དེ་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྨིག་རྒྱུའི་ཆུ་དང་རྨི་ལམ་དང་འདྲ་བར་བློ་འཁྲུལ་པ་ལ་དེ་ལྟར་སྣང་བ་ཡིན་པས་བརྫུན་པ་རང་བཞིན་མེད་པ་ཡིན་ནོ་ཞེས་པའོ། །ད་ནི་བྱེ་བྲག་ཏུ་དགག་པ་ལ་འདོད་ཆགས་ཞེ་སྡང་དགག་པ་དང་། གཏི་མུག་དགག་པ་གཉིས་ལས། དང་པོ་ལ་གཉིས་ཏེ། དེའི་རྒྱུ་སྡུག་མི་སྡུག་དགག་པ་དང་། དེས་འབྲས་བུ་ཁེགས་པའོ། །དང་པོ་ལ་ཡང་རྟེན་བརྫུན་པས་དང་། ཕན་ཚུན་བརྟེན་པས་དགག་པ་གཉིས་ལས། དང་པོ་ནི། རྟེན་གཟུགས་ལ་སོགས་པ་སྒྱུ་མའི་སྐྱེས་བུ་ལྟ་བུ་དང་། གཟུགས་བརྙན་དང་འདྲ་བའི་བརྫུན་པ་རང་བཞིན་མེད་པ་དེ་དག་ལ་སྡུག་པ་དང་ནི་མི་སྡུག་པའི་རྣམ་པ་བྷ་བའི་སྒྲ་འབྱུང་བ་དང་དངོས་པོ་ལ་འཇུག་པས་དངོས་པོར་ཡང་ནི་ག་ལ་འགྱུར་ཏེ་སྡུག་མི་སྡུག་གི་རྣམ་པ་དངོས་པོར་བདེན་པ་མེད་དོ་ཞེས་པའོ། །གཉིས་པ་ལ་རེ་ཞིག་སྡུག་པ་དགག་པ་ནི། གལ་ཏེ་དངུལ་བུམ་ལྟ་བུ་སྡུག་པ་འགའ་ཞིག་ཡོད་ན་མི་སྡུག་པ་ལ་མ་ལྟོས་པར་རམ་ལྟོས་ནས་ཡོད། དང་པོ་ལྟར་ནི་མི་རུང་སྟེ། དེ་གསེར་བུམ་པས་ཀྱང་སྡུག་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལྟར་ན། ཟངས་བུམ་ལྟ་བུ་མི་སྡུག་པ་གང་ལ་བརྟེན་ནས་དེ་སྡུག་པ་ཞེས་གདགས་པར་རམ་གཞག་པར་བྱ་བའི་ལྟོས་ས་ཟངས་བུམ་མི་སྡུག་པ་དེ་ཉིད་ཀྱང་དངུལ་བུམ་སྡུག་པ་རང་ལ་མ་ལྟོས་པར་ཡོད་པ་མིན་ཏེ་དེ་ངོ་བོ་ཉིད་ཀྱིས་མི་སྡུག་ན་རྫ་བུམ་པས་ཀྱང་མི་སྡུག་པར་འགྱུར་བའི་ཕྱིར་རོ། །དེས་ན་ལྟོས་ས་མི་སྡུག་པ་སྔར་མ་གྲུབ་པ་དེའི་ཕྱིར་དེ་ལ་ལྟོས་ནས་ཀྱང་སྡུག་པ་འཐད་པ་མ་ཡིན་ནོ། །མི་སྡུག་པ་དགག་པ་ནི། ཡང་ཟངས་བུམ་ལྟ་བུ་མི་སྡུག་པ་འགའ་ཞིག་ཡོད་ན་སྡུག་པ་ལ་མ་ལྟོས་པར་རམ་ལྟོས་ནས་ཡོད། དང་པོ་ལྟར་ནི་མི་རུང་སྟེ། དེ་རྫ་བུམ་པས་ཀྱང་མི་སྡུག་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལྟར་ན། དངུལ་བུམ་ལྟ་བུ་སྡུག་པ་གང་ལ་བརྟེན་ནས་དེ་མི་སྡུག་པར་གདགས་པར་རམ་གཞག་པར་བྱ་བའི་ལྟོས་ས་དངུལ་བུམ་སྡུག་པ་དེ་ཉིད་ཀྱང་ནི་ཟངས་བུམ་མི་སྡུག་པ་རང་ལ་མ་ལྟོས་པར་ཡོད་པ་མིན་ཏེ་དེ་ངོ་བོ་ཉིད་ཀྱིས་སྡུག་ན་གསེར་བུམ་པས་ཀྱང་སྡུག་པར་ཐལ་བའི་ཕྱིར་རོ། །དེས་ན་ལྟོས་ས་སྡུག་པ་སྔར་མ་གྲུབ་པ་དེའི་ཕྱིར་དེ་ལ་ལྟོས་ནས་ཀྱང་མི་སྡུག་པ་འཐད་པ་མ་ཡིན་ནོ། །གཉིས་པ་ནི། དེ་ལྟར་ཡུལ་སྡུག་པ་ཡོད་པ་མ་ཡིན་ན་དེའི་འབྲས་བུ་འདོད་ཆགས་རང་བཞིན་དུ་ཡོད་པར་ག་ལ་འགྱུར་ཞིང་། རྒྱུ་མི་སྡུག་པ་ཡོད་པ་མ་ཡིན་ན་དེའི་འབྲས་བུ་ཞེ་སྡང་འབྱུང་བར་ཏེ་དངོས་པོར་ཡོད་པར་ག་ལ་འགྱུར་ཞེས་པའོ། །ད་ནི་རྒྱུ་ཕྱིན་ཅི་ལོག་མ་གྲུབ་པས་གཏི་མུག་དགག་པ་ལ་གཉིས་ཏེ། ཕྱིན་ཅི་ལོག་དགག་པ་དང་། དེ་བཀག་པའི་འབྲས་བུའོ། །དང་པོ་ལའང་ཕྱིན་ཅི་ལོག་མ་ལོག་གི་ཁྱད་པར་དགག་པ་དང་། དེ་དག་ཏུ་འཛིན་པ་པོའི་གང་ཟག་དགག་པ་གཉིས་ལས། དང་པོ་ལ་གསུམ་སྟེ། ཡུལ་ཅིར་ཡང་མ་གྲུབ་པས་མཚུངས་པ་དང་། ཡུལ་ཡོད་མེད་ལ་མཚུངས་པ་དང་། འཛིན་པ་ཙམ་མ་གྲུབ་པའོ། །དང་པོ་ལ་གནས་ལུགས་ལས་བཟློག་པར་འཛིན་པས་ཕྱིན་ལོག་ཡིན་ན་རྟག་འཛིན་ལོག་པར་མི་འགྱུར་བ་དང་། བཟུང་བ་ལྟར་མི་གནས་པས་ཕྱིན་ལོག་ཡིན་ན་མི་རྟག་པར་འཛིན་པ་མ་ལོག་པར་མི་འགྲུབ་པ་གཉིས་ལས། དང་པོ་ནི། སྤྱིར་ཕུང་པོ་ལྔ་སྐད་ཅིག་གཉིས་པར་འཇིག་པས་མི་རྟག་པ་དང་། དེ་ཉིད་ཀྱིས་གནོད་པ་དང་བཅས་པ་སྡུག་བསྔལ་བ་དང་། ལུས་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་བས་མི་གཙང་བ་དང་། ཕུང་པོ་བདག་དོན་གཞན་དང་ངོ་བོར་གྱུར་པའི་བདག་གིས་སྟོང་པས་བདག་མེད་པ་ལ་རྟག་པ་དང་བདེ་བ་དང་གཙང་བ་དང་བདག་ཏུ་འཛིན་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་རྣམ་པར་འཇོག་པ་ཡིན་ན་ཅི་ཕུང་པོ་མི་རྟག་པ་ལ་སོགས་པར་གནས་པ་ལ་རྟག་སོགས་སུ་འཛིན་པས་སམ། རྟག་སོགས་སུ་མི་གནས་པ་ལ་རྟག་སོགས་སུ་འཛིན་པས་ཕྱིན་ཅི་ལོག་ཡིན་གྲང་། སྔ་མ་ལྟར་གལ་ཏེ་ཕུང་པོ་མི་རྟག་པར་གནས་པ་ལ་རྟག་པ་ཞེས་དེ་ལྟར་འཛིན་པས་ལོག་པར་འཇོག་པ་ཡིན་ན་ཞེས་ལྡོག་ཁྱབ་བསྟན་ནས། ཕུང་པོ་ཆོས་ཅན། རྟག་པར་འཛིན་པའང་ཇི་ལྟར་ལོག་པ་ཡིན་ཏེ། ཕུང་པོ་རང་བཞིན་སྟོང་པ་ལ་རྣལ་མའི་མི་རྟག་པ་ཡང་ཡོད་པ་མིན་པའི་ཕྱིར་རོ། །དེ་བཞིན་དུ། གལ་ཏེ་སྡུག་བསྔལ་བདེའོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་སྡུག་བསྔལ་ཡོད་མིན་པས། །འཛིན་པའང་ཇི་ལྟར་ལོག་པ་ཡིན། །ཞེས་ལྷག་མ་གསུམ་ལ་ཡང་སྦྱར་རོ། །གཉིས་པ་ནི། ཕྱི་མ་ལྟར་གལ་ཏེ་རྟག་པ་ཤེས་བྱ་ལ་མེད་པ་ལ་རྟག་གོ་ཞེས། དེ་ལྟར་འཛིན་པས་ལོག་པ་ཡིན་ནོ། །ཞེས་འཇོག་པ་ཡིན་ན་ཞེས་རྣལ་ཁྱབ་བསྟན་ནས། ཕུང་པོ་ཆོས་ཅན། དེ་ལ་མི་རྟག་པའོ་ཞེས། འཛིན་པའང་ཇི་ལྟར་ལོག་པ་མ་ཡིན་ཏེ། ཕུང་པོ་རང་བཞིན་སྟོང་པ་ལ་ཇི་ལྟར་བཟུང་བ་ལྟར་གྱི་མི་རྟག་པ་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ། གལ་ཏེ་བདེ་མེད་བདེ་འོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་སྡུག་བསྔལ་ཡིན་ནོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །ཞེས་པ་ལ་སོགས་པ་ལྷག་མ་གསུམ་ལ་ཡང་སྦྱར་རོ། །དེ་ལྟར་འདོད་ན་ཕྱིན་ཅི་མ་ལོག་པ་མེད་པས་དེ་ལ་ལྟོས་པའི་ཕྱིན་ཅི་ལོག་ཀྱང་མེད་པར་གྲུབ་བོ། །གཉིས་པ་ནི། གཞན་ཡང་འོག་གི་གལ་ཏེ་ཕུང་པོ་ལ་བདག་དང་གཙང་བ་དང་། རྟག་པ་དང་བདེ་བ་ཤེས་བྱ་ལ་ཡོད་ན་ནི་ཡུལ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་དག་ཤེས་བྱ་ཕྱིན་ཅི་ལོག་གི་རྣམ་པའམ་ཡུལ་ཅན་དེ་དག་ཏུ་འཛིན་པ་ཤེས་བྱ་ལས་ཕྱིན་ཅི་ལོག་ཏུ་འཛིན་པ་མ་ཡིན་ནོ། །ཡང་གལ་ཏེ་ཕུང་པོའམ་ཤེས་བྱ་ལ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་མེད་ན་ནི་དེ་དག་མེད་པར་མ་ཟད་ཀྱི་དེ་ལ་ལྟོས་པའི་བཀག་ཆོས་བདག་མེད་དང་མི་གཙང་དང་མི་རྟག་དང་སྡུག་བསྔལ་ཞེས་བྱ་བ་ཤེས་བྱ་ཕྱིན་ཅི་མ་ལོག་པའི་རྣམ་པ་བཞི་ཡང་ཡོད་པ་མ་ཡིན་པས་བརྒྱད་ཅར་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡིན་ནོ། །དེ་ལྟར་འདོད་ན་ཕྱིན་ཅི་མ་ལོག་པ་མེད་པས་དེ་ལ་ལྟོས་པའི་ཡུལ་ཕྱིན་ལོག་གི་རྣམ་པའམ་ཡུལ་ཅན་ཕྱིན་ཅི་ལོག་ཏུ་འཛིན་པ་ཡོད་པ་མ་ཡིན་པར་གྲུབ་བོ། །གསུམ་པ་ནི། དེ་ལྟར་ལོག་མ་ལོག་ཏུ་འཛིན་པ་བཀག་ཀྱང་འཛིན་པའི་བྱ་བ་ཙམ་མ་བཀག་པས་ཡོད་ལ་དེ་ཡོད་པས་དེའི་སྒྲུབ་བྱེད་བྱེད་པ་དང་བྱེད་པ་པོ་དང་ལས་ཀྱང་ཡོད་པས་ཁོ་བོ་ཅག་གི་ཕྱོགས་གྲུབ་བོ་ཞེ་ན། མ་ཡིན་ཏེ། བྱེད་པའམ་ཕྱིན་ཅི་ལོག་གི་རྣམ་པ་རྟག་པ་ལ་སོགས་པ་གང་གིས་འཛིན་པ་དང་། འཛིན་པའི་བྱ་བ་གང་ཡིན་པ་དང་། འཛིན་པ་པོ་བདག་གམ་སེམས་དང་། གང་གཟུང་བར་བྱ་བའི་ཡུལ་གཟུགས་ལ་སོགས་པ་ཐམས་ཅད་རྐྱེན་བརྟག་པར་སྤྱི་ལྡོག་ནས་སྐྱེ་བ་བཀག་པས་སམ། ཡང་ན། གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །ཞེས་དང་། བདག་གི་ཡོད་ཉིད་མེད་ཉིད་ནི། །ཇི་ལྟ་བུར་ཡང་གྲུབ་པ་མེད། །རང་ལུས་ལྟ་བཞིན་ཉོན་མོངས་ཅན། །ཉོན་མོངས་པ་ལ་རྣམ་ལྔར་མེད། །ཅེས་དང་། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དག་འབའ་ཞིག་སྟེ། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །ཞེས་སོ་སོའི་རང་ལྡོག་ནས་བཀག་པས་ཐམས་ཅད་ཉེ་བར་ཞི་བ་སྟེ། དེའི་ཕྱིར་འཛིན་པ་ཙམ་པོ་ཡང་ཡོད་པ་མ་ཡིན་ལ། དེ་མེད་པས་ཕྱིན་ཅི་ལོག་དང་མ་ལོག་པར་འཛིན་པ་ཡང་མེད་པར་གྲུབ་བོ། །གཉིས་པ་ལ་ལོག་པ་དང་མ་ལོག་པར་འཛིན་པ་པོའི་གང་ཟག་སྤྱིར་དགག་པ་དང་། བྱེ་བྲག་ཏུ་ཕྱིན་ལོག་གི་འཛིན་པ་པོ་དགག་པ་གཉིས་ལས། དང་པོ་ནི། ཕྱིན་ཅི་ལོག་མ་ལོག་ནི་ཡོད་པ་ཉིད་དེ་དེ་དག་དང་ལྡན་པའམ་འཛིན་པ་པོའི་གང་ཟག་ཡོད་པའི་ཕྱིར་རོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། དེ་ལྟར་འཛིན་པ་ཙམ་མེད་པས་ཕྱིན་ཅི་ལོག་པའམ་དེ་ལ་ལྟོས་པའི་ཡང་དག་ཉིད་དུ་ནི། འཛིན་པ་ཡོད་པ་མ་ཡིན་ན། གང་ཟག་གང་ལ་ཕྱིན་ཅི་ལོག་ཡོད་ཅིང་། གང་ཟག་གང་ལ་ཕྱིན་ཅི་མ་ལོག་ཡོད་དེ་དེ་གཉིས་དང་ལྡན་པའང་མེད་དོ་ཞེས་པའོ། །གཉིས་པ་ལ་རྟེན་གསུམ་ལ་མི་སྲིད་པ་དང་། མཐའ་གསུམ་ལས་མ་སྐྱེས་པ་གཉིས་ལས། དང་པོ་ནི། གཞན་ཡང་ཡུལ་ལ་མ་རྟེན་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ནི་ཕྱིན་ཅི་ལོག་དག་མི་སྲིད་དེ་དེའི་བྱ་བ་འགགས་པའི་ཕྱིར་དང་། དོན་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་མ་གྱུར་པ་ལའང་ནི་ཕྱིན་ཅི་ལོག་དག་མི་སྲིད་དེ་དེའི་བྱ་བ་མ་སྐྱེས་པའི་ཕྱིར་དང་། ཕན་ཚུན་འགལ་བའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་འགྱུར་བཞིན་ལའང་ནི་ཕྱིན་ཅི་ལོག་དག་མི་སྲིད་དེ་གྱུར་མ་གྱུར་ལས་གཞན་པའི་དེ་མེད་པའི་ཕྱིར་དང་། དེའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡུལ་ལམ་རྟེན་གྱི་གང་ཟག་གང་ལ་ཕྱིན་ཅི་ལོག་སྲིད་ཅེས་བདག་ཉིད་གཟུ་བོར་གྱུར་པའི་ཤེས་རབ་ཀྱིས་ནི་རྣམ་པར་དཔྱོད་ཅིག་སྟེ་དེ་ལྟར་དཔྱད་ན་ཕྱི་ཅི་ལོག་དང་ལྡན་པ་མེད་དོ་ཞེས་པའོ། །གཉིས་པ་ནི། ཡང་ཕྱིན་ཅི་ལོག་རྣམས་མ་སྐྱེས་ན། ཇི་ལྟ་བུར་ན་ཡོད་པར་འགྱུར་དེ་ལྟར་ཕྱིན་ཅི་ལོག་རྣམས་སྐྱེ་བ་མེད་པས་མེད་ན། ཕྱིན་ཅི་ལོག་ཅན་ག་ལ་ཡོད། དེ་མ་སྐྱེས་པར་མ་གྲུབ་བོ་ཞེ་ན། ཕྱིན་ཅི་ལོག་གི་དངོས་པོ་བདག་ལས་མི་སྐྱེ་སྟེ། གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་ཀྱང་མིན་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཅེས་པ་སྟེ་འདིའི་དོན་སྔར་བཤད་ཟིན་ཏོ། །དེ་ལྟར་ཕྱིན་ཅི་ལོག་བཀག་ནས། ད་ནི་དེ་བཀག་པའམ་དེ་ལ་དཔྱད་པའི་འབྲས་བུ་ནི། དེ་ལྟར་ཕྱིན་ཅི་ལོག་དཔྱད་ན་མ་རྙེད་པས་ཕྱིན་ཅི་ལོག་ཏུ་འཛིན་པ་ཀུན་རྫོབ་པ་འགག་པར་འགྱུར་ལ། དེ་འགགས་པས་དེའི་འབྲས་བུ་མ་རིག་པ་ནི་ཀུན་རྫོབ་ཏུ་འགག་པར་འགྱུར་ཞིང་། རྒྱུ་མ་རིག་པ་འགགས་པར་གྱུར་ན་ནི་དེའི་འབྲས་བུ་འདུ་བྱེད་ལ་སོགས་པ་རྒ་ཤིའི་མཐར་ཐུག་པ་སྡུག་བསྔལ་གྱི་ཚོགས་ཐོག་མ་མེད་པའི་དུས་ནས་ཞུགས་པ་ཀུན་རྫོབ་པ་མ་ལུས་པའི་ས་པར་འགག་པར་འགྱུར་བས་དོན་ཆེན་པོ་ཅན་ཡིན་ནོ། །དེ་ལྟར་ཉོན་མོངས་པ་བཀག་ནས། དེའི་སྒྲུབ་བྱེད་གཉེན་པོ་སྤོང་བའི་ཐབས་ཚོལ་བ་དགག་པ་ནི། གལ་ཏེ་དེ་ལྟར་མ་རིག་པ་ལ་སོགས་པ་སྤོང་བའི་གཉེན་པོ་ཡོད་པའི་ཕྱིར་དེ་དག་ཀྱང་ཡོད་པ་ཉིད་དེ། ནམ་མཁའི་ཨ་མྲའི་ལྕུག་མ་ལྟར་གཉེན་པོས་སྤོང་བ་མ་ཡིན་ནོ་ཞེ་ན། དེ་གཉེན་པོས་སྤོང་བ་ཉིད་དཔྱད་ན་ཡོད་པ་མ་ཡིན་ཏེ། གལ་ཏེ་སྤོང་ན་རང་བཞིན་ཡོད་པའམ་མེད་པ་ཞིག་སོང་། དེ་ལ་གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་གང་དག་རང་བཞིན་གྱིས་ཡོད་ན། ཇི་ལྟ་བུར་ན་སྤང་བར་འགྱུར་ཏེ། དེའི་ཁྱབ་པ་ནི་རང་བཞིན་དུ་ཡོད་པ་སུ་ཞིག་སྤོང་བར་བྱེད་དེ་ནམ་མཁའི་མི་སྒྲིབ་པ་ལྟར་དེ་བཟློག་པར་མི་ནུས་པའི་ཕྱིར་རོ། །གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་གང་དག་རང་བཞིན་གྱིས་མེད་ན་ཡང་དེ་ཁོ་ན་ཉིད་དུ་ཇི་ལྟ་བུར་ན་སྤང་བར་འགྱུར་ཏེ། དེའི་ཁྱབ་པ་ནི་རང་བཞིན་མེད་པ་སུ་ཞིག་གིས་སྤོང་བར་བྱེད་དེ་མེའི་བསིལ་བ་ལྟར་དེ་སྤང་མི་དགོས་པའི་ཕྱིར་རོ། །གལ་ཏེ་དེ་གཉེན་པོས་སྤོང་བ་མེད་ན་སྔར་རྣམ་པར་དཔྱད་པའི་ཚུལ་འདིས། དེ་ལྟར་ཕྱིན་ཅི་ལོག་འགགས་པས། །མ་རིག་པ་ནི་འགག་པར་འགྱུར། །ཞེས་བྱེད་པ་དང་ཇི་ལྟར་མི་འགལ་ཅེ་ན། དེ་ནི་རང་བཞིན་མེད་ཀྱང་གསེར་གྱི་གཡའ་ལྟར་གློ་བུར་གྱི་དྲི་མ་མ་དཔྱད་པ་སྣང་ངོར་གཉེན་པོས་སྤོང་བའི་ཚུལ་ཡིན་པས་མི་འགལ་ཏེ། ཇི་ལྟར་རྨི་ལམ་ན་བརྩོན་དུ་བཟུང་བ་མི་བདེན་པར་ཤེས་པས་གྲོལ་བ་ལྟར། ཡང་དག་པར་སྤང་བྱ་གཉེན་པོ་གཉིས་མེད་པར་ཤེས་པ་དེ་ཉིད་ཉོན་མོངས་པ་ཀུན་རྫོབ་པ་སྤང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་མདོ་ལས། མ་རིག་པ་དང་མ་རིག་རྐྱེན་འབྱུང་གང་། །ནམ་ཡང་ཡོད་པར་འགྱུར་བ་མ་ཡིན་ཏེ། །མ་རིག་པ་དེ་འཇིག་རྟེན་ཡོད་མིན་པ། །དེ་ཡི་ཕྱིར་ན་ངས་འདི་མ་རིག་གསུངས། །ཞེས་དང་། འཇམ་དཔལ་གཏི་མུག་ནི་རབ་ཏུ་གྲོལ་བ་སྟེ། དེས་ན་གཏི་མུག་ཅེས་བྱའོ་ཞེས་དང་། སློབ་དཔོན་ཉིད་ཀྱིས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་གསུམ་པའི་རྣམ་པར་བཤད་པའོ།།  །།ད་ནི་རྟེན་འབྲེལ་རང་བཞིན་སྟོང་པ་ཉིད་དུ་བསྟན་པ་ལ་གཉིས་ལས། འཕགས་པའི་བདེན་པ་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མེད་ཅེས་དང་། མདོ་གཞན་ལས། དགེ་སློང་དག་བདེན་པ་དམ་པ་ནི་གཅིག་སྟེ། སླུ་བ་མེད་པའི་ཆོས་ཅན་མྱ་ངན་ལས་འདས་པའོ། །ཞེས་བདེན་པ་བཞི་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་འཕགས་པའི་བདེན་པ་ལ་སོགས་པ་མེད་པར་ཐལ་ལོ་ཞེས་པའི་རྩོད་པ་སྤང་བའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པའོ། །གཉིས་པ་གཞུང་བཤད་པ་ལ་གཉིས་ཏེ། རྒོལ་བ་དང་། ལན་ནོ། །དང་པོ་ལ་ཡང་ལྔ་ལས། རེ་ཞིག་ཤེས་བྱ་འཕགས་པའི་བདེན་པ་མེད་པར་ཐལ་བ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་དག་ཀུན་ངོ་བོ་སྟོང་པ་ཉིད་ཡིན་ན་ནམ་མཁའ་ལྟར་ཁྱད་པར་འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་རོ། །དེ་མེད་ན་འཕགས་པའི་བདེན་པ་བཞི་པོ་རྣམས་སྟོང་པ་སྨྲ་བ་ཁྱོད་ལ་མེད་པར་ཐལ་བར་འགྱུར་ཏེ། འདི་ལྟར་སྔར་གྱི་ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི་ཕུང་པོ་ཉིད་སྡུག་བསྔལ་གྱི་དང་། འགྱུར་བའི་དང་། འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱིས་རྟག་ཏུ་གནོད་པའི་བདག་ཉིད་ཅན་ཡིན་པས་འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་དང་། ཕྱིན་ཅི་ལོག་སྤངས་པ་འཕགས་པའི་བློ་ངོ་ན་དེ་ལྟར་བདེན་པས་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བརྗོད་ལ། དེ་འབྱུང་འཇིག་གི་བདག་ཉིད་ཡིན་པས་འབྱུང་འཇིག་མེད་ན་དེ་མེད་པར་འགྱུར་ལ། འབྲས་བུ་སྡུག་བསྔལ་མེད་ན་དེའི་རྒྱུ་ལས་དང་ཉོན་མོངས་པའི་བདག་ཉིད་སྡུག་བསྔལ་ཀུན་འབྱུང་དང་། སྡུག་བསྔལ་རྒྱུ་བཅས་འགག་པའི་འགོག་པ་དང་། དེར་འགྲོ་བའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་སོགས་པ་ཡང་མེད་པར་འགྱུར་རོ། །གཉིས་པ་ཡུལ་ཅན་ལམ་གྱི་ཡེ་ཤེས་བཞི་མེད་པར་ཐལ་བ་ནི། དེ་ལྟར་འཕགས་པའི་བདེན་པ་བཞི་མེད་པར་འདོད་ན་དེ་དག་མེད་པས་མི་རྟག་པ་ལ་སོགས་པའི་རྣམ་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང་། ལམ་བསྒོམ་པ་དང་། འགོག་པ་མངོན་དུ་བྱ་བ་དག