ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ།
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 དེའི་བློ་ལ་གང་དུ་གླང་པོ་ཆེ་དག་ལ་བཀའ་མཆིད་འདི་རུ་གྱུར་པ་དེར་ནི་གནག་ལུག་གཡེངས་བ་ཞིག་གོ་སྙམ་དུ་གྱུར་ཏེ། གནག་ལུག་གི་གཏམ་མ་དྲིས་པ་ཁོ་ནར་དོང་ལ། གང་དུ་ལོ་ནི་དྲུག་ཅུ་ཡི། །གླང་ཆེན་རྒན་རྣམས་གཡེངས་གྱུར་པ། །དེར་ནི་གནག་དང་ལུག་གཡེངས་པར། །ཐེ་ཚོམ་མེད་པར་ཤེས་པར་བྱ། །ཞེས་བྱ་བ་འདི་སྐད་དུ་ཡང་སྨྲས་སོ། །དེ་བཞིན་དུ་གཞན་ཞིག་གིས་འཁར་བ་རྐྱལ་པས་དཀྲིས་ཏེ་མཛའ་བོ་ཞིག་གི་ཁྱིམ་དུ་བཅོལ་ལ་དེས་དུས་གཞན་ཞིག་ན་འོངས་ཏེ། སྙུན་གསོལ་གྱི་གཏམ་དྲིས་པ་དང་། དེས་བདེ་བ་ག་ལ་མཆིས་བྱི་བ་དག་གི་ཆེར་གཙེས་ནས་གནས་ཏེ། གང་ཁྱོད་ཀྱིས་འཁར་བ་གཏམས་པ་དེ་ཡང་ཟོས་སོ་ཞེས་སྨྲས་སོ། །མི་དེ་རྐྱལ་པའི་གཏམ་མ་དྲིས་པ་ཁོ་ནར་སོང་ལ། འདི་སྐད་དུ། བྱི་བ་མཆེ་རྣོན་རྣམས་ཀྱིས་ནི། །གང་དུ་དབྱུག་པའང་ཟ་འགྱུར་ཏེ། །དེར་ནི་རྐྱལ་པ་དབྱུག་པ་དང་། །ལྷན་ཅིག་ཟོས་པར་ཤེས་པར་བྱ། །ཞེས་ཀྱང་སྨྲའོ། །དེ་བཞིན་དུ་རྒན་པོ་རྣམས་ཨརྐའི་མེ་ཏོག་ཟ་བར་མཐོང་ནས། ཁ་ཅིག་གིས། ཤིན་ཏུ་ཟ་ཕོད་རྒན་པོ་རྣམས། །ཨརྐའི་མེ་ཏོག་རྣམས་གང་དུ། །ཟ་དེར་ལ་དུ་དག་དང་ནི། །ལྷན་ཅིག་ཁུར་སྐྱ་ཟར་ཤེས་བྱ། །ཞེས་སྨྲས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་བཏང་སྙོམས་སུ་གནས་པ་དེ་དག་ཀྱང་རེ་ཞིག་ཕུང་ན། སྡང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། འདིར་བཤད་པ། འདི་ན་མི་གང་ལྟ་ཞིག་སེམས་ཅན་ཐམས་ཅད་ལ་ནི་སྙིང་རབ་སྡང་འགྱུར་ན། །རབ་ཏུ་སྡང་བའི་ཡིད་ཅན་དེ་ཡི་སྡིག་པ་གང་ཞིག་དེ་རུ་བསྡམས་བྱས་པ། །དེ་སྙེད་སྡིག་པ་འདི་ན་རྒྱལ་བའི་སྲས་ལ་ཁྲོ་བ་བསྐྱེད་པས་འཐོབ་འགྱུར་ཏེ། །དེའི་ཕྱིར་རྒྱལ་སྲས་ཁྱུ་མཆོག་མེ་དང་འདྲ་བར་བལྟས་ཏེ་ཡང་དག་སྤང་བར་བྱ། །འདིར་སྨྲས་པ། བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་བྱ་དཀའ་བ་ཅི་ཞིག་ཡིན། བཤད་པར་བྱ་སྟེ། གང་ལ་སྐྱེ་བ་ཐམས་ཅད་དུ། །མངོན་ཤེས་ལྔ་ཆར་ཡང་ཡོད་པ། །དེ་ཡི་དམན་པར་དམན་ལྟའི་དངོས། །འདི་ནི་ཤིན་ཏུ་བྱ་དཀའ་བའོ། །གང་དེ་བཞིན་གཤེགས་པའི་ཆོས་ཀྱི་ལོངས་སྤྱོད་ཀྱི་རོ་ཞིམ་པོ་བསམ་གྱིས་མི་ཁྱབ་པ་ཆོག་མི་ཤེས་པ་དང་། སྤྲོས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་བསམ་གྱིས་མི་ཁྱབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་མཆོག་སྤངས་ནས་སྙིང་རྗེ་ཆེན་པོས་གཞན་གྱི་རྗེས་སུ་འཇུག་པ་ཉིད་ཀྱིས། སེམས་ཅན་ལ་ཕན་པའི་དོན་དུ་སྲིན་བུ་དང་། ཕྱེ་མ་ལེབ་དང་། སྡིག་སྦྲུལ་དང་། མ་ཧེ་དང་། རི་བོང་དང་། སྤྲེའུ་དང་། རི་དྭགས་རུ་རུ་ལ་སོགས་པའི་སྐྱེ་བ་དག་ཡོངས་སུ་འཛིན་པ་ན། གཟུགས་དེ་དང་སྐད་དེ་དང་དེས་སེམས་ཅན་གྱི་རིས་དེ་དང་དེ་དག་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྨིན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཐོབ་ཅིང་། མངོན་པར་ཤེས་པ་མ་ཉམས་པ་དེ་དག་གི་མཆོག་ཏུ་བྱ་དཀའ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་མཆོག་ཏུ་བྱ་དཀའ་བ་བྱེད་པ་རྣམས་ཀྱི་མཆོག་ཏུ་བྱ་དཀའ་བ་ཉིད་འདི་བལྟས་ནས། བྱང་ཆུབ་སེམས་དཔའ་ལ་རབ་ཏུ་དང་བ་མཆོག་བསྐྱེད་པར་བྱ་སྟེ། སེམས་ཅན་ལ་བྱམས་པ་ཕུལ་དུ་བྱུང་བ་མཐོང་བའི་ཕྱིར་རོ། །རྒྱལ་བུ་དང་ཁྱིའི་སྐྱེ་བ་དང་། གོང་མ་སྲེག་གི་སྐྱེས་རབས་བཞིན་ནོ། །རྒྱལ་པོ་འགའ་ཞིག་གིས་བྱེས་ན་འདུག་ཅིང་བྲན་ཕོ་དང་བྲན་མོ་དང་ལྷན་ཅིག་གནས་པར་གྱུར་ལ། དེ་ལས་ཁྱེའུ་ཞིག་སྐྱེས་པར་གྱུར་ཏོ། །དེ་ལ་ཁྱེའུ་གཞན་དག་གིས་བྲན་མོའི་བུ་ཕར་སོང་། གང་ཁྱོད་སུའི་བུ་ཡིན་པ་མི་ཤེས་སོ་ཞེས་སྨྲས་པས། དེས་སོང་ནས་མ་ལ་བདག་སུས་བསྐྱེད་ཅེས་དྲིས་སོ། །དེས་སྨྲས་པ། རྒྱལ་པོས་སོ། །དེས་སྨྲས་པ། ཉིད་ཀྱི་སྲས་སྣོམས་ཤིག་ཅེས་རྒྱལ་པོ་ལ་བདག་ཕུལ་ཅིག་ཅེའོ། །དེས་ཁྱོད་ཀྱང་རྒྱལ་པོས་སྣོམས་པར་མི་འགྱུར་ལ། དེར་བདག་ལ་ཡང་བརྡུང་ཐག་བྱེད་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་ངུ་བར་ཞུགས་སོ། །དེ་ནས་དེའི་བུའི་སྲེད་པས་བརྡུང་ཐག་སྙིང་ལ་བཞག་སྟེ། རྒྱལ་པོ་འཁོར་གྱི་དཀྱིལ་ན་བཞུགས་པ་ལ་བུ་དེ་ལག་བརྡས་སྟོན་ཅིང་གནས་ལ། རྒྱལ་པོ་ནི་ངོ་གཞན་དུ་གཅུས་ནས་གནས་སོ། །དེ་བྱིས་པ་དེས་བསྐུལ་ཞིང་ཡང་དེ་ཕྱོགས་སུ་སོང་ནས་བུ་དེ་སྟོན་པར་གྱུར་ལ་རྒྱལ་པོ་ནི་སླར་ཡང་དེ་ཁོ་ན་ལྟར་གནས་སོ། །བྱིས་པས་མ་ལ་སྨྲས་པ། ཚིག་གིས་སྨྲོས་ཤིག་ལག་བརྡས་ཅི་ཞིག་བྱ། དེ་ནས་རྒྱལ་པོ་དེ་ལ་བུའི་གདུང་བས་བྲན་མོས་ཉིད་ཀྱི་སྲས་ལགས་མཁྱེན་པར་མཛོད་ཅིག