འཐད་པར་འགྱུར་བ་མ་ཡིན་ནོ་ཞེས་པའོ། །གསུམ་པ་འབྲས་བུ་དཀོན་མཆོག་གསུམ་མེད་པར་ཐལ་བ་ལ། རེ་ཞིག་དགེ་འདུན་མེད་པར་ཐལ་བ་ནི། སྡུག་བསྔལ་ཤེས་པ་ལ་སོགས་པ་དེ་དག་ཡོད་པ་མ་ཡིན་པས་ལམ་བསྒོམས་པས་ཐོབ་པ་མཐོང་སྤང་གི་ཕྲ་རྒྱས་དང་བསྒོམ་སྤང་གི་ཕྲ་རྒྱས་ཁམས་གསུམ་གྱི་ས་དགུ་ན་སྤྱོད་པ་ཆེ་འབྲིང་དགུ་དགུ་ཡོད་པ་ལས་འདོད་པ་ན་སྤྱོད་པ་འབྲིང་གི་ཆུང་ངུ་དང་། སྲིད་རྩེའི་ས་པའི་ཆུང་ངུའི་ཆུང་ངུ་སྤངས་པ་རིམ་པ་ལྟར་རྒྱུན་དུ་ཞུགས་པ་དང་ལན་གཅིག་ཕྱིར་འོང་དང་ཕྱིར་མི་འོང་དང་དགྲ་བཅོམ་པའི་འབྲས་བུ་བཞི་ཡང་ཡོད་པ་མ་ཡིན་པར་འགྱུར་ལ། འབྲས་བུ་མེད་ན་སྤང་བྱ་དེ་དག་སྤངས་པའི་རྣམ་གྲོལ་གྱི་ལམ་འབྲས་བུ་བཞི་ལ་གནས་པའི་གང་ཟག་མེད་པ་དང་། དེ་དག་གི་རྒྱུ་བར་ཆད་མེད་པའི་ལམ་དང་། དེའི་སྦྱོར་བ་ལ་གནས་པ་འབྲས་བུ་ལ་ཞུགས་པ་བཞི་པོ་དག་ཀྱང་ཡོད་པ་མ་ཡིན་པར་འགྱུར་རོ། །དེ་དག་གི་དོན་ཅུང་ཞིག་བརྗོད་ན་ཆོས་མངོན་པ་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་ཐེག་པ་ཆུང་ངུའི་ལུགས་ཀྱིས་བདེན་པ་བཞི་རེ་རེ་ཞིང་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་སྐད་ཅིག་བཞི་བཞི་སྟེ་སྐད་ཅིག་བཅུ་དྲུག་བྲེང་ཆགས་སུ་སྐྱེ་བར་འདོད་པས་སྐད་ཅིག་བཅོ་ལྔ་དང་བཅུ་དྲུག་པ་ལ་གནས་པ་འབྲས་བུ་དང་པོ་ལ་ཞུགས་པ་དང་གནས་པ་ཡིན་ནོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི། སྐད་ཅིག་གཉིས་པར་འཇིག་པས་མི་རྟག་པ་དང་། གནོད་པ་དང་བཅས་པས་སྡུག་བསྔལ་བ་དང་། དོན་གཞན་གྱི་བདག་གིས་སྟོང་པ་དང་། ངོ་བོར་གྱུར་པའི་བདག་མེད་པའི་རྣམ་པ་བཞིས། འདོད་པ་ཁམས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་སྡུག་བསྔལ་མཐོང་སྤང་འདོད་པ་ན་སྤྱོད་པ་འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་གྱི་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་སྟེ་ཕྲ་རྒྱས་བཅུ་སྤོང་བར་བྱེད་པའི་བར་ཆོད་མེད་པའི་ལམ་མོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི། དམིགས་རྣམ་དེ་ཉིད་ཀྱིས་ཕྲ་རྒྱས་དེ་དག་སྤངས་པའི་རྣམ་གྲོལ་གྱི་ལམ་མོ། །ཕྲ་རྒྱས་བཅུ་པོ་དེ་དག་སྡུག་བསྔལ་གྱི་བདེན་པ་ལ་དངོས་སུ་ལོག་པར་ཞུགས་པ་ལྔ། ལོག་པ་ལ་ལོག་པར་ཞུགས་པ་བཞི། ལོག་པའི་དབང་གིས་ལོག་པར་ཞུགས་པ་གཅིག་སྟེ། འདི་ལྟར་མ་རིག་པ་དང་ཐེ་ཚོམ་ནི་སྡུག་བསྔལ་གྱི་བདེན་པ་ཕུང་པོ་ལྔ་ལ་མི་རྟག་པ་ལ་སོགས་པའི་མཚན་ཉིད་མི་ཤེས་པ་དང་ཡིད་གཉིས་ཟ་བའི་སྒོ་ནས་དང་། འཇིག་ཚོགས་ལ་ལྟ་བ་ནི་ཕུང་པོ་བདག་དང་བདག་གིས་སྟོང་པ་ལ་དེ་ལས་བཟློག་པ་བདག་དང་བདག་གིར་འཛིན་པའི་སྒོ་ནས་དང་། མཐར་འཛིན་གྱི་ལྟ་བ་ནི་འཇིག་ཚོགས་སུ་ལྟ་བས་བཞག་པ་ཕུང་པོའི་བདག་དེ་ཉིད་ལ་རྟག་ཆད་དུ་འཛིན་པའི་སྒོ་ནས་དང་། ལོག་པར་ལྟ་བས་ནི་ལས་འབྲས་ལ་སོགས་པ་སྡུག་བསྔལ་གྱི་བདེན་པ་ཀུན་རྫོབ་ཏུ་ཡང་མེད་ཅེས་སྐུར་པ་འདེབས་པའི་སྒོ་ནས་དངོས་སུ་ལོག་པར་འཇུག་པས་དེ་དག་ནི་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་མ་རྟོགས་པ་དང་། ཐེ་ཚོམ་ཟ་དང་། ལོག་པར་རྟོག་པའི་སྒོ་ནས་དེ་ལ་དངོས་སུ་ལོག་པར་ཞུགས་པ་ཡིན་པས་སྔ་མ་སྔ་མ་རྒྱུ་ཡིན་པར་བལྟའོ། །ལོག་པ་ལ་ལོག་པར་ཞུགས་པ་བཞི་ནི་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གཉིས་ལྟ་བ་སྔ་མ་གསུམ་པོ་དེ་དག་ཤེས་བྱའི་གནས་དང་མཐུན་པའི་དམ་པ་གཙོ་བོ་མཆོག་མ་ཡིན་པ་ལ་དེ་ལྟར་འཛིན་པའི་སྒོ་ནས་དང་། དེ་དག་དག་པ་དང་གྲོལ་བའི་རྒྱུ་མ་ཡིན་པ་ལ་དེ་ལྟར་འཛིན་པའི་སྒོ་ནས་ལོག་པར་འཇུག་ལ། འདོད་ཆགས་དང་ང་རྒྱལ་ནི་ཡུལ་ལ་ཆགས་པ་དང་དེས་ང་རྒྱལ་བ་ཕུང་པོ་ལ་དངོས་སུ་ལོག་པར་འཇུག་ཀྱང་སྒོམ་སྤང་ཡིན་ལ། འདིར་ལྟ་བ་དེ་དག་ལ་དབྲལ་དཀའ་བའི་ཆགས་པ་དང་ལྟ་བ་དེ་དག་གིས་སེམས་ཁེངས་པའི་ང་རྒྱལ་ཡིན་པས་ལོག་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །ཁོང་ཁྲོ་བ་ཡང་ཡུལ་ལ་ཁྲོ་བ་དངོས་སུ་ལོག་པར་འཇུག་ཀྱང་སྒོམ་སྤང་ཡིན་ལ། འདིར་ལྟ་བ་དེ་དག་ལ་མཆོག་དང་འདག་འགྲོལ་གྱི་རྒྱུར་བཟུང་བའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བ་ལ་ཁོང་ཁྲོ་བ་ཡིན་པས་དབང་གི་ལོག་པར་ཞུགས་པའོ། །འདི་ཆོས་ལ་མནར་སེམས་པའི་ཆ་ནས་ལམ་དང་འགོག་པ་ལ་དངོས་སུ་ལོག་པར་ཞུགས་པའི་སྐབས་སྲིད་ལ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་ལ་ལྷག་མ་རྣམས་སྔ་མ་དང་མཚུངས་སོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། མི་རྟག་པ་ལ་སོགས་པའི་རྣམ་པས་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་སྡུག་བསྔལ་མཐོང་སྤང་གཟུགས་དང་གཟུགས་མེད་ན་སྤྱོད་པ་ཁོང་ཁྲོ་མ་གཏོགས་པ་སྔར་བཤད་པའི་དགུ་དགུ་སྟེ་ཕྲ་རྒྱས་བཅོ་བརྒྱད་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་མོ། །དམིགས་རྣམས་དེ་ཉིད་ཀྱིས་ཕྲ་རྒྱས་དེ་དག་སྤངས་པའི་རྣམ་གྲོལ་གྱི་ལམ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །ཀུན་འབྱུང་གི་ཡེ་ཤེས་བཞི་ལ། ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནི། སྡུག་བསྔལ་བསྐྱེད་པའི་ས་བོན་དུ་གྱུར་པས་རྒྱུ་དང་། མང་པོ་བསྐྱེད་པས་ཀུན་འབྱུང་བ་དང་། དྲག་པོ་བསྐྱེད་པས་རབ་ཏུ་སྐྱེ་བ། བརྒྱུད་མར་བསྐྱེད་པས་རྐྱེན་གྱི་རྣམ་པ་བཞི་འདོད་པ་ཁམས་ཀྱི་ཀུན་འབྱུང་གི་བདེན་པ་ལ་དམིགས་པ། སྡུག་བསྔལ་ལ་སོགས་གོ་རིམ་བཞིན། །དེ་དག་བཅུ་དང་བདུན་བདུན་བརྒྱད། །ཅེས་པའི་ཚུལ་གྱིས་ཀུན་འབྱུང་གི་ཆོས་ཉིད་མཐོང་སྤང་འདོད་པ་ན་སྤྱོད་པ་སྔར་གྱི་བཅུ་པོ་ལ་འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་གྱི་ལྟ་བ་དང་། ཚུལ་ཁམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་བོར་ཏེ་ཕྲ་རྒྱས་བདུན་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་མོ། །དམིགས་རྣམ་དེ་ཉིད་ཀྱིས་ཕྲ་རྒྱས་དེ་དག་སྤངས་པའི་རྣམ་གྲོལ་གྱི་ལམ་ཀུན་འབྱུང་ལ་ཆོས་ཤེས་པའོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རྣམ་པ་སྔ་མས་ཁམས་གོང་མ་གཉིས་ཀྱི་ཀུན་འབྱུང་གི་བདེན་པ་ལ་དམིགས་པ་ཀུན་འབྱུང་གི་ཆོས་ཉིད་མཐོང་སྤང་གཟུགས་དང་གཟུགས་མེད་ན་སྤྱོད་པ་ཁོང་ཁྲོ་མ་གཏོགས་པ་དྲུག་དྲུག་སྟེ་བཅུ་གཉིས་སྤོང་བ་བྱེད་པའི་བར་ཆད་མེད་པའི་ལམ་མོ། །དམིགས་རྣམ་དེ་ཉིད་ཀྱིས་ཕྲ་རྒྱས་དེ་དག་སྤངས་པའི་རྣམ་གྲོལ་གྱི་ལམ་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །འགོག་པའི་ཡེ་ཤེས་བཞི་ལ། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནི། ཉོན་མོངས་འགགས་པས་འགོག་པ་དང་། སྡུག་བསྔལ་གྱི་མེ་ཞི་བས་ཞི་བ་དང་། སྡུག་བསྔལ་ཀུན་འབྱུང་གི་སྨེ་བ་དང་བྲལ་བས་གྱ་ནོམ་པ་དང་། རྟག་པ་ཕན་པའི་གནས་སུ་བྱུང་བས་ངེས་པར་འབྱུང་བའི་རྣམ་པ་བཞིས་འདོད་པའི་སྡུག་བསྔལ་འགོག་པ་ལ་དམིགས་པ་འགོག་པའི་ཆོས་ཉིད་མཐོང་སྤང་འདོད་པ་ན་སྤྱོད་པ་ཀུན་འབྱུང་དང་མཚུངས་པར་ཕྲ་རྒྱས་བདུན་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་མོ། །དམིགས་རྣམ་དེ་ཉིད་ཀྱིས་ཕྲ་རྒྱས་དེ་དག་སྤངས་པའི་རྣམ་གྲོལ་གྱི་ལམ་འགོག་པ་ལ་ཆོས་ཤེས་པའོ། །འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རྣམ་པ་སྔ་མས་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་འགོག་པ་ལ་དམིགས་པ་འགོག་པའི་ཆོས་ཉིད་མཐོང་སྤང་གཟུགས་དང་གཟུགས་མེད་ན་སྤྱོད་པ་ཁོང་ཁྲོ་མ་གཏོགས་པ་དྲུག་དྲུག་སྟེ་བཅུ་གཉིས་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་མོ། །དམིགས་རྣམ་དེ་ཉིད་ཀྱིས་ཕྲ་རྒྱས་དེ་དག་སྤངས་པའི་རྣམ་གྲོལ་གྱི་ལམ་འགོག་པ་ལ་རྗེས་སུ་ཤེས་པའོ། །ལམ་གྱི་ཡེ་ཤེས་བཞི་ལ། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཁྲིད་པས་ལམ་དང་། སེམས་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་དང་། ཉོན་མོངས་པའི་གཉེན་པོ་བྱེད་པས་རིགས་པ་དང་། གཏན་དུ་ཕན་པའི་ནགས་སུ་ངེས་པར་འབྱིན་པའི་རྣམ་པ་བཞིས། འདོད་པའི་སྡུག་བསྔལ་འགོག་པའི་ལམ་ལ་དམིགས་པ་ལམ་གྱི་ཆོས་ཉིད་མཐོང་སྤང་འདོད་པ་ན་སྤྱོད་པ་སྔར་གྱི་བདུན་གྱི་སྟེང་དུ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་བསྣན་ཏེ་ཕྲ་རྒྱས་བརྒྱད་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་མོ། །དམིགས་རྣམ་དེ་ཉིད་ཀྱིས་ཕྲ་རྒྱས་དེ་དག་སྤངས་པའི་རྣམ་གྲོལ་གྱི་ལམ་ལམ་ལ་ཆོས་ཤེས་པའོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། རྣམ་པ་སྔ་མས་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་འགོག་པའི་ལམ་ལ་དམིགས་པ་ལམ་གྱི་ཆོས་ཉིད་མཐོང་སྤང་གཟུགས་དང་གཟུགས་མེད་ན་སྤྱོད་པ་ཁོང་ཁྲོ་མ་གཏོགས་པ་བདུན་བདུན་ཏེ་ཕྲ་རྒྱས་བཅུ་བཞི་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་མོ། །ཡེ་ཤེས་སྐད་ཅིག་བཅོ་ལྔ་པ་དེ་ལ་མཐོང་བའི་ལམ་ཞེས་བྱ་ལ་དེ་ལ་གནས་པའི་འཕགས་པའི་གང་ཟག་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པས་དེ་ལ་ཞུགས་པར་བརྗོད་དོ། །བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ནི། དམིགས་རྣམ་དེ་ཉིད་ཀྱིས་ཕྲ་རྒྱས་བཅུ་བཞི་པོ་དེ་དག་སྤངས་པའི་རྣམ་པར་གྲོལ་བའི་ལམ་གྱི་ཡེ་ཤེས་སོ། །དེ་ལ་གནས་པ་ནས་འདོད་པའི་བསྒོམ་སྤང་ལྔ་པ་སྤངས་པའི་བར་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་སྟེ་ཤེས་པ་བརྒྱད་ཚན་ཐོབ་པ་དང་། ཇི་སྐད་བཤད་པའི་མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་པོ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་པོ་དེ་དག་ནི་བདེན་པ་ལ་དམིགས་པ་ཀུན་ཏུ་བཏགས་པའི་རིགས་ཡིན་པས་མཐོང་བ་གོམས་པ་ལ་མི་ལྟོས་པར་བདེན་པའི་ཆོས་ཉིད་མཐོང་བ་ཉིད་ཀྱིས་སྤོང་བར་ནུས་པས་མཐོང་སྤང་ཞེས་བརྗོད་ལ། དེ་ཡང་གྲོགས་སམ་གྲུབ་མཐའ་ངན་པའི་སྟོབས་ཀྱིས་འཕྲལ་དུ་བརྟགས་པ་ཁོ་ན་མ་ཡིན་གྱི་དེའི་རིགས་ཅན་དང་ས་བོན་ཅན་ཡང་ཡིན་ནོ། །ཐེག་པ་ཆེན་པོའི་མངོན་པ་ལས་སྡུག་བསྔལ་མཐོང་སྤང་གི་ཕྲ་རྒྱས་ཁམས་གསུམ་ན་སྤྱོད་པ་ཉི་ཤུ་རྩ་བརྒྱད་ཡོད་པ་ལྟར། བདེན་པ་ལྷག་མ་གསུམ་གྱི་ཡང་མཚུངས་པར་བྱས་ནས་མཐོང་སྤང་གི་ཕྲ་རྒྱས་བརྒྱ་རྩ་བཅུ་གཉིས་སུ་ཕྱེ་བ་ནི་རྒྱུར་གྱུར་པའི་ཕུང་པོ་ལྔ་ཀུན་འབྱུང་དང་། ཆོས་ཉིད་དྲི་མ་ཅི་རིགས་པ་དང་བྲལ་བ་དང་། དེ་རྟོགས་པའི་ཤེས་རབ་དང་ཚོགས་པ་གཅིག་པའི་ཕུང་པོ་ལ་རིམ་པ་ལྟར་འགོག་པ་དང་ལམ་དུ་འཇོག་པ་ཡིན་པས་སྡུག་བསྔལ་གྱི་བདེན་པ་ལྟར་ལྷག་མ་གསུམ་ལའང་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བཅུ་བཅུ་དང་། ཁམས་གོང་མ་གཉིས་ན་སྤྱོད་པ་དགུ་དགུའི་སྒོ་ནས་ལོག་པར་འཇུག་ལ། འདིར་ནི་ལས་དང་ཉོན་མོངས་ལ་ཀུན་འབྱུང་དང་། ཕུང་པོའི་རྒྱུན་འགག་པ་ལ་འགོག་པ་དང་། མཐོང་སྒོམ་གྱི་ལམ་ལ་ལམ་དུ་བཞག་པ་ཡིན་པས་འཇིག་ཚོགས་སུ་ལྟ་བ་དང་མཐར་འཛིན་གཉིས་དེ་དག་ལ་ལོག་པར་མི་འཇུག་སྟེ། དང་པོ་ནི། ཕུང་པོ་ལ་བདག་དང་བདག་གིར་འཛིན་པ་ཡིན་པས་དེ་དག་ཕུང་པོ་ལྔའི་རང་ལྡོག་མ་ཡིན་པའི་ཕྱིར་དང་། ལྟ་བ་གཉིས་པ་དེའི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རོ། །ཡང་ན་ལྟ་བ་དེ་གཉིས་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། སྡུག་བསྔལ་གྱི་བདེན་པའི་རྣམ་པ་སྟོང་པ་དང་། བདག་མེད་པར་མཐོང་བ་དང་རྣམ་པ་འགལ་བས་སྤོང་གི་བདེན་པ་ལྷག་མ་གསུམ་གྱི་རྒྱུ་ལ་སོགས་པའི་རྣམ་པ་མཐོང་བ་དང་རྣམ་པ་མི་འགལ་བས་མི་སྤོང་ལ། གསུམ་པ་ནི། ལམ་གྱི་བདེན་པའི་ལམ་ལ་སོགས་པ་དང་རྣམ་པ་འགལ་བས་དེས་སྤོང་བས་ན་དེ་ལྟར་གཞག་ལ། ཐེག་པ་ཆེན་པོར་ནི་རྒྱུ་ལ་སོགས་པའི་རྣམ་པ་ཡང་སྒྱུ་མ་ལྟ་བུར་མཐོང་བ་ཡིན་པས་དེ་དང་ལྟ་བ་གསུམ་པོ་རྣམ་པ་འགལ་བས་བདེན་པ་ལྷག་མ་གསུམ་གྱི་ཆོས་ཉིད་མཐོང་བས་ཀྱང་དེ་དག་སྤོང་ངོ་ཞེས་བཤད་པ་ཡིན་ནོ། །ཡང་སྒོམ་སྤོང་གི་ཉོན་མོངས་པ་ནི་ཐེག་པ་ཆུང་ངུ་ལས་འདོད་པ་ན་སྤྱོད་པ་ལྷན་ཅིག་སྐྱེས་པའི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་དང་། གཟུགས་དང་གཟུགས་མེད་ན་སྤྱོད་པ་ཁོང་ཁྲོ་དོར་བ་གསུམ་གསུམ་སྟེ་ཕྲ་རྒྱས་བཅུ་པོ་ཉིད་ལ། འདོད་པ་ཁམས་ཀྱི་སེམས་མཉམ་པར་མ་བཞག་པ་དང་། བསམ་གཏན་ས་བཞི་དང་། གཟུགས་མེད་ས་བཞི་སྟེ་ས་དགུ་པོ་དག་ལ་རེ་རེ་ཞིང་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་རེ་རེ་ཞིང་ཆེ་འབྲིང་དགུ་དགུར་ཕྱེ་བས། དགུ་ཕྲག་དགུ་སྟེ་བརྒྱད་ཅུ་རྩ་གཅིག་ཡོད་པ་ལས་འདོད་པའི་ཉོན་མོངས་པ་ལྔ་པ་ཟད་ནས་དྲུག་པ་སྤོང་པའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་ལ་གནས་པ་ལན་ཅིག་ཕྱིར་འོང་ལ་ཞུགས་པ་དང་། དེ་སྤངས་པའི་རྣམ་པར་གྲོལ་བའི་ལམ་གྱི་ཡེ་ཤེས་ལ་གནས་པ་ནས་བརྒྱད་པ་སྤངས་པའི་བར་ནི་དེའི་འབྲས་བུ་ལ་གནས་པ་སྟེ་འདོད་པ་ཁམས་ཀྱི་མི་དང་ལྷའི་ནང་དུ་ལན་གཅིག་འོངས་ནས་དེ་ཉིད་དམ་གཞན་དུ་མྱ་ངན་ལས་འདའ་བར་འགྱུར་བས་སོ། །ཇི་སྐད་དུ། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པ་དང་། །ཞེས་དང་། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་གཅིག་ཕྱིར་འོང་བ། །ཞེས་གསུངས་སོ། །ཉེས་ཆ་བརྒྱད་ཟད་པ། གསུམ་པ་ལ་ནི་ཞུགས་པ་ཡིན། །དགུ་པའི་བར་ཆད་མེད་ལམ་ཡང་། །རྣམ་དགུ་ཟད་པ་ཕྱིར་མི་འོང་། །ཞེས་པའི་ཚུལ་གྱིས་འདོད་པའི་ཉོན་མོངས་པ་བརྒྱད་པ་ཟད་ནས་དགུ་པ་སྤོང་བའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་ལ་གནས་པ་ཕྱིར་མི་འོང་བའི་ཞུགས་པ་དང་། དེ་སྤངས་པ་རྣམ་གྲོལ་གྱི་ལམ་གྱི་ཡེ་ཤེས་ལ་གནས་པ་ནས་སྲིད་རྩེའི་ཉོན་མོངས་བརྒྱད་པ་སྤངས་པའི་བར་དེའི་འབྲས་བུ་ལ་གནས་པ་སྟེ་འདོད་པའི་ཁམས་སུ་མི་འོང་བར་དེ་ཉིད་དམ་ཁམས་གཞན་དུ་མྱ་ངན་ལས་འདའ་བར་འགྱུར་བས་སོ། །སྲིད་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་པ་ལ་ཞུགས་པ་ཡིན། །རྣམ་དགུ་ཟད་པ་དགྲ་བཅོམ་པ། །ཞེས་པའི་ཚུལ་གྱིས་སྲིད་རྩེའི་ཉོན་མོངས་བརྒྱད་པ་ཟད་ནས་དགུ་པ་སྤོང་བའི་སྦྱོར་བ་དང་བར་ཆད་མེད་པའི་ལམ་ལ་གནས་པ་དགྲ་བཅོམ་པའི་ཞུགས་པ་དང་། དེ་སྤངས་པའི་རྣམ་གྲོལ་གྱི་ལམ་གྱི་ཡེ་ཤེས་ལ་གནས་པ་ནི་དེའི་འབྲས་བུ་ལ་གནས་པ་སྟེ་ཨརྷད་ཅེས་པའི་སྒྲ་བཅོམ་པ་དང་འོས་པ་ལ་འཇུག་པས་མྱང་འདས་ཀྱི་བདེ་བ་འཕྲོག་པ་ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་མ་ལུས་པར་བཅོམ་པས་སམ། ཡོན་གནས་དམ་པ་ཡིན་པས་ལྷ་དང་མི་ལ་སོགས་པས་མཆོད་པར་འོས་པའི་ཕྱིར་རོ། །གང་ཟག་བརྒྱད་པོ་དེ་དག་ནི་རྟོགས་པའི་ཆོས་མངོན་དུ་གྱུར་པས་བདུད་རྣམས་ཀྱིས་མི་ཕྱེད་ཅིང་ཡོན་གནས་སུ་འོས་པས་ན་དགེ་འདུན་ཡིན་པས་གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། དེ་དག་མེད་ན་དགེ་འདུན་མེད་པར་འགྱུར་ཏེ། ཇི་སྐད་དུ་མདོ་ལས། དེ་ལ་བརྒྱ་བྱིན་ལྷ་ཡི་རྒྱལ། །དབང་སྒྱུར་གྱིས་ནི་ཞུས་པ་དང་། །སྲོག་ཆགས་ཞིང་པ་རྒྱལ་གྱུར་ཅིང་། །དད་ལྡན་བསོད་ནམས་དགའ་འདོད་པ། །རྫས་ལས་བྱུང་བའི་བསོད་ནམས་ནི། །རྟག་ཏུ་བྱེད་པ་རྣམས་ཀྱི་ཞིང་། །གང་ལ་ཕུལ་ན་འབྲས་ཆེ་བ། །བཟང་པོ་རབ་ཏུ་བཤད་བྱ་སྟེ། །རིག་དང་ཞབས་སུ་ལྡན་པ་ཡིས། །སྦྱིན་གནས་གྱུར་ཅིང་དགེ་འདུན་ཆེ། །ཞུགས་པ་རྣམ་པ་བཞི་དང་ནི། །འབྲས་ལ་གནས་པ་བཞི་རྣམས་སོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ཐེག་པ་ཆེན་པོའི་ལུགས་ཀྱིས་སྒོམ་སྤང་གི་ཉོན་མོངས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་འཇིག་ཚོགས་སུ་ལྟ་བ་དང་མཐར་འཛིན་གྱི་ལྟ་བ་དང་འདོད་ཆགས་དང་ང་རྒྱལ་དང་ཁོང་ཁྲོ་དྲུག་ལས། ཁོང་ཁྲོ་བ་ནི་འདོད་པའི་ཁམས་མཉམ་པར་མ་བཞག་པའི་སེམས་མ་གཏོགས་པ་མཉམ་པར་བཞག་པའི་ས་བརྒྱད་ན་མེད་པས་དེ་ལ་སའི་སྒོ་ནས་དབྱེར་མེད་པའི་ཕྱིར་ཆེ་འབྲིང་དགུ་དང་། ལྷག་མ་ལྔ་ལ་འདོད་ཁམས་དང་། བསམ་གཏན་ས་བཞི་དང་། གཟུགས་མེད་ས་བཞི་སྟེ་ཁམས་དགུའི་སྒོ་ནས་དགུ་དགུ་དང་། དེ་རེ་རེ་ལ་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་ཆེ་འབྲིང་དགུ་དགུར་ཕྱེ་བས་བརྒྱད་ཅུ་རྩ་རེ་རེར་འགྱུར་བས་ཐམས་ཅད་བསྡོམས་པས་བཞི་བརྒྱ་བཅུ་བཞིའོ། །འདིར་འཇིག་ཚོགས་སུ་ལྟ་བ་དང་མཐར་འཛིན་གྱི་ལྟ་བ་སྒོམ་སྤང་དུ་མི་གཏོགས་པར་བཤད་པ་ནི་ཐེག་པ་ཆུང་ངུའི་ལུགས་ཀྱིས་ཀུན་གཞི་ཁས་མི་ལེན་པས་དེ་མེད་ན་དེ་ལ་དམིགས་པའི་ཉོན་མོངས་ཅན་གྱི་ཡིད་ཀྱང་མེད་པས་དེའི་འཁོར་དུ་འབྱུང་བ་འཇིག་ཚོགས་སུ་ལྟ་བ་ལྷན་སྐྱེས་དང་དེའི་རྗེས་སུ་འབྲང་བ་མཐར་འཛིན་གྱི་ལྟ་བ་ལྷན་སྐྱེས་གཉིས་མི་འབྱུང་བའི་ཕྱིར་རོ། །ཆོས་མེད་པར་ཐལ་བ་ནི། དེ་ལྟར་འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར་དམ་པ་འཕགས་པ་རྣམས་ཀྱིས་སྤྱད་བྱར་གྱུར་པའམ། ཆོས་རྣམས་ཀྱི་མཆོག་ཏུ་གྱུར་པ་དམ་པའི་རྟོགས་པ་དང་ལུང་གི་ཆོས་གང་ཞིག་གང་གིས་ཆགས་བྲལ་བ་རྣམ་བྱང་གི་བདེན་པ་གཉིས་དང་། དེ་གསལ་བར་བྱེད་པའི་གསུང་རབ་གཉིས་ཀྱང་ཡོད་པ་མ་ཡིན་པར་འགྱུར་རོ། །སངས་རྒྱས་མེད་པར་ཐལ་བ་ནི། དེ་ལྟར་བསྒྲུབ་བྱའི་ལམ་ཆོས་དང་དེ་སྒྲུབ་པ་པོའི་དགེ་འདུན་ཡོད་པ་མ་ཡིན་པའི་ཕྱིར་ན་དེ་དག་གི་འབྲས་བུ་སངས་རྒྱས་ཇི་ལྟར་ཡོད་པར་འགྱུར་ཏེ། འདི་ལྟར་སྤྱིར་ཆོས་ཡོད་ན་ཆོས་དང་རྗེས་སུ་མཐུན་པའི་ནན་ཏན་གྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་ཐུགས་སུ་ཆུད་པས་དང་། དགེ་འདུན་སྔ་མ་ཡོད་ན་དེ་ལ་འབུལ་བ་དང་རིམ་གྲོ་དང་སྐྱབས་སུ་འགྲོ་བ་ལ་སོགས་པ་བསོད་ནམས་ཀྱི་དང་། དེ་དག་གི་ཉེ་བར་བསྟན་པས་ཡེ་ཤེས་ཀྱི་ཚོགས་བསགས་པའི་རིམ་གྱིས་སངས་རྒྱས་སུ་འགྱུར་བས་སམ། ཡང་ན་ཇི་སྐད་བཤད་པའི་དགེ་འདུན་གྱིས་ཆོས་དང་མཐུན་པའི་ནན་ཏན་བྱས་པས་སངས་རྒྱས་ཐོབ་པར་འགྱུར་བས་སོ། །ཐེག་པ་ཐུན་མོང་བའི་གཞུང་བར་མ་འདོན་པ་ལྟར་ན་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་ལ་དགེ་འདུན་ཞེས་བརྗོད་དེ། དེའི་ལྟར་ན་དགེ་འདུན་མེད་པས་སངས་རྒྱས་མེད་པར་ཐལ་བ་ཤིན་ཏུ་གསལ་བ་ཡིན་ནོ། །དེ་གསུམ་ཀའི་དོན་བསྡུ་བ་ནི། དེའི་ཕྱིར་དེ་སྐད་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་ན། འབྱུང་བར་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །ཅེས་རིན་པོ་ཆེ་དང་ཆོས་ལྔས་མཚུངས་པའམ། དཀོན་ཞིང་ཕན་འདོགས་ཆེ་བས་དཀོན་མཆོག་གསུམ་ལ་གནོད་པ་ནི་བྱེད་ཅིང་སྟེ་དེ་རྣམས་ཀྱང་ཐམས་ཅད་ཀྱི་ནང་དུ་འདུས་པས་མེད་པར་འགྱུར་རོ་ཞེས་པའོ། །བཞི་པ་ལས་འབྲས་མེད་པར་ཐལ་བ་ནི། ཐམས་ཅད་སྟོང་པ་ཉིད་དུ་སྨྲ་ན་མི་དགེ་བ་བཅུ་ལ་སོགས་པ་ཆོས་མ་ཡིན་པ་དང་། མངོན་པར་མཐོ་བའི་ཆོས་དགེ་བ་བཅུ་ལ་སོགས་པ་ཉིད་དང་། དེ་དག་གི་འབྲས་བུ་བདེ་སྡུག་ཡོད་པ་ལ་ཡང་གནོད་པ་བྱེད་པ་ཡིན་ཏེ་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །ལྔ་པ་འཇིག་རྟེན་པའི་ཐ་སྙད་མེད་པར་ཐལ་བ་ནི། ཐམས་ཅད་སྟོང་པ་ཉིད་དུ་སྨྲ་ན་དེའི་ནང་དུ་འདུས་པའི་གཟུགས་དང་ཚོར་བ་ལ་སོགས་པའམ་ཟོ་ཞིག་འདུག་ཅིག་ཅེས་པ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་ནི། ཀུན་ལ་གནོད་པ་བྱེད་པ་ཡིན་ཞེས་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་བ་འདི་ནི་མི་རིགས་སོ་ཞེས་འཛེར་ཏོ། །འདིའི་ལན་ལ་ཕ་རོལ་རྒོལ་བའི་རྒྱུ་དང་། དབུ་མ་པའི་ཕྱོགས་ལ་དེའི་སྐྱོན་སྤང་བ་དང་། དབུ་མ་རྟོགས་པའི་ཆེ་བ་གསུམ་ལས། དང་པོ་ནི། ཁྱོད་ཀྱིས་དབུ་མ་པའི་ལུགས་ཇི་ལྟར་གནས་པ་བཞིན་མ་ཤེས་པས་ཉེས་པ་བརྗོད་པ་ཡིན་པས་དེས་ཁོ་བོ་ཅག་ལ་མི་གནོད་ཅེས་སྟོན་པ། དེ་ལ་སྐྱོན་དེ་དག་ཇི་ལྟར་མེད་པའི་ལན་བཤད་པ། རེ་ཞིག་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཡིན་པས་དེ་དག་ཐམས་ཅད་དོན་དམ་པར་མེད་པར་ཐལ་བ་ནི་འདོད་པ་ཡིན་ལ། ཀུན་རྫོབ་ཏུའང་མེད་པར་ནི་མི་འགྱུར་ཏེ། ཐ་སྙད་ཁས་མ་བླངས་པར་ནི། །ངེད་ཅག་འཆད་པར་མི་བྱེད་དེ། །ཞེས་པའི་ཚུལ་གྱིས་སྟོང་པ་ཉིད་ཀྱི་དོན་ཐ་སྙད་དུ་ཡང་ཅི་ཡང་མེད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་སྟོང་པ་ཉིད་ཀྱི་དོན་བཀག་པའི་མཚན་མར་འཛིན་པའམ། ཐ་སྙད་དུའང་ཅི་ཡང་མེད་པར་འཛིན་པ་ཁྱོད་ཀྱིས་ནི། སྟོང་ཉིད་བསྟན་པའམ་རྟོགས་པའི་དགོས་པ་སྤྲོས་པ་ཐམས་ཅད་ཟད་པས་མྱ་ངན་ལས་འདའ་བ་དང་། སྟོང་པ་ཉིད་ཀྱི་མཚན་ཉིད་དམ་ངོ་བོ་ཡང་དག་པར་ཡོད་མེད་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པ་དང་། སྟོང་པ་ཉིད་ཀྱི་སྒྲ་བཤད་པའམ་འཇུག་པའི་དོན་ནི་རྟེན་ནས་འབྱུང་བ་ཡིན་པར་མ་རྟོགས་པས་དེ་དག་ཐ་སྙད་དུ་ཡང་མེད་པར་འགྱུར་རོ་ཞེས་པའི་སྐྱོན་བརྗོད་པ་ཡིན་པ་དེའི་ཕྱིར་ཕྱིན་ཅི་ལོག་གི་རྟོག་པས་ཉམས་པས་ཁྱོད་ཉིད་ལ་གནོད་པ་ཡིན་ནོ་ཞེས་པའོ། །གཉིས་པ་ལ་དབུ་མ་པའི་ཚུལ་བརྗོད་པ་དང་། དེས་སྐྱོན་ལས་གྲོལ་བའི་ཚུལ་དང་། དེ་ཁས་མི་ལེན་པ་ལ་སྐྱོན་བརྗོད་པ་གསུམ་ལས། དང་པོ་ལ་ཡང་གསུམ་སྟེ། ཤེས་བྱའི་གནས་རྒྱལ་བས་ཇི་ལྟར་བསྟན་པའི་ཚུལ་དང་། དེ་མ་ཤེས་པའི་ཉེས་པ་དང་། དེས་གྲུབ་པའི་དོན་ཏོ། །དང་པོ་ནི། སྤྱིར་སངས་རྒྱས་རྣམས་ཀྱིས་ཆོས་ཇི་སྙེད་བསྟན་པ་ཐམས་ཅད་བརྗོད་བྱ་བདེན་པ་གཉིས་ལ་ཡང་དག་གམ་ངེས་པར་བརྟེན་པ་ཡིན་ནོ། །གཉིས་པོ་དེ་ཉིད་གང་ཞེ་ན། འཇིག་རྟེན་ཀུན་རྫོབ་བདེན་པའི་མཚན་ཉིད་ནི་སམ་བྲི་སཏྱཾ་ཞེས་པ་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་ཐ་སྙད་པའི་ཤེས་པ་འཁྲུལ་བའི་ཡུལ་དུ་བདེན་པ་ཡིན་ལ། དེའི་མཚན་གཞི་ནི་ཤེས་བརྗོད་གཞལ་བྱའི་ཆོས་ཇི་སྙེད་པ་ཐམས་ཅད་དོ། །དམ་པའི་དོན་གྱི་བདེན་པའི་མཚན་ཉིད་ནི་བློ་དམ་པ་རིགས་པའི་ཤེས་པའི་ཡུལ་དུ་བདེན་པ་སྟེ། དེའི་མཚན་གཞི་ནི་ཆོས་ཐམས་ཅད་བློ་དེའི་དོན་དགག་སྒྲུབ་ཀྱི་སྤྲོས་པའི་མཚན་མ་གང་དུ་ཡང་མི་གནས་པའོ། །གཉིས་པ་ལ་ཡང་གསུམ་ལས། སྤྱིར་བདེན་གཉིས་ཀྱི་དབྱེ་བ་མ་ཤེས་པའི་ཉེས་པ་ནི། བསྟན་པའི་ཚུལ་དེ་ལྟར་བློ་ངོ་གཉིས་ལ་ལྟོས་ནས་སྣང་བ་དང་རང་བཞིན་ཅིར་ཡང་མ་གྲུབ་པར་གནས་པ་ཡིན་པ་དང་། གང་དག་བློ་ངོ་གཉིས་ལ་ལྟོས་པའི་བདེན་པ་འདི་གཉིས་ཀྱི། རྣམ་དབྱེ་རྣམ་པར་མི་ཤེས་པ། དེ་དག་ཡོད་མེད་ཕྱོགས་གཅིག་པར་ལྟ་བས་སངས་རྒྱས་བསྟན་པ་ནི་གཅིག་ཏུ་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བའི་ཟབ་མོའི་དེ་ཉིད་རྟེན་འབྱུང་རང་བཞིན་སྟོང་ཉིད་རྣམ་པར་མི་ཤེས་སོ། །ཁྱད་པར་དུ་དོན་དམ་མ་རྟོགས་པས་མི་གྲོལ་བ་ནི། གལ་ཏེ་དེ་ལྟར་དོན་དམ་སྒྲ་བློའི་ཡུལ་ལས་འདས་པ་ཡིན་ན་ཕུང་པོ་ལ་སོགས་པ་ཀུན་རྫོབ་འཁྲུལ་པའི་སྣང་བ་སྤང་བྱ་ཡིན་པས་དེ་བསྟན་པས་ཅི་བྱ་ཞེ་ན། བདེན་ཏེ་དེ་ལ་མ་བརྟེན་པར་དོན་དམ་པ་རྟོགས་པར་མི་ནུས་ལ། དེ་མ་རྟོགས་པར་ཞི་བ་མི་འཐོབ་པས། ཆུ་འདོད་པས་སྣོད་ལྟར་དེའི་ཐབས་སུ་ཀུན་རྫོབ་བསྟན་དགོས་པ་ཉིད་དེ། འདི་ལྟར་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་ལ་ནི་མ་བརྟེན་པར། དམ་པའི་དོན་ནི་སྒྲ་དང་རྟགས་ལ་སོགས་པས་བསྟན་པར་མི་ནུས་ཏེ་དེའི་རང་གི་ངོ་བོ་སྒྲ་བློའི་ཡུལ་ལས་འདས་པའི་ཕྱིར་རོ། །སྒྲ་དང་རྟགས་ཀྱིས་མ་བསྟན་པར་དོན་དམ་ཆོས་འགའ་ཞིག་ཏུ་ཞེན་པ་བཟློག་པར་མི་ནུས་པས་དེ་སྤྲོས་པ་མེད་དགག་གི་ཚུལ་གྱིས་རྟོགས་པར་མི་ནུས་ལ། ཆོས་རྣམས་ཀྱི་དམ་པའི་དོན་སྤྲོས་པ་མེད་དགག་གི་ཚུལ་གྱིས་ནི་ཇི་ལྟ་བར་མ་རྟོགས་པར་གློ་བུར་གྱི་དྲི་མ་མཐའ་དག་སྤངས་པའི་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་བས་སོ། །དེ་ལ་ལོག་པར་བཟུང་བས་འཁོར་བ་དང་ངན་སོང་དུ་ཕུང་བར་འགྱུར་བ་ནི་དེ་ལྟར་བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་མ་བྱས་པར་སྟོང་པ་ཉིད་སྨྲ་བ་ནི་སྟོང་པ་ཉིད་ཀྱི་དོན་ཐ་སྙད་ཙམ་དུ་ཡང་མེད་པའམ། མེད་པ་ཉིད་ཡང་དག་ཏུ་བཟུང་བས་སྟོང་པ་ཉིད་ལ་ལྟ་ཉེས་ན། ཤེས་རབ་ཆུང་རྣམས་རིམ་པར་ངན་སོང་དང་འཁོར་བར་ཕུང་བར་བྱེད་དེ། དང་པོ་ལ་ཡང་སྟོང་ཉིད་སྒྲ་ཇི་བཞིན་པར་འཛིན་པ་དང་། དེ་སྤོང་བ་གཉིས་ལས། ཁ་ཅིག་སྟོང་པ་ཉིད་སྒྲ་ཇི་བཞིན་པར་བཟུང་ནས་ཀུན་རྫོབ་ཏུའང་ལས་འབྲས་ལ་སོགས་པ་ལ་སྐུར་བའི་ལོག་པར་ལྟ་བས་ངན་སོང་དུ་འགྲོ་བར་འགྱུར་ཏེ། སློབ་དཔོན་ཉིད་ཀྱིས། ཆོས་འདི་ལོག་པར་ཤེས་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་ཟ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་བཤད་པ་ལྟ་བུའོ། །ཁ་ཅིག་སྐུར་པ་མི་འདེབས་སུ་ཟིན་ཀྱང་ཆོས་འདི་དག་དམིགས་པས་ན་སྟོང་པ་ཉིད་ཇི་ལྟར་ཡིན་ཏེ་སྟོང་པ་ཉིད་ནི་ཆོས་མ་ཡིན་སྟོན་པས་བསྟན་པ་མ་ཡིན་ཞེས་དེ་སྤངས་པས་ཆོས་ཀྱིས་ཕོངས་པའི་ལས་ཀྱིས་ངན་སོང་དུ་འགྲོ་བར་འགྱུར་ཏེ། གཞན་ཡང་ཆོས་འདི་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བ་བདག་ཉིད་མ་རུངས་པ། །མནར་མེད་པར་ནི་སྤྱི་ཚུགས་འགྲོ། །ཞེས་པ་ལྟ་བུའོ། །གཉིས་པ་མེད་པ་ཉིད་ཡང་དག་ཏུ་བཟུང་ན་ཡང་སྨན་མ་ཞུ་བས་དུག་ཏུ་སོང་བ་ལྟར་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་སྟོང་པ་ཉིད་ལ་མཚན་མར་ལྟ་བས་ལྟ་བ་ཐམས་ཅད་དང་བྲལ་ནས་ཞི་བ་མི་ཐོབ་པར། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་བཤད་ཟིན་ཏོ། །གལ་ཏེ་མ་ལོག་པར་བཟུང་ན་ཕན་འདོགས་པ་དེ་ཉིད་ལོག་པར་བཟུང་བས་ཕན་མི་འདོགས་མོད་ཕུང་ཞིང་གནོད་པ་བྱེད་པར་ཇི་ལྟར་འགྱུར་ཞེ་ན། འགྱུར་ཏེ་ཇི་ལྟར་སྦྲུལ་ཀླུ་ལ་མན་ངག་ཇི་ལྟ་བ་བཞིན་བཟུང་ན་ནོར་གྱི་ཕུང་པོ་འབྱུང་ཡང་། མན་ངག་བོར་ཏེ་བཟུང་ཉེས་ན་ནོར་མི་འབྱུང་བར་མ་ཟད་མཛེ་འོང་བ་དང་། བྱད་ལ་སོགས་པའི་རིག་སྔགས་མན་ངག་ཇི་ལྟ་བ་བཞིན་བསྒྲུབས་ན་དགྲ་བརླག་པ་དང་རང་ལ་དངོས་གྲུབ་འབྱུང་ཡང་མན་ངག་བོར་ཏེ་ཉེས་པར་བསྒྲུབས་པས་རང་བརླག་པར་འགྱུར་བ་བཞིན་ནོ། །གསུམ་པ་དེས་གྲུབ་པའི་དོན་ནི། དེ་ལྟར་སྟོང་པ་ཉིད་ཀྱི་དོན་ཟབ་ཅིང་རྟོགས་པར་དཀའ་བ་དང་། གདུལ་བྱ་བློ་དམན་པས་ལོག་པར་འཛིན་པར་འགྱུར་ལ། དེ་ལོག་པར་བཟུང་ན་ཉེས་དམིགས་ཤིན་ཏུ་ཆེ་བ་དེའི་ཕྱིར་གདུལ་བྱ་བློ་ཞན་པས་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་འདིའི། གཏིང་རྟོགས་པར་དཀའ་བར་མཁྱེན་པར་གྱུར་ནས། ཐུབ་པ་ཆེན་པོ་སངས་རྒྱས་ཀྱི་ཐུགས་ནི་ཆོས་ཟབ་མོ་སྟོན་པ་ལས། རབ་ཏུ་ལོག་པར་གྱུར་པ་ཡིན་ཏེ། ཇི་སྐད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་བདག་ཉིད་ནགས་སུ་གནས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་དབུ་མའི་ཚུལ་བརྗོད་ནས། དེས་སྐྱོན་ལས་གྲོལ་བའི་ཚུལ་ལ་སྐྱོན་གྱི་གཞི་མི་འདོད་པ་དང་། སྐྱོན་ཡོན་གྱི་གནས་བསྟན་པ་དང་། དེས་ན་དེ་ལ་སྐྱོན་བརྗོད་པར་མི་རིགས་པ་གསུམ་ལས། དང་པོ་ནི། བདེན་པ་བཞི་ལ་སོགས་པ་ཐ་སྙད་དུའང་མེད་པའི་སྐྱོན་དུ་ཐལ་བར་འགྱུར་བ་ནི། ཁོ་བོ་ཅག་གི་སྨྲས་པའི་རང་བཞིན་སྟོང་པ་ཉིད་ལ་འཐད་པའམ་འབྱུང་བ་མ་ཡིན་ཏེ། ཁྱོད་ནི་སྟོང་པ་ཉིད་གང་ཞིག་སྤོང་བར་བྱེད་པ་མེད་པ་ཡང་དག་པའམ། ཐ་སྙད་དུའང་གཏན་མེད་པ་གང་ཡིན་པ་དེ་ང་ལ་མི་འཐད་དོ་སྟེ་ང་མི་འདོད་པའི་ཕྱིར་རོ་ཞེས་པའོ། །གཉིས་པ་ནི། གང་ལ་རང་བཞིན་སྟོང་པ་ཉིད་རུང་བ། དེ་ལ་ཐ་སྙད་དུ་འཕགས་པའི་བདེན་པ་ལ་སོགས་པ་ཐམས་ཅད་རུང་བར་འགྱུར་ཏེ། འདི་ལྟར་འོག་གི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ། དེ་ནི་རང་བཞིན་མེད་པས་སྟོང་པ་ཉིད་དུ་བཤད་དེ། མདོ་ལས། ཆོས་ཐམས་ཅད་སྟོང་པ་སྟེ་རང་བཞིན་མེད་པའི་ཚུལ་གྱིས་སོ། །ཞེས་དང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པས་སོ། །རང་བཞིན་སྟོང་ཉིད་དེ་ཉིད་ཐ་སྙད་དུ་རྒྱུ་རྐྱེན་ལ་བརྟེན་ནས་གདགས་པ་སྟེ། སྒྱུ་མ་ལྟ་བུའི་རྟེན་འབྲེལ་དེ་ཉིད་དམ་དེའི་ཆོས་ཉིད་རང་བཞིན་མེད་པ་དེ་ཉིད་མཐའ་ཐམས་ཅད་དང་བྲལ་བས་དབུ་མའི་ལམ་ཡིན་ནོ། །དེའི་ཕྱིར་རྣམ་པར་དཔྱད་ན་དབུ་མའི་ལམ་མ་ཡིན་པ་མེད་པ་ཉིད་དེ། གང་གི་ཕྱིར་ཐ་སྙད་དུ་རྟེན་འབྱུང་མ་ཡིན་པའི། ཆོས་འགའ་ཡོད་པ་མ་ཡིན་པ། དེའི་ཕྱིར། དེའི་ཁྱབ་བྱེད་ཡང་དག་པར་སྟོང་པ་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་པས་སོ། །དེ་ལྟ་ཡིན་དང་གང་ལ་རང་བཞིན་སྟོང་པ་ཉིད་རུང་བ་དེ་ལ་ཐ་སྙད་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་རུང་ལ། དེ་རུང་བས་དེའི་ཁྱབ་བྱ་སྔར་ཇི་སྐད་བཤད་པའི་འཕགས་པའི་བདེན་པ་ནས་འཇིག་རྟེན་གྱི་ཐ་སྙད་ཀྱི་བར་ཐམས་ཅད་རུང་བ་ཡིན་ནོ། །གང་ལ་སྟོང་པ་ཉིད་མི་རུང་སྟེ་རང་བཞིན་ཡོད་པའི་ཕྱོགས་དེ་ལ་རྟེན་འབྱུང་མི་རུང་བས་དེའི་ཁྱབ་བྱ་སྔར་བཤད་པའི་འཕགས་པའི་བདེན་པ་ལ་སོགས་པ་ཐམས་ཅད་མི་རུང་བར་འགྱུར་རོ། །གསུམ་པ་ནི། རང་བཞིན་དུ་སྨྲ་བ་ཁྱོད་ཀྱི་འཕགས་པའི་བདེན་པའི་རང་གི་སྐྱོན་རྣམས་ནི་ཡོངས་སུ་དག་པའི་ཕྱོགས་རྟེན་འབྱུང་རང་བཞིན་མེད་པར་སྨྲ་བ་ང་ལ་ཡོངས་སུ་སྒྱུར་བར་བྱེད་པ་ནི་ཇི་ལྟར་མི་འགའ་ཞིག་རྟ་ལ་མངོན་པར་ཞོན་བཞིན་དུ་སེམས་གཡེངས་པས་གང་ལ་ཞོན་པའི་རྟ་དེ་ཉིད་བརྗེད་པར་གྱུར་པས་གཞན་ལ་རྐུ་འཛུགས་པ་བཞིན། རང་ཉིད་སྐྱོན་གྱི་རྟ་ལ་ཞོན་ནས་སེམས་གཡེངས་པས་དེ་གཞན་ལ་ཡོད་པར་རྩོད་པའམ། རང་ཉིད་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་ནམ་ཁྱབ་བྱ་རྟེན་འབྲེལ་ཁས་བླངས་ནས་སེམས་གཡེངས་པས་སྟོང་ཉིད་དེ་མི་འཐད་ཅེས་རྩོད་པ་ཡིན་ནོ་ཞེས་པའོ། །གསུམ་པ་དེ་ཁས་མི་ལེན་པ་ལ་སྐྱོན་རྗོད་པ་ནི། གང་དག་མ་དམིགས་པས་དབུ་མ་པ་ལ་ཀླན་ཀ་ཚོལ་བའི་གཞན་གྱི་སྐྱོན་དེ་དག་གང་ཡིན་ཞེ་ན། དེ་བསྟན་པ་ལ་དྲུག་ལས། དང་པོ་རྒྱུ་འབྲས་མེད་པར་ཐལ་བ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་མ་ཡིན་ཏེ་གལ་ཏེ་དངོས་རྣམས་རང་བཞིན་ལས། ཡོད་པར་རྗེས་སུ་ལྟ་བར་བྱེད་ན་དེ་ལྟ་ཡིན་ན་ནི་ཕྱི་ནང་གི་དངོས་པོ་རྣམས་རྒྱུ་རྐྱེན་མེད་པར་ཁྱོད་ལྟ་བར་འགྱུར་ཏེ། ཁྱབ་པ་ནི་རང་བཞིན་རྒྱུ་རྐྱེན་ལས་འབྱུང་བ་དོན་མེད་པ་དང་། བཅོས་མ་རང་བཞིན་དུ་འགལ་བར་བཤད་ཟིན་ཏོ། །དེ་ལྟར་འདོད་ན་དེས་བསྐྱེད་བྱའི་འབྲས་བུ་བུམ་པ་ལ་སོགས་པ་མི་རུང་ལ་འབྲས་བུ་མེད་ན་དེའི་རྒྱུ་ཉིད་དེ་འཇིམ་པ་ལ་སོགས་པའི་ལས་དང་རྫ་མཁན་ལ་སོགས་པ་དེའི་བྱ་བ་ལ་རང་དབང་དུ་གྱུར་པའི་བྱེད་པ་པོ་དང་འཁོར་ལོ་ལ་སོགས་པ་དེའི་བྱེད་པ་དང་བུམ་པ་ལ་སོགས་པ་འབྲས་བུ་དེ་འབྱུང་བའི་བྱ་བ་དང་འབྲས་བུ་དེའི་གནས་སྐབས་ཀྱི་ཆོས་མེད་པ་སྐྱེ་བ་དང་ནི་ཡོད་པ་འགག་པ་དང་བུམ་པའི་འབྲས་བུ་ཆུ་སྐྱོར་བ་ལ་སོགས་པ་མི་རུང་བ་དེ་དག་ཐམས་ཅད་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །གཉིས་པ་ཤེས་བྱ་བདེན་པ་མེད་པར་ཐལ་བ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་ཀུན་མི་སྟོང་ཞིང་རང་བཞིན་ཡོད་ན་དེ་བཅོས་མ་དང་འགྱུར་བར་འགལ་བས་འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་ལ། དེ་ལྟ་ན་འབྱུང་འཇིག་གིས་ཁྱབ་པའི་འཕགས་པའི་བདེན་པ་བཞི་པོ་རྣམས་རང་བཞིན་མི་སྟོང་པར་སྨྲ་བ་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་ལ་འདི་ལྟར་རེ་ཞིག་རང་བཞིན་ཡོད་ན་བཅོས་མ་རྟེན་འབྱུང་དུ་མི་རུང་ལ། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན་སྡུག་བསྔལ་སྔར་གྱི་ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་པོ་ཡོད་པར་ག་ལ་འགྱུར་ཞིང་། མདོ་ལས། གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་གསུངས་པ་དེ། རང་བཞིན་ཉིད་ལ་ཡོད་པ་མ་ཡིན་ཏེ་དེ་ནམ་མཁའི་མི་སྒྲིབ་པ་ལྟར་གཞན་དུ་འགྱུར་བ་འགལ་བའི་ཕྱིར་རོ། །ཡང་སྡུག་བསྔལ་རང་བཞིན་ལས་ནི། ཡོད་པ་ཡིན་ན་སྡུག་བསྔལ་ཅི་ཞིག་རྒྱུ་ལས་ཀུན་ཏུ་འབྱུང་བར་འགྱུར་ཏེ་རྒྱུ་ལས་འབྱུང་བར་མི་འགྱུར་བ་དེའི་ཕྱིར་སྟོང་པ་ཉིད་ལ་གནོད་པ་བྱེད་པ་རང་བཞིན་དུ་ཡོད་པའི་ཕྱོགས་ལ་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཡོད་པ་མ་ཡིན་ནོ། །ཡང་། སྡུག་བསྔལ་རང་བཞིན་གྱིས་ཡོད་ལ། འགོག་པ་ཡོད་པ་མ་ཡིན་ནོ། །དེའི་ཁྱབ་པ་རང་བཞིན་ཉིད་ནི་ནམ་མཁའི་མི་སྒྲིབ་པ་ལྟར་ཡོངས་སུ་གནས་དགོས་པའི་ཕྱིར་རོ། །དེས་ན་སྟོང་པ་ཉིད་ལ་གནོད་པ་འགོག་པ་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །ཡང་ལམ་ལ་རང་བཞིན་ཡེ་ནས་ཡོད་ན་ནི་དེ་གོང་ནས་གོང་དུ་བསྒོམ་པ་འཐད་པར་མི་འགྱུར་བ་ལས་དེ་བསྒོམ་པར་བཤད་པས་བསལ་ལོ། །ཇི་སྟེ་ལམ་དེ་དེ་ལྟར་བསྒོམ་བྱར་ཁས་ལེན་ན་ཡང་ཁྱོད་ཀྱི་རང་བཞིན་ཡོད་པ་མ་ཡིན་ཏེ། བཅོས་མ་དང་རང་བཞིན་འགལ་བས་སོ། །གཞན་ཡང་གང་གི་ཚེ་དེ་ལྟར་རང་བཞིན་ཡོད་ན་སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་ཡོད་པ་མ་ཡིན་པའི་ཕྱིར་ན་སྡུག་བསྔལ་ཀུན་འབྱུང་སྤོང་བ་དང་འགོག་པ་ཐོབ་པར་བྱེད་པའི་ལམ་ནི་གང་ཞིག་ཡིན་པར་འདོད་དེ་སྡུག་བསྔལ་འགོག་པ་མེད་པས་དེ་ཐོབ་བྱེད་ཀྱི་ལམ་མེད་དོ་ཞེས་པའོ། །གསུམ་པ་ཡུལ་ཅན་ལམ་མེད་པར་ཐལ་བ་ནི། སྡུག་བསྔལ་ཡོངས་སུ་ཤེས་པའི་རང་བཞིན་ཤེས་པར་བྱ་མི་དགོས་པས་གལ་ཏེ་རང་བཞིན་ཉིད་ཀྱིས་ནི། ཡོངས་སུ་ཤེས་པ་མ་ཡིན་པའི་ཕྱིར་ན་དེ་ནི་ཕྱིས་ཀྱང་ཇི་ལྟར་ཡོངས་སུ་ཤེས་པར་འགྱུར་ཏེ། དེའི་ཁྱབ་པ་རང་བཞིན་གནས་པ་མ་ཡིན་ནམ་སྟེ་གནས་པ་ཡིན་དགོས་པས་སོ་ཞེས་པའོ། །དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི་ཀུན་འབྱུང་སྤང་བ་དང་འགོག་པ་མངོན་དུ་བྱ་བ་དང་ལམ་བསྒོམ་པ་དང་དེ་བསྒོམས་པའི་འབྲས་བུ་བཞི་པོ་དག་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པ་བཞིན་དུ་མི་རུང་སྟེ་སྔར་མ་སྤངས་པ་ལ་སོགས་པའི་རང་བཞིན་སྒྱུར་བར་མི་ནུས་པས་ཕྱིས་ཀྱང་སྤོང་བ་ལ་སོགས་པར་མི་འཐད་པའི་ཕྱིར་རོ། །འབྲས་བུ་སྔར་མེད་པའི་རང་བཞིན་ཕྱིས་ཡོད་པར་མི་རུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་འབྲས་བུ་བཞི་པོ་སྔ་ནས་རང་བཞིན་ཉིད་ཀྱིས་ནི་ཐོབ་པ་མིན་པའི་རང་བཞིན་གང་ཡིན་པ་དེ་ཕྱིས་ཀྱང་ཇི་ལྟར་ཐོབ་པར་ནུས་པར་འགྱུར་ཏེ། དེའི་ཁྱབ་པ་རང་བཞིན་ཡོངས་སུ་འཛིན་ཅིང་མི་འདོར་བ་ཡིས་ཞེས་པའོ། །བཞི་པ་འབྲས་བུ་དཀོན་མཆོག་གསུམ་མེད་པར་ཐལ་བ་ལ། དགེ་འདུན་དང་ཆོས་དང་སངས་རྒྱས་མེད་པར་ཐལ་བ་ནི། རིམ་པ་ལྟར། འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་གང་ཟག་སྐྱེས་བུ་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །ཞེས་དང་། འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཅེས་དང་། ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཞེས་པ་སྟེ་འདི་དག་གི་དོན་སྔར་བཤད་པ་ལྟར་ཤེས་པར་བྱའོ། །གཞན་ཡང་ཁྱོད་ཀྱི་ལྟར་ན་རྟེན་སངས་རྒྱས་ཀྱི་གང་ཟག་རང་བཞིན་དུ་ཡོད་པས་དེར་རྣམ་འཇོག་གི་རྒྱུ་བྱང་ཆུབ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མ་བརྟེན་པར་ཡང་ཐལ་བར་འགྱུར་ལ། ཁྱོད་ཀྱི་ལྟར་ན་བྱང་ཆུབ་སྟེ་བརྟེན་པའམ་རྣམ་འཇོག་གི་རྒྱུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་རྟེན་ནམ་མཚོན་བྱ་སངས་རྒྱས་ཀྱི་གང་ཟག་ལ་མ་བརྟེན་པར་ཡང་ཐལ་བར་འགྱུར་རོ། །དེ་བཞིན་དུ་རང་བཞིན་གྱིས་སངས་རྒྱས་མིན་པ་ལམ་ལ་འབད་མི་དགོས་པས་ཁྱོད་ཀྱི་ལྟར་རང་བཞིན་ཉིད་ཀྱིས་ནི། སངས་རྒྱས་མིན་པའི་གང་ཟག་གང་ཡིན་པ་དེས་ལམ་བྱང་ཆུབ་ཀྱི་སྤྱོད་པ་ལ་འབྲས་བུ་བྱང་ཆུབ་ཀྱི་ཕྱིར་བཙལ་ཡང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ་སངས་རྒྱས་མ་ཡིན་པའི་རང་བཞིན་བཟློག་པར་མི་ནུས་པའི་ཕྱིར་རོ། །ལྔ་པ་ལས་རྒྱུ་འབྲས་མི་འཐད་པ་ནི། གང་ཟག་འགའ་ཡང་རྒྱུ་ཆོས་དང་ཆོས་མིན་པ་དུས་ནམ་གྱི་ཚེ་ཡང་བྱེད་པར་མི་འགྱུར་ཏེ། དེ་དག་རང་བཞིན་དུ་ཡོད་པའི་ཕྱིར་རོ། །དེའི་ཁྱབ་པ་མི་སྟོང་པ་ལ་ཅི་ཞིག་བྱ་སྟེ་རང་བཞིན་དང་བཅོས་མ་འགལ་བས་རང་བཞིན་ལ་ནི་བྱ་བ་མེད་པའི་ཕྱིར་རོ། །ཡང་ཆོས་དང་ཆོས་མིན་གྱི་འབྲས་བུ་བདེ་སྡུག་ཆོས་ཅན། ཆོས་དང་ཆོས་མིན་མེད་པར་ཡང་ཁྱོད་ལ་ཡོད་པར་འགྱུར་ཏེ། རང་བཞིན་དུ་ཡོད་པའི་ཕྱིར་རོ། །འདོད་པ་ཡིན་ནོ་ཞེ་ན། ཆོས་དང་ཆོས་མིན་མེད་པར་ནི་ཆོས་དང་ཆོས་མིན་གྱི་རྒྱུ་ལས་བྱུང་བའི་འབྲས་བུ་ཁྱོད་ལ་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་ཆོས་དང་ཆོས་མིན་དོན་མེད་པ་དང་རེས་འགའ་བ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་འབྲས་བུ་བདེ་སྡུག་རང་བཞིན་དུ་ཡོད་ཀྱང་ཆོས་དང་ཆོས་མིན་མེད་པར་ཡོད་པ་མ་ཡིན་ཏེ་ཆོས་དང་ཆོས་མིན་གྱི་རྒྱུ་ལས་བྱུང་བའི་ཕྱིར་རོ་སྙམ་ན། གལ་ཏེ་ཁྱོད་ཆོས་དང་ཆོས་མིན་གྱི་རྒྱུ་ལས་བྱུང་བའི་འབྲས་བུ་ཡོད་པར་འདོད་ན་ཆོས་དང་ཆོས་མིན་ལས་བྱུང་བའི་ཕྱིར་འབྲས་བུ་དེ་ཅིའི་ཕྱིར་རང་བཞིན་སྟོང་པ་མ་ཡིན་ཏེ། འདིའི་ཁྱབ་པ་ལན་གཅིག་མ་ཡིན་པར་བཤད་ཟིན་ཏོ། །དྲུག་པ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་མི་འཐད་པ་ལ། དང་པོ་ནི། དེ་ལྟར་སྟོང་པ་ཉིད་ལ་གནོད་བྱེད་གང་སྟེ་རང་བཞིན་ཡོད་པར་འདོད་ན་བཅོས་མ་རྟེན་འབྲེལ་མི་རུང་བས། རྟེན་ཅིང་འབྲེལ་པར་འབྱུང་བས་བསྡུས་པ་ཡི་སོང་ཞིག་འདུག་ཅིག་ལ་སོགས་པ་འཇིག་རྟེན་པ་ཡི་ཐ་སྙད་ནི་ཀུན་མི་རུང་བས་དེ་ལ་གནོད་པ་བྱེད་པ་ཡིན་ནོ། །ཡང་སྟོང་པ་ཉིད་ལ་གནོད་པ་བྱེད་དེ་རང་བཞིན་དུ་ཡོད་ན་བྱེད་པོ་གང་གིས་ཀྱང་བྱ་བ་ཅི་ཡང་མེད་པར་འགྱུར་ཞིང་། བྱ་བ་རང་བཞིན་དུ་ཡོད་ན་བྱེད་པ་པོའི་རྩོམ་པ་ལ་ལྟོས་པ་མེད་པར་འགྱུར་བས་བྱེད་པ་པོས་བྱེད་བཞིན་པ་མ་ཡིན་པ་ཡང་བྱ་བར་འགྱུར་ལ། བྱེད་པོ་རང་བཞིན་དུ་ཡོད་ན་བྱ་བ་ལ་མི་ལྟོས་པར་འགྱུར་བས་བྱ་བ་ཅི་ཡང་མི་བྱེད་པ་ཡང་བྱེད་པོར་འགྱུར་ན་དེ་ལྟར་ནི་དམིགས་པ་ཡང་མ་ཡིན་པས་བྱ་བྱེད་ཕན་ཚུན་ལྟོས་པའི་ཕྱིར་གཟུགས་བརྙན་ལྟར་རང་བཞིན་ཡོད་ན་བྱ་བྱེད་གང་ཡང་མི་འཐད་དོ་ཞེས་པའོ། །ཡང་རང་བཞིན་ཡོད་ན་འགྲོ་བ་རྣམས་སྐད་ཅིག་རེ་རེ་ལ་མ་སྐྱེས་པ་དང་མ་འགགས་པར་འགྱུར་བས་རང་བཞིན་ཐེར་ཟུག་ཏུ་ནི་གནས་འགྱུར་ཞིང་དེ་འདོད་ན་གནས་སྐབས་སྣ་ཚོགས་དང་བྲལ་བར་འགྱུར་ན་གནས་སྐབས་སྣ་ཚོགས་དང་བཅས་པར་མཐོང་བས་རང་བཞིན་ཐེར་ཟུག་ཏུ་མི་གནས་པར་སྐྱེ་འཇིག་བྱེད་ལ་དེའི་ཕྱིར་འགྲོ་བ་རང་བཞིན་མེད་དོ་ཞེས་པའོ། །ཇི་སྐད་དུ་མདོ་ལས། མི་སྟོང་ཅུང་ཞིག་ཡོད་ན་རྒྱལ་བ་ཡིས། །འགའ་ཡང་ལུང་སྟོན་མི་གསུང་འགྱུར་མེད་པར། །རང་རང་དངོས་ལ་ཐེར་ཟུག་གནས་དེ་ལ། །འཕེལ་བ་མེད་ཅིང་ཡོངས་སུ་ཉམས་པ་མེད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐ་སྙད་མི་འཐད་པ་ནི། གལ་ཏེ་སྟོང་པ་ཡོད་པ་མིན་ཏེ་རང་བཞིན་དུ་ཡོད་ན་རྒྱུན་དུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་གྱི་འབྲས་བུ་སྔར་མ་ཐོབ་པ་ཐོབ་པར་བྱ་བ་དང་། འབྲས་བུ། སྡུག་བསྔལ་མཐར་བྱེད་པ་ཕུང་པོ་ལྷག་མེད་དུ་སྔར་མ་གྱུར་པ་འགྱུར་བ་དང་། རྒྱུ་ལས་དང་ཉོན་མོངས་ཐམས་ཅད་སྔར་མ་སྤངས་པ་སྤོང་བ་ལྷག་བཅས་ཀྱི་མྱ་ངན་ལས་འདས་པ་ཡང་མེད་པར་འགྱུར་རོ་ཞེས་པའོ། །གསུམ་པ་དབུ་མ་རྟོགས་པའི་ཆེ་བ་ནི། དེ་ལྟར་རང་བཞིན་ཡོད་ན་ཐམས་ཅད་མི་རུང་བ་དེའི་ཕྱིར་གང་གིས་སྟོང་པ་ཉིད་ཀྱི་དོན་བདེན་པའི་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་ཐ་སྙད་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་ནི་འགོག་པ་དང་། ལམ་གྱི་བདེན་པའི་དེ་ཁོ་ན་ཉིད་དེ་དག་མཐོང་བ་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། རབ་ཏུ་བྱེད་པ་འདིས་ཤེས་བྱ་བདེན་པ་བཞི་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་བདེན་པའི་སྤྲོས་པ་མེད་དགག་དང་། ཀུན་རྫོབ་ཏུ་བརྟེན་ནས་འབྱུང་བར་སྣང་བ་སྒྱུ་མ་ལྟ་བུར་གྲུབ་པ་ཡིན་ནོ། །ཇི་སྐད་དུ་འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། གང་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཐོང་བ་དེས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་མེད་པར་མཐོང་བ་དེས་ནི་ཀུན་འབྱུང་སྤངས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པར་མཐོང་བ་དེས་ནི་འགོག་པ་མངོན་དུ་བྱེད་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་དེས་ནི་ལམ་བསྒོམས་པ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།།  །།མྱ་ངན་ལས་འདས་པ་བརྟག་པ་ལའང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། རྒྱལ་བའི་ཡུམ་ལས། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མྱ་ངན་འདས་མེད་མྱང་འདས་སུ། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །མཁའ་ལ་མདུད་པ་བོར་བ་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བ་ཡིན། །ཞེས་མྱ་ངན་ལས་འདས་པ་རང་བཞིན་མེད་པར་གསུངས་པའི་དོན་རིགས་པས་བསྒྲུབ་པ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་ཉོན་མོངས་སྤངས་པ་དང་ཕུང་པོའི་རྒྱུན་འགགས་པ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་མི་རུང་ངོ་ཞེས་རྒོལ་བ་ལ་དེ་ཁོ་ན་ཉིད་དུ་དེ་དག་རང་བཞིན་གྱིས་དག་པ་ལ་མྱང་འདས་ཞེས་བརྗོད་པ་ཡིན་གྱི་གཉེན་པོས་སྤང་བྱ་འགའ་ཞིག་སྤངས་པའི་མྱང་འདས་མེད་པར་བསྟན་པའི་ཕྱིར་འདི་བཀོད་པའོ། །གཞུང་བཤད་པ་ལ་རྒོལ་ལན་གཉིས་ལས་དང་པོ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་དག་ཀུན་ངོ་བོ་སྟོང་པ་ཡིན་ན་དེའི་ཁྱད་པར་འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་ལ། དེ་མེད་ན་དེ་གཉིས་ཀྱིས་ཁྱབ་པ་གཉེན་པོ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་ཉོན་མོངས་གང་ཞིག་སྤངས་པ་དང་། དེ་སྤངས་པས་འབྲས་བུ་ཕུང་པོའི་རྒྱུན་འགགས་པ་ལས་རིམ་པ་ལྟར་ཕུང་པོ་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་འདའ་བར་འགྱུར་བར་འདོད་དེ་དེ་མི་འཐད་དོ་ཞེ་ན། དེའི་ལན་ལ་ཉེས་པ་དེ་ཁྱོད་ཉིད་ལ་ཡོད་པ་དང་། དབུ་མ་པ་ལ་མེད་པ་གཉིས་ལས། དང་པོ་ནི། གལ་ཏེ་འདི་ཀུན་མི་སྟོང་ཞིང་རང་བཞིན་ཡོད་ན་རང་བཞིན་བཅོས་མ་དང་གཞན་དུ་འགྱུར་བ་འགལ་བའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་བས་ཉོན་མོངས་དང་ཕུང་པོ་གང་ཞིག་སྤོང་དང་འགག་པ་ལས་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་འདའ་བར་འགྱུར་བར་འདོད་དེ་དེ་ཤིན་ཏུའང་མི་རུང་ངོ་ཞེས་པའོ། །ཇི་སྐད་དུ་འཕགས་པ་གླང་པོ་རྩལ་གྱི་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདའ་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་པ་མེད་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ལ་གསུམ་སྟེ། མྱང་འདས་ཀྱི་དོན་ཆོས་ཉིད་གདོད་ནས་མཐའ་བྲལ་ཡིན་པ་དང་། དེ་ཉིད་བསྒྲུབ་པ་དང་། དེ་ལ་ཆོས་བསྟན་པ་དོན་མེད་པར་ཐལ་བ་སྤང་བའོ། །དང་པོ་ནི། དབུ་མ་པ་ཁྱོད་ལ་ཉེས་པ་དེར་ཇི་ལྟར་མི་འགྱུར་སྙམ་ན། ཁོ་བོ་ཅག་ནི་དེ་ཁོ་ན་ཉིད་དུ་གཉེན་པོའི་སྒོ་ནས་སྤང་བྱ་འགའ་ཞིག་སྤངས་པའི་མྱང་འདས་མི་འདོད་ཀྱི། འོན་ཀྱང་ཁྱེད་ཅག་གིས་བཏགས་པ་ལྟར་ཀུན་ནས་ཉོན་མོངས་ཀྱི་ཆོས་སྤངས་པ་མེད་པ། རྣམ་པར་བྱང་བའི་འབྲས་བུ་ཐོབ་པ་མེད་པ། བདག་དང་ཕུང་པོའི་རྒྱུན་སྔར་ཡོད་ཆད་པ་མེད་པ། དེ་གཉིས་ཕྱིས་ཡོད་རྟག་པ་མེད་པ། རང་གི་ངོ་བོ་སྔར་ཡོད་སྐད་ཅིག་གིས་འགག་པ་མེད་པ། སྔར་མེད་སྐྱེ་བ་མེད་པ་སྟེ་སྤྲོས་པའི་མཐའ་དྲུག་དང་བྲལ་བ་དེ་ནི་མྱ་ངན་ལས་འདས་པར་བརྗོད་དོ། །གལ་ཏེ་མྱང་འདས་ལ་བཀག་ཆོས་ཀྱི་ཁྱད་པར་སྲིད་ཚད་ལ་གཞན་ཡང་ཡོད་ཅིང་མཚོན་པ་ཙམ་ཡིན་ན་འདི་དག་ཐམས་ཅད་མི་དགོས་སོ་ཞེ་ན། དེ་གཉི་ག་མ་ཡིན་གྱི་མྱང་འདས་ལ་རང་གཞན་གྱི་སྡེ་པས་བཏགས་པའི་ལོག་རྟོག་འགོག་པ་ལ་བཀག་ཆོས་ཀྱི་ཁྱད་པར་དྲུག་པོ་འདི་དག་ཁོ་ན་འཚམ་པས་བཀོད་པ་ཡིན་ཏེ། ཐུན་མོང་དུ་སྐྱོན་ཡོན་སྤངས་ཐོབ་ཀྱི་རང་བཞིན་དང་། རྒྱང་ཕན་དང་མདོ་སྡེ་པས་རིམ་པར་བདག་དང་ཕུང་པོའི་རྒྱུན་སྔར་ཡོད་ཆད་པ་དང་། གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བས་རིམ་པར་བདག་ཕྱིས་ཡོད་དང་བྲལ་བའི་དངོས་པོ་ཕྱིས་ཡོད་རྟག་པ་དང་། སེམས་ཙམ་པས་གཟུང་འཛིན་གཉིས་སུ་སྣང་ཞེན་གྱི་འཁྲུལ་པ་ཐམས་ཅད་ཟད་པ་རང་རིག་རྫས་སྐད་ཅིག་གིས་སྐྱེ་འཇིག་ངོ་བོ་ཡོད་པར་བརྟགས་པས་དེ་དག་འགོག་པ་ལ་རིམ་པ་ལྟར་འདི་དག་ཁོ་ན་འཚམ་པའི་ཕྱིར་རོ། །ཇི་སྟེ་མྱང་འདས་ལ་རྒྱུ་ཉོན་མོངས་དང་འབྲས་བུ་ཕུང་པོ་མེད་མོད་ཀྱི་སྔར་འཁོར་བའི་དུས་ན་དེ་གཉིས་རང་བཞིན་དུ་ཡོད་པ་ཟད་པ་ལས་ཞི་བར་བརྗོད་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྔར་རང་བཞིན་དུ་ཡོད་པ་ཕྱིས་མེད་པར་བྱ་བར་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ། སློབ་དཔོན་ཉིད་ཀྱིས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱིས་ཟད་པའི་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་དང་། མདོ་ལས་ཀྱང་། མྱ་ངན་འདས་ལ་ཆོས་རྣམས་ཡོད་ཉིད་མེད། །ཆོས་གང་དེར་མེད་དེ་དག་གཞར་ཡང་མེད། །ཡོད་དང་མེད་ཅེས་རྟོག་པ་དང་ལྡན་ཞིང་། །དེ་ལྟར་སྤྱོད་ན་སྡུག་བསྔལ་ཉེར་མི་ཞི། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་ལ་མྱ་ངན་ལས་འདས་པ་མཐའ་བཞིར་དགག་པ་དང་། དེ་ཐུགས་སུ་ཆུད་པ་པོའི་སངས་རྒྱས་མཐའ་བཞིར་མ་གྲུབ་པ་དང་། དེས་གྲུབ་པའི་དོན་གསུམ་ལས། དང་པོ་ལ་གསུམ་སྟེ། མྱང་འདས་དངོས་པོར་གྲུབ་པ་དང་དངོས་པོ་མེད་པར་འདོད་པ་དགག་པ་དང་། དེ་གཉི་གར་འདོད་པ་དགག་པ་དང་། གཉི་ག་མ་ཡིན་པར་འདོད་པ་དགག་པའོ། །དང་པོ་ལ་དེ་གཉིས་སོ་སོར་དང་། ཐུན་མོང་དུ་དགག་པ་གཉིས་ལས། དང་པོ་ལའང་རེ་ཞིག་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་མྱང་འདས་ཉོན་མོངས་དང་སྡུག་བསྔལ་ངེས་པར་འགོག་པ་ཆུའི་ཆུ་ལོན་ལྟ་བུ་འདུས་མ་བྱས་རྟག་པའི་དངོས་པོར་སྨྲ་བ་དགག་པ་ལ་གསུམ་ལས། རྒ་འཆི་ཅན་དུ་ཐལ་བ་ནི། རེ་ཞིག་མྱང་འདས་ཁྱོད་ཀྱིས་བརྟགས་པ་ལྟར་དངོས་པོ་མིན་ཞེས་པ་རྣལ་མའི་དམ་བཅའོ། །དེ་ལྟ་མ་ཡིན་ཏེ་དངོས་པོ་ཡིན་ན་དེ་རྒ་འཆིའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་བས་མྱང་འདས་དང་འདུས་མ་བྱས་སུ་མི་རུང་ངོ་། །ཁྱབ་པ་མ་གྲུབ་ཅེས་ཀྱང་བརྗོད་པར་མི་ནུས་ཏེ། རྒ་དང་འཆི་བ་མེད་པ་འདུས་མ་བྱས་དང་རྟག་པར་འགྱུར་བས་ནམ་མཁའ་ལྟར་དོན་བྱེད་ནུས་པའི་དངོས་པོར་ཡོད་པ་མ་ཡིན་ནོ། །འདུས་བྱས་སུ་འགྱུར་བ་ནི། ཡང་གལ་ཏེ་མྱང་འདས་དངོས་པོ་ཡིན་ན། མྱ་ངན་འདས་པ་ངོ་བོ་རྒྱུ་རྐྱེན་གྱིས་འདུས་བྱས་པར་འགྱུར་བས་འདུས་མ་བྱས་དང་རྟག་པ་ཉམས་སོ། །དེའི་ཁྱབ་པ་དངོས་པོ་འདུས་བྱས་མ་ཡིན་པ་འགའ་ཡང་ཡུལ་ལམ་དུས་གང་ན་ཡང་ཡོད་པ་མ་ཡིན་ཏེ་ཡུལ་དུས་རྣམ་པ་རེས་འགའ་བར་མཐོང་བའི་ཕྱིར་རོ། །རྟེན་འབྱུང་དུ་ཐལ་བ་ནི། ཡང་གལ་ཏེ་མྱ་ངན་འདས་པ་དངོས་པོ་ཡིན་པའི་ཕྱིར་ན་མྱ་ངན་འདས་པ་ཇི་ལྟར་རྣམ་འཇོག་ཆོས་གཞན་ལ་ལྟོས་པ་མིན་ཏེ་རིང་ཐུང་ལྟར་རྣམ་འཇོག་ཆོས་གཞན་ལ་ལྟོས་པར་འགྱུར་བས་རང་བཞིན་གྱིས་གྲུབ་པ་མེད་དོ། །དེའི་ཁྱབ་པ་ནི་དངོས་པོའི་རྣམ་འཇོག་ཆོས་གཞན་ལ་བརྟེན་ནས་མ་ཡིན་པ་འགའ་ཡང་ཡོད་པ་མ་ཡིན་ཏེ་དངོས་པོ་དངོས་མེད་ཕན་ཚུན་ལྟོས་ལ་བཞག་དགོས་པའི་ཕྱིར་རོ། །གཉིས་པ་མདོ་སྡེ་པ་དག་མྱང་འདས་དངོས་པོ་སྔར་ཡོད་ཟད་པའི་དངོས་མེད་དུ་འདོད་པ་དགག་པ་ནི། རེ་ཞིག་དགག་བྱ་མེད་པས་དེ་མི་རུང་བ་ནི། གལ་ཏེ་སྔར་བཀག་པས་མྱང་འདས་དངོས་པོ་མིན་པའི་ཕྱིར་ན་དངོས་མེད་དུ་ཡང་ཇི་ལྟར་རུང་བར་འགྱུར་ཏེ། དེའི་ཁྱབ་པ་ནི་གང་ལ་མྱ་ངན་འདས་པ་དངོས་པོ་མིན་པའི་ཕྱོགས་དེ་ལ་དངོས་མེད་ཡོད་པ་མ་ཡིན་ཏེ། བཀག་པ་དགག་བྱ་ལ་ལྟོས་པའི་ཕྱིར་རོ། །རྟེན་འབྱུང་དུ་ཐལ་བ་ནི། ཡང་གལ་ཏེ་མྱ་ངན་འདས་པ་དངོས་པོ་མིན་ཏེ་དངོས་མེད་ཡིན་ན་མྱང་འདས་དེ་ཇི་ལྟར་ངོ་བོ་རྒྱུ་རྐྱེན་གྱིས་བསྐྱེད་པའམ་རྣམ་འཇོག་ཆོས་གཞན་ལ་ལྟོས་པའི་རྟེན་འབྱུང་ཇི་ལྟར་མིན་ཏེ་རྟེན་འབྱུང་དུ་འགྱུར་རོ། །དེའི་ཁྱབ་པ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་པའི་ཚུལ་གྱིས་དངོས་པོ་ཞིག་པའི་མི་རྟག་པའི་དངོས་མེད་དངོས་པོ་ལས་འབྱུང་བ་དང་། དངོས་མེད་ཀྱི་ཐ་སྙད་དགག་བྱ་དངོས་པོ་ལ་ལྟོས་དགོས་པས་གང་ཞིག་ངོ་བོ་རྒྱུ་རྐྱེན་ལས་དང་རྣམ་འཇོག་ཆོས་གཞན་ལ་བརྟེན་ནས་མ་ཡིན་པའི་དངོས་མེད་ཡོད་པ་མ་ཡིན་ནོ་ཞེས་པའོ། །གཉིས་པ་ཐུན་མོང་དུ་དགག་པ་ལ་རིགས་པས་དགག་པ་ནི། འོ་ན་མྱ་ངན་ལས་འདས་པ་གང་ཡིན་ཞེ་ན། ཐུབ་པས་བདག་དང་ཕུང་པོ་ཚེ་སྔ་མ་ནས་འདིར་འོང་བ་དང་ནི་འདི་ནས་གཞན་དུ་འགྲོ་བའི་དངོས་པོ་རིང་ཐུང་ལྟར་རྣམ་འཇོག་སྔ་མ་བརྟེན་ནས་སམ་མར་མེ་ལས་འོད་ལྟར་ངོ་བོ་སྔ་མ་རྒྱུར་བྱས་ནས་འགྲོ་འོང་བྱེད་པ་གང་ཡིན་པ་དེ་ནི་ཕྱིས་ནམ་ཞིག་ན་རྣམ་འཇོག་སྔ་མ་ལ་བརྟེན་ནས་འགྲོ་འོང་བྱེད་པ་མིན་ཞིང་། ངོ་བོ་སྔ་མ་རྒྱུར་བྱས་ནས་འགྲོ་འོང་བྱེད་པ་མིན་པ་དེ་ནི་མྱ་ངན་འདས་པ་ཡིན་པར་བསྟན་པས་ཕྱིས་བདག་དང་ཕུང་པོ་མི་འཇུག་པ་ཙམ་དེ་ནི་དངོས་པོར་ཡང་མི་རུང་ཞིང་དངོས་པོ་མེད་པར་ཡང་མི་རུང་ངོ་ཞེས་གློ་བུར་གྱི་དྲི་མ་ཟད་པ་ཐ་སྙད་པའི་མྱང་འདས་ལ་ཡང་བཤད་དུ་རུང་མོད་ཀྱི་འགྲེལ་པས་རྣམ་འཇོག་སྔ་མ་ལ་མ་བརྟེན་པར་དང་། ངོ་བོ་སྔ་མ་རྒྱུར་བྱས་པ་མ་ཡིན་པར་འཇུག་པ་མིན་པ་དེ་ནི་མྱ་ངན་འདས་པ་ཡིན་པར་བསྟན་པས་བདག་དང་ཕུང་པོ་རང་བཞིན་གྱིས་མི་འཇུག་པ་དེ་ནི་དངོས་པོའམ་དངོས་པོ་མེད་པར་མི་རིགས་སོ་ཞེས་འཆད་དོ། །ཡང་ན་ཕུང་པོ་འཁོར་བ་ལྟར་ན་ཕུང་པོ་སྔ་མ་སྔ་མ་ལ་བརྟེན་ནས་འགྲོ་འོང་བྱེད་པ་དང་། གང་ཟག་འཁོར་བ་ལྟར་ན་ཕུང་པོ་རྒྱུར་བྱས་པའི་གང་ཟག་འགྲོ་འོང་བྱེད་པ་ཡིན་པས། རིམ་པ་ལྟར་ཕྱིས་ཕུང་པོ་སྔ་མ་ལ་བརྟེན་ནས་དང་། ཕུང་པོ་རྒྱུར་བྱས་པའི་གང་ཟག་མི་འཇུག་པའམ། ཡང་ན་འགྲེལ་བ་ལྟར་དེ་དག་སྔར་ཉིད་ནས་མ་བརྟེན་པའམ་རྒྱུར་བྱས་པ་མ་ཡིན་པར་མི་འཇུག་པ་ཙམ་མྱང་འདས་ཡིན་པར་བསྟན་པས་དེ་དངོས་པོ་དང་དངོས་པོ་མེད་པ་མ་ཡིན་ནོ། །ལུང་གིས་དགག་པ་ནི། ཡང་མྱ་ངན་ལས་འདས་པ་དངོས་པོའམ་དངོས་པོ་མེད་པ་ཡིན་ན་འབྱུང་འཇིག་གམ་དངོས་པོ་དངོས་མེད་དུ་ལྟ་བ་མྱང་འདས་ཀྱི་གནས་ལུགས་དང་མཐུན་པར་ལྟ་བས་སྤང་བྱ་མ་ཡིན་པར་འགྱུར་ན། དགེ་སློང་དག་གང་འཇུག་པའམ་འཇིག་པས་སྲིད་པ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་ནི་དེ་དག་གི་ཡོངས་སུ་མི་ཤེས་པ་ཆེན་པོ་ཡིན་ནོ་ཞེས་འབྱུང་བ་དངོས་པོ་དང་ནི་འཇིག་པ་དངོས་མེད་དུ་ལྟ་བ་དག་སྤང་བར་བྱ་བར་སྟོན་པས་བཀའ་སྩལ་ཏོ། །དེའི་ཕྱིར་དེ་གཉིས་མྱང་འདས་དང་མཐུན་པའི་གནས་ལུགས་ཀྱི་ལྟ་བ་མ་ཡིན་པས་མྱ་ངན་འདས་པ་ནི་དངོས་པོ་མིན་ཞིང་དངོས་པོ་མེད་པའང་མིན་པར་རིགས་སོ། །ཡང་ཁ་ཅིག་མྱང་འདས་ལ་ཉོན་མོངས་དང་སྐྱེ་བ་མེད་ཅིང་རང་གི་ངོ་བོར་ཡོད་པས་དངོས་པོ་དངོས་མེད་གཉི་ག་ཡིན་ནོ་ཞེ་ན། དེ་དགག་པ་ལ་རང་གི་ཧ་ཅང་ཐལ་བ་ནི། གལ་ཏེ་མྱ་ངན་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཀའི་རང་བཞིན་ཡིན་པའི་ཕྱིར་ན་རྒྱུ་མཚན་མཚུངས་པས་དངོས་པོ་དང་དངོས་མེད་གང་ཡིན་པ་དེ་དག་ཐམས་ཅད་ཐར་པར་འགྱུར་ན་སེམས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་འགྱུར་བས་དངོས་པོ་དངོས་མེད་ཐར་པ་ཡིན་པ་དེ་མི་རིགས་པས་མྱང་འདས་དངོས་པོ་དངོས་མེད་ཀྱི་རང་བཞིན་མ་ཡིན་ནོ་ཞེས་པའོ། །རྟེན་འབྱུང་དུ་ཐལ་བ་ནི། ཡང་གལ་ཏེ་མྱ་ངན་འདས་པ་ནི་དངོས་པོ་དང་དངོས་མེད་གཉི་ག་ཡིན་པའི་ཕྱིར་ན་མྱ་ངན་འདས་པ་རྣམ་འཇོག་ཆོས་གཞན་ལ་མ་བརྟེན་པ་མིན་ཏེ་དེ་ཆོས་གཞན་ལ་ལྟོས་པར་འགྱུར་རོ། །དེའི་ཁྱབ་པ་ནི་དངོས་པོ་དངོས་མེད་དེ་གཉིས་ཕན་ཚུན་བརྟེན་ནས་ཡིན་པའི་ཕྱིར་རོ་ཞེས་པའོ། །འདུས་མ་བྱས་ཡིན་པས་དེ་གཉིས་དགག་པ་ནི། མྱ་ངན་འདས་པ་ནི་ཇི་ལྟར་དངོས་པོ་དང་དངོས་མེད་གཉིས་ཡིན་ཏེ་མྱ་ངན་འདས་པ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །དེའི་ལྡོག་ཁྱབ་དངོས་པོ་རྒྱུ་རྐྱེན་གྱིས་བསྐྱེད་པས་དང་ཞིག་པའི་དངོས་མེད་སྐྱེ་བའི་རྐྱེན་ཡིན་པས་འདུས་བྱས་ཡིན་ནོ། །གལ་ཏེ་དེ་གཉིས་ཀྱི་རང་བཞིན་མ་ཡིན་ཡང་དེ་གཉིས་ཡོད་པ་ཡིན་ནོ་ཞེ་ན། ཇི་ལྟར་མྱ་ངན་འདས་པ་ལ་དངོས་པོ་དང་དངོས་མེད་གཉིས་ཡོད་དེ་ཕན་ཚུན་འགལ་བའི་ཕྱིར་དེ་གཉིས་ནི་མྱང་འདས་ཀྱི་རྫས་གཅིག་ལ་ཡོད་པ་མིན་ཏེ་ཡུལ་གཅིག་ཏུ་སྣང་བ་དང་ནི་མུན་པ་གཉིས་མེད་པ་བཞིན་ནོ། །གསུམ་པ་མྱང་འདས་དངོས་པོ་དངོས་མེད་གཉིས་ཀ་མ་ཡིན་པར་འདོད་པ་དགག་པ་ལ་གནོད་བྱེད་བརྗོད་པ་དང་། སྒྲུབ་བྱེད་དགག་པ་གཉིས་ལས། དང་པོ་ནི། མྱ་ངན་འདས་པ་དངོས་པོ་མིན་ཞིང་དངོས་པོ་མེད་པའང་མིན་པར་གང་སྟོན་པ་དགག་བྱ་དངོས་པོ་མེད་པ་དང་དངོས་པོ་དག་གྲུབ་ན་བཀག་ཆོས་གཉི་ག་མ་ཡིན་པ་དེ་ནི་གྲུབ་པར་འགྱུར་བ་ཞིག་ན་སྔར་བཀག་པས་དགག་བྱ་དེ་གཉི་ག་མ་གྲུབ་པར་དེ་བཀག་པའི་གཉི་ག་མ་ཡིན་པ་ཡང་མི་འགྲུབ་བོ་ཞེས་པའོ། །གཉིས་པ་ནི། གལ་ཏེ་མྱ་ངན་འདས་པ་ནི། དངོས་པོ་མིན་ཞིང་དངོས་པོ་མེད་པའང་མིན་པའི་རང་བཞིན་ཡིན་ན་མྱ་ངན་འདས་པ་དངོས་པོ་མིན་ཞིང་དངོས་པོ་མེད་པ་ཡང་མིན་པའི་རང་བཞིན་དུ་ཡོད་དོ་ཞེས་མྱང་འདས་སམ་འཁོར་བ་ན་གནས་པའི་གང་ཟག་གང་ཞིག་གིས་ནི་དེ་མངོན་པར་བྱེད་དེ་ཞི་བའི་ཚེ་དཔྱོད་པ་པོ་མེད་པ་དང་། འཁོར་བའི་ཀུན་རྫོབ་པའི་ཡུལ་ཅན་རྣམ་ཤེས་ཀྱི་ཡུལ་མ་ཡིན་ཞིང་། དོན་དམ་པའི་ཡུལ་ཅན་ཡེ་ཤེས་ནི་སྤྲོས་པའི་མཚན་མ་འགར་ཡང་མི་དམིགས་པ་ཡིན་པས་དེས་གཉི་ག་མ་ཡིན་པར་མི་འཛིན་པའི་ཕྱིར་རོ། །ད་ནི་མྱང་འདས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་པ་པོ་མཐའ་བཞིར་མ་གྲུབ་པ་ལ་འདས་པ་དང་། བཞུགས་པའི་དུས་སུ་མ་གྲུབ་པ་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་གྱུར་ནས་ཡོད་པར་མི་མངོན། དེ་བཞིན་ཏུ་མེད་དོ་ཞེའམ་ཡོད་མེད་གཉི་ག་དང་གཉི་ག་མིན་ཞེས་ཀྱང་མི་མངོན་ཏེ། སྣང་དུས་ཉིད་ནས་རང་བཞིན་གྱིས་ཞི་བར་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ནི། འདས་པའི་ཚེ་མཐའ་བཞིར་མེད་པར་མ་ཟད་ཀྱི་བཅོམ་ལྡན་འདས་བཞུགས་པར་གྱུར་པའི་དུས་ན་ཡང་ཡོད་པར་མི་མངོན་ཏེ་བླང་བྱ་ལེན་པོ་རང་བཞིན་མེད་པར་བསྟན་ཟིན་པའི་ཕྱིར་རོ། །དེ་བཞིན་དུ་དགག་བྱ་མེད་པས་བཀག་ཆོས་མེད་དོ་ཞེའམ། ཕན་ཚུན་འགལ་བས་དེ་གཉི་ག་དང་དགག་བྱ་མ་གྲུབ་པས་ཡོད་མེད་གཉི་ག་མིན་ཞེས་ཀྱང་མི་མངོན་ནོ། །གསུམ་པ་དེས་གྲུབ་པའི་དོན་ལ་སྲིད་ཞི་ཐ་དད་མེད་པར་གྲུབ་པ་དང་། ལུང་མ་བསྟན་གྱི་ལྟ་བ་དགག་པ་གྲུབ་པ་གཉིས་ལས། དང་པོ་ནི། སྣང་མི་སྣང་གཉི་གར་སྤྲོས་པའི་མཐའ་བཞིར་མ་གྲུབ་པ་དེའི་ཕྱིར་དེ་ཁོ་ན་ཉིད་དུ་དང་པོ་སྣང་དུས་ཀྱི་འཁོར་བ་ཕྱིས་མི་གནས་པའི་མྱ་ངན་ལས་འདས་པ་ལས་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ལ། ཕྱིས་ཀྱི་མྱ་ངན་ལས་འདས་པའང་སྔར་གྱི་འཁོར་བ་ལས་རང་བཞིན་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན་འདི་ལྟར་མྱ་ངན་ལས་འདས་པའི་ཡང་དག་པའི་མཐའ་སྔར་སྤྲོས་པའི་མཐའ་བཞི་དང་བྲལ་བར་བཤད་པ་གང་ཡིན་པ་དེ་ནི་འཁོར་བའི་ཡང་དག་པའི་མཐའ་ཡིན་ཏེ། དེ་གཉིས་ལ་ཁྱད་པར་ཅུང་ཟད་ནི། ཤིན་ཏུ་ཕྲ་བའང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། རྣམ་པར་དཔྱད་ན་རང་བཞིན་ཅིར་ཡང་མ་གྲུབ་པར་མཚུངས་པས་སོ། །གཉིས་པ་ལའང་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ངོས་གཟུང་བ་ནི། དེ་བཞིན་གཤེགས་པ་འདས་ཕན་ཆད་ཡོད་མེད་གཉི་ག་གཉི་ག་མ་ཡིན་པར་ལྟ་བ་བཞི་ནི་མྱ་ངན་ལས་འདས་པ་ལ་དང་། བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང་སོགས་པ་མི་ལྡན་པ་དང་དེ་གཉི་ག་དང་དེ་གཉི་ག་མ་ཡིན་པ་སྟེ་བཞི་ནི་ཕྱིས་འབྱུང་མི་འབྱུང་དེ་གཉི་ག་གཉི་ག་མ་ཡིན་པར་ལྟ་བ་ཡིན་པས་ཕྱི་མའི་མཐའ་ལ་དང་། བདག་དང་འཇིག་རྟེན་རྟག་པ་དང་སོགས་པ་མི་རྟག་པ་དང་དེ་གཉི་ག་དང་གཉི་ག་མ་ཡིན་པར་ལྟ་བ་སྟེ་བཞི་ནི་སྔོན་བྱུང་མ་བྱུང་དེ་གཉི་ག་གཉི་ག་མ་ཡིན་པར་ལྟ་བ་ཡིན་པས་སྔོན་གྱི་མཐའ་ལ་དང་། དེ་ཉིད་དང་གཞན་གཉིས་སུ་ལྟ་བ་དག་ལུས་སྲོག་དེ་ཉིད་དང་གཞན་དུ་ལྟ་བ་ཡིན་པས་ལུས་དང་སྲོག་ལ་བརྟེན་པའམ་དམིགས་པ་ཡིན་ནོ། །གཉིས་པ་ལྟ་བ་དེ་དག་མི་འཐད་པ་ནི། དེ་ལྟར་དངོས་པོ་ཐམས་ཅད་ངོ་བོ་སྟོང་པ་ལ་ཁྱད་པར་གྱི་ཆོས་བདག་དང་འཇིག་རྟེན་ཕྱི་མའི་དུས་སུ་མི་འབྱུང་བའི་མཐའ་ཡོད་ཅི་ཞིག་འབྱུང་བའི་མཐའ་མེད་ཅིང་འབྱུང་མི་འབྱུང་གཉི་གའི་མཐའ་དང་མཐའ་མེད་གཉི་ག་ཡིན་པའང་ཅི་ཞིག་ཡིན། འབྱུང་མི་འབྱུང་གཉི་ག་མ་ཡིན་པའི་མཐའ་དང་མཐའ་མེད་གཉི་ག་མིན་པའང་ཅི། ལུས་དང་སྲོག་དེ་ཉིད་ཅི་ཞིག་གཞན་ཅི་ཞིག་ཡིན། བདག་དང་འཇིག་རྟེན་སྔོན་ནས་ཡོད་པའི་རྟག་པ་ཅི་ཞིག་མེད་པའི་མི་རྟག་ཅི། ཡོད་མེད་གཉི་གའི་རྟག་དང་མི་རྟག་གཉི་ག་ཅི། ཡོད་མེད་གཉི་ག་མ་ཡིན་པའི་རྟག་མི་རྟག་གཉི་ག་མིན་པ་ཡང་ཅི་ཞིག་ཡིན། མྱང་འདས་ལ་བརྟེན་པའི་ལྟ་བ་བཞི་དགག་པ་སྔར་བཤད་ཟིན་པས་དེ་ལྟར་ན་དེ་ཁོ་ན་ཉིད་དུ་ཁྱད་པར་གྱི་གཞི་མ་གྲུབ་པས་ཁྱད་པར་གྱི་ཆོས་ཀྱི་ལྟ་བ་དེ་དག་མི་འཐད་པའི་ཕྱིར་དེ་དག་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །གསུམ་པ་ནི། གལ་ཏེ་དེ་ལྟར་མྱ་ངན་ལས་འདས་པའང་མེད་ན་དེ་འཐོབ་པའི་དོན་དུ་སྤྱོད་པའི་གཉེན་པོར་རྗེས་སུ་མཐུན་པའི་ཆོས་བསྟན་པ་གང་ཡིན་པ་དེ་དོན་མེད་པར་འགྱུར་རོ་ཞེ་ན། གལ་ཏེ་དེ་ཁོ་ན་ཉིད་དུ་ཆོས་སམ་དེའི་ཉན་པ་པོའམ་སྟོན་པ་པོ་འགའ་ཞིག་ཡོད་ན་དེ་སྟོན་པར་འགྱུར་བ་ཞིག་ན་དོན་དམ་པར་སྤྱིར་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་། སྒྲའི་སྤྲོས་པ་ཉེ་བར་ཞི་བ་དང་སེམས་ཀྱི་དམིགས་པ་ཞི་བ་སྟེ། དེའི་ཕྱིར་སྟོན་པ་སངས་རྒྱས་རྣམས་ཀྱིས་ལྷ་ལ་སོགས་པའི་ཡུལ་གང་དུ་ཡང་ལྷ་དང་མི་ལ་སོགས་པའི་གདུལ་བྱ་སུ་ལའང་ཉོན་མོངས་རྣམ་བྱང་གི་ཆོས་འགའ་ཡང་མ་བསྟན་པས་དོན་མེད་པར་མི་འགྱུར་རོ། །ཇི་སྐད་དུ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས། གང་གི་ནུབ་མོ་བྱང་ཆུབ་ནས། །གང་ལ་ཡོངས་སུ་མྱ་ངན་འདས། །དེ་དག་བར་དུ་ང་ཡིས་ནི། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་གསུངས་པ་ལྟ་བུའོ། །འོ་ན་གསུང་རབ་ཀྱི་ཐ་སྙད་ཤིན་ཏུ་སྣ་ཚོགས་པ་འདི་དག་ཇི་ལྟར་སྣང་ཞེ་ན། འདི་དེ་ཁོ་ནར་བསྟན་པ་མ་ཡིན་གྱི་ཐ་སྙད་དུ་ཡིན་ལ་ཐ་སྙད་དུ་ཡང་དོན་དམ་པ་རང་གི་ངོ་བོས་བསྟན་པ་མ་ཡིན་གྱི་སྒྲོ་བཏགས་ནས་དང་། སྒྲོ་བཏགས་ནས་བསྟན་པ་དེ་ཡང་སངས་རྒྱས་སྒྲ་བློའི་འཇུག་པ་ཉེ་བར་ཞི་བས་རང་ཉིད་ཀྱིས་གསུངས་པ་མ་ཡིན་གྱི་དེའི་སྔོན་གྱི་སྨོན་ལམ་དང་། གདུལ་བྱ་ལས་དག་པའི་དབང་གིས་དེའི་བློ་འཁྲུལ་པའི་དོན་དེ་ལྟར་སྣང་བ་ཡིན་ཏེ། ཇི་སྐད་དུ། འདི་ན་དེ་བཞིན་ཉིད་མེད་དེ་བཞིན་གཤེགས་པ་མེད། །འགྲོ་བ་ཐམས་ཅད་ཀྱིས་ནི་གཟུགས་བརྙན་མཐོང་། །དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡི། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ན་རབ་ཏུ་བྱེད་པ་འདིས་མྱང་འདས་དོན་དམ་པར་གདོད་མ་ནས་སྤྲོས་པ་མེད་དགག་དང་། ཐ་སྙད་དུ་གློ་བུར་གྱི་དྲི་མ་དང་བྲལ་བ་སྒྱུ་མ་ལྟ་བུར་བསྟན་པས་དེའི་ཤུགས་ལ་ཆོས་ཐམས་ཅད་དེ་ལྟར་གྲུབ་པ་ཡིན་ནོ། །ཇི་སྐད་དུ། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། དོན་དམ་བདེན་པ་རྨི་ལམ་འདྲ་བ་དང་། །མྱ་ངན་འདས་པ་རྨི་ལམ་རང་བཞིན་དུ། །མཁས་པ་གང་གིས་དེ་ལྟར་འཇུག་པ་ཡང་། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ཞེས་གསུངས་སོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས་མྱ་ངན་ལས། འདས་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།།  །།དེ་ལྟར་ཁྱད་པར་གྱི་ཆོས་རང་བཞིན་སྟོང་པ་ཉིད་དུ་བཤད་ནས། ད་ནི་ཁྱད་པར་གྱི་གཞི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ལ་ཡང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་མདོའི་འབྲེལ་ནི། བྱང་ཆུབ་སེམས་དཔའ་དེས་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་མ་གཏོགས་པའི་ཆོས་ཕྲ་རབ་ཙམ་ཡང་མ་མཐོང་ངོ་ཞེས་པ་ལ་སོགས་པ་ཀུན་རྫོབ་ཏུ་རྟེན་འབྱུང་དབྱེ་བ་དང་བཅས་པ་གསུངས་པའི་དོན་ངེས་པར་བྱ་བ་དང་། རབ་ཏུ་བྱེད་པའི་འབྲེལ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་དང་། ཡང་། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །མཐོང་བ་དེ་ཡིས་སྡུག་བསྔལ་དང་། །ཀུན་འབྱུང་དང་ནི་འགོག་པ་དང་། །ལམ་ཉིད་དེ་དག་མཐོང་བ་ཡིན། །ཅེས་གང་བཤད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་གོ་གང་ཡིན་ཞེ་ན། དེ་བསྟན་པའི་དོན་དུ་འདི་བཀོད་པ་ཡིན་ནོ། །འདི་ལ་གཞུང་གི་ཆ་བཤད་པ་དང་། དོན་གྱི་ཆ་བསམ་པ་གཉིས་ལས། དང་པོ་ལ་ཡང་རྟེན་འབྲེལ་གྱི་སྒྲ་བཤད་པའི་དོན་དང་། སྒྲ་འཇུག་པའི་ཡུལ་ལ་དེའི་མཚན་ཉིད་དང་། མཚན་གཞི་ངོས་གཟུང་བ་ནི་སྔར་བཤད་ཟིན་ཏོ། །མཚན་གཞིའི་དབྱེ་བ་ལ་ཕྱི་སྣོད་ཀྱི་དང་། ནང་བཅུད་ཀྱི་རྟེན་འབྲེལ་གཉིས་ལས། འདིར་གཙོ་བོ་ཡིན་པས་ནང་གི་རྟེན་འབྲེལ་འཆད་པ་ལ་དེ་ལ་མ་དག་པའི་རྟེན་འབྲེལ་ནི་མ་རིག་པ་ནས་རྒ་ཤིའི་བར་སྲིད་པའི་ཡན་ལག་བཅུ་གཉིས་ཡིན་པས། དེ་ལུགས་སུ་འབྱུང་བའི་ཚུལ་དང་། འབྱུང་ལྡོག་གི་གང་ཟག་ངོས་གཟུང་བ་དང་། ལུགས་ལས་ལྡོག་པའི་ཚུལ་གསུམ་ལས། དང་པོ་ལ་རེ་ཞིག་མ་རིག་པ་དང་སྲིད་པའི་ཀུན་ཏུ་སྦྱོར་བ་ནི། རིག་པ་མེད་པར་དགག་པའམ་མ་ཡིན་དགག་ལོག་པའི་ཤེས་པ་མ་ཡིན་གྱི་གནས་ལུགས་ཇི་ལྟ་བར་ཤེས་པའི་མི་མཐུན་ཕྱོགས་ཀྱི་ཤེས་པ་སྟེ། སཱ་ལུ་ལྗང་པ་ལས། ཁམས་དྲུག་འདུས་པ་ལ་རྟག་པ་གཅིག་པུའི་བདག་ཏུ་ལྟ་བའོ་ཞེས་གསུངས་པ་ཡང་། དེ་ལ་ཁྱབ་པའི་བདག་མེད་མི་ཤེས་པ་མཚོན་པར་ཟད་དོ། །དེའི་དབྱེ་བ་ཀུན་རྫོབ་ཀྱི་ལས་འབྲས་ལ་རྨོངས་པ་དང་། དེ་ཁོ་ན་གང་ཟག་དང་ཆོས་ཀྱི་བདག་མེད་ལ་རྨོངས་པ་གཉིས་ཡིན་ལ། དེ་ནི་གནས་ལུགས་ཇི་ལྟར་བར་མཐོང་བའི་སྤང་བྱ་ཡིན་ཏེ། འཛིན་སྟངས་འགལ་བའི་ཕྱིར་རོ། །ལས་འབྲས་ལ་རྨོངས་པ་ཤིན་ཏུ་ཕྲ་བ་ནི་སངས་རྒྱས་ཀྱི་ས་ཁོ་ནའི་སྤང་བྱ་ཡིན་ནོ། །དེས་ཞི་བར་འགྲོ་བའི་ལམ་ཀུན་རྫོབ་ཀྱི་ལས་འབྲས་དང་། དེ་ཁོ་ན་ཉིད་བདག་གཉིས་ཀྱིས་སྟོང་པར་མཐོང་བ་བསྒྲིབས་པས་ཡང་སྲིད་པ་ཕྱི་མ་བསྒྲུབ་པའི་ཕྱིར་ལུས་ངག་ཡིད་ཀྱིའམ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་བྱེད་རྣམ་པ་གསུམ་པོ་དག་མངོན་པར་འདུ་བྱེད་གང་ཡིན་པའི་སྲིད་པར་འཕེན་བྱེད་ཟག་བཅས་ཀྱི་ལས་དེ་དག་གིས་འགྲོ་བ་ནས་འགྲོ་བར་འགྲོ་བར་འགྱུར་རོ། །འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱིས་ལས་དེའི་བག་ཆགས་བསྒོས་པས་འབྲས་བུ་མིང་དང་གཟུགས་སྐྱེད་པའི་ནུས་པ་ཅན་དུ་བྱས་པ་སྟེ། དང་པོ་དང་རྣམ་འབྱེད་ཀྱི་མདོ་ལས་ཚོགས་དྲུག་ཉིད་དུ་གསུངས་ལ། སློབ་དཔོན་དབྱིག་གཉེན་གྱིས་དེ་སྒྲ་ཇི་ལྟ་བ་ལ་དེ་ལས་གཞན་པའི་བག་ཆགས་སྒོ་བྱེད་མེད་པ་དང་། དགེ་མི་དགེར་འགྱུར་བས་བསྒོ་བྱར་མི་རུང་བ་དང་། མི་བརྟེན་པས་བསྒོས་པ་ཆུད་ཟ་བའི་ཉེས་པ་ཡོད་པས་འདིར་དབང་པོ་གསལ་ལོ་ཞེས་པ་ལྟར་བརྟེན་པས་རྟེན་མཚོན་པས་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། སྒོ་བྱེད་དང་ལྷན་ཅིག་འཇུག་པ་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ནོ་ཞེས་བཤད་པས་རྣམ་ཤེས་དེ་ལས་དང་མཐུན་པའི་འགྲོ་བ་རྣམས་སུ་འཇུག་པར་འགྱུར་རོ། །དེ་ལྟར་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་གྱུར་ན་མིང་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཡོངས་སུ་མ་རྫོགས་པ་དང་། གཟུགས་མངལ་གྱི་གནས་སྐབས་བརྒྱད་ལས་མེར་མེར། ནུར་ནུར། ལྟར་ལྟར། མཁྲང་གྱུར། རྐང་ལག་འགྱུས་པ། སྐྲ་སྤུ་སེན་མོ་གྱེས་པ་ཚུན་ཆོད་ཆགས་པར་འགྱུར། དེ་ལྟར་མིང་དང་གཟུགས་ནི་ཆགས་གྱུར་ན་དེ་ནས་གནས་སྐབས་བདུན་པར་མིག་ལ་སོགས་པའི་དབང་པོ་དྲུག་དོད་པ་ནས་ཕྱིའི་ཡུལ་གཅོད་པའི་བར་གྱི་སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར་རོ། །དེ་ལྟར་སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། རེག་པ་ཀུན་ཏུ་འབྱུང་བར་འགྱུར་རོ། །རེག་དེ་གང་ཡིན་ཞིང་ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། སྐྱེ་བའི་ཚུལ་ནི་བདག་རྐྱེན་མིག་དང་དམིགས་རྐྱེན་གཟུགས་དང་དེ་མ་ཐག་རྐྱེན་དྲན་བྱེད་ཡིད་ལ་བྱེད་པ་ལ་བརྟེན་ནས་མིག་གི་རྣམ་ཤེས་སྐྱེ་བ་ཁོ་ན་སྟེ། དེ་ལྟར་དྲན་བྱེད་མིང་བཞི་དང་དབང་དོན་གྱི་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ལ། ངོ་བོ་ནི་དེ་ལྟར་མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་འདུས་ནས་ཡུལ་ཡིད་དུ་འོང་མི་འོང་བར་མ་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ནི་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རོ། །ཡུལ་ཡིད་དུ་འོང་མི་འོང་བར་མར་བཅད་པ་དེ་ལས་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་ཀུན་ཏུ་འབྱུང་བར་འགྱུར། ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ་ཚོར་བ་དེ་དག་དང་མི་འབྲལ་བ་དང་འབྲལ་བའི་དོན་དུ་སྲེད་པར་འགྱུར་རོ། །སྲེད་པར་གྱུར་ན་དེ་འཕེལ་བའི་ཚོར་བའི་ཡུལ་ལ་འདུན་པ་དང་འདོད་ཆགས་པ་འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་རྣམ་པ་བཞི་པོ་ཉེ་བར་ལེན་པར་འགྱུར་ཏེ། འདོད་པའི་སྲེད་པ་འདོད་པའི་ཉེ་བར་ལེན་པ་གཟུགས་དང་གཟུགས་མེད་ཀྱི་སྲེད་པས་གཞན་གསུམ་ཅི་རིགས་པར་བསྐྱེད་པའོ། །དེ་ལྟར་ཉེ་བར་ལེན་པ་བཞི་པོ་ཡོད་ན་དེས་ལས་ནུས་པ་མཐུ་ཅན་དུ་བྱས་པ་ལེན་པ་པོའི་སྲིད་པ་རབ་ཏུ་འབྱུང་བར་འགྱུར་ཏེ་འདི་ལྟར་གལ་ཏེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཚོར་བ་ལ་སྲེད་པ་མ་བསྐྱེད་ཅིང་ཉེ་བར་ལེན་པ་མེད་ན་གྲོལ་བར་འགྱུར་ཏེ་སྲིད་པ་གྲུབ་པར་མི་འགྱུར་བས་སོ། །སྲིད་པ་དེ་ཡང་སྒོ་གསུམ་གྱི་ལས་ཡིན་པས་གཟུགས་དང་ཤེས་པར་གཏོགས་པའི་ཕུང་པོ་ལྔའི་རང་བཞིན་ཡིན་པའམ། དེ་ལས་མ་འོངས་པའི་སྲིད་པ་ཕུང་པོ་ལྔ་འབྱུང་བས་ན་སྲིད་པ་ཞེས་རྒྱུ་ལ་འབྲས་བུས་བཏགས་པའོ། །སྲིད་པ་ལས་ནི་ཡང་སྲིད་པ་ཕྱི་མར་སྐྱེ་བར་འགྱུར་ལ་དེ་ལས་ཕུང་པོ་རྙིངས་པ་དང་འགག་པའི་རྒ་ཤི་དང་ནི་འཆི་བའི་ཚེ་སྡུག་པ་དང་བྲལ་བས་ཡིད་གདུང་བ་མྱ་ངན་དང་དེས་ངག་ཏུ་སྨྲ་བ་སྨྲེ་སྔགས་འདོན་བཅས་དང་། ལུས་ཀྱིས་མི་འདོད་པ་མྱོང་བ་སྡུག་བསྔལ་དང་སེམས་ཀྱིས་མི་འདོད་པ་མྱོང་བ་ཡིད་མི་བདེ་བ་དང་། དེ་གཉིས་ཀྱིས་རྒྱུད་འཁྲུགས་པའམ། ཆོལ་བ་དང་བསྲུང་བའི་འབད་པས་ངལ་བ་འཁྲུག་པ་རྣམས། དེ་དག་སྐྱེ་བ་ལས་རབ་ཏུ་འབྱུང་ངོ་། །དེ་ལྟར་ན་སྡུག་བསྔལ་གྱི་ཚོགས་སམ་ཕུང་པོ་ནི་བདེ་བ་དང་མ་འདྲེས་པའམ། བདག་དང་བདག་གི་བས་སྟོང་པའི་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །དེ་དག་ནི་འབྲས་བུས་སྐྱོ་བ་བསྐྱེད་པའི་ཕྱིར་མདོ་འགའ་ལས་འབྱུང་ཡང་འོང་བ་ཉིད་དུ་མ་ངེས་པས་ཡན་ལག་གི་གྲངས་སུ་མ་བརྩིས་སོ། །གཉིས་པ་ནི། དེ་ལྟར་རྣམ་པར་ཤེས་པ་ལ་སོགས་པ་འཁོར་བར་འཇུག་པའི་རྩ་བའམ་རྒྱུའི་གཙོ་བོ་འདུ་བྱེད་རྣམས་ཡིན་ཏེ་དེའི་ཕྱིར་འཁོར་བ་ལས་ཟློག་པའི་ཐབས་ལའམ། ལས་འབྲས་དང་དེ་ཁོ་ན་ཉིད་ལ་མཁས་པའི་འཕགས་པ་རྣམས་འཁོར་བའི་རྩ་བ་ལས་མངོན་པར་འདུ་མི་བྱེད་དོ། །དེ་ལྟ་ན་བདེན་པ་མཐོང་བ་རྣམས་འདུ་བྱེད་མི་སོགས་པའི་ཕྱིར་སྐྱེ་བ་མི་ལེན་པར་འགྱུར་རོ་ཞེ་ན། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་པའི་ཚུལ་གྱིས་བདེན་པ་མཐོང་ནས་འཁོར་བར་འཕེན་བྱེད་ཀྱི་ལས་གསར་པ་མི་བསོག་ཀྱང་སྔོན་གྱི་མ་རིག་པས་འཕངས་པའི་ལས་རྙིངས་པ་ལ་སློབ་པ་རྣམས་ཀྱི་སྲེད་ལེན་གྱིས་གསོས་པས་ཡང་སྲིད་ལེན་ལ། སྲེད་དང་བྲལ་ལ་ཡང་སྲིད་མེད། །ཅེས་པའི་ཚུལ་གྱིས་མི་སློབ་པ་སྲེད་ལེན་ཡང་མེད་པ་རྣམས་ནི་སྐྱེ་བའང་མི་ལེན་པའོ། །དེའི་ཕྱིར་འཁོར་བ་ཟློག་པའི་ཐབས་ལའམ་ལས་འབྲས་དང་དེ་ཁོ་ན་ཉིད་ལ་མི་མཁས་པ་སོ་སོའི་སྐྱེ་བོ་རྣམས་འདུ་བྱེད་གསུམ་པོ་ཅི་རིགས་སུ་བྱེད་པ་པོ་ཡིན་ནོ། །ཇི་སྐད་དུ། མ་རིག་པ་དང་རྗེས་སུ་འབྲེལ་པའི་སྐྱེས་བུ་གང་ཟག་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་མངོན་པར་འདུ་བྱ་བ་མངོན་པར་འདུ་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །མཁས་པ་བྱེད་པོ་མིན་པ་ཅིའི་ཕྱིར་ཞེ་ན། མཁས་པ་ནི་ལས་བྱེད་པ་པོ་མིན་ཏེ་དེའི་རྒྱུ་དང་འགལ་བ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་འབྱུང་བ་དེའི་ཕྱིར་མ་རིག་འགགས་པར་གྱུར་ན་ནི་རྒྱུ་མེད་པས་འདུ་བྱེད་རྣམས་ཀུན་ཏུ་འབྱུང་བར་མི་འགྱུར་ལ་དེ་བཞིན་དུ་འདུ་བྱེད་ནས་སྐྱེ་བའི་བར་རྒྱུ་སྔ་མ་དེ་དང་དེ་ནི་འགགས་གྱུར་པས་རྣམ་པར་ཤེས་པ་ནས་རྒ་ཤིའི་བར་འབྲས་བུ་ཕྱི་མ་དེ་དང་དེ་ནི་མངོན་པར་མི་འབྱུང་ངོ་། །དེ་ལྟ་མོད་ཀྱི་མ་རིག་པ་གང་གིས་འགག་པར་འགྱུར་ཞེ་ན། སྲིད་པ་འགྲུབ་པའི་རྒྱུ་མ་རིག་འགགས་པར་འགྱུར་བ་ནི་མོས་སྤྱོད་མན་ཆད་དུ་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་གང་ཟག་དང་ཆོས་ཀྱིས་སྟོང་པར་ཤེས་པས་བསྒོམས་པ་ལས་དེ་ཇི་ལྟ་བར་མཐོང་བས་སོ། །དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་བདེ་བ་དང་མ་འདྲེས་པའམ་བདག་དང་བདག་གི་བས་སྟོང་པའི་འབའ་ཞིག་པ་དེ་ནི་དེ་ལྟར་ས་མྱཀ་ཡང་དག་གམ་ས་མནྟ་མ་ལུས་པ་ཡིན་པས་མ་ལུས་པར་འགག་གོ་ཞེས་སྦྱར་རོ། །གཉིས་པ་དེའི་དོན་གྱི་ཆ་ཅུང་ཟད་ཅིག་བཤད་པ་ལ་གསུམ་སྟེ། རྟེན་འབྲེལ་གྱི་རང་བཞིན་ངེས་པར་བྱ་བ་དང་། དེའི་ཟབ་པའི་ཁྱད་པར་དང་། དེ་རྟོགས་པའི་ཆེ་བའོ། །དང་པོ་ལ་དེའི་མཚན་ཉིད་ནི། ཆོས་འགའ་ཞིག་ལ་བརྟེན་ནས་འབྱུང་བ་དང་། མཚན་གཞི་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡིན་ནོ་ཞེས་བཤད་ཟིན་པས་དེ་ལ་ཕྱི་སྣོད་རྟེན་འབྲེལ་དུ་བསྟན་པ་དང་། ནང་སེམས་ཅན་རྟེན་འབྲེལ་དུ་བསྟན་པ་གཉིས་ལས། དང་པོ་ནི། ལོ་ཏོག་ལ་སོགས་པ་སྟེ། དེ་ཡང་རྒྱུ་དང་རྐྱེན་དང་འབྲེལ་པ་དང་སེམས་པ་མེད་པ་གསུམ་གྱིས་ཤེས་པར་བྱ་བ་ལས་གོང་ནས་གོང་དུ་སྐྱེད་པའི་རྒྱུ་ནི། ས་བོན་དང་མྱུ་གུ་དང་ལྗང་བུ་དང་སྡོང་བུ་དང་སྦུ་གུ་དང་སྙིང་པོ་དང་མེ་ཏོག་དང་འབྲས་བུ་རྣམས་ཡིན་ཏེ། རྐྱེན་ནི། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་དུས་ཏེ། རིམ་པ་བཞིན་དེ་དག་འཛིན་པ་དང་བརླན་པ་དང་སྨིན་པ་དང་འབུ་བ་དང་གོ་འབྱེད་པ་དང་འགྱུར་བར་བྱེད་པའི་ཕྱིར་རོ། །རྒྱུ་རྐྱེན་འབྲས་བུ་གསུམ་ཀ་ལ་རང་དབང་སེམས་པ་མེད་པ་ནི། བསྐྱེད་པར་བྱ་ཞེས་མ་བསམས་ཀྱང་། །དེ་སྐྱེད་དེ་ཡང་བདག་བསྐྱེད་ཅེས། །སེམས་པ་ཡོད་པ་མ་ཡིན་ནོ། །ཞེས་པའི་རྒྱུའི་ནུས་པ་ཙམ་གྱི་རྗེས་སུ་བྱེད་པ་ཡིན་ནོ། །ནང་སེམས་ཅན་རྟེན་འབྲེལ་དུ་བསྟན་པ་ལ་གསུམ་སྟེ། མ་དག་པའི་རྟེན་འབྲེལ་ལུགས་འབྱུང་དང་། དག་པའི་རྟེན་འབྲེལ་ལུགས་འབྱུང་དང་། དེ་དག་ལུགས་ལས་ཟློག་པའི་ཐབས་བསྟན་པའོ། །དང་པོ་ནི། མ་རིག་པ་ནས་རྒ་ཤིའི་བར་གྱི་སྲིད་པའི་ཡན་ལག་བཅུ་གཉིས་ཡིན་པས་དེ་དག་སོ་སོའི་ངོ་བོ་དང་། རྒྱུ་རྐྱེན་དང་འབྲེལ་བ་དང་། སེམས་པ་མེད་པ་དང་། དེ་དག་ཏུ་གྲངས་དང་གོ་རིམ་ངེས་པའི་ཚུལ་བཞི་ལས། འདི་དག་སོ་སོའི་ངོ་བོ་དང་རྒྱུ་དང་འབྲེལ་པ་ནི། ཡན་ལག་སྔ་མ་ལས་ཕྱི་མ་ཇི་ལྟར་འབྱུང་བའི་ཚུལ་ལས་གཞུང་གི་སྐབས་སུ་བཤད་ཟིན་ཏོ། །ནང་གི་དེ་དག་རྐྱེན་དང་འབྲེལ་པ་ནི། ཁམས་དྲུག་འདུས་པར་གྱུར་པ་ལས། །ལུས་ནི་སྐྱེ་བར་འགྱུར་བ་ཡིན། །ཞེས་གསུངས་པ་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་ཁམས་རིམ་པ་ལྟར་ལུས་ཀྱི་སྲ་བ་དང་སྡུད་པ་དང་སྨིན་པ་དང་དབུགས་འབྱུང་རྔུབས་དང་མི་སྒྲིབ་པའི་གསེང་དང་མི་རུལ་བར་བྱེད་པས་ཕུང་པོ་འགྲུབ་པ་དང་གནས་པར་འགྱུར་བ་ཡིན་ནོ། །རྒྱུ་རྐྱེན་འབྲས་བུ་དེ་དག་ཐམས་ཅད་ལ་རང་དབང་སེམས་པ་མེད་པ་ནི། དེ་དག་བདག་དང་བདག་གི་ཞེས། །རྣམ་རྟོག་སྐྱེ་བ་མེད་པར་འདོད། །ཅེས་པས་གོ་སླའོ། །བཞི་པ་ནི། བཅོམ་ལྡན་འདས་ཀྱིས་མདོ་དེ་དང་དེ་ལས་རྟེན་འབྲེལ་བཅུ་གཉིས་གོ་རིམ་ལས་དང་གྲངས་ངེས་པ་ཡང་དང་ཡང་དུ་གསུངས་པ་དེ་དག་རྒྱུ་འབྲས་སུ་འགྱུར་བའི་ཚུལ་ཉན་ཐོས་ཀྱི་སྡེ་སྣོད་དང་ཡེ་ཤེས་ལ་འཇུག་པ་ཞེས་པའི་བསྟན་བཅོས་ལས་རྟེན་འབྲེལ་བཅུ་གཉིས་ཚེ་གསུམ་ལ་དུམ་བུ་གསུམ་ཡོད་པས་རྒྱུ་འབྲས་ཚར་གཉིས་སུ་བསྟན་པ་དང་། དེའི་དོན་མཛོད་ལས། སྔོན་དང་ཕྱི་མཐའ་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་འབྱུང་བ་སྟེ། རེ་ཞིག་ཚེ་འདི་དབུས་སུ་བྱས་པ་ལ་མཚོན་ན་རྒྱུ་ཚེ་སྔ་མའི་ཉོན་མོངས་མ་རིག་པ་དང་ལས་འདུ་བྱེད་གཉིས་ཀྱིས་འབྲས་བུ་ཚེ་འདིའི་རྣམ་ཤེས་དང་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་ལྔ་བསྐྱེད་པ་ཚར་གཅིག་དང་། ཡང་ཚེ་འདིའི་ཉོན་མོངས་སྲེད་ལེན་དང་ལས་སྲིད་པ་གསུམ་གྱིས་འབྲས་བུ་ཚེ་ཕྱི་མའི་སྐྱེ་བ་དང་རྒ་ཤི་གཉིས་བསྐྱེད་པ་ཚར་གཅིག་སྟེ། དེ་ལྟར་ན་སྔོན་དང་ཕྱི་མ་རྒྱུ་དང་འབྲས་བུ་འབའ་ཞིག་པ་གཉིས་གཉིས་ལ། འདིར་སྔར་གྱི་འབྲས་བུ་ལྔ་དང་ཕྱི་མའི་རྒྱུ་གསུམ་སྟེ་བརྒྱད་ཡིན་པར་བསྟན་ཏོ། །ཚུལ་འདི་སྒྲ་ཇི་ལྟ་བ་བཞིན་ཏུ་ནི་མི་འཐད་དེ། བཅོམ་ལྡན་འདས་ཀྱིས་དེ་དག་གི་ལས་མ་རིག་པ་ལས་སོག་བྱེད་དང་སྲེད་པ་གསོས་འདེབས་དང་། འདུ་བྱེད་སོག་པ་དང་སྲིད་པ་ལས་མཐུ་ཅན་གྱི་ཆ་ནས་བཤད་པའི་མཚན་ཉིད་མི་རུང་བ་དང་། མ་རིག་པས་བསླང་བའི་འདུ་བྱེད་ཙམ་དགྲ་བཅོམ་པ་ལའང་ཡོད་པས་དང་། ལས་མ་བསགས་པར་སྲེད་ལེན་ཙམ་གྱིས་བྱ་བར་མི་ནུས་པས་རྒྱུ་མ་འདྲེས་པར་མི་འཐད་པ་དང་། རྣམ་ཤེས་སོགས་ལྔ་དང་སྐྱེ་བ་དང་རྒ་ཤི་ཕན་ཚུན་མ་འདྲེས་པ་མི་འཐད་པ་དང་། རྒྱུ་འབྲས་དེ་དག་སྔ་ཕྱི་ལ་སོ་སོར་ངེས་པ་མི་འཐད་པའི་དངོས་ཀྱི་དོན་ལ་གནོད་པ་ཡོད་པའི་ཕྱིར་རོ། །འོན་ཀྱང་སྔ་ཕྱིའི་རྒྱུ་འབྲས་དག་ལའང་ཕན་ཚུན་ཁྱབ་པར་ཡོད་པ་ཡིན་ཏེ། སྔ་ཕྱིའི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །ཞེས་འབྱུང་བ་ཡིན་ནོ། །དེ་ལྟར་ན་རྒྱུ་བསྡུས་ལ་འབྲས་བུ་རྒྱས་པ་དང་། རྒྱུ་རྒྱས་ལ་འབྲས་བུ་བསྡུས་པའི་རྒྱུ་འབྲས་ཀྱི་ཚུལ་གཉིས་སུ་བྱས་པས་ཚེ་འདིའི་རྒྱུ་འབྲས་གཉི་ག་རྒྱས་པའི་སྐབས་ཡིན་པས་འདིའི་རྒྱུ་འབྲས་སྔ་ཕྱིའི་རྒྱུ་འབྲས་ལ་དཔག་པས་ཡན་ལག་བཅུ་དྲུག་དང་སྔ་ཕྱིའི་རྒྱུ་འབྲས་བསྡུས་པ་འདི་ལ་སྦྱར་བས་བརྒྱད་དུའང་འགྱུར་མོད་ཀྱི། དེ་ལྟར་གསུངས་པའི་དགོངས་གཞི་ནི་ད་ལྟར་གྱི་རྒྱུ་འབྲས་རྣམས་མངོན་དུ་གྱུར་པ་དང་སོ་སོའི་བྱ་བ་བྱེད་པས་སྲེད་ལེན་སྲིད་པ་གསུམ་དང་། རྣམ་ཤེས་མིང་གཟུགས་སྐྱེ་མཆེད་རེག་པ་ཚོར་བ་ལྔ་རང་མིང་གིས་བརྗོད་ལ། འདས་པའི་རྒྱུ་འགགས་པ་དང་། ཕྱི་མའི་འབྲས་བུ་གསལ་བར་མ་གྲུབ་པས་མ་རིག་པ་དང་འདུ་བྱེད་ལས་དང་ཉོན་མོངས་ཀྱི་སྤྱི་མིང་ཙམ་དང་། སྐྱེ་བ་དང་འཇིག་པ་གཉིས་ཙམ་དུ་བཏགས་པ་ཡིན་ནོ། །དེ་ལྟ་ན་ཚེ་རེ་རེ་ལའང་ལྟོས་པས་སྔོན་དང་ཕྱི་མཐའ་བར་གསུམ་གསུམ་དུ་འགྱུར་བས་དེ་དག་རྒྱུ་འབྲས་ཀྱི་ཆོས་གསུམ་རིམ་དུ་བསྟན་པར་བལྟའོ། །འོན་ཀྱང་སློབ་དཔོན་ཐོགས་མེད་ཀྱིས་ཟག་བཅས་ཀྱི་ལས་འབྲས་མངལ་ནས་སྐྱེས་ནས་མྱང་བར་འགྱུར་བ་ཚེ་ཡོངས་སུ་རྫོགས་པ་ཞིག་གི་གཙོ་བོའི་རྒྱུ་འབྲས་ཚར་གཅིག་ཚེ་གཉིས་ལ་རྫོགས་པའི་དབང་དུ་བྱས་ནས་དྲུག་རྒྱུ་དང་དྲུག་འབྲས་བུ་ཡིན་པས་དེ་དག་གྲངས་ངེས་པར་བཤད་དེ། རྒྱུ་དྲུག་ཀྱང་འཕེན་བྱེད་རིང་བའི་རྒྱུ་དང་། འགྲུབ་བྱེད་ཉེ་བའི་རྒྱུ་གཉིས་ལས། དང་པོ་ནི། གང་ལ་བརྟེན་ནས་གང་གི་ཇི་ལྟར་འཕེན་པའི་ཚུལ་གསུམ་ཡིན་ཏེ། མ་རིག་པའི་དབང་གིས་འདུ་བྱེད་ཀྱིས་རྣམ་ཤེས་ལས་ཀྱི་བག་ཆགས་ཅན་དུ་འཕེན་པའི་ཕྱིར་རོ། །གཉིས་པ་ཡང་གང་ལ་བརྟེན་ནས་གང་གིས་ཇི་ལྟར་འགྲུབ་པ་གསུམ་ཡིན་ཏེ། ཚོར་བ་ལ་སྲེད་པའི་དབང་གིས་ཡུལ་དོན་དུ་གཉེར་བའི་ལེན་པ་ལས་མིང་གཟུགས་ཀྱི་མྱུ་གུ་བསྐྱེད་པའི་ནུས་པ་མཐུ་ལྡན་ནམ་ཐོགས་མེད་དུ་འགྲུབ་པའི་ཕྱིར་རོ། །འབྲས་བུ་དྲུག་ལའང་འཕངས་པ་རིང་བའི་འབྲས་བུ་དང་། འགྲུབ་པ་ཉེ་བའི་འབྲས་བུ་གཉིས་ལས། དང་པོ་ནི། སྔར་རྣམ་ཤེས་གང་གི་ནུས་པ་ཅན་དུ་འཕངས་པའི་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་བཞི་ཡིན་ཏེ། དེ་ཡང་ཐོག་མར་ཐོབ་པ་དང་། ཡོངས་སུ་རྫོགས་པའི་ལུས་གཉིས་དང་། གང་ལ་གང་གིས་སྤྱོད་པའི་ལོངས་སྤྱོད་གཉིས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྐྱེ་བ་དང་རྒ་ཤི་གཉིས་ཡིན་ཏེ་གྲུབ་པ་དང་དེའི་རྒྱུན་འགྱུར་བ་དང་འཇིག་པ་ཡིན་པའི་ཕྱིར་རོ། །ཡང་བསྡུ་བ་དང་སློབ་དཔོན་ཀླུ་སྒྲུབ་དང་དབུས་མཐའི་ཊཱིཀྐ་ལས་རྣམ་ཤེས་འབྲས་བུའི་ཆ་མངལ་དུ་ཞུགས་པ་ལ་བྱས་ནས་རྒྱུ་ལྔ་འབྲས་བུ་བདུན་དུ་ཡང་བཤད་ལ། ཡང་ཡིད་ཀྱི་བསྡུ་བ་དང་དོན་གསང་གིས་རྒྱུ་བཅུ་འབྲས་བུ་གཉིས་སུ་བཅད་པ་ནི་མིང་གཟུགས་ལ་སོགས་པ་བཞི་ས་བོན་གྱི་ཆ་ལ་བྱས་ནས་འབྲས་བུ་མངོན་གྱུར་སྐྱེ་བ་དང་རྒ་ཤི་ཉིད་དུ་བསམས་པའོ། །ཡང་བྱེ་བྲག་རྣམ་པར་འབྱེད་པའི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ལས་ཡན་ལག་བཅུ་གཉིས་པོ་འདི་དོན་བདུན་གྱིས་བསྡུས་པར་བཤད་དེ། གང་གིས་འཕེན་པ་མ་རིག་པ་དང་འདུ་བྱེད་དང་། ཇི་ལྟར་འཕེན་པ་རྣམ་ཤེས་ལས་ཀྱི་བག་ཆགས་ཅན་དང་། གང་འཕེན་པ་མིང་གཟུགས་ལ་སོགས་པ་བཞི་དང་། འཕངས་པ་དེ་གང་གིས་མངོན་པར་སྒྲུབ་པ་སྲེད་ལེན་གཉིས་དང་། ཇི་ལྟར་བསྒྲུབ་པ་སྲིད་པ་དང་། དེས་གང་མངོན་པར་གྲུབ་པ་སྐྱེ་བ་དང་། དེའི་ཉེས་དམིགས་རྒ་ཤི་ཡིན་པའོ། །དོན་དེ་ཉིད་སློབ་དཔོན་དབྱིག་གཉེན་གྱིས་བསྡུས་པ་ནི། གང་གིས་འཕེན་དང་ཇི་ལྟར་གང་། །དེ་སྒྲུབ་བྱེད་པའང་དེ་ལ་ཡང་། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །ཡན་ལག་གཉིས་དང་གཅིག་གིས་དང་། །ཡན་ལག་བཞི་དང་གཉིས་ཀྱིས་དང་། །གཅིག་གིས་གཅིག་གིས་གཅིག་གིས་བསྟན། །དོན་བདུན་དག་ཏུ་རབ་ཏུ་བསྟན། །བདེན་པ་ཇི་བཞིན་མི་ཤེས་ཕྱིར། །ལས་ཀྱིས་སེམས་ལ་བསྒོས་ཕྱིར་དང་། །ཡན་ལག་བཞི་ནི་རིམ་གྱིས་འཕེན། །དེ་ཡི་ས་བོན་ཡོངས་བརྟས་ཕྱིར། །འཕངས་པ་བཞིན་ཏུ་སྐྱེས་པ་ཡི། །ཚོར་བས་བསྐྱེད་པའི་སྲེད་པ་ལས། །ལེན་པ་འབྱུང་བས་དེ་ཡི་ལས། །བསྒོས་པ་མངོན་དུ་འགྲུབ་པ་ཡིན། །གྲུབ་པ་སྐྱེ་ཡིན་དེ་ལ་ཡང་། །རྒ་སོགས་ཉེས་པ་གང་གི་ཕྱིར། །བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ལ་ཡང་འབྱུང་མེད། །ཅེས་པའི་ཚིགས་སུ་བཅད་པ་ལྔ་ཡིན་ཏེ། དེ་ཡང་བསྟན་བཤད་སྒྲུབ་པ་གསུམ་ཡིན་པ་ལས། བསྟན་པ་ནི་ཚིགས་བཅད་དང་པོའོ། །བཤད་པ་ལ་གཉིས་ལས། ཡན་ལག་གི་དབྱེ་བ་ནི་ཡན་ལག་གཉིས་དང་ཞེས་པའོ། །ཡན་ལག་ཏུ་འགྱུར་བའི་ཚུལ་ལ་འཕེན་པ་དང་སྒྲུབ་པ་དང་ཉེས་དམིགས་ཀྱི་ཡན་ལག་གསུམ་བདེན་པ་ཞེས་དང་། འཕངས་པ་ཞེས་དང་། དེ་ལ་ཞེས་པ་ཡིན་ལ། འཕེན་སྒྲུབ་དེ་དག་ཡིན་པའི་སྒྲུབ་བྱེད་ནི་བདེན་པ་ཞེས་པའི་རྩ་བ་གཉིས་ཏེ། བདེན་པ་མཐོང་བ་དང་དགྲ་བཅོམ་པ་དག་ལ་ཡང་སྲིད་ཀྱི་ལས་འཕེན་པ་དང་འཕངས་པ་སྒྱུར་བ་ལ་དབང་བྱེད་པའི་ཉོན་མོངས་མེད་པའི་ཕྱིར་རོ་ཞེས་བསམས་པའོ། །དེར་ཡང་འཕངས་པ་དེ་ཉིད་སྒྲུབ་བྱེད་ཀྱིས་སྲིད་པར་བསྒྱུར་བར་གསུངས་པས་རྒྱུ་འབྲས་ཚར་གཅིག་ཉིད་ཡིན་ནོ། །རྒྱུ་འབྲས་ཀྱི་རྣམ་གཞག་མི་འདྲ་བ་དེ་ཐམས་ཅད་ཀྱང་མ་རིག་པས་ཀུན་ནས་བསླངས་པའི་ལས་ཀྱི་བག་ཆགས་སྲེད་ལེན་གྱིས་གསོས་པས་སྲིད་པར་གྱུར་པ་ལས་མིང་གཟུགས་ལ་སོགས་པ་མངོན་གྱུར་གྲུབ་པ་ལ་སྐྱེ་བ་དང་རྒ་ཤི་བཏགས་པའི་རྒྱུ་འབྲས་ཚར་གཅིག་ཉིད་ཡིན་ནོ། །རྒྱུ་འབྲས་ཚར་གཅིག་པོ་དེ་ཡང་འདིར་སྐྱེས་ནས་མྱང་འགྱུར་གྱི་ལས་འབྲས་ལ་བརྩིས་པས་ཚེ་གཉིས་ཀྱིས་རྫོགས་པ་ཡིན་ནོ། །འོ་ན་ཚེ་འདིའི་རྣམ་ཤེས་སམ་སྲིད་པ་ལས་དངོས་སུ་བར་དོའི་སྐྱེ་བ་འགྲུབ་པ་མ་ཡིན་ནམ། དེར་ཡང་ལས་སོགས་པའི་རྒྱུ་འབྲས་རྣམས་ཇི་ལྟར་གཞག་ཅེ་ན། འདི་ལ་གང་དུ་སྐྱེ་བར་འགྱུར་བའི་ལུས་ཅན་ཡིན་པས་ཕྱི་མ་ཉིད་དུ་བརྩིའོ་ཞེས་ནི་མི་བྱ་སྟེ། དེ་རྨི་ལམ་ལྟར་མ་སྨིན་པ་ཡིན་པས་ཅིར་ཡང་མི་གཞག་ཅེས་གསུང་ངོ་། །འོ་ན་ཚེ་གཉིས་པོ་དེ་ཁམས་མི་གཅིག་པར་ཉིང་མཚམས་སྦྱོར་བའི་ཚེ་རྒྱུ་འབྲས་དེ་དག་ས་གང་དུ་གཏོགས་པར་རྩི་ཞེ་ན། མ་རིག་པ་ལས་གཞན་ཐམས་ཅད་གང་དུ་སྐྱེ་བར་འགྱུར་བའི་སར་གཏོགས་པ་མ་རིག་པ་ནི་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་ཚུལ་དགུ་ལས། འདོད་པར་སྐྱེ་བ་གསུམ་ནི་གང་ནས་སྐྱེ་ཡང་འབྲས་བུ་འདོད་པ་ཉིད་དང་ས་མཚུངས་ཏེ། གོང་མ་རྣམས་འོག་མའི་འདོད་ཆགས་དང་བྲལ་བས་འོག་མར་སྐྱེ་བའི་ལས་མི་བསོག་པའི་ཕྱིར་རོ། །འདོད་པ་ནས་གོང་མ་གཉིས་སུ་སྐྱེ་བའི་ཚེ་ཡང་འདོད་པའི་མ་རིག་པ་ཡིན་ཏེ་གོང་མ་མ་ཐོབ་པར་དེའི་ལས་བསོག་བྱེད་གོང་མའི་མ་རིག་པ་ཉིད་མེད་པའི་ཕྱིར་རོ། །ཁམས་གོང་མ་གཉིས་ཕན་ཚུན་དང་བསམ་གཏན་གཟུགས་མེད་ཉིད་ཀྱི་འོག་ཏུ་སྐྱེ་བའི་ཚེ་ཡང་འཕེན་པ་དང་ས་མི་མཚུངས་པར་བལྟའོ། །དེ་ལ་རྩོད་པ་སྤང་བ་ལ་གྲངས་ངེས་མི་རུང་བ་དང་། གོ་རིམ་མི་འཐད་པ་དང་། གཅིག་དང་ཐ་དད་དུ་མི་འཐད་པ་གསུམ་ལས། དང་པོ་ནི། གལ་ཏེ་མ་རིག་པ་ལ་རྒྱུ་མེད་ཅིང་རྒ་ཤི་ལ་འབྲས་བུ་མེད་ན་འཁོར་བ་ལ་ཐོག་མཐའ་ཅན་དུ་འགྱུར་ཞིང་། དེ་དག་ལ་རྒྱུ་འབྲས་ཡོད་ན་གྲངས་མང་བར་འགྱུར་བ་དང་། གཞན་ཡང་འཁོར་བའི་ཉེས་དམིགས་མྱ་ངན་ལ་སོགས་པ་ལྔ་དང་འདུས་བྱས་ཀྱི་མཚན་ཉིད་གནས་པའང་ཅིའི་ཕྱིར་མི་བསྒྲང་ཞེ་ན། མ་རིག་པའི་རང་ལྡོག་བདག་དང་དངོས་པོ་ཙམ་དུ་རྨོངས་པའི་རྒྱུ་ནི་ཐོག་མ་ནས་མེད་མ་མྱོང་བའི་རྨོངས་པའི་རིགས་རྒྱུན་སྔ་མ་ཉིད་ཡིན་པས་ལོགས་སུ་མ་བསྒྲངས་ཏེ། ཇི་སྐད་དུ། བདག་ཏུ་ལྟ་བ་བསྐྱེད་མི་དགོས། །གོམས་པ་ཐོག་མ་མེད་དུས་ཅན། །ཞེས་གསུངས་པ་ཡིན་ནོ། །གང་ཡང་མདོ་འགའ་ལས་མ་རིག་པའི་རྒྱུ་ཚུལ་བཞིན་མ་ཡིན་པར་གསུངས་པ་ནི་དེས་རྨོངས་པ་འཕེལ་བ་དང་ཁྱད་པར་སྐྱེད་པ་ལ་དགོངས་པ་ཡིན་གྱི། འདིར་ཡན་ལག་རྣམས་ཀྱི་རྒྱུ་འཆད་པ་ན་དེ་མ་ཡིན་ཏེ་མ་རིག་པས་འདུ་བྱེད་ལྟར་དེ་ལོག་པས་མ་རིག་པ་མི་ལྡོག་གི་མ་རིག་པ་ལོག་ན་དེ་ལྡོག་པའི་ཕྱིར་རོ་ཞེས་ཐོགས་མེད་མཆེད་ཀྱིས་བཤད་དོ། །ཡང་རྒ་ཤིའི་ལྡོག་པས་ཡང་སྲིད་མི་སྐྱེད་ཀྱང་ཚེ་འདིའི་ལས་སྲིད་པར་གྱུར་པས་སྐྱེ་བ་ལེན་པས་འཁོར