ཁོ་མོས་ཡུན་ཇི་ཙམ་བར་དུ་གསོ་བར་བགྱི་ཞེས་ཁྱབ་པར་སྐད་ཀྱིས་ཞུས་སོ། །རྒྱལ་པོ་དེས་ཀྱང་ངོ་ཚ་ནས་བྲན་མོ་མི་བདེན་པར་སྨྲ་བ་འདི་ཞུས་ཤིག་ཅེས་སྐྱེས་བུ་དག་ལ་ལུང་བསྒོ་ལ། དེ་དག་ཀྱང་ལག་ན་ལྕགས་ཐོགས་ཏེ་མངོན་པར་ལྷགས་པ་དང་། བྱང་ཆུབ་སེམས་དཔའ་དེས་ངང་པའི་རྒྱལ་པོ་འདབ་གཤོག་རྒྱས་པ་ལྟར་མའི་པང་ནས་འཕར་ཏེ་ནམ་མཁའ་ལ་བསྡད་ནས་རྒྱལ་པོ་ལ་བདག་རྒྱལ་པོའི་བུ་ཡིན་པར་མི་དགྱེས་སམ་ཞེས་སྨྲས་སོ། །དེ་ལ་རྒྱལ་པོ་དེས་བ་སྤུ་ལངས་མཆི་མ་ཅུང་ཟད་ཕྱུང་། གསེར་གྱི་གདན་ཁྲི་ལས་ལངས་ཤིང་ལག་པ་གཉིས་བརྐྱང་ནས་ཚིགས་སུབ་སུབ་པོས་སྐྱེས་བུ་དམ་པ་གཤེགས་ཤིག རེ་ཞིག་ལྷའི་རྒྱལ་པོ་བརྒྱ་བྱིན་ཡང་སྲས་ཁྱོད་ཀྱིས་རྗེས་སུ་འཛིན་ན་བདག་ཅག་ལྟ་བུ་ལྟ་སྨོས་ཀྱང་ཅི་འཚལ་ཞེས་སྨྲས་སོ། །སྨྲས་ཀྱང་འདི་མ་དང་བཅས་པ་ཚུལ་བཞིན་དུ་མཆོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འགའ་ཞིག་ཏུ་ཁྱི་རྣམས་ལ་མ་འོངས་པའི་གནོད་པ་དག་རིག་པར་བྱས་ནས་ཁྱིའི་སྐྱེ་གནས་སུ་ཞུགས་སོ། །དེ་ནས་དེ་སྐྱེས་པ་ཙམ་ཉིད་ནས་དགོན་པ་ན་གནས་པར་མངོན་པར་བརྩོན་ཞིང་རྟག་ཏུ་ཁྱི་དག་དང་ལྷན་ཅིག་ཏུ་དགོན་པའི་མཐའ་གཅིག་ན་གནས་སོ། །ནམ་ཞིག་ན་རྒྱལ་པོ་རྟའི་ཤིང་རྟ་ལ་དགའ་བ་ཞིག་གི་རྟའི་ཤིང་རྟའི་ཀོ་ལྤགས་ཁྱི་དག་གིས་ཟོས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་བཀྱོན་པར་གྱུར་པས་ཁྱི་ཐམས་ཅད་ཡུལ་ཡུལ་ནས་ཁུག་ལ་དུས་གཅིག་ཏུ་སོད་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སུས་ཀྱང་མ་མཐོང་བར་རྒྱལ་པོ་འཁོར་གྱི་དཀྱིལ་ན་བཞུགས་པའི་སེང་གེའི་ཁྲིའི་འོག་ཏུ་ཞུགས་ལ། རྒྱལ་པོ་དེས་ཀྱང་གཟིགས་པར་གྱུར་ཏོ། །རྒྱལ་པོས་རྟའི་ཤིང་རྟའི་ཀོ་ལྤགས་ཟ་བ་པོ་འདིར་འོངས་ཀྱི། འོངས་སུ་ཟིན་ཀྱང་ཁྱོད་མི་བཏང་ངོ་ཞེས་ཀྱང་ལུང་སྩལ་ཏོ། །དེས་སྨྲས་པ། གལ་ཏེ་བདག་ཕམ་ན་ཆད་པ་གསལ་བར་ཐོབ་ཤིག རྒྱལ་པོས་སྨྲས་པ། ཁྱོད་ཀོ་ལྤགས་ཟོས་པའི་ཕྱིར་ཕམ་པ་ཁོ་ན་མ་ཡིན་ནམ། དེས་སྨྲས་པ། ཁྱེད་ཅག་ཕོ་བྲང་འཁོར་བ་རྣམས་ཉོན་ཅིག དུད་འགྲོ་དག་ཏུ་སྐྱེས་པས་ནི་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་མི་ཤེས་སོ། །གལ་ཏེ་རེ་ཞིག་བདག་ཁོ་ནས་ཟོས་པ་དེ་ལྟ་ན་ཡང་འདི་ནི་དེའི་སྲུང་བ་པོ་རྣམས་ཀྱི་ཚུལ་མ་ཡིན་པ་ཡིན་གྱི་བདག་གི་ནི་མ་ཡིན་ན། ཡུལ་དང་གྲོང་ཁྱེར་དང་གྲོང་ན་གནས་པ་རྣམས་ལ་ཉེས་པ་ཅི་ཡོད། དེ་ནི་གཅིག་གིས་ཟོས་ཀྱིས་ཐམས་ཅད་ཀྱིས་ནི་མ་ཡིན་ལ། རྒྱལ་པོས་ཀྱང་ཐམས་ཅད་ལ་ཆད་པས་ཆོད་ཅིག་ཅེས་ཚད་མར་མ་བྱས་པར་བཀའ་སྩལ་ཏོ། །དེའི་ཕྱིར་ཅི་མི་རྣམས་ལ་ཡང་ཆོས་འདི་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་དེ་རྣམས་ལ་མ་ཡིན་ན་ནི་མི་སྙོམས་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ནས་རྒྱལ་པོ་དེ་དེ་ལྟ་བུ་ལ་སོགས་པའི་སྙིང་འཛིན་པར་བྱེད་པ་མིའི་ཚིག་རྨད་དུ་བྱུང་བ་དག་གིས་མཉེས་པར་གྱུར་ཏེ། ཁྱིའི་གནོད་པ་དེ་ཡང་བཟློག་པར་མཛད་ལ། ཆོས་ལ་གཞོལ་བར་ཡང་གྱུར་ཏོ། །དེ་ལྟར་ན་དམན་པ་དག་ཏུ་དམན་པ་ལྟ་བུའི་དངོས་པོ་ནི་བྱང་ཆུབ་སེམས་དཔའ་རྒྱུ་མེད་པར་མཆོག་ཏུ་མཉེས་གཤིན་པའི་རང་བཞིན་ཅན་རྣམས་ཀྱི་ཤིན་ཏུ་བྱ་དཀའ་བ་ཡིན་ནོ། །ཡང་གི་སྒྲས་ནི་མངོན་པར་ཤེས་པ་མཐའ་དག་སྨྲོས་སོ། །དེའི་ཕྱིར་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པ་ལྔ་ཆར་ཡང་དག་པར་ལྡན་པར་གྱུར་ནས་སེམས་ཅན་ལ་ཕན་པའི་ཕྱིར། དུད་འགྲོའི་སྐྱེ་གནས་ཀྱི་གནས་གང་དག་ཏུ་སྐྱེས་པ་ཀ་པིཉྫ་ལ་དང་ནེ་ཙོ་དང་ཕུ་རོན་ལ་སོགས་པའི་སྐྱེས་རབས་དེ་དག་དཀའ་བ་བྱེད་པ་ཤེས་པར་བྱ་བའི་ཕྱིར་བརྗོད་པར་བྱའོ། །འདིར་བཤད་པ། གང་ལས་སེམས་ཅན་ཡོངས་སྨིན་ཕྱིར། །བསོད་ནམས་ཕུང་པོ་བཏང་བྱ་སྟེ། །བརྩེ་བས་ངན་སོང་དུ་སྐྱེ་བ། །ལས་འདི་དམ་པའི་དཀའ་སྤྱོད་དོ། །ཡོན་ཏན་གཞལ་དུ་མེད་པ་ཉིད་མཐོང་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ལ་དད་པ་བསྐྱེད་པར་བྱ་སྟེ། འདི་ལྟར། ཐབས་ཀྱིས་ཀུན་ཚེ་བསོད་ནམས་གང་། །ཤིན་ཏུ་ཡུན་རིང་བསགས་པ་དེ། །ཐམས་ཅད་མཁྱེན་པའི་གཞལ་བྱ་ཡང་། །མིན་ཞེས་དེ་བཞིན་གཤེགས་པས་གསུངས། །བསྐལ་པ་གྲངས་མེད་པ་མང་པོར་བསགས་པས་ཆེན་པོ་ཉིད་དུ་བསྟན་པའི་ཕྱིར། ཤིན་ཏུ་ཡུན་རིང་ཞེས་བྱ་བ་སྨོས་སོ། །གང་ཅུང་ཟད་བསོད་ནམས་འབྱུང་བའི་རྒྱུར་གྱུར་བ་དེ་མཐའ་དག་ལུས་དང་ངག་དང་ཡིད་རྣམས་ཀྱིས་བསྟེན་པའི་ཕྱིར་ཀུན་ཚེ་ཞེས་བྱ་བ་སྨོས་སོ། །ཐབས་ནི་མངོན་པར་འདོད་པའི་དོན་ཤིན་ཏུ་བྱ་དཀའ་བ་ཡང་འབད་པ་མེད་པར་སྒྲུབ་པར་ནུས་པའི་རྒྱུ་ཉེ་བར་རྟོགས་པའོ། །དེ་ལ་ཐབས་ལ་མཁས་པའི་སྟོབས་དཔག་ཏུ་མེད་པས་བར་མཚམས་མེད་པར་བསྐལ་པ་གྲངས་མེད་པ་སྟོང་ཕྲག་བརྒྱར་ཉེ་བར་བསགས་པའི་བསོད་ནམས་ནི་ནམ་མཁའ་ལྟར་མཐའ་ཡས་པའི་ཕྱིར་ཐམས་ཅད་མཁྱེན་པས་ཀྱང་གཞལ་བར་མི་སྤྱོད་ན། གཞན་དག་ལ་ལྟ་ཅི་སྨོས་ཏེ། བྱིས་པའི་སྐྱེ་བོའི་འཁོར་བའི་ལྷག་མ་བཞིན་ནོ། །ཇི་ལྟར་བྱིས་པའི་སྐྱེ་བོའི་འཁོར་བའི་མཐའ་ཡས