་བ་ཆད་པར་མི་འགྱུར་ཏེ། ཇི་སྲིད་ཟག་བཅས་ཀྱི་ཤེས་པ་མ་ཟད་བར་དུ་ལས་འབྲས་ཆུ་གཉེར་བཞིན་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་རོ། །ཡང་བདུན་ལས་གསུམ་འབྱུང་ཞེས་དང་། ཕན་ཚུན་གྱི་རྒྱུ་ཅན་དུ་གསུངས་པ་ནི་དེའི་རྗེས་སུ་ཡང་སྲིད་ཀྱི་མ་རིག་པ་འབྱུང་བ་ཙམ་ལ་དགོངས་པ་ཡིན་ཏེ། ཚོར་སོགས་དང་རྒ་ཤིའི་རང་ལྡོག་ནས་མ་རིག་པ་སྐྱེད་ན་འཕགས་པ་རྣམས་ལ་ཡང་ཧ་ཅང་ཐལ་བའི་ཕྱིར་དང་། དམིགས་ཡུལ་ཙམ་རྒྱུན་ཆད་ན་གཞན་རྣམས་ཀྱི་རྒྱུ་ཡང་གཞན་དུ་ཐལ་བའི་ཕྱིར་རོ། །དེས་ན་མ་རིག་པ་ནི་རྒྱུ་འབྲས་ཚར་གཅིག་གི་རྒྱུ་ཉིད་དང་རྒ་ཤི་འབྲས་བུ་ཉིད་ཡིན་པས། གཞུང་དག་ལས་བཅུ་གཉིས་ལ་རྒྱུ་དང་འབྲས་བུ་ཉིད་དུ་ངེས་པ་གཉིས་དང་། མ་ངེས་པ་བཅུ་བཤད་པ་ཡིན་ནོ། །མྱ་ངན་ལ་སོགས་པ་མ་ངེས་པ་དང་གནས་པ་སྐྱོ་བའི་རྒྱུ་མ་ཡིན་པས་མ་བཤད་དོ། །གཉིས་པ་ནི། གལ་ཏེ་དྲུག་ཚན་རེ་རེ་རྒྱུ་འབྲས་ཚར་གཅིག་གི་རྒྱུ་དང་འབྲས་བུ་ཡིན་པས་གྲངས་ངེས་པ་དེ་ལྟ་ན། མདོ་ལས་འབྱུང་བའི་གོ་རིམ་ངེས་པ་མི་རུང་སྟེ། རྒྱུ་འབྲས་ལན་གསུམ་དུ་འཁྲུངས་པར་འགྱུར་པའི་ཕྱིར་རོ་ཞེ་ན། དེ་ལྟ་མོད་ཀྱི་རྒྱུ་མ་རིག་པ་དང་འདུ་བྱེད་ཀྱི་རྗེས་སུ་སྲེད་སོགས་བསྟན་ན་དེའི་རྒྱུ་མེད་པར་འགྱུར་བས་འདུ་བྱེད་ཀྱིས་རྣམ་ཤེས་གང་གི་ནུས་པ་ཅན་དུ་འཕངས་པའི་མིང་གཟུགས་ལ་སོགས་པ་བཞི་བཤད་དེ་དེ་ཡང་ནུས་པའི་དུས་ན་རིམ་པ་མེད་ཀྱང་འབྲས་བུ་མངོན་གྱུར་གྱི་རིམ་པས་བསྟན་ཏོ། །སྐྱེ་བ་དང་རྒ་ཤི་ཡང་ནུས་པས་ཇི་སྟེ་མ་བསྟན་ཅེ་ན། དེ་གཉིས་བཏགས་ཡོད་ཡིན་པས་དང་། ཕྱིས་སྲེད་སོགས་བསྟན་ན་འབྲེལ་མེད་དུ་འགྱུར་བ་དང་། འཁོར་བའི་མཐའ་ཉེས་དམིགས་ཀྱིས་བསྡུ་བར་བྱ་བའི་ཕྱིར་དེ་གཉིས་ཕྱིས་མངོན་གྱུར་གྱི་ཆས་བསྟན་ཏོ། །གསུམ་པ་ནི། ཡང་ཅི་གྲངས་དང་གོ་རིམ་ངེས་པའི་བཅུ་གཉིས་པོ་དེ་དག་རྫས་གཅིག་གམ་ཐ་དད་པ་ཡིན། དང་པོ་ལྟར་ན་རྒྱུ་འབྲས་སུ་མི་རུང་ལ། གཉིས་པ་ལྟར་ན། མ་རིག་པ་དང་ལས་མེད་པའི་རྒྱུད་དུ་འགྱུར་རོ་ཞེ་ན། སེམས་ཀྱི་རྒྱུ་སེམས་ཉིད་ཡིན་པ་ལྟར་རྒྱུར་གྱུར་པ་དང་རྫས་ཐ་དད་ཀྱང་། སྤྱི་རིགས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པས་སྐྱོན་གང་ཡང་མེད་དོ། །དེ་དག་གི་སྐྱེ་བ་ཉིང་མཚམས་སྦྱོར་བའི་དཔེ་ནི་ས་བོན་བཏབ་པ་ལས་ལོ་ཐོག་འབྱུང་བ་བཞིན་ཏེ། དེ་ལ་རྒྱུ་དྲུག་ནི་ལས་དང་སྲེད་དང་མ་རིག་རྣམས། །ཞིང་དང་རླན་དང་འདེབས་བྱེད་དེ། །ས་བོན་རྣམ་ཤེས་འདེབས་པར་བྱེད། །ཅེས་པའི་ཚུལ་གྱིས་ཞིང་འདེབས་པ་དང་། འབྲས་བུ་དྲུག་ནི། མིང་དང་གཟུགས་ཀྱི་མྱུ་གུ་ལ་སོགས་པ་སྐྱེ་བ་དང་འགྱུར་བ་དང་བསྲུང་བ་བཞིན་ནོ། །ཡང་དེ་ཉིད་སྲིད་པ་འཕོ་བའི་མདོ་ལས་དཔེ་བརྒྱད་ཀྱིས་བསྟན་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཚིགས་སུ་བཅད་པ། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་དང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་པའི་དོན་ནི་སྤྱི་དང་ཆོས་མཐུན་དང་། སོ་སོའི་ཆོས་མཐུན་དང་། རྩོད་སྤོང་དུ་བསྟན་པ་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ནི། དཔེ་འདི་དག་ཐམས་ཅད་ཀྱང་ཚེ་འདི་ལས་ཕྱི་མ་འབྱུང་བ་ཙམ་གྱི་དཔེས་ཏེ་བླ་མ་དང་སློབ་མའི་རྒྱུ་རྐྱེན་ཚང་བ་ལས་ཁ་ཏོན་དང་། སྡོང་བུ་དང་མེ་ལས་མར་མེ་དང་། བཞིན་དང་མེ་ལོང་ལས་གཟུགས་བརྙན་དང་། རྒྱ་དང་འཇིམ་པ་ལས་འབུར་དང་། ཤེལ་དང་འོད་དང་རྩྭ་ལས་མེ་དང་། ས་དང་ས་བོན་ལས་མྱུ་གུ་དང་། ཆང་འཐུངས་པ་དང་སྐྱུར་རྗོད་པ་ལས་འགྲམ་ཆུ་དང་། སྒྲ་དང་བྲག་ལས་བྲག་ཆ་འབྱུང་བའི་ཚུལ་གྱིས་རྒྱུ་རྐྱེན་ཚོགས་པ་ལས་འབྱུང་བ་དང་། རྒྱུ་མི་འཕོ་བ་དང་འབྲས་བུ་མ་ཆད་པར་འབྱུང་བ་ལྟར་འདིར་ཡང་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་ཚོགས་པ་ལས་ཚེ་ཕྱི་མའི་ཕུང་པོ་འབྱུང་བ་ཡིན་ནོ། །གཉིས་པ་ནི། འབྱུང་བའི་ཁྱད་པར་གྱི་དཔེས་ཏེ་བླ་མས་སློབ་མ་ལ་ཁ་ཏོན་ལྟར་འདི་དང་ཕྱི་མ་རྣམ་ཤེས་མཚམས་སྦྱོར་བའོ། །མར་མེ་སྔ་མ་ཡོད་ན་ཕྱི་མ་འབྱུང་བ་ལྟར་འདིའི་རྒྱུ་རྟག་པ་མི་འཕོ་བ་དང་། ཕྱི་མ་རྒྱུ་མེད་ལས་མ་བྱུང་བའོ། །མེ་ལོང་གིས་ཚེ་འདི་ཡོད་པས་ཕ་རོལ་ཡོད་ཅིང་འཕོ་བ་ཡང་མ་ཡིན་པའོ། །རྒྱས་ལས་དང་མཐུན་པའི་སྐྱེ་བ་ལེན་པའོ། །མེ་ཤེལ་གྱིས་རྒྱུ་འབྲས་རིགས་མི་ཉམས་པ་འབྱུང་བའོ། །ས་བོན་གྱིས་ཚེ་འདི་འགགས་ནས་མེད་པར་མི་འགྱུར་བའོ། །སྐྱུར་གྱིས་སྔོན་མྱོང་བའི་ལས་ཀྱི་སྐྱེ་བ་ལེན་པའོ། །བྲག་ཆས་མཐུན་རྐྱེན་ཚོགས་ཤིང་འགལ་རྐྱེན་མེད་ན་འབྱུང་བ་སྟེ་གཅིག་དང་ཐ་དད་མ་ཡིན་པའོ། །གསུམ་པ་ནི། དཔེ་སྔ་མ་སྔ་མའི་དོན་ལ་འཁྲུལ་པ་སེལ་བའི་དཔེས་ཏེ་འདིར་མང་གིས་དོགས་པས་མ་བྲིས་སོ། །ཡང་སཱ་ལུ་ལྗང་པ་ལས། མིག་གི་རྣམ་ཤེས་དང་། གཟུགས་བརྙན་དང་། ཟླ་བ་དང་། མེའི་དཔེ་བཞི་གསུངས་པ་ནི་སློབ་དཔོན་ཀ་མ་ལ་ཤཱི་ལས་རིམ་པ་བཞིན་མཐོང་བའི་ཆོས་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་བ་དང་། མྱོང་བར་མ་ངེས་པའི་ལས་བཞིས་འབྲས་བུ་འབྱིན་པའི་དཔེ་ཡིན་ཏེ། ད་ལྟར་དང་ཉེ་བར་དང་རིངས་པར་འབྱུང་བ་དང་རྐྱེན་ལ་ལྟོས་པས་འབྱུང་བར་མ་ངེས་པའི་ཕྱིར་ཞེས་བཤད་དོ། །དེ་ལྟར་ན་མ་དག་པའི་རྟེན་འབྲེལ་ནི་ཀུན་ནས་ཉོན་མོངས་པ་གསུམ་དང་། བདེན་པ་གཉིས་ཀྱིས་བསྡུས་པ་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་དྲུག་ལས་སྐྱེ་བ་རྒ་ཤིའི་འབྲས་བུ་དྲུག་འབྱུང་བས། རྐྱེན་རྣམས་ཚོགས་ན་སྡུག་བསྔལ་འཁྲུལ་འཁོར་རབ་ཏུ་འབྱུང་། །མ་རིག་འཁྲུལ་འཁོར་དེ་ལ་ཟད་མེད་འཕེལ་བའང་མེད། །ཅེས་གསུངས་པ་ཡིན་ནོ། །བྱེ་བྲག་ཏུ་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་། མི་དགེ་བའི་འདུ་བྱེད་ལ་སོགས་པའི་རྒྱུ་དྲུག་གིས་ངན་སོང་གི་མིང་དང་གཟུགས་ལ་སོགས་པའི་འབྲས་བུ་དྲུག་སྐྱེད་པར་ཡང་བལྟའོ། །གཉིས་པ་དག་པའི་རྟེན་འབྲེལ་ནི། ཟག་པ་ཟད་པའི་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་ལེན་པའི་ཚུལ་ཏེ་དེ་དག་ལ་སྔ་མ་རྣམས་ཉིད་མེད་ཀྱང་རྐྱེན་མ་རིག་པའི་བག་ཆགས་ཀྱིས་དང་། སྨོན་ལམ་དང་། རྒྱུ་ཟག་པ་མེད་པའི་ལས་དང་། སྐྱེ་བ་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་དང་། འཇིག་པ་བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བ་བཞི་ཡོད་པར་བཤད་དེ། དོན་འདི་ནི་དཔལ་ཕྲེང་སེང་གེའི་ང་རོའི་མདོ་དང་ལང་ཀར་གཤེགས་པ་དང་བློ་གྲོས་རྒྱ་མཚོའི་མདོ་ལས་ཤེས་པར་བྱའོ། །དེ་ལྟར་ན་ལུགས་སུ་འབྱུང་བ་ནི་ངན་སོང་དང་། འཁོར་བ་དང་། དག་པའི་རྟེན་འབྲེལ་གསུམ་ཡིན་ནོ། །གསུམ་པ་དེ་དག་ལུགས་ལས་ཟློག་པའི་ཐབས་ནི། རྟེན་གྱི་གང་ཟག་སྐྱེས་བུ་གསུམ་གྱི་རིགས་དང་ལྡན་པ་དག་གིས་དགེ་བའི་བཤེས་གཉེན་བཟང་པོ་ལ་བསྟེན་ཏེ་ཐོས་བྱའི་ལུས་ཇི་ལྟ་བ་ཐོས་པ་སྔོན་དུ་འགྲོ་བས་སྐྱབས་འགྲོ་བྱས་ནས་རང་རང་གི་དོན་བསྒྲུབ་པའི་བསམ་པས་ལུགས་འབྱུང་གསུམ་གྱི་ཐོག་མའི་རྒྱུ་ལས་འབྲས་ལ་རྨོངས་པའི་མ་རིག་པ་དང་། དེ་ཁོ་ན་ལ་རྨོངས་པའི་མ་རིག་པ་དང་། མཐར་བག་ཆགས་ཀྱི་སའི་མ་རིག་པ་ཡས་སྤང་བ་ལ་བརྩོན་པར་བྱ་བ་ཡིན་ཏེ། དེ་སྤངས་པ་དང་ཡོན་ཏན་མཐའ་དག་རྫོགས་པའི་སངས་རྒྱས་ཐོབ་པ་ཡིན་ནོ། །གཉིས་པ་ཟབ་པའི་ཁྱད་པར་ལ་ལྔ་སྟེ། རྒྱུ་མ་འགགས་པར་འབྲས་བུ་མི་འབྱུང་བས་རྟག་པ་མ་ཡིན་པ་དང་། རྒྱུ་འགགས་པ་དང་བར་མ་ཆད་པར་འབྲས་བུ་འབྱུང་བས་ཆད་པ་མ་ཡིན་པ་དང་། འགྲོ་བ་རིགས་མི་འདྲ་བ་གཞན་དང་གཞན་འབྱུང་བས་འཕོ་བ་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བས་མཉམ་པར་མ་ཡིན་པ་དང་། ལས་དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་མ་འཆོལ་བར་འབྱུང་བས་དེ་དང་འདྲ་བའི་རྒྱུད་དུའོ། །ཞེས་གང་གསུངས་པ་སྟེ་དེ་དག་རྟོགས་པར་དཀའ་བའི་ཕྱིར་རོ། །གསུམ་པ་རྟེན་འབྲེལ་རྟོགས་པའི་ཆེ་བ་ནི། མདོ་བསྟན་བཅོས་ལས་མང་དུ་གསུངས་ཀྱང་བསྡུ་ན་གསུམ་ཡིན་ཏེ། དེ་ལ་ཐམས་ཅད་རུང་བ་དང་། རྒྱུ་འབྲས་མ་འཆོལ་ཞིང་མི་སླུ་བའི་སྒོ་ནས་བསྟན་པ་ལ་ཡིད་ཆེས་ཤིང་སྟོན་པ་ལ་དད་པ་ཐོབ་པ་དང་། དངོས་པོ་རྣམས་ཐ་སྙད་དུ་བརྟེན་ནས་འབྱུང་བ་དང་། དེའི་རང་བཞིན་སྐྱེ་བ་མེད་པར་རྟོགས་པས་རྟག་ཆད་དང་གཅིག་ཏུ་ཡོད་མེད་ཀྱི་མཐའ་གཉིས་སྤངས་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་འཇུག་པ་དང་། ལུགས་འབྱུང་གི་རྒྱུ་དང་དེ་ཟློག་པའི་ཐབས་ཤེས་པས་རྒྱུ་མ་རིག་པ་གསུམ་སྤོང་ཞིང་རྗེས་སུ་མཐུན་པའི་གཉེན་པོ་བསྒྲུབས་པས་སྐྱེས་བུ་གསུམ་གྱི་དོན་གྲུབ་པའོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།།  །།ལྟ་བ་བརྟག་པ་ལ་ཡང་གསུམ་ལས། དང་པོ་འབྲེལ་དགོད་པ་ལ་ཟབ་མོ་མདོའི་འབྲེལ་ནི། སཱ་ལུ་ལྗང་པ་ལས། གང་གིས་དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟ་བ་བཞིན་ཡང་དག་པར་མཐོང་བ་དེ་ནི་སྔོན་དང་ཕྱི་མའི་མཐའ་དང་ད་ལྟར་ལ་རྟེན་པར་མི་བྱེད་དོ་ཞེས་གང་གསུངས་ན། དེ་ལ་སྔོན་དང་ཕྱི་མའི་མཐའ་ལ་བརྟེན་པ་ནི་གང་ཞིག་ཡིན་ཞིང་དེ་དེ་ལ་ཇི་ལྟར་རྟེན་པར་མི་བྱེད་པ་ཡིན་ཞེ་ན། དེའི་ལན་བསྟན་པར་བྱ་བའི་ཕྱིར་དང་། རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཁྱད་པར་གྱི་ཆོས་དོན་དམ་པར་སྤྲོས་པ་མཐའ་དག་གིས་སྟོང་པ་དང་། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟར་གནས་པ་བཞིན་བསྟན་ནས་དེ་རྟོགས་པའི་འབྲས་བུ་ལྟ་བ་ཐམས་ཅད་སྤངས་པའི་སྒོ་ནས་མི་གནས་པའི་མྱང་འདས་ཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པའོ། །གཞུང་གི་དོན་ལ་གཉིས་ཏེ། དགག་བྱ་སྔོན་དང་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་བཅུ་དྲུག་ངོས་གཟུང་བ་དང་། རྟེན་འབྲེལ་རྟོགས་པའི་གང་ཟག་དེ་ལ་མི་གནས་པར་བསྒྲུབ་པའོ། །དང་པོ་ནི། བདག་འདས་པའི་དུས་སུ་བྱུང་མ་བྱུང་དེ་གཉི་ག་གཉི་ག་མ་ཡིན་ཞེས་ལྟ་བ་བཞི་དང་། འཇིག་རྟེན་བདག་དང་ཕུང་པོ་གཉི་ག་རྟག་པ་དང་སོགས་པ་མི་རྟག་པ་དང་དེ་གཉི་ག་དང་གཉི་ག་མ་ཡིན་པར་ལྟ་བ་གསུམ་སྟེ། ལྟ་བ་བཞི་ཚན་གཉིས་པོ་གང་ཡིན་པ་དེ་དག་ནི་རིམ་པ་ལྟར་བདག་ཁོ་ན་དང་བདག་དང་ཕུང་པོ་གཉི་ག་ལ་དམིགས་ནས་རྣམ་པ་སྔོན་བྱུང་མ་བྱུང་གཉི་ག་གཉི་ག་མ་ཡིན་པར་ལྟ་བ་ཡིན་པས་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །ཡང་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་པ་དང་མི་འབྱུང་བ་དང་དེ་གཉི་ག་དང་གཉི་ག་མ་ཡིན་པར་ལྟ་བ་བཞི་དང་། འཇིག་རྟེན་བདག་དང་ཕུང་པོ་མཐའ་དང་ལྡན་པ་དང་སོགས་པ་མི་ལྡན་པ་དང་དེ་གཉི་ག་དང་གཉི་ག་མ་ཡིན་པར་ལྟ་བ་སྟེ་ལྟ་བ་བཞི་ཚན་གཉིས་པོ་གང་ཡིན་པ་དེ་དག་ནི་རིམ་པ་ལྟར་བདག་ཁོ་ན་དང་བདག་དང་ཕུང་པོ་གཉི་ག་ལ་དམིགས་ནས་རྣམ་པ་ཕྱི་མའི་དུས་སུ་མི་འབྱུང་བ་དང་འབྱུང་བ་དང་དེ་གཉིས་དང་གཉི་ག་མ་ཡིན་པར་ལྟ་བ་ཡིན་པས་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །གཉིས་པ་ལ་ཀུན་རྫོབ་ཏུ་རྟེན་འབྱུང་ཁས་བླངས་ཀྱང་ལྟ་བ་དེ་དག་ལ་མི་གནས་པར་བསྒྲུབ་པ་དང་། ཡང་དག་པར་བླང་བྱ་ལེན་པ་པོ་ལ་སོགས་པ་གཏན་མ་གྲུབ་པས་མི་གནས་པར་བསྒྲུབ་པ་གཉིས་ལས། དང་པོ་ལ་གཉིས་ཏེ། བདག་ལ་བརྟེན་པའི་ལྟ་བ་དང་། སྤྱི་ལ་བརྟེན་པའི་ལྟ་བ་དགག་པའོ། །དང་པོ་ལ་བྱུང་སོགས་མུ་བཞིར་ལྟ་བ་དགག་པ་དང་། དེས་འབྱུང་སོགས་མུ་བཞི་ཡང་ཁེགས་པ་གཉིས་ལས། རེ་ཞིག་བདག་འདས་དུས་སུ་བྱུང་བ་དགག་པ་ལ་འཐད་པ་དགོད་པ་དང་། དེ་བསྒྲུབ་པ་གཉིས་ལས། དང་པོ་ནི། བདག་འདས་པའི་དུས་ན་བྱུང་བར་གྱུར་ཏོ་ཞེས་བྱ་བ་དེ་ནི་མི་འཐད་དོ། །འདི་ལྟར་སྔོན་ཚེ་རྣམས་སུ་གང་བྱུང་བའི་དམྱལ་བའི་བདག་དེ་ཉིད་ད་ལྟར་གྱི་མིའི་བདག་འདི་ནི་མ་ཡིན་པའི་ཕྱིར་རོ་ཞེས་པའོ། །འོ་ན་ང་ཉིད་དེའི་ཚེ་འཁོར་ལོ་སྒྱུར་བའི་རྒྱལ་པོ་མང་པོས་བཀུར་བར་གྱུར་ཏོ་ཞེས་གསུངས་པ་ཡང་གཞན་ཡིན་པ་འགོག་པ་ཡིན་གྱི་གཅིག་ཏུ་བསྒྲུབ་པ་མ་ཡིན་པས་མི་གནོད་དེ་དེ་གཞན་ནི་མ་ཡིན་ནོ་ཞེས་འདོན་པའི་ཕྱིར་རོ། །གཉིས་པ་ནི། དེ་མ་གྲུབ་སྟེ་སྔོན་གྱི་བདག་དེ་ཉིད་ད་ལྟར་གྱི་མིའི་བདག་ཏུ་འགྱུར་རོ་སྙམ་ན་དེ་ལྟ་ན་སྔོན་དམྱལ་བའི་དང་ད་ལྟ་མིའི་བླང་བྱ་ཕུང་པོ་ཡང་ཐ་དད་མེད་པར་ཐལ་བ་ལས་ཉེ་བར་ལེན་པ་དེ་གཉིས་རྒྱུ་དང་དུས་དང་རྣམ་པ་ཐ་དད་པར་ངོ་བོ་ཐ་དད་དུ་འགྱུར་དགོས་པས་ན་དེ་གཉིས་ལེན་པ་པོའི་བདག་གཅིག་ཏུ་མི་འཐད་དོ། །གལ་ཏེ་ཉེར་ལེན་སྔ་ཕྱི་ཐ་དད་ཀྱང་དེ་ལེན་པ་པོའི་བདག་གཅིག་ཡིན་པ་ཅི་འགལ་ཞེ་ན། ཉེར་ལེན་ལས་ཐ་དད་པའི་བདག་ཡོད་ན་དེ་ལྟར་འགྱུར་བ་ཞིག་ན་ཉེ་བར་ལེན་པ་མ་གཏོགས་པར་ཁྱོད་ཀྱི་བདག་ནི་གང་ཞིག་ཡིན་ཏེ། གལ་ཏེ་དེ་ལས་ཐ་དད་ན་དེ་ལ་མི་ལྟོས་པར་འགྱུར་བས་བདག་ཏུ་གདགས་པ་རྒྱུ་མེད་དུ་འགྱུར་བ་དང་། གཞན་ཡང་འོག་གི་བདག་ནི་ཉེ་བར་ལེན་པ་ལས་གཞན་དུའང་འཐད་པ་ཉིད་མ་ཡིན་ཏེ། གལ་ཏེ་གཞན་ཡིན་ན་བལྟར་རུང་ཡིན་པས་བུམ་སྣམ་ལྟར་ཉེ་བར་ལེན་པའི་ཕུང་པོ་མེད་པར་ལོགས་སུ་གཟུང་དུ་ཡོད་པར་རིགས་ན་དེ་ལྟར་གཟུང་དུ་མེད་པའི་ཕྱིར་ཉེར་ལེན་ལས་ཐ་དད་དུ་མེད་པས་ཉེར་ལེན་སྔ་ཕྱི་དུ་མའི་བདག་གཅིག་ཏུ་མི་རུང་ངོ་། །ཞར་ལས་འཕྲོས་པ་གལ་ཏེ་ཉེ་བར་ལེན་པ་མ་གཏོགས་པའི་བདག་ཡོད་པ་མ་ཡིན་ནོ་ཞེས་བྱས་པའི་ཚེ་རང་གི་སྡེ་པ་ཁ་ཅིག་ཉེ་བར་ལེན་པ་ཉིད་བདག་ཡིན་ནོ་ཞེ་ན། དེ་ལ་ཁྱོད་འདོད་པའི་བདག་གི་མཚན་ཉིད་ནི་མེད་པ་ཉིད་ཡིན་ཏེ་ཕུང་པོ་དེ་དག་བདག་གི་ཁྱབ་བྱེད་རྟག་པ་གཅིག་པུ་དང་འགལ་བ་འབྱུང་བ་དང་འཇིག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ཉེ་བར་ལེན་པ་ཉིད་བདག་མ་ཡིན་ནོ་ཞེས་སྦྱར་རོ། །དེ་གཞན་ཡང་ཉེ་བར་བླངས་པ་ཇི་ལྟ་བུར་ཉེ་བར་ལེན་པོ་ཡིན་པར་འགྱུར་ཏེ་བླང་བྱ་ལེན་པོ་གཅིག་ཡིན་ན་སྤྱིར་ལས་དང་བྱེད་པོ་གཅིག་ཏུ་འགྱུར་བས་རང་ལ་རང་གིས་བྱ་བ་འགལ་བ་དང་། གཅད་བྱ་དང་གཅོད་པ་པོ་ལ་སོགས་པའང་གཅིག་ཏུ་འགྱུར་བས་ཧ་ཅང་ཐལ་བའི་ཕྱིར་རོ། །དོན་བསྡུ་བ་ནི། དེ་ལྟར་ན་ཐ་དད་དུ་དམིགས་པར་དང་རྒྱུ་མེད་དུ་འགྱུར་བས་བདག་ཉེར་ལེན་ལས་གཞན་མ་ཡིན་ཞིང་། མི་རྟག་པ་དང་དུ་མ་དང་ལས་དང་བྱེད་པོ་གཅིག་ཏུ་འགྱུར་བས་བདག་དེ་ནི་ཉེར་ལེན་ཉིད་ཀྱང་མིན་ལ། དེ་ལ་མ་ལྟོས་པར་མ་དམིགས་པས་བདག་ནི་ཉེ་བར་ལེན་པ་ལ་ལྟོས་པ་ཡེ་མེད་པའང་མིན་ནོ། །འོ་ན་མོ་གཤམ་གྱི་བུ་ལྟར་གཏན་མེད་ལ་རག་གོ་སྙམ་ན། ཀུན་རྫོབ་ཏུ་ཕུང་པོ་ལ་བརྟེན་ནས་འདོགས་པས་མེད་པ་ཉིད་དུའང་དེ་མ་ངེས་ཞེས་པའོ། །གཉིས་པ་མ་བྱུང་བ་དགག་པ་ལ་ཡང་འཐད་པ་དགོད་པ་དང་། དེ་བསྒྲུབ་པ་གཉིས་ལས། དང་པོ་ནི། བདག་འདས་པའི་དུས་ན་མ་ཕྱུང་ཞེས་བྱ་བ་དེ་ཡང་མི་འཐད་དེ། འདི་ལྟར་སྔོན་ཚེ་རྣམས་སུ་གང་བྱུང་བ་དམྱལ་བའི་བདག་དེ་ལས་ད་ལྟར་གྱི་མིའི་བདག་འདི་ངོ་བོ་གཞན་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་མ་གྲུབ་སྟེ་གལ་ཏེ་ད་ལྟར་གྱི་མི་བདག་འདི་ནི་སྔར་གྱི་དམྱལ་བ་དག་ལས་གཞན་དུ་གྱུར་ན་བུམ་སྣམ་ལྟར་ཕན་ཚུན་ལྟོས་པ་དོན་མེད་པས་སྔར་གྱི་བདག་དེ་མེད་པར་ཡང་འབྱུང་བར་འགྱུར། བུམ་པ་སྐྱེས་པས་སྣམ་བུ་མི་འཇིག་པ་ལྟར་འདིའི་མིའི་བདག་སྐྱེས་ཀྱང་སྔར་གྱི་དམྱལ་བའི་བདག་དེ་ནི་སྔ་མ་དེ་ཁོ་ན་བཞིན་ཏུ་གནས་པར་འགྱུར་ཞིང་བུམ་པ་མ་འགགས་པར་སྣམ་བུ་འབྱུང་བ་ལྟར་སྔ་མ་དེར་མ་ཤི་བར་ཡང་འདིར་སྐྱེ་བར་འགྱུར་རོ། །གཞན་ཡང་བདག་སྔ་ཕྱི་དེ་གཉིས་གཞན་ཡིན་ན་འདིའི་མིའི་བདག་གི་དུས་ན་སྔར་གྱི་དམྱལ་བའི་བདག་ཆད་པར་འགྱུར་བ་དང་། དེ་ལྟར་འདོད་ན་ལས་འཕེན་པའི་དུས་ན་རྣམ་སྨིན་གྱི་འབྲས་བུ་མེད་ཅིང་། འབྲས་བུ་མྱོང་བའི་དུས་ན་བྱེད་པ་པོའི་བདག་ཆད་ནས་མེད་པས་དེས་བྱས་པའི་ལས་རྣམས་ཆུད་ཟ་བར་འགྱུར་བ་དང་། བདག་སྔ་མས་དགེ་མི་དགེའི་ལས་བྱས་པའི་འབྲས་བུ་བདེ་སྡུག་ཕྱི་མས་མྱོང་བར་འདོད་ན་གཞན་གྱིས་བྱས་པའི་ལས་རྣམས་ཀྱི་འབྲས་བུ་ནི་གཞན་གྱིས་སོ་སོར་མྱོང་བར་འགྱུར་བ་དང་། དེ་ཡང་འདོད་ན་དེ་ལ་སོགས་པ་ལས་བྱེད་པ་པོས་འབྲས་བུ་མ་མྱོང་བས་བྱས་པ་ཆུད་ཟོས་པ་དང་མྱོང་བ་པོས་ལས་མ་བྱས་པས་མཚམས་མེད་ལ་སོགས་པའི་མ་བྱས་པའི་འབྲས་བུ་དང་ཕྲད་པའི་འཇིག་པར་ཐལ་བར་འགྱུར་རོ། །གལ་ཏེ་བདག