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་མཐའ་ཡས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་དང་དུས་མཐའ་ཡས་པའི་ཕྱིར་དང་། ཐབས་མཐའ་ཡས་པའི་ཕྱིར་དང་། སེམས་ཅན་མཐའ་ཡས་པའི་ཕྱིར་རོ། །འདིར་བཤད་པ། གང་ཞིག་རྒྱ་མཚོ་ཆུ་ཐིགས་དང་། །ལྷུན་པོ་ཉུངས་ཀར་ས་གཞི་ནི། །བག་ཙམ་དག་གིས་འཇལ་ནུས་ཏེ། །བྱང་ཆུབ་སེམས་དཔའི་ཡོན་ཏན་འཇལ། །འདིར་སྨྲས་པ། ཡང་ཅིའི་ཕྱིར་སྐྱེས་པའི་རབས་ལ་སོགས་པ་དག་ལས་བྱང་ཆུབ་སེམས་དཔའི་ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱི་གཏེར་དུ་གྱུར་པ་རྣམས་ལ་ཡང་སྦྱིན་པའི་སྒྲ་ཇི་སྐད་དུ་སྙན་པར་འདོན་པ་དེ་སྐད་དུ་གཞན་མ་ཡིན། བཤད་པར་བྱ་སྟེ། འཆི་དང་ཆོས་དང་སྲིད་པ་གཞན། །སྦྱིན་པའི་སྒྲ་ཡིས་གསལ་བྱེད་པ། །དེ་ཕྱིར་བྱང་ཆུབ་སེམས་དཔའ་ལ། །སྦྱིན་པའི་སྒྲ་ནི་རྟག་ཏུ་སྙན། །དེ་ལ་དོ་ནི་གཏུབ་པ་ལའོ། །དེ་ནི་རྔ་པ་ལའོ། །ཞེས་སྐད་ཀྱི་བྱིངས་གཉིས་པ་དེར་སྦྱིན་པའི་སྒྲ་བྱེ་བྲག་ཏུ་འཆད་པ་ནི་དེའི་འཆི་བ་གསལ་བར་བྱེད་པ་སྟེ། དེའི་ཕྱིར་སྐྱོ་བ་དང་རྗེས་སུ་མཐུན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པའི་སྒྲ་སྙན་ནོ། །གང་གི་ཚེ་ད་ཎ་ནི་སྦྱིན་པ་ལའོ། །ཌུད་ཉ་ནི་སྦྱིན་པའི་ལའོ་ཞེས་བྱ་བ་དེ་ལྟར་ཡིན་པ་དེའི་ཚེ་ནི་གཏོང་བའི་རྗོད་པར་བྱེད་པ་ཡིན་པ་དེའི་ཕྱིར་ཆོས་བསྙད་དོ། །གཏོང་བ་ཡང་རྣམ་པ་གསུམ་སྟེ། ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པའི་དབྱེ་བས་སོ། །དེ་ལ་ཟང་ཟིང་གི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་འཇིགས་པའི་སྦྱིན་པ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཀྱི་སྦྱིན་པ་ནི་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་གོ །བརྩོན་འགྲུས་ནི་ཐམས་ཅད་དུ་ཉེ་བར་མཁོ་བའི་ཕྱིར་གསུམ་ཀར་ཡང་འགྱུར་རོ། །དེ་ལྟར་ཆོས་རྗོད་པར་བྱེད་པ་ཡིན་པའི་ཕྱིར་སྦྱིན་པའི་སྒྲ་ནི་སྙན་ནོ། །གང་གི་ཚེ་དེང་ནི་བསྲུང་བ་ལའོ། །དེ་བ་ནི་སྦྱོང་བ་ལའོ། །ཞེས་སྐད་ཀྱི་བྱིངས་གཉིས་པོ་དེར་སྦྱིན་པའི་སྒྲ་བྱེ་བྲག་ཏུ་འཆད་པ་དེའི་ཚེ་ནི། ཚེ་འདི་ཉིད་དུ་ཡུལ་དག་ལ་ལུས་དང་ངག་དང་ཡིད་བསྲུང་བའི་ཕྱིར་དང་། དེ་ཡོངས་སུ་དག་པས་ཇི་ལྟར་འདོད་པ་བཞིན་སྲིད་པ་གཞན་མངོན་པར་སྒྲུབ་པའི་ཕྱིར་ན། སྲིད་པ་གཞན་གསལ་བར་བྱེད་པའི་ཕྱིར་སྦྱིན་པའི་སྒྲ་བྱང་ཆུབ་སེམས་དཔའ་རྣམས་ལ་སྙན་ནོ། །གསད་པར་བྱ་བས་གཏོང་བར་ཐོས་པ་བཞིན་ནོ། །གསད་པར་བྱ་བ་ལ་ཐར་པའི་སྒྲ་ལས་སྒྲ་གཞན་ཆེས་སྙན་པ་འགའ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་སྦྱིན་པའི་སྒྲ་སྙན་པ་ལས་ཆེས་སྙན་པའི་སྒྲ་གཞན་མེད་དེ། དེ་ནི་བསོད་ནམས་དང་མི་རྟག་པ་ཉིད་དང་། སྲིད་པ་གཞན་གསལ་བར་བྱེད་པའི་ཕྱིར་རོ། །འདིར་བཤད་པ། གང་ཕྱིར་སྦྱིན་པས་གཏོང་པོ་དང་། །ལེན་པ་པོ་ལ་བདེ་འདྲེན་པ། །དེ་ཕྱིར་སྦྱིན་སྒྲ་རྫོགས་པ་ཡི། །བྱང་ཆུབ་སེམས་དཔའ་ལ་རྟག་སྙན། །འདིར་སྨྲས་པ། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཁོ་ན་མཐའ་ཡས་ཀྱི། གཞན་དག་གི་ནི་མ་ཡིན་ནོ་ཞེས་བྱ་བ་ཁྱད་པར་ཅི་ཡོད། འབྲས་བུ་ལ་མི་ལྟོས་པའི་ཕྱིར་རོ། །གང་ཞིག འདིར་སྦྱིན་པ་ཡི་སྦྱིན་པ་ལ། །འབྲས་བུ་ཆེན་པོ་འབྱུང་འགྱུར་ཞེས། །ལེན་དང་ཡོངས་སུ་གཏོང་བ་ནི། །ཚོང་སྤོགས་བཞིན་དུ་སྨད་པར་འགྱུར། །གཞན་དག་འབྲས་བུ་བསྔགས་པར་བྱེད་ཅིང་གཏོང་བ་དང་ལེན་པ་སྒྲུབ་པར་བྱེད་པ་དེ་ནི་ཇི་ལྟར་ཚོང་པ་དག་ཁེའི་ཕྱིར་རྫས་གཏོང་བ་དེ་དང་འདྲ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པས་གཞན་མངོན་པར་མཐོ་བར་བྱ་བའི་ཆེད་ཁོ་ནར་ཡོངས་སུ་གཏོང་སྟེ། དེའི་ཕྱིར་དེ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ལ་ཟད་པ་མེད་དོ། །ཡོ་བྱད་ཐམས་ཅད་བཙོངས་པའི་ཁེ་བཞིན་ནོ། །ཇི་ལྟར་ཡོ་བྱད་ཐམས་ཅད་བཙོངས་པར་གྱུར་པ་དང་། རྫས་དང་བཅས་པའི་ཚོང་པ་ལ་ཁེ་ཙམ་ཁོ་ནར་འགྱུར་གྱི་བསོད་ནམས་མ་ཡིན་པ་དེ་བཞིན་དུ། འབྲས་བུ་འདོད་པའི་སྦྱིན་པ་པོ་ལ་ལོངས་སྤྱོད་ཆེན་པོ་ཉིད་དུ་འགྱུར་གྱི་ཐར་པ་ནི་མ་ཡིན་ཏེ། འཁོར་བའི་བཙོན་རའི་ཁང་པར་བསྡམས་པའི་ཕྱིར་རོ། །འདིར་བཤད་པ། སྦྱིན་གང་སེར་སྣ་དང་བྲལ་བ། །སྣོད་དམ་སྣོད་མིན་དེ་དག་ལ། །མཉམ་པར་སེམས་སྙོམས་པས་གཏོང་བའི། །སྦྱིན་དེ་སྦྱིན་པ་པོ་ལས་དག །བརྩེ་བས་སྦྱིན་དང་སྦྱིན་པའི་འབྲས། །གཉི་གའང་ཅིག་ཅར་དོན་གཉེར་ལ། །གཏོང་བའི་སྦྱིན་གང་སེར་སྣ་མེད། །དེ་ནི་དམ་པ་རྣམས་ཀྱིས་བསྔགས། །དེའི་ཕྱིར་དེ་ལྟར་ན། རྒྱུད་དགེ་བ་ལ་གཅིག་ཏུ་གཏད་ཅིང་གཞན་ལ་ཕན་གདགས་པའི་ཕྱིར་འཁོར་བའི་བར་དུ་གནས་པ། སེམས་ཅན་གྱི་ཕུང་པོ་མཐའ་ཡས་པ་ལྟར་རྒྱ་ཆེ་བའི་བསོད་ནམས་གཞལ་དུ་མེད་པ་ཉེ་བར་བསགས་པ། གང་ལ་ཕྱོགས་ཙམ་གྱིས་དོན་མ་ཡིན་པ་བྱས་པ་ལས་མི་དགེ་བ་གང་འཕངས་པའམ་ཉེ་བར་བསགས་པར་གྱུར་པ། སྔར་བྱས་སྡིག་པ་དེ་ཡང་ནི། །ཡོད་ཉིད་ཡོད་པ་མ་ཡིན་པ། །དགེ་བའི་ལས་ཅན་དེ་ལ་ནི། །སྒྲུབ་མིན་ཞེས་བྱ་ཡོད་མ་ཡིན། །བསོད་ནམས་མ་ཡིན་པ་ཆུང་ངུ་ཡང་མེད་པའི་ཕྱིར་དང་། དགེ་བའི་རྩ་བ་ཉེ་བར་བསགས་པའི་ཁྱད་པར་གྱི་ཕྱིར་ན། ཕོད་པར་གྱུར་པའི་སེམས་ཅན་གྱི་དོན་མཐའ་དག་འགྲུབ་པར་འགྱུར་རོ། །ལན་ཚྭའི་སྲང་ལྟ་བུ་བཞིན་ཏེ། ལན་ཚྭའི་སྲང་ལྟ་བུའི་མདོའི་དོན་རྒྱས་པར་བརྗོད་པར་བྱའོ། །དེའི་དོན་མདོར་བསྡུས་པ་ནི། ལན་ཚྭ་སྲང་འགའ་ཆུ་ནི་ཉུང་ངུ་ཞིག །རོ་བསྒྱུར་བགྱིད་ཀྱི་གངྒཱའི་ཀླུང་མིན་ལྟར། །དེ་བཞིན་སྡིག་པའི་ལས་ཀྱང་དགེ་བ་ཡི། །རྩ་བ་ཆུང་དང་ཆེ་ཡངས་ལ་མཁྱེན་བགྱི། །ཞེས་བྱ་བའོ། །འདིར་བཤད་པ། གང་གི་ཆོས་ཀྱི་སྒྲིབ་པ་རྣམས། །རྣམ་པ་ཀུན་ཏུ་སྤང་གྱུར་པ། །མྱ་ངན་འདས་པ་དེ་དག་ལ། །བསྒྲུབ་པར་བྱ་མིན་ཅི་ཡང་མེད། །གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་གཅིག་ཏུ་དགེ་ཞིང་ཕྱིར་མི་ལྡོག་པ་ཡིན་ན་ཅིའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་ཞེ་ན། བཤད་པར་བྱ་སྟེ། རླབས་ཆེན་ཡིད་ཅན་དེ་ལ་ནི། །འདི་ནའང་གནོད་པ་ཡོད་མིན་ཏེ། །དེས་ན་དེ་ལ་སྲིད་པ་དང་། །མྱ་ངན་འདས་ལ་ཁྱད་པར་མེད། །གང་གི་ཕྱིར་གང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པའི་ཡིད་རྒྱ་ཆེ་ཞིང་ཉེ་བར་མི་དམིགས་པ་ཡིན་ལ། འཁོར་བ་ན་འཁོར་ན་དེའི་ཡིད་ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མི་རྨོངས་ཤིང་། །ཆུས་པདྨ་ལྟར་འཁོར་བའི་མཚོར་ཡིད་ཉེ་བར་ཉོན་མོངས་པའི་དྲི་མ་དག་གིས་མི་གོས་པ་དེའི་ཕྱིར་དེ་ལ་འདི་ན་ཡང་གནོད་པ་མེད་དོ། །དེ་ལ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་གྱི་གནོད་པ་མེད་པའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་ལ་ཁྱད་པར་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོའོ། །བུ་གཅིག་པ་ན་བའི་རིམ་གྲོ་མ་བཞིན་ནོ། །ཇི་ལྟར་བུ་གཅིག་པ་ན་བའི་རིམ་གྲོ་བྱེད་པ་ན་མ་ཡིད་མི་འབྱུང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉོན་མོངས་པའི་ནད་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་རིམ་གྲོ་དེ་དང་དེ་བྱེད་པ་ན་སྐྱོ་བར་ཡང་མི་འགྱུར་རོ། །འདིར་བཤད་པ། དབང་བཅུ་རྣམ་དག་དབང་གྱུར་པ། །ཀུན་ཀྱང་གང་དག་ལ་ཡོད་པ། །དེ་དག་ལ་དེར་སྲིད་པ་འམ། །མྱ་ངན་འདས་ཁྱད་ཅི་ཞིག་ཡོད། །ཇི་སྐད་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཡེ་ཤེས་ཀྱིས་ནི་ཕུང་པོ་སྟོང་པར་ཤེས། །ཤེས་ནས་ཉོན་མོངས་རྣམས་དང་ང་མི་འགྲོགས། །ཐ་སྙད་ཙམ་གྱིས་རྣམ་པར་དཔྱོད་བྱེད་ཅིང་། །འཇིག་རྟེན་འདི་ན་མྱ་ངན་འདས་པར་གནས། །ཞེས་གསུངས་སོ། །འདིར་སྨྲས་པ། སེམས་བསྐྱེད་པ་དང་པོ་ཉེ་བར་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་ཕལ་ཆེར་དབང་འབྱོར་པར་འགྱུར་རོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། བཤད་པར་བྱ་སྟེ། གང་ལ་ཀུན་ཚེ་སེམས་དབང་ནི། །ཉིད་ལས་སྐྱེ་བ་ཡོད་གྱུར་པ། །དེ་ཀོ་རྒྱུ་ཅིས་འཇིག་རྟེན་ནི། །ཀུན་གྱི་མངའ་བདག་འགྱུར་མ་ཡིན། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས་བསམས་བཞིན་དུ་སྲིད་པ་ཡོངས་སུ་ལེན་པར་བྱེད་པ་དེ་རྒྱུ་ཅིས་ཐམས་ཅད་ཀྱི་ཚེ་འཇིག་རྟེན་ཐམས་ཅད་ཀྱི་མངའ་བདག་ཏུ་མི་འགྱུར། ཡིད་བཞིན་གྱི་ནོར་བུ་བཞིན་དང་། དཔག་བསམ་གྱི་ཤིང་ཆེན་པོ་དང་། བུམ་པ་བཟང་པོ་བཞིན་ནོ། །ཇི་ལྟར་ཡིད་བཞིན་གྱི་ནོར་བུ་འདོད་པའི་དོན་སྟེར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་ཀྱང་ཡིན་ལ། ཡང་ཇི་ལྟར་དཔག་བསམ་གྱི་ཤིང་འཇིག་རྟེན་ཡོངས་ཀྱི་ཡིད་ལ་མངོན་པར་འདོད་པའི་གནས་སྐབས་ཀྱི་འབྲས་བུ་སྟེར་བར་བྱེད་པ་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཡིན་ཏེ། དེའི་ཕྱིར་དགེ་བའི་རྩོམ་པ་ཐམས་ཅད་འདི་ལ་རག་ལས་པ་ཡིན་ནོ། །འདིར་བཤད་པ། གང་དག་ལ་ནི་ཡིད་དག་དང་། །བསོད་ནམས་སྟོབས་ཡོངས་ཡོད་གྱུར་པ། །དེ་དག་བསམས་བཞིན་འགྲོ་བར་ནི། །མི་འགྱུར་ཞེས་འདིར་རྒྱུ་ཅི་ཡོད། །བྱང་ཆུབ་སེམས་དཔའི་མཐུ་ལས་ཀྱང་དེའི་སྤྱོད་པའི་འབྲས་བུའི་ངོ་བོ་སངས་རྒྱས་བཅོམ་ལྡན་འདས་དཔེ་མི་མངའ་བ་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་རྣམས་སོ། །གང་དག་ཁ་ཅིག་ནི་རང་གི་ལྷག་པར་མོས་པས་དབུལ་བ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་དེ་ལྟར་མི་རྟོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་སྐུར་པ་འདེབས་པར་ཡང་བྱེད་དེ། དེ་སྐད་དུ་ཡང་། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། སྐྱེས་བུ་ཉིད་ཡིན་པའི་ཕྱིར་མི་གཞན་བཞིན་ནོ། །ཞེས་སྨྲའོ། །དེའི་ཕྱིར་འདིར་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ཞེས་སྨྲ་བ་འདི་ལ་འདི་སྐད་དྲི་བར་བྱ་སྟེ། གང་དམ་བཅའ་བའི་ཚིག་གཉིས་ཉེ་བར་བཀོད་པ་དེ་ཅི་དོན་གཅིག་པ་ཞིག་གམ། འོན་ཏེ་དོན་ཐ་དད་པ་ཞིག་ཡིན་གྲང་། །དོན་གཅིག་གོ་ཞེ་ན་ནི། ཟློས་པའི་ཉེས་པར་འགྱུར་རོ། །དོན་ཐ་དད་དོ་ཞེ་ན་བརྗོད་པར་འདོད་པའི་དོན་གོ་བར་བྱེད་པ་མ་ཡིན་ནོ། །བརྗོད་དུ་མེད་པ་ཡིན་ནོ་ཞེ་ན། བརྗོད་དུ་མེད་པ་ཉིད་འདི་ཅི་ཞིག