་སྔ་ཕྱི་རྫས་ཐ་དད་ཀྱང་རྒྱུན་གཅིག་པས་ཉེས་པ་དེ་དག་ཏུ་མི་འགྱུར་རོ་སྙམ་ན། རྫས་ལས་ངོ་བོ་ཐ་དད་པའི་རྒྱུན་མེད་པས་དེ་ཉིད་མི་འཐད་པར་སྔར་བཤད་ཟིན་ཏོ། །གཞན་ཡང་འདི་སྔོན་གྱི་བདག་ལས་གཞན་ཡིན་ན་སྔོན་མེད་པ་འདིར་སྐྱེ་བར་འགྱུར་ན་བདག་སྔོན་མ་བྱུང་བ་ལས་འདིར་འབྱུང་བ་མིན་ཏེ། གལ་ཏེ་འབྱུང་ན་འདི་ལ་སྐྱོན་དུ་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། བདག་ནི་གསར་དུ་བྱས་པར་འགྱུར་བ་དང་། འདོད་ན་བྱེད་པ་པོའི་བདག་སྔ་མ་སྔོན་དུ་མ་སོང་བས་འདིར་འབྱུང་བ་རྒྱུ་མེད་ཅན་དུའང་འགྱུར་ན་མོ་གཤམ་གྱི་བུ་ལྟར་རྒྱུ་མེད་པར་འབྱུང་བ་རིགས་པའང་མ་ཡིན་པས་བདག་སྔར་མ་བྱུང་བར་ཁས་བླང་བར་མི་བྱའོ་ཞེས་པའོ། །གསུམ་པ་དོན་བསྡུ་བའི་ཚུལ་གྱིས་གཉི་ག་དང་གཉི་ག་མ་ཡིན་པ་དགག་པ་ནི། དེ་ལྟར་བདག་བྱུང་བདག་མ་བྱུང་། །གཉི་ག་དང་གཉི་ག་མ་ཡིན་པར། འདས་པ་ལ་ལྟ་བ་གང་ཡིན་པ། དེ་ནི་འཐད་པ་མ་ཡིན་ཏེ། སོ་སོར་མི་སྲིད་པ་ལ་གཉི་ག་མི་རུང་བའི་ཕྱིར་དང་། དགག་བྱ་མ་གྲུབ་པས་གཉི་ག་མ་ཡིན་པ་ཡང་མི་རུང་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གཉིས་པ་དེས་འབྱུང་སོགས་མུ་བཞི་ཡང་ཁེགས་པ་ནི། ཡང་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་བ་དང་འབྱུང་བར་མི་འགྱུར་བ་དང་དེ་གཉི་ག་དང་གཉི་ག་མ་ཡིན་ཞེས་བྱ་བར་ལྟ་བ་གང་ཡིན་པ་དེ་དག་དགག་པ་ནི་བདག་འདས་པའི་དུས་སུ་བྱུང་སོགས་དགག་པ་དང་མཚུངས་པ་ཡིན་ཏེ། མ་འོངས་དུས་ན་འབྱུང་འགྱུར་ཞེས། །བྱ་བ་དེ་ནི་མི་འཐད་དོ། །མ་འོངས་རྣམས་སུ་གང་འབྱུང་པ། །དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་པ་ལ་སོགས་པ་ཐམས་ཅད་མཚུངས་པར་སྦྱར་བར་བྱའོ། །ཕྱི་ལ་བརྟེན་པའི་ལྟ་བ་དགག་པ་ལ་རྟག་སོགས་མུ་བཞིར་ལྟ་བ་དགག་པ་དང་། མཐའ་སོགས་མུ་བཞིར་ལྟ་བ་དགག་པ་གཉིས་ལས། དང་པོ་ལ་གཉིས་ཏེ། བྱེ་བྲག་ཏུ་དགག་པ་དང་། སྤྱིར་དགག་པའོ། །དང་པོ་ལ་བཞི་ལས་རེ་ཞིག་རྟག་པ་དགག་པ་ནི། གལ་ཏེ་ཕྱིས་ལེན་པའི་ལྷའི་བདག་དང་ཕུང་པོ་དེ་ད་ལྟའི་མིའི་བདག་དང་ཕུང་པོ་དེ་ཉིད་ཡིན་ན་དེ་ལྟ་ན་ནི་ལྷའི་འཇིག་རྟེན་སྔོན་དུས་ན་ཡོད་པའི་རྟག་པར་འགྱུར་བ་ཞིག་ན་ལྷ་མིའི་བདག་དང་ཕུང་པོ་གཅིག་མ་ཡིན་པས་རྟག་པ་མི་འཐད་དོ། །གཞན་ཡང་ལྷ་ནི་རྟག་པ་ཡིན་པའི་ཕྱིར་མ་སྐྱེས་པ་ཉིད་དུ་འགྱུར་ཏེ་ཁྱབ་པ་ནི་རྟག་པ་སྔར་ནས་ཡོད་པས་སམ་དེ་ལ་སྔར་མེད་ཀྱི་ཁྱད་པར་བྱར་མེད་པས་སྐྱེ་བ་མེད་པའི་ཕྱིར་རོ། །གཉིས་པ་མི་རྟག་པ་དགག་པ་ནི། གལ་ཏེ་ཕྱི་མའི་ལྷའི་བདག་དང་ཕུང་པོ་ལས་འདིའི་མིའི་བདག་དང་ཕུང་པོ་གཞན་ཡིན་ན་དེ་ལྟར་ནི་ལྷའི་འཇིག་རྟེན་སྔོན་མ་བྱུང་བའི་འཇིག་རྟེན་མི་རྟག་པར་འགྱུར་བ་ཞིག་ན་དེ་གཉིས་གཞན་མ་ཡིན་པས་སྔོན་མ་བྱུང་བའི་མི་རྟག་པར་མི་འཐད་དོ། །དེ་མ་གྲུབ་སྟེ་གལ་ཏེ་ཚེ་ཕྱི་མ་དང་སྔ་མའི་ལྷ་དང་མིའི་བདག་དང་ཕུང་པོ་རྫས་གཞན་ཡིན་ན་བྱམས་པ་ཉེར་སྦས་ལྟར་རྒྱུད་གཅིག་ཏུ་འཐད་པར་མི་འགྱུར་བ་ལས་རྒྱུད་གཅིག་ཏུ་འདོད་པའང་ཡིན་པས་རྫས་གཞན་མ་ཡིན་ནོ། །གསུམ་པ་གཉི་ག་དགག་པ་ནི། གལ་ཏེ་བདག་དང་ཕུང་པོའི་ཕྱོགས་གཅིག་མི་ཉིད་བཏང་ནས་ལྷ་ཡིན་ལ་ཕྱོགས་གཅིག་སྔར་གྱི་མི་ཉིད་ཡིན་པར་གྱུར་ན་ལྷའི་འཇིག་རྟེན་ཕྱོགས་གཅིག་ནས་སྔོན་བྱུང་རྟག་པ་དང་ཕྱོགས་གཅིག་ནས་སྔོན་མ་བྱུང་བའི་མི་རྟག་པར་འགྱུར་བ་ཡིན་ན་ལྷ་མི་ངོ་བོ་གཅིག་ཏུ་འགལ་བས་བདག་དང་ཕུང་པོ་གཅིག་ལ་ཕྱོགས་གཅིག་མི་ཡིན་པ་དེ་ཡང་རིགས་པ་མ་ཡིན་པའི་ཕྱིར་རྟག་མི་རྟག་གཉི་ག་མི་འཐད་དོ། །བཞི་པ་གཉི་ག་མ་ཡིན་པ་དགག་པ་ནི། གལ་ཏེ་དགག་བྱ་རྟག་པ་དང་མི་རྟག་པ་གཉི་ག་གྲུབ་པར་གྱུར་ན་ནི་དེ་གཉིས་བཀག་པས་རྟག་པ་མ་ཡིན་ཞིང་མི་རྟག་པ་ཡང་མིན་པ་འགྲུབ་པར་འགྱུར་བ་འདོད་ལ་རག་ན། སྔར་བཀག་པས་དགག་བྱ་དེ་གཉིས་མ་གྲུབ་པའི་ཕྱིར་དེ་གཉིས་བཀག་པའི་གཉི་ག་མ་ཡིན་པའང་མ་གྲུབ་བོ་ཞེས་པའོ། །སྤྱིར་དགག་པ་ནི། གལ་ཏེ་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་ཤིང་ད་དུང་དུ་ཡང་དམིགས་པས་འཁོར་བ་པོ་རྟག་པ་འགའ་ཞིག་ཡོད་དོ་ཞེ་ན། གལ་ཏེ་འདུ་བྱེད་དམ་གང་ཟག་གང་ཞིག་སྔ་མ་གང་ནས་གར་འོངས་ཤིང་ཕྱི་མ་གང་དུ་ཡང་འགྲོ་བར་གྱུར་ན་དེའི་ཕྱིར་འཁོར་བ་ཐོག་མ་མེད་པར་འགྱུར་བ་ཞིག་ན་འདུ་བྱེད་དམ་གང་ཟག་འགྲོ་འོང་དེ་ནི་ཡོད་པ་མ་ཡིན་ཏེ་སྔར་རྟག་མི་རྟག་ལ་འགྲོ་འོང་བཀག་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་འཁོར་བ་མ་གྲུབ་པས་འཁོར་བ་པོ་རྟགས་པ་འགའ་མེད་ན་དེ་བཀག་པའི་མི་རྟག་པ་གང་ཞིག་ཡིན་པར་འགྱུར་ལ་དེ་ཉིད་ཀྱིས་རྟག་པ་དང་ནི་མི་རྟག་པ་དེ་གཉི་ག་དང་དགག་བྱ་མ་གྲུབ་པས་གཉི་ག་མ་ཡིན་པ་བསལ་བར་གྱུར་པའོ། །མཐའ་སོགས་མུ་བཞིར་ལྟ་བ་དགག་པ་ལ་གསུམ་སྟེ། མཐའ་ཡོད་མེད་དགག་པ་དང་། གཉི་ག་དགག་པ་དང་། གཉི་ག་མ་ཡིན་པ་དགག་པའོ། །དང་པོ་ལ་འཇིག་རྟེན་ཕ་རོལ་ཡོད་པའི་དང་། འབྱུང་འཇིག་བྱེད་པའི་རྟགས་གཉིས་ལས། དང་པོ་ནི། གལ་ཏེ་འཇིག་རྟེན་བདག་དང་ཕུང་པོ་འདི་ལ་མཐའ་ཡོད་དེ་ཆད་པ་ཡིན་ན་འཇིག་རྟེན་ཕ་རོལ་ཡོད་པར་ཇི་ལྟར་འགྱུར་ཏེ་མེད་པར་ཐལ་བ་ལས་དེ་ཡོད་པའི་ཕྱིར་མཐའ་ཡོད་ཆད་པ་མ་ཡིན་ལ། ཡང་གལ་ཏེ་འཇིག་རྟེན་བདག་དང་ཕུང་པོ་མཐའ་མེད་དེ་དེ་ཉིད་མི་ཟད་ན་འཇིག་རྟེན་ཕ་རོལ་ཡོད་པར་ཇི་ལྟར་འགྱུར་ཏེ་མེད་པར་ཐལ་བ་ལས་དེ་ཡོད་པའི་ཕྱིར་ཚེ་འདིའི་འཇིག་རྟེན་མཐའ་མེད་མི་ཟད་པ་མ་ཡིན་ནོ་ཞེས་པའོ། །གཉིས་པ་ནི། གཞན་ཡང་གང་གི་ཕྱིར་ཕུང་པོ་རྣམས་ཀྱི་སྔ་ཕྱི་བར་མ་ཆད་དུ་འཇུག་པའི་རྒྱུན་འདི་ནི་མར་མེའི་འོད་སྔ་མ་འགག་ཅིང་ཕྱི་མ་འབྱུང་བ་དང་མཚུངས་པར་ཕྱི་མ་བར་མ་ཆད་དུ་འབྱུང་ཞིང་སྔ་མ་འགག་པ་དེའི་ཕྱིར་རིམ་པ་ལྟར་མཐའ་ཡོད་ཆད་པ་ཉིད་དང་ནི། མཐའ་མེད་མི་ཟད་པའི་རྟག་པ་ཉིད་ཀྱང་མི་རིགས་སོ། །དེ་ཉིད་རྒྱས་པར་འཆད་པ་ལ་སྔ་མ་འཆད་པ་ནི། གལ་ཏེ་ཕུང་པོ་སྔ་མ་འཇིག་པར་འགྱུར་ཞིང་དགྲ་བཅོམ་པའི་སེམས་ཀྱི་ཐ་མ་ལྟར་རྒྱུ་ཕུང་པོ་སྔ་མ་འདི་ལ་རྟེན་བྱས་ནས་འབྲས་བུ་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན་དེས་ན་འཇིག་རྟེན་མཐའ་ཡོད་པར་འགྱུར་ན་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བས་མཐའ་ཡོད་པ་མ་ཡིན་ནོ། །ཕྱི་མ་བཤད་པ་ནི། ཡང་གལ་ཏེ་ཕུང་པོ་སྔ་མ་མི་འཇིག་ཅིང་རྒྱུ་ཕུང་པོ་སྔ་མ་འདི་ལ་རྟེན་བྱས་ནས་འབྲས་བུ་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན་དེས་ན་རྒྱུའི་འཇིག་རྟེན་མཐའ་མེད་པར་འགྱུར་ན་རྒྱུ་ཕུང་པོ་སྔ་མ་འཇིག་པ་དེའི་ཕྱིར་མཐའ་མེད་པ་མ་ཡིན་ནོ་ཞེས་པའོ། །གཉིས་པ་གཉི་ག་དགག་པ་ནི། གལ་ཏེ་བདག་དང་ཕུང་པོའི་ཕྱོགས་གཅིག་འཇིག་པས་མཐའ་ཡོད་ལ་ཕྱོགས་གཅིག་མི་འཇིག་པས་མཐའ་ནི་མེད་པར་གྱུར་ན་འཇིག་རྟེན་མཐའ་ཡོད་མཐའ་མེད་གཉི་གར་འགྱུར་བ་ཞིག་ན་བདག་དང་ཕུང་པོའི་ཕྱེད་འཇིག་ཕྱེད་མི་འཇིག་དེ་ཡང་རིགས་པ་མ་ཡིན་པས་མཐའ་ཡོད་མེད་གཉི་ག་མ་ཡིན་ནོ། །དེ་ཉིད་ཇི་ལྟར་ཞེ་ན། ཕྱེད་འཇིག་ཕྱེད་མི་འཇིག་དེ་ཡོད་ན་བདག་གམ་ཕུང་པོ་ལ་ཡོད་གྲང་། དང་པོ་ལྟར་ན། ཇི་ལྟ་བུར་ན་ཉེ་བར་ལེན་པ་པོའི་བདག་ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར་ཏེ། སྒྲུབ་བྱེད་མེད་པའི་ཕྱིར་དང་། ངོ་བོ་གཅིག་ལ་ཕྱེད་སྔར་གྱི་མི་དང་ཕྱེད་མི་དོར་ནས་ལྷ་ཡིན་པའམ། ཕྱེད་འཇིག་ཕྱེད་མི་འཇིག་འགལ་བའི་ཕྱིར་དང་། བདག་ཉིད་ཕུང་པོ་ལ་རྣམ་པ་ལྔར་བཙལ་ན་མེད་པའི་ཕྱིར་དེ་ལྟར་བདག་ཕྱེད་འཇིག་ཕྱེད་མི་འཇིག་དེ་ནི་མི་རིགས་སོ། །གཉིས་པ་ལྟར་ན། ཇི་ལྟ་བུར་ན་ཉེ་བར་བླངས་པ་ཕུང་པོའི་ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར་ཏེ་དེ་ལ་སྒྲུབ་བྱེད་མེད་པའི་ཕྱིར་དང་། ངོ་བོ་གཅིག་ལ་རྟག་མི་རྟག་འགལ་བའི་ཕྱིར་དང་། ཕུང་པོ་ཉིད་སྔར་བཀག་པས་མ་གྲུབ་པའི་ཕྱིར་དེ་ལྟར་ཕུང་པོ་ཕྱེད་འཇིག་ཕྱེད་མི་འཇིག་དེ་ཡང་མི་རིགས་སོ། །གསུམ་པ་ནི། གལ་ཏེ་དགག་བྱ་མཐའ་ཡོད་དང་མཐའ་མེད་པ་གཉི་ག་གྲུབ་པར་གྱུར་ན་ནི་དེ་དག་བཀག་པས་མཐའ་ཡོད་པ་མ་ཡིན་ཞིང་མཐའ་མེད་པའང་མིན་པ་འགྲུབ་པར་འགྱུར་བ་འདོད་ལ་རག་ན་སྔར་བཀག་པས་དགག་བྱ་དེ་གཉི་ག་མ་གྲུབ་པའི་ཕྱིར་བཀག་ཆོས་དེ་གཉི་ག་མ་ཡིན་པའམ་མ་གྲུབ་བོ་ཞེས་པའོ། །དེ་ལྟར་ཀུན་རྫོབ་ཏུ་རྒྱུ་འབྲས་དེ་ཉིད་དང་གཞན་དུ་མེད་པ་སྒྱུ་མ་ལྟ་བུའི་རྟེན་འབྱུང་ཁས་བླངས་ཀྱང་ལྟ་བ་དེ་དག་མི་རུང་བར་བསྟན་ནས། ད་ནི་ཡང་དག་པར་བདག་དང་ཕུང་པོ་ལ་སོགས་པ་ཉིད་མ་གྲུབ་པས་ཁྱད་པར་ལྟ་བ་དེ་དག་མི་རུང་བར་སྟོན་པ་ནི། ཡང་ན་སྔར་བཤད་པའི་ཚུལ་གྱིས་དངོས་པོ་ཐམས་ཅད་དག་པ་རྟེན་ནས་འབྱུང་བས་གཟུགས་བརྙན་ལྟར་རང་བཞིན་སྟོང་པའི་ཕྱིར་རྟག་པ་ལ་སོགས་པར་ལྟ་བ། གང་དག་ཡུལ་གང་དུ་གང་ཟག་གང་ལ་ནི། རྒྱུ་མཚན་ཅི་ལས་ཀུན་ཏུ་འབྱུང་བར་འགྱུར་ཏེ་བོང་བུའི་རྭ་ལ་རྣོ་རྟུལ་ལ་སོགས་པར་ལྟ་བ་ལྟར་ལྟ་བ་གང་དག་ཀྱང་ཡུལ་གང་དུ་གང་ཟག་གང་ལ་ཡང་རྒྱུ་མཚན་གང་ལས་ཀྱང་འབྱུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ད་ནི་དེ་ལྟར་བསྟན་པ་ཟབ་མོའི་དོན་རྟེན་འབྱུང་སྤྲོས་པ་ཐམས་ཅད་དང་བྲལ་བ་རྟོགས་པའི་འབྲས་བུ་དང་བཅས་པ་ཕྱིན་ཅི་མ་ལོག་པར་བསྟན་པ་དེ་ཐུབ་པའི་བཀའ་དྲིན་ཡིན་པར་དགོངས་པས་སྟོན་པས་བཤད་པ་ལ་རྗེས་སུ་ཡི་རང་བའི་ཕྱག་འཚལ་བ་ནི། ཕྱག་འཚལ་ལོ་ཞེས་པ་ཁྱད་པར་གྱི་གཞི་སྟེ་སྒོ་གསུམ་འདུད་པའོ། །ཡུལ་གང་ལ་སྙམ་ན། གོའུ་ཏ་མ་དེ་ལ་སྟེ་རྒྱལ་རིགས་གོའུ་ཏ་མའི་རིགས་སུ་འཁྲུངས་པ་རྒྱལ་བ་ཤཱཀྱ་ཐུབ་པ་དེ་ལའོ། །དེའི་ཁྱད་པར་གྱི་ཆོས་ནི། གང་གིས་དམ་པའི་ཆོས་རྟེན་འབྱུང་ཡང་དག་པར་སྐྱེ་འགག་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཞི་བ་སྟོན་པར་མཛད་པའི་ཞེས་པ་སྟེ། དེ་ཉིད་སྲིད་ཞི་ལ་བླང་དོར་དུ་དམིགས་པ་ལ་སོགས་པ་ལྟ་བར་གྱུར་པ་ཐམས་ཅད་ཀྱི་གཡང་ས་ལས་འཛིན་པས་ཆོས་དང་། དམ་པ་འཕགས་པ་རྣམས་ཀྱི་སྤྱད་བྱར་གྱུར་པའམ། སྲིད་ཞིའི་མཐའ་ལས་སྐྱོབ་པས་བསྔགས་པར་འོས་ཤིང་ཆོས་རྣམས་ཀྱི་མཆོག་ཏུ་གྱུར་པས་ན་དམ་པའོ། །དགོས་པ་ཅིའི་དོན་དུ་བསྟན་ན། ཉེས་པ་ཐམས་ཅད་ཀྱི་རྩ་བ་སྔར་བཤད་པའི་ལྟ་བ་བཅུ་དྲུག་ལ་སོགས་པ་ལྟ་བ་ཐམས་ཅད་སྤང་བའི་ཕྱིར་རམ་ཆེད་དུའོ། །བསམ་པ་གང་གིས་བསྟན་ན་དམིགས་པ་མེད་པའི་ཐུགས་བརྩེས་ཉེ་བར་བཟུང་ནས་ཞེས་པ་སྟེ། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་དངོས་པོར་འཛིན་པའི་གཉེན་པོ་རྟེན་འབྱུང་ངོ་བོ་ཉིད་མེད་པར་རྟོགས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དངོས་འཛིན་གདོན་གྱིས་ཟིན་རྣམས་ཀྱི། །གསོ་བ་བླ་ན་མེད་འདི་ཡིན། །ཞེས་གསུངས་པ་ཡིན་ནོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས། ལྟ་བ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།།  །།ཐུབ་པའི་དབང་པོས་ལུང་བསྟན་རྒྱལ་སྲས་འཕགས་པ་ཡི། །དབུ་མའི་བསྟན་འཆོས་ཤེས་རབ་རྩ་བ་རྡོ་རྗེའི་ངག །ལུང་རིགས་མཁས་རྣམས་རིམ་པར་བརྒྱད་པའི་མན་ངག་དང་། །རྣམ་དཔྱོད་བློ་ཡི་མིག་གིས་གཞུང་དོན་གསལ་བར་ཕྱེ། །བློ་གསལ་དོན་གཉེར་སྐྱེ་བོས་བསྐུལ་ཞིང་ཕན་བློ་ཡིས། །གཞུང་འདི་ལེགས་པར་བཀོད་པའི་བསོད་ནམས་འདི་ཡིས་ནི། །འགྲོ་ཀུན་ཡང་དག་རིགས་ཚོགས་ལམ་འདིར་ཞུགས་གྱུར་ནས། །མ་རིག་སྤྲོས་ཀུན་ཞི་བའི་གོ་འཕང་མཆོག་ཐོབ་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དབུ་མ་རྩ་བའི་བསྟན་འཆོས་ཀྱི་འགྲེལ་པ་འཐད་པའི་རྒྱན་ཅེས་བྱ་བ། བདེ་བར་གཤེགས་པའི་བསྟན་པ་ལྔ་བརྒྱ་བདུན་པ་ལ་གངས་རིའི་ཁྲོད་དུ་བྱུང་བ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ལུང་དང་རིགས་པས་ཕྱུག་ཅིང་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་མ་རྨོངས་པ་ཤཱཀྱའི་དགེ་སློང་དབུ་མ་སྨྲ་བ་བྱང་ཆུབ་བརྩོན་འགྲུས་ཀྱིས་ལེགས་པར་སྦྱར་བ་རྫོགས་སོ།།    །།ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། བདེན་པ་དབྱེར་མེད་ཆོས་ཀུན་གནས་ལུགས་ནི། །སྣང་སྟོང་མཉམ་ཉིད་ཚོགས་གཉིས་ཀྱིས་གསལ་པས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་གང་ཆེན་མཚོ། །ཟབ་ཞི་སྤྲོས་དང་བྲལ་བས་བསྐྱང་གྱུར་ཅིག །དེ་ཡི་རང་བཞིན་བརྗོད་དུ་མེད་ན་ཡང་། །རྒྱལ་བ་ཐབས་ལ་མཁས་པས་དངོས་སྨྲའི་ཚོགས། །མཐར་སྐྱེད་སྟོང་ཉིད་སེང་གེའི་ང་རོ་ནི། །ས་གསུམ་ཁྱབ་པར་ཡང་ཡང་བསྒྲགས་པར་མཛད། །དེ་ཡི་དགོངས་པ་འགྲེལ་པར་ལུང་བསྟན་པའི། །ཀླུ་སྒྲུབ་ཀླུ་ཡི་དབང་པོའི་རིགས་པའི་ཚོགས། །གཞན་གྱི་ལྟ་ངན་རི་བོ་འཇིག་བྱེད་པ། །གནམ་ལྕགས་འབེབས་པའི་རྡོ་རྗེའི་ཆར་པ་ཡིན། །ལུགས་དེ་འཛིན་ལ་ཐལ་རང་རྣམ་གཉིས་ཞེས། །གྲགས་པའི་བ་དན་སྲིད་རྩེར་སྒྲེང་བ་ལས། །ཐུབ་པའི་དགོངས་པ་ཇི་བཞིན་སྣང་གྱུར་པ། །ཐེག་མཆོག་དབུ་མ་ཆེན་པོའི་ལམ་བཟང་གསལ། །དེ་དག་ཀུན་གྱི་ཕྱི་མོར་གྱུར་པའི་གཞུང་། །རྩ་བ་ཤེས་རབ་ལ་སོགས་རིགས་པའི་ཚོགས། །ལོ་པཎ་ཐུགས་རྗེ་ཅན་རྣམས་བཀའ་དྲིན་ལས། །བསྒྱུར་དང་འཆད་སོགས་ཕྲིན་ལས་གངས་ལྗོངས་ཁྱབ། །ཆོས་སྤྱན་ལྡན་པ་རྣམས་ཀྱིས་བཀྲལ་བ་ཡི། །རྣམ་པར་བཤད་པའི་གླེགས་བམ་ཕྲེང་བ་ལས། །མཐའ་བྲལ་ལྟ་བ་གཏན་ལ་འབེབས་པ་ཡི། །ཡང་དག་སྣང་བའི་སྣང་བ་རྒྱས་གྱུར་མོད། །བསིལ་ལྡན་འདི་ན་ཐལ་འགྱུར་སྨྲ་བ་ཡི། །མཁས་པ་ཀུན་གྱི་འབྱུང་གནས་གཅིག་པུ་ནི། །དཔལ་ལྡན་ཟླ་བའི་རིང་ལུགས་འཛིན་པ་ལ། །ཉི་མ་ལྟར་གསལ་ཉི་མ་གྲགས་པའི་དཔལ། །དེ་སྲས་རྒྱུ་སྐར་དབུས་ན་ཟླ་བ་ལྟར། །ཚིག་དོན་གཉིས་ལ་མཁྱེན་པ་རབ་འབར་བ། །རིགས་པའི་དབང་ཕྱུག་རྨ་བྱ་བྱང་བརྩོན་གྱིས། །རྩ་བའི་དགོངས་པ་མ་ནོར་བཀྲལ་བའི་གཞུང་། །འདི་ཉིད་བྱེད་པོ་གངས་ཅན་ལྗོངས་འདི་ན། །གང་ཟག་ཚད་མར་ཡོངས་སུ་གྲགས་པ་དང་། །བསྟན་བཅོས་དོན་གསལ་ཚིག་གི་སྡེབ་སྦྱོར་གཙང་། །མདོ་རྒྱས་མཚམས་སོགས་ཡོན་ཏན་དུ་མ་ཡིས། །གཞན་ལས་ཆེས་ཆེར་འཕགས་པར་གཟིགས་ནས་ནི། །ཚུལ་འདི་ཡི་གེའི་མ་མོར་སྒྲུབས་ཤིག་པའི། །ཁྱབ་བདག་བླ་མ་མཁྱེན་བརྩེའི་དབང་པོ་ཡི། །བཀའ་ལུང་རིན་ཆེན་གཙུག་ཏུ་བཅིངས་མཛད་དེ། །གང་གི་ཐུགས་རྗེས་རིང་ནས་བཟུངས་པ་ལས། །མཁྱེན་རྟོགས་དཔལ་གྱིས་ཀུན་ནས་རྒྱས་གྱུར་པ། །འཇམ་དབྱངས་ཡོན་ཏན་ཕ་མཐའ་ཡས་པའི་སྡེས། །རྟག་དང་གུས་པའི་བརྩོན་པ་བརྒྱ་ཕྲག་གིས། །གཏོང་བའི་སྒོ་འཕང་ཡངས་པོར་བྱེ་བ་ལས། །ཐར་འདོད་རྣམས་ཀྱི་མིག་ཏུ་གྱུར་པ་ཡི། །ལེགས་བྱས་ཉིན་མོའི་སྣང་བ་འདིར་དྲངས་པའི། །དགེ་ཚོགས་ཟླ་བ་ཉ་འདྲ་གང་ཐོབ་པས། །ལྷར་བཅས་སྐྱེ་རྒུའི་གཙུག་ན་རབ་འབར་བ། །འཇམ་དབྱངས་བླ་མའི་ཞབས་མཐིལ་ཉིན་མོར་བྱེད། །བདུད་སྡེའི་སྙིང་ལ་མུན་པ་སྟེར་བཞིན་དུ། །བསྐལ་པ་རྒྱ་མཚོ་རྣམས་སུ་བརྟན་གྱུར་ཅིག །ཐུབ་བསྟན་རྒྱ་མཚོ་རབ་ཏུ་རྒྱས་པའི་གཉེན། །རིས་མེད་བསྟན་འཛིན་ཟླ་བ་བྱེ་བའི་ཚོགས། །བཤད་དང་སྒྲུབ་པའི་བསིལ་ཟེར་སྟོང་འབར་ཞིང་། །འཇིག་རྟེན་མཁའ་ལ་ཡུན་རིང་གསལ་གྱུར་ཅིག །འགྲོ་ཀུན་འཕྲལ་དང་ཡུན་དུ་བདེ་བའི་སྒོ། །འཇིག་རྟེན་ཡང་དག་ལྟ་བའི་མིག་ཐོབ་ཅིང་། །རྒྱལ་བས་བསྔགས་པའི་ཡོན་ཏན་མཆོག་རྣམས་དང་། །རིང་པོར་མི་ཐོགས་བདེ་བླག་ལྡན་གྱུར་ཅིག །ལེགས་བྱས་བྱེད་པོ་ཉིད་ཀྱང་བསྙུན་མེད་ཅིང་། །ཡུན་རིང་འཚོ་དང་ཆོས་མཐུན་འབྱོར་པར་ལྡན། །ལྟ་བའི་གནས་ལུགས་ཟབ་མོ་མྱུར་དུ་རྟོགས། །ཆོས་ཀྱི་སྤྱོད་པས་དོན་གཉིས་འགྲུབ་གྱུར་ཅིག །ཟབ་མོ་རབ་ཏུ་སྟོན་པའི་གསུང་རབ་དང་། །དེ་ཡི་དགོངས་པ་འགྲེལ་བའི་ལེགས་བཤད་ཀྱིས། །འཇིག་རྟེན་ཁམས་འདི་ཡུན་རིང་བཟུང་བ་ཡིས། །ཐུབ་པའི་བསྟན་པ་རབ་ཏུ་རྒྱས་གྱུར་ཅིག།  །།ཅེས་པའི་སྤར་བྱང་འདི་ཡང་སྐྱབས་མཆོག་འཁོར་ལོའི་མགོན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དགོངས་པ་རྗེས་སུ་བསྒྲུབ་པའི་སླད་དུ་གང་གི་རྡོ་རྗེའི་སློབ་མ་རྣམས་ཀྱི་ཐུ་བོ་བླ་མ་འཇམ་དབྱངས་ཡོན་ཏན་གྱིས་རྣམ་བཤད་འདི་སྤར་དུ་བསྒྲུབས་ནས་གསུང་གིས་བསྐུལ་བ་ལྟར་སྙོམས་ལས་ཀྱི་བནྟེ་འཇམ་དཔལ་དགའ་བའི་གོ་ཆས་བྲིས་པ་སརྦ་དཱ་མངྒ་ལཾ།།  །། ༈ །བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་སྤེལ།། །།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号