གལ་ཏེ་བརྗོད་པ་ཉིད་མེད་པ་ཉིད་ཡིན་ན་ནི། །དེའི་ཕྱིར་ཚིག་འདི་གཉིས་མ་སྨྲས་པ་ཉིད་ཀྱི་ཕྱིར་དོན་ཅི་ཡང་གོ་བར་མི་བྱེད་དོ། །ཅི་སྟེ་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་བརྗོད་དུ་མེད་པ་ཡིན་ནོ་ཞེ་ན། འོ་ན་ནི་ཇི་སྐད་དུ་བརྗོད་པར་བྱ་བ་དེ་སྐད་དུ་བརྗོད་པར་གྱིས་ཤིག གང་གཅིག་མ་ཡིན་ཞིང་གཅིག་མ་ཡིན་པ་ཡང་མ་ཡིན་པའི་དངོས་པོ་དེ་ལྟ་བུ་ནི་སྲིད་པར་བྱ་བ་ཡང་མི་ནུས་སོ། །དེའི་ཕྱིར་དེ་ལྟར་རང་གིས་དམ་བཅས་པའི་ངག་གི་དོན་ཁོང་དུ་ཆུད་པར་མི་ནུས་པས་ཀོ་རྩོད་པ་ག་ལ་རྙེད། གཏན་ཚིགས་འདི་ཡང་དམ་བཅའ་བ་ལས་ཐ་དད་པ་ཞིག་བསྒྲུབ་བྱའི་དོན་གོ་བར་བྱེད་དམ། ཐ་མི་དད་པ་ཞིག་ཡིན་གྲང་། གལ་ཏེ་ཐ་དད་ན་ནི་དེ་ཐ་དད་པ་ཉིད་ཀྱི་ཕྱིར་གོ་བར་མི་བྱེད་དེ། ཐ་དད་པ་གཞན་བཞིན་ནོ། །ཅི་སྟེ་ཐ་མི་དད་ན། དེ་ལྟ་ན་ཡང་དམ་བཅའ་བའི་རང་གི་བདག་ཉིད་ལྟར་གོ་བར་མི་བྱེད་དོ། །གལ་ཏེ་འདི་ནི་ལྟག་ཆོད་ཞིག་གོ་ཞེ་ན། ལན་ཡོད་ན་ནི་ལྟག་ཆོད་དུ་འགྱུར་བ་ཞིག་ན་དེ་ཡང་ང་ལ་གདབ་པར་མི་ནུས་ཏེ། གང་དང་གང་སྨྲས་པ་དེ་དང་དེ་གཉི་ག་ལ་གྲུབ་པ་མེད་པའི་ཕྱིར་རོ། །གང་ཞིག་གཉི་ག་ལ་འགྲུབ་པར་འགྱུར་བ་དག་གིས་ནི་ཅི་ཡང་ཁས་མ་བླངས་སོ། །ཅི་ཁྱོད་ལ་ཐམས་ཅད་མེད་དམ་ཞེ་ན། རེ་ཞིག་ཐམས་ཅད་ཉིད་བརྗོད་པར་བྱ་དགོས་ཏེ། དེ་ནས་དེ་ཡོད་པའམ་མེད་པ་ཞེས་བྱ་བ་དེར་འགྱུར་བ་ཐམས་ཅད་ཅེས་བྱ་བའི་དངོས་པོ་འདི་ཅི་ཞིག ཅི་སྟེ་ཁྱོད་ཀྱང་མེད་དམ། ཅི་ཁྱོད་ཡོད་པ་ཞི་གམ། ཡོད་ན་ནི་རེ་ཞིག་བདག་སྒྲུབས་ཤིག བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་རྣམ་པར་དཔྱད་པ་ན་ཁྱོད་ལ་ཡོད་པ་ཉིད་མེད་ལ། དེ་བཞིན་དུ་རྒྱུ་ལ་ཡང་ཡོད་པ་དང་། མེད་པ་དང་དུས་གསུམ་དུ་ཡང་མི་སྲིད་པས་ཇི་ལྟར་ཁྱོད་ཀྱི་ཡོད་པ་ཉིད་དུ་འགྱུར། ཁྱོད་ལ་འཇིག་རྟེན་པ་དང་འགལ་བར་འགྱུར་རོ་ཞེ་ན། བདག་དང་འཇིག་རྟེན་མི་འགལ་ཏེ། འདི་ལྟར་བདག་ནི་ཁྱོད་ལ་ཡང་རྣམ་པ་གཞན་དུ་ཞུགས་ལ། འཇིག་རྟེན་ལ་ཡང་རྣམ་པ་གཞན་དུ་ཡིན་ནོ། །ཁྱོད་ནི་མཁས་པར་རློམ་པ་ཞིག་སྟེ། བདག་གིས་ཚིག་འདི་ལྟ་བུས་དེའི་མཁས་པར་རློམ་པ་ཉིད་དེ་སེལ་བར་བྱེད་དོ། །ཁྱོད་ནི་དེས་འཇིག་རྟེན་སླུ་བར་བྱེད་དེ། དེ་བསལ་བས་འཇིག་རྟེན་ཡོངས་སུ་བསྐྱངས་པར་འགྱུར་རོ། །གང་གི་ཚེ་འཇིག་རྟེན་དང་ལྷན་ཅིག་སྨྲ་བ་དེའི་ཚེ་ན་ནི་འཇིག་རྟེན་གྱི་རྟོགས་པ་མ་བསལ་བར་འཇིག་རྟེན་པའི་དངོས་པོ་ལ་ཐ་སྙད་དུ་བྱེད་དེ། བདག་དང་འཇིག་རྟེན་ལ་ནི་འཇིག་རྟེན་པའི་དོན་ལ་ཚིག་ཐ་དད་པའམ་བློ་ཐ་དད་པ་མེད་ལ། ཁྱོད་ནི་རང་གི་བློས་ཕྱིན་ཅི་ལོག་ཏུ་རྟོགས་པས་བསླུས་ལ། རྗེས་སུ་དཔག་པས་གཙོར་བྱེད་ཅིང་བདག་ཉིད་མཁས་པར་ཁས་འཆེས་ནས་འཇུག་པས་ཁོ་བོས་དེ་མི་བཟོད་དོ། །ཁྱོད་ཇི་ལྟ་བ་དེ་བཞིན་དུ་གྲུབ་པའི་མཐའ་གཞན་གྱིས་བསླུས་ཤིང་མཁས་པར་རློམ་པ་གཞན་རྣམས་ཀྱང་ཡིན་པས་ཐམས་ཅད་ཀྱང་བདག་གིས་དགག་པར་བྱའོ། །རྗེས་སུ་དཔག་པས་གཙོ་བོར་གྱུར་པ་འདི་ལ་ནི་མི་འདོད་པ་མང་པོར་འགྱུར་ཏེ། མ་ལ་སོགས་པ་དག་ཀྱང་འདིའི་བགྲོད་བྱ་མ་ཡིན་པར་མི་འགྱུར་ཏེ། བུད་མེད་ཉིད་ཀྱི་ཕྱིར་རང་གི་ཆུང་མ་བཞིན་ནོ། །དེ་བཞིན་དུ་འདིའི་ལྟར་ན་རིག་བྱེད་ཀྱི་སྒྲ་ཡང་རྟག་པ་དང་མ་བྱས་པ་དང་རང་འབྱུང་དང་ཚད་མར་མི་འགྱུར་ཏེ། སྒྲ་ཉིད་ཡིན་པའི་ཕྱིར་སྨྱོན་པའི་སྒྲ་བཞིན་ནོ། །འདི་ནི་བྲམ་ཟེར་ཡང་མི་འགྱུར་ཏེ། ལག་པ་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཉ་པ་ལ་སོགས་པ་བཞིན་ནོ་ཞེས་འདིའི་མངོན་པར་འདོད་པ་ཐམས་ཅད་ཉམས་པར་འགྱུར་རོ། །འདིས་འཇིག་རྟེན་གྱི་གནོད་པ་གཞུག་པར་ཡང་མི་ནུས་ཏེ། འཇིག་རྟེན་གྱི་མཐོང་བ་ཚད་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ལ། འཇིག་རྟེན་དང་འགལ་བའི་དོན་སྨྲ་བ་ཚད་མ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ནས་དང་ཏིལ་དང་སཱ་ལུ་ལ་སོགས་པ་དག་ལྟར་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་ཁས་ལེན་པས་འགྲོ་བའི་བླ་མ་དེ་བཞིན་གཤེགས་པ་རྣམས་ཀྱི་བསམ་གྱི་མི་ཁྱབ་པ་ཉིད་ཁས་བླང་བར་ནུས་པ་ཉིད་དོ། །འདི་ལྟར། ཕུལ་འགྲོ་ལས་ཆེས་ཕུལ་འགྲོ་བ། །འགའ་ཞིག་འཇིག་རྟེན་འདིར་ཡང་སྣང་། །དེས་ན་བསམ་མི་ཁྱབ་མཐུ་ཡང་། །ངེས་པར་ཡོད་ཅེས་རྟོགས་པར་གྱིས། །རིགས་ཀྱི་ཕུལ་དུ་བྱུང་བ་བྲམ་ཟེ་ལ་ཐུགས་པ་དང་སྐྱེ་བའི་གནས་ཀྱི་ཕུལ་དུ་བྱུང་བ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ལ་ཐུག་པ་དང་། རིའི་ཕུལ་དུ་བྱུང་བ་ལྷུན་པོ་ལ་ཐུག་པ་དང་། རྒྱལ་པོའི་ཕུལ་དུ་བྱུང་བ་འཁོར་ལོས་སྒྱུར་བ་ལ་ཐུག་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་པའི་ཕུལ་དུ་བྱུང་བ་ཡང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཐུག་པའི་བྱུང་བར་འགྱུར་རོ། །དེའི་ཕྱིར་ཕུན་སུམ་ཚོགས་པ་དག་གི་ཁྱད་པར་གྱི་གནས་སྐབས་མཐོང་བའི་ཕྱིར་འདི་ཡང་ཕུལ་དུ་བྱུང་བ་དང་ལྡན་པར་འགྱུར་རོ་ཞེས་བྱ་བར་སྲིད་དེ། རྒྱུ་ཡང་དག་པར་སྦྱར་བ་དག་གིས་རང་དང་མཐུན་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཉེ་བར་སྐྱེད་པར་བྱེད་དོ་ཞེས་བྱ་བ་འདི་ནི་བྱིས་པའི་བར་ལ་རབ་ཏུ་གྲགས་སོ། །རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྱོར་པ་ཤིན་ཏུ་རྒྱ་ཆེ་ཞིང་ཉམས་པར་རྟོགས་པ་མེད་པ་ཡིན་ལ། འབྲས་བུ་ཡང་དེ་དང་རྗེས་སུ་མཐུན་པ་དེ་བཞིན་གཤེགས་པ་ཡིན་པས་འགྲོ་བའི་བླ་མ་རྣམས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་འབྱོར་པ་རྒྱ་ཆེན་པོ་སྲིད་དོ། །འབྲུ་མར་གྱི་བུམ་པ་བརྒྱ་ཉེ་བར་སྦྱོར་བ་ལ་དགེ་སྦྱོང་གི་རྐྱེན་བཞིན་ནོ། །དགེ་སློང་མཁས་པ་འགའ་ཞིག་གནས་ཀྱི་ཆེད་དུ་དབུལ་པོ་ཞིག་གི་ཁྱིམ་དུ་ཞུགས་ལ། དབུལ་པོ་དེས་ཀྱང་དེ་ལ་རྐང་པར་བསྐུ་བའི་འབྲུ་མར་དང་མལ་ཆ་བསྟབས་པར་གྱུར་ཏོ། །དེ་ནས་གང་ཞིག་ཡུལ་དེར་ཡུལ་དཔོན་དུ་གྱུར་པ་དེས་དགེ་སློང་དེ་འོངས་སོ་ཞེས་ཐོས་པར་གྱུར་པ་དང་། དེས་དགེ་སློང་དེའི་གན་དུ་འོངས་ནས་ཅི་བགྱི་བཀའ་སྩོལ་ཅིག་ཅེས་དགེ་སློང་དེ་ལ་གུས་པས་གསོལ་བ་བཏབ་བོ། །དགེ་སློང་དེས་གང་གི་ཁྱིམ་དུ་ཁོ་བོས་མཚན་མོ་གནས་བཅས་པའི་སྐྱེས་བུ་འདི་ལ་འབྲུ་མར་བུམ་པ་བརྒྱ་བྱིན་ཅིག་ཅེས་སྨྲས་ལ། དེས་ཀྱང་དེ་བཞིན་དུ་བྱས་ཏེ་དེ་ལྟར་ན་འཇིག་རྟེན་ན་ཕུལ་དུ་འགྲོ་བ་པས་ཆེས་ཕུལ་དུ་འགྲོ་བ་མཐོང་ངོ་། །རྗེས་སུ་དཔག་པ་འདིས་ནི་གང་ཞིག་བསམ་གྱིས་མི་ཁྱབ་པ་མཐུའི་སྟོབས་ཁྱད་པར་དུ་གྱུར་པ་དེ་འགའ་ཞིག་ཡོད་དོ་ཞེས་བྱ་བར་རྟོགས་པར་བྱའོ། །འདིར་བཤད་པ། མངོན་སུམ་མིན་དོན་གང་དེ་དག །མངོན་སུམ་དོན་གྱིས་རྟོགས་བྱ་དེ། །མེད་ཅེས་བྱ་བར་བརྗོད་མིན་ཏེ། །ཆེ་ཀུན་ཆེ་རྣམས་ལ་འགྱུར་རོ། །འདིར་སྨྲས་པ། ཡང་ཅིའི་ཕྱིར་སེམས་ཅན་འདི་དག་ཕལ་ཆེར་ཐེག་པ་ཆེན་པོ་ལ་སྐྲག་ཅིང་། ཇི་སྐད་བཤད་པའི་མཐུའི་ཁྱད་པར་ལ་ཡང་མི་གུས་པར་འགྱུར། སྐྲག་པའི་ཕྱིར་རོ། །འདི་ལྟར། བླུན་ལ་ཤིན་ཏུ་ཟབ་ཆོས་ལ། །སྐྲག་པ་སྐྱེ་བ་ཇི་ལྟ་བ། །དེ་བཞིན་ཞེན་ལ་ཤིན་ཏུ་ནི། །རྨད་བྱུང་ཆོས་ལ་སྐྲག་པ་སྐྱེ། །ཇི་ལྟར་བློ་ཞེན་པ་རྣམས་བླུན་པའི་རང་བཞིན་ཅན་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་པར་མི་ནུས་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་རང་བཞིན་གྱིས་མ་སྐྱེས་པའི་མཚན་ཉིད་ཅན་བདག་དང་བདག་གི་བ་དང་བྲལ་བ་ལ་སྐྲག་པ་དེ་བཞིན་དུ། ཕྲ་མོ་ལྟ་བུ་རྣམས་ཀྱང་རྒྱ་ཆེ་བའི་ཁྱད་པར་དང་ལྡན་པའི་ཆོས་ལ་ཡིན་ཏེ། དེའི་ཕྱིར་བྱིས་པ་རྣམས་ནི་མོས་པ་དམན་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཕུལ་དུ་བྱུང་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཐར་ཐུག་པ་དེ་ལ་མི་དད་དོ། །དེ་ལས་དེ་མེད་པ་ཡང་མ་ཡིན་ཏེ། དེ་མངོན་པར་འདོད་ཅིང་འགྲོ་བ་མཐའ་དག་རྗེས་སུ་འཛིན་པར་འདོད་པས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་གསལ་བར་བྱེད་པའི་ཐེག་པ་ཆེན་པོ་ལ་རབ་ཏུ་དད་པ་བསྐྱེད་དེ། དེ་ལ་ལྷག་པར་མོས་པ་ལ་བདག་ཉིད་ངེས་པར་སྦྱར་བར་བྱའོ། །འཕགས་པ་ལུས་བཟང་བཞིན་ནོ། །ཇི་ལྟར་ས་བདག་འཕགས་པ་ལུས་བཟང་ཁྱིམ་པར་གྱུར་པ། རི་དྭགས་ཀྱི་བརྟུལ་ཞུགས་ཅན་རི་དྭགས་མོ་ལ་ལོག་པར་ཞུགས་པ་མཐོང་ནས་དགེ་སློང་རྣམས་ལ་ཡིད་མི་ཆེས་པར་འགྱུར་ཞིང་། ངའི་གནས་སྐབས་ཅི་ཞིག་ཏུ་འགྱུར་ཞིག་གུ། གང་དུ་རི་དྭགས་ཀྱི་བརྟུལ་ཞུགས་ཅན་རྣམས་ལ། །ཇི་ལྟ་བུ་སྡུག་བསྔལ་བར་གྱུར་པ་དག་ལ་འཁྲིག་པའི་གོམས་པ་མི་ལྡོག་ན། ཡང་འདི་ལྟར་མཆོག་ཏུ་བདེ་བར་གྱུར་པའི་ཤཱཀྱ་རྣམས་ལ་ལྡོག་པ་ལྟ་ཅི་སྨོས་ཞེས་སླས་ཀྱི་ནང་དུ་དགེ་སློང་འཇུག་པ་རྣམས་ལ་འཇིགས་པར་ཡང་གྱུར་ཏོ། །གང་ཚེ་སྣ་ཚོགས་བཤེས་གཉེན་གནས་འཇོག་ཀན་ནཱ་སེར་སྐྱ་ཆུ་ཀླུང་ཟ་བ་རྣམས། །ན་ཆུང་རྣམས་ཀྱི་མིག་དཀྱུས་རིང་པོས་བལྟས་པ་དག་གིས་ཆུ་སོའི་དབང་བྱས་ན། །མར་དང་བཅས་ཤིང་སྲན་ཚོད་ཤར་བཅས་ཞོ་མཆོག་གིས་བརྒྱན་ཁ་ཟས་ཟོས་གྱུར་ནས། །གལ་ཏེ་ཤཱཀྱ་རྣམས་ཀྱི་དབང་ཐུལ་གྱུར་ན་འབིགས་བྱེད་རྒྱ་མཚོར་འཕྱོ་བར་འགྱུར། །ཞེས་ཀྱང་སྨྲའོ། །དེས་བཙུན་མོའི་འཁོར་ནས་དགེ་སློང་བཟློག་ལ། དེ་སྤུན་ཟླ་ཐུ་བོ་མཁས་པ་རྒྱལ་པོ་མྱ་ངན་མེད་ཀྱིས་བསད་པར་བཀའ་ལུང་སྩལ་པའི་ཐབས་ཀྱིས་བཏུལ་བར་ཡང་གྱུར་ཏོ། །དེ་བཞིན་དུ་བླུན་པོ་ཡང་ཟབ་ཅིང་ཤིན་ཏུ་རྒྱ་ཆེ་བའི་ཆོས་འདི་ལ་མོས་པར་ཇི་ལྟར་འགྱུར་ཏེ། ལྷག་པར་ཞེན་པ་འཐོབ་པ་སྨོས་ཀྱང་ཅི་དགོས། འདིར་བཤད་པ། ཟབ་པ་དང་ནི་རྒྱ་ཆེའི་གཏམ། །ཕལ་ཆེར་ཐེག་པ་ཆེ་ལས་བསྟན། །དེས་ན་ཡིད་ཆུང་དམན་པ་རྣམས། །འདི་ལ་སྐྲག་པ་ཡང་དག་སྐྱེ། །ཆོས་འདི་བློ་ཆུང་རྣམས་དང་ནི། །དམན་པ་རྣམས་ཀྱིའང་སྤྱོད་ཡུལ་མིན། །ཆོས་འདི་སངས་རྒྱས་སྲས་རྣམས་ཀྱི། །ཡུལ་དུ་རྒྱལ་བ་རྣམས་ཀྱིས་གསུངས། །ལྷ་ཡི་ཐེག་དང་ཚངས་པའི་ཐེག །ཉི་ཚེ་བ་ཡི་ཐེག་པ་གང་། །ཐམས་ཅད་ཐེག་པ་ཆེན་པོ་ཡི། །གནས་ཆེན་འདིར་ནི་འདུ་བར་འགྱུར། །དེ་ཕྱིར་འདི་ནི་ཐེག་ཆེན་ནམ། །གང་ཕྱིར་ཆེ་རྣམས་ཀྱིས་བསྟེན་པའམ། །ཡོན་ཏན་ཆེན་པོར་ཉིད་ཀྱི་ཕྱིར། །ཆེ་རྣམས་ཀྱིས་འདི་བཟུང་བ་འམ། །ཡོན་ཏན་ཕུང་པོ་ཆེན་པོར་ནི། །མྱ་ངན་འདས་རྣམས་ཕན་འདོགས་པའམ། །དམ་པ་རྣམས་ཀྱིས་མཆོད་པའི་ཕྱིར། །འདི་ནི་ཐེག་པ་ཆེན་པོར་འདོད། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་ལྔ་པའི་འགྲེལ་པའོ།།    །།ཡང་དེ་ལྟར་བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི་ཚོགས་ཕུལ་དུ་བྱུང་བ་ཁོང་དུ་ཆུད་པ། འགྲོ་བའི་གཉེན་གཅིག་པུ་དེས་ནི་རྒུད་པ་ཐམས་ཅད་འབྱུང་བའི་གནས་ནི་འཁོར་བ་ཡིན་ནོ་ཞེས་རིག་པར་བྱ། འགྲོ་བ་རྣམས་ལ་དེ་གཅད་པར་བྱ་བའི་ཕྱིར་སྒྲིམ་པ་དང་ལྡན་པར་བྱ་དགོས་སོ། །དེ་ནི་ཅི་ནས་སླར་མི་འབྱུང་བའི་ཆོས་ཅན་དུ་འགྱུར་བར་རྒྱུ་བཀག་པ་ལས་དགག་པར་བྱ་ལ། དེའི་རྒྱུ་ཡང་ཉོན་མོངས་པ་རྣམས་དང་ལས་རྣམས་ཡིན་ནོ། །དེའི་ཕྱིར་འདུལ་བའི་སྐྱེ་བོ་རྣམས་ཉོན་མོངས་པ་དང་ལས་འདི་དག་ཚར་གཅད་པ་ལ་སྦྱར་བར་བྱའོ། །གལ་ཏེ་དེ་ལྟར་ན་རབ་ཏུ་བྱུང་བ་རྣམས་ལ་ཅིའི་ཕྱིར་གཙུག་ལག་ཁང་དང་ཁ་ཟས་དང་ཆོས་གོས་གྱ་ནོམ་པ་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པར་གནང་། འདི་ལྟར་གཙུག་ལག་ཁང་ཆེས་ཡིད་དུ་འོང་བ་ས་གཞི་བསྟར་བ་སྣ་ཚོགས་པས་བརྒྱན་པ། རྩིག་པ་ཚོན་མདོག་ཡིད་དུ་འོང་བས་བསྐུས་པ། སྐར་ཁུང་ཡངས་པ། སྦྲང་བུ་མཆུ་རིངས་དང་ཤ་སྦྲང་དང་སྡིག་སྦྲུལ་དང་བྲལ་བ་དང་། རས་འཇམ་པོས་གཏུམས་པའི་སྟན་དང་སྔས་ནང་ཚངས་ཅན་གྱིས་མཛེས་པར་བྱས་པའི་ཁྲི་འདེགས་དང་བཅས་པ་ཅན་དག་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་གནང་ལ། དེ་བཞིན་དུ་བཟའ་བ་དང་བཏུང་བ་དྲི་ཞིམ་ཞིང་ཤིན་ཏུ་འཇམ་པའི་ཚོད་མ་རོ་བརྒྱ་པ་དང་། ཤ་དང་། ཞོ་དང་། འོ་མ་དང་། མར་དང་། རྒྱལ་མོ་ཀ་རས་བརྒྱན་པ་ཡོངས་སུ་ལོངས་སྤྱོད་པ་དག་དང་། ཆོས་གོས་རིན་འབུམ་ཕྲག་རི་བ་དག་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་གནང་བ་ཡིན་ནོ། །གང་གི་ཕྱིར་འདི་དག་ཐམས་ཅད་ནི་བདེ་བ་དང་རྗེས་སུ་མཐུན་པ་ཡིན་ཞིང་། བདེ་བ་སྒྲུབ་པར་བྱེད་པ་དག་ཀྱང་འདོད་ཆགས་ཀྱི་གཞི་ཡིན་ལ། ཐོག་མར་གཞི་ཡོངས་སུ་སྤངས་པའི་སྒོ་ནས་ཀྱང་ནད་དག་ཕྱིར་བཅོ་བར་བྱའོ། །དེའི་ཕྱིར་སྡུག་བསྔལ་ཕལ་ཆེ་བའི་ལམ་བསྒྲུབ་པར་བྱ་སྟེ། དཔེར་ན་གཅེར་བུ་པ་དག་བཞིན་ནོ། །ཇི་སྐད་ཉེ་བར་བསྟན་པ་བཞིན་གནས་ཤིང་རླུང་དང་ཉི་མ་གྲང་ཞིང་ཚ་བ་དག་གིས་མངོན་པར་བཅོམ་པ་དྲི་མའི་འདམ་གྱིས་ལུས་སྦགས་པ་དེ་དག་ནི་སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་སྲོན་པ་ཉིད་ཀྱི་ཕྱིར་དཀའ་ཐུབ་ཅན་ཞེས་བྱའོ་ཞེ་ན། བཤད་པར་བྱ་སྟེ། བདེ་བས་འདོད་ཆགས་འཕེལ་འགྱུར་ཞིང་། །སྡུག་བསྔལ་ཁྲོ་བ་འཕེལ་འགྱུར་ན། །ཅིས་བདེ་དཀའ་ཐུབ་ཅན་མིན་ཞིང་། །སྡུག་པ་དཀའ་ཐུབ་ཅན་ཅིས་ཡིན། །གལ་ཏེ་བདེ་བས་འདོད་ཆགས་འཕེལ་བའི་ཕྱིར། བདེ་བ་མྱོང་བར་འགྱུར་པའི་ཡུལ་ཡོངས་སུ་སྤངས་པ་མཆོག་ཏུ་འགྱུར་རོ་སྙམ་ན་ནི་སྡུག་བསྔལ་གྱིས་ཀྱང་ཁྲོ་བ་འཕེལ་བའི་ཕྱིར་སྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་ཡོངས་སུ་སྤངས་པ་ཡང་མཆོག་ཏུ་བཏུས་པར་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་ཁྱོད་ལ་རྒྱུ་གང་གིས་བདེ་བར་འགྱུར་བ་དཀའ་ཐུབ་ཅན་མ་ཡིན་པ་དང་། སྡུག་བསྔལ་ཅན་དཀའ་ཐུབ་ཅན་དུ་འགྱུར། གང་གི་ཕྱིར་ཉོན་མོངས་པས་གདུང་བར་བྱེད་པ་ལས་དཀའ་ཐུབ་ཅན་ཡིན་ན། འདི་དག་ནི་གཉིས་ཆར་ཡང་འདོད་ཆགས་དང་ཞེ་སྡང་གི་མེ་དག་གིས་གདུང་བའི་ཕྱིར། ཇི་ལྟར་གཅིག་དཀའ་ཐུབ་ཅན་ལ་ཅིག་ཤོས་མ་ཡིན། གཞན་ཡང་འདོད་ཆགས་དང་ཞེ་སྡང་དང་སྡུག་པ་དང་མི་སྡུག་པའི་མཚན་མ་ལྷག་པར་སྒྲོ་བཏགས་པས་བསྐྱེད་པ་དག་ནི་བདེ་བ་དང་སྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་ཙམ་ཉེ་བར་ལོངས་སྤྱོད་པ་ཡོད་ཀྱང་སྐྱེ་བར་མི་རིགས་ཏེ། འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་དེ་སྐྱེ་བར་ཐལ་བའི་ཕྱིར་རོ། །སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་སྟོན་པ་ལས་བདེ་བ་མྱོང་བར་འགྱུར་བའི་ལོངས་སྤྱོད་པ་བཀག་པ་ཤཱཀྱ་འདོད་ཆགས་ཅན་རྣམས་ལ་ཡང་འདོད་ཆགས་སྐྱེ་བར་ཐལ་བར་ལྟ་ག་ལ་འགྱུར་ལ། གཙུག་ལག་ཁང་དང་ཟས་དང་ཆོས་གོས་གྱ་ནོམ་པ་ལ་སོགས་པ་ལོངས་སྤྱོད་པའི་ཕྱིར་ཞེ་སྡང་ཅན་རྣམས་ལ་ཡང་ཞེ་སྡང་འབྱུང་བར་ལྟ་ག་ལ་འགྱུར། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཤཱཀྱ་རྣམས་ཁོ་ན་དཀའ་ཐུབ་ཅན་ཡིན་ཏེ། འདོད་ཆགས་དང་བྲལ་བ་ལྟར་ཀུན་ཏུ་འདོད་ཆགས་ཅན་ཡང་ཐབས་ཀྱིས་ཉོན་མོངས་པ་སྤོང་བ་ལ་ཞུགས་པའི་ཕྱིར་རོ། །ཕྱི་རོལ་བ་དག་ནི་སྐྱེ་བོ་རྣམ་པར་རྨོངས་པས་ཉེ་བར་བསྟན་པའི་ལམ་གྱི་རྗེས་སུ་འགྲོ་བས་རྟག་ཏུ་ཉོན་མོངས་པའི་གདུང་བས་གདུངས་པ་ཉིད་ཀྱི་ཕྱིར་དཀའ་ཐུབ་ཅན་མ་ཡིན་པར་འགྱུར་རོ། །བུ་རམ་ཤིང་བཙིར་བ་བཞིན་ནོ། །ཇི་ལྟར་བུ་རམ་ཤིང་བཙིར་བར་གྱུར་པ་དང་། བུ་རམ་གྱི་ཁུ་བ་དང་། ཚིགས་མ་དང་། བུ་རམ་གྱི་དབུ་བ་དང་ཧྭགས་དང་རྒྱལ་མོ་ཀ་ར་ལ་སོགས་པ་རྣམས་འཐོབ་པར་འགྱུར་བ་དེ་བཞིན་དུ། ཤཱཀྱ་རྣམས་ཀྱིས་ཀྱང་སྡུག་པ་དང་མི་སྡུག་པའི་མཚན་མའི་སྒྲོ་མི་འདོགས་པའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གཟིར་བ་ཡིན་དང་། མཐོང་བའི་ཆོས་དང་ཕྱི་མར་བདེ་བའི་ཁྱད་པར་སྣ་ཚོགས་འཐོབ་པར་འགྱུར་གྱི། སྡུག་བསྔལ་གཙོ་བོར་གྱུར་པ་རྣམས་ཀྱིས་དེ་ལྟ་མ་ཡིན་ནོ། །འདིར་བཤད་པ། མི་གང་མཁས་བདེ་འདོད་ཆགས་ཀྱི། །མེ་ཡི་གདུང་བ་བཟོད་པ་དེ། །དོན་དམ་པར་ན་དཀའ་ཐུབ་ཅན། །སྡུག་ལ་འདོད་ཆགས་མེ་ཡོད་མིན། །གལ་ཏེ་ཕྱི་གདུང་ནང་རྨོངས་ཕྱིར། །དཀའ་ཐུབ་ཅན་དེ་ཉིད་དུ་མིན། །རི་དྭགས་འདབ་ཆགས་ཐམས་ཅད་ཀྱང་། །ཅིའི་ཕྱིར་དཀའ་ཐུབ་ཅན་མི་འགྱུར། །ཆོས་མི་མཐུན་ཕྱིར་རིགས་པ་ཡིས། །གཉིས་ཀྱིས་དཀའ་ཐུབ་ཅན་མི་འགྱུར། །འདི་ནི་ཚ་གྲང་དག་ཅིག་ཅར། །གནས་ཡོད་མ་ཡིན་ཇི་བཞིན་ནོ། །གལ་ཏེ་འདོད་པ་ཚད་མ་ནི། །ཆོས་དང་ཆོས་ནི་མ་ཡིན་པའི། །གདུང་ལ་འདོད་པ་མཚུངས་པར་འགྱུར། །གལ་ཏེ་དམ་པའི་བློ་ཆོས་ན། །དམ་མིན་བློ་ཡིས་ཆོས་མི་འགྱུར། །འདོད་ཆགས་ལ་སོགས་པ་དེ་དག་སྤོང་བར་འདོད་པས་དེ་དག་གི་ལས་ཤེས་པར་བྱས་ནས། དེ་དག་གི་གཉེན་པོ་བསྟེན་པར་བྱ་སྟེ། དེ་ལ། འདོད་ཆགས་ལས་ནི་སྡུད་པ་སྟེ། །ཁྲོ་བའི་ལས་ནི་རྩོད་པ་འོ། །འབྱུང་བ་ཀུན་ལ་རླུང་བཞིན་དུ། །གཏི་མུག་ལས་ནི་གསོས་འདེབས་པའོ། །འདོད་ཆགས་ནི་དེ་ལ་མངོན་པར་ཆགས་པས་སེམས་ཅན་དང་སེམས་ཅན་མ་ཡིན་པར་བགྲངས་པའི་དངོས་པོ་ཡང་དག་པར་འཛིན་པར་བྱེད་དེ། དེའི་སྨན་ནི་འཁོར་འདབ་སྤང་བའོ། །ཁྲོ་བ་ནི་ཀུན་ནས་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་ན་འཐབ་པ་དང་རྩོད་པའི་ལས་ཅན་ཏེ། དེའི་སྨན་ནི་ཚོགས་སྡུད་པ་གཏོང་བ་དང་བྱམས་པའི་རྗེས་སུ་འཇུག་པ་དང་། ཡིད་དང་མཐུན་པའི་གཙུག་ལག་ཁང་དང་ཟས་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པའོ། །གཏི་མུག་ནི་མཆོག་དང་མཆོག་མ་ཡིན་པ་མི་ཤེས་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་ཚོགས་ཐམས་ཅད་ཡོངས་སུ་གསལ་བར་བྱེད་དོ། །ཇི་ལྟར་རླུང་ནི་མེ་ལ་སོགས་པ་འབྱུང་བ་ཆེན་པོ་རྣམས་ལྷག་པར་འཇུག་པའི་སྒོ་ནས། མེའི་འབར་བ་དང་ཆུའི་གྲང་བ་ཉིད་དང་། སའི་སྲ་བ་ཉིད་བསལ་བར་བྱེད་པ་དེ་བཞིན་དུ། གཏི་མུག་ཀྱང་འདོད་ཆགས་དང་ཞེ་སྡང་གཉིས་ཤིན་ཏུ་ཆེན་པོ་ཉིད་སྐྱེད་པར་བྱེད་དེ། རང་གི་དམིགས་པ་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་རོ། །དེའི་སྨན་ནི་དངོས་པོའི་བདག་ཉིད་ཇི་ལྟ་བ་བཞིན་རབ་ཏུ་རྣམ་པར་འབྱེད་པ་ལ་སོགས་པའོ། །ཆུའི་སྲིན་པོ་མེས་སྐྲག་པར་བྱེད་པ་བཞིན་ནོ། །དཔེར་ན་ཆུའི་སྲིན་པོ་ནི་བསྙེམས་པ་དང་། འབྱེད་པ་དང་རབ་ཏུ་སྦྱིན་པ་ལ་སོགས་པ་དག་གིས་སྐྲག་པར་བྱ་བར་མི་ནུས་ཀྱི་ཆད་པ་ཁོ་ནས་ནུས་ལ། དེ་ལ་ཡང་ཤིན་ཏུ་གཞོན་ཤ་ཆགས་པའི་ཕྱིར་ན་མེ་ཁོ་ནས་ཡིན་གྱི་གཞན་གྱིས་མ་ཡིན་པ་དེ་བཞིན་དུ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཀྱང་སྡུད་པ་དང་རྩོད་པ་དང་བཏང་སྙོམས་དག་གིས་བཟློག་པར་མི་ནུས་ཀྱི། ཡེ་ཤེས་ཀྱི་མེ་ཁོ་ནས་བཟློག་པར་བསྒྲུབ་པར་ནུས་སོ། །རབ་ཏུ་ཞི་ཕྱིར་མཉམ་ཕྱོགས་རུང་མིན་ཞིང་། །ནོར་སོགས་དག་ལས་སྦྱིན་པ་བསྔགས་མིན་ལ། །དཔུང་བསྙེམས་སྐྱེ་བོ་དབྱེ་བས་སྒྲུབ་མིན་ཏེ། །དེ་ལ་བདག་འདིར་ཕ་རོལ་གནོན་པར་འདོད། །ཅེས་སྨྲའོ། །དེ་བཞིན་དུ། ཐུབ་ཆེན་ཁྱོད་ཀྱིས་གང་གསུངས་པ། །དེ་ཉིད་ལེགས་པར་ཚར་ཕྱིན་ཏེ། །ཉོན་མོངས་ཡེ་ཤེས་ཁོ་ན་ཡིས། །རྟོགས་ཀྱི་ལས་གཞན་གྱིས་མ་ལགས། །ཞེའོ། །རྣམ་པར་རྟོག་པ་གཞན་ཡང་སྟེ། །ཆུའི་སྲིན་པོ་ལ་ལ་ཞིག་ཆུ་ལ་རྒྱུ་བ་དག་གིས་འཚོ་བ་རྟོགས་པར་བྱེད་ལ། དེ་ནས་ཕྱོགས་དེར་ཉ་པ་གཉིས་ཤིག་མངོན་པར་འོངས་སོ། །དེ་ནས་ཆུའི་སྲིན་པོས་མེའི་གཟུགས་སུ་སྤྲུལ་ནས་དེ་གཉིས་ལ་དྲིས་པ། ཁྱེད་ཅག་སུ་ཡིན། །ཅི་བྱེད་པར་འདོད། །དེ་གཉིས་ཀྱིས་སྨྲས་པ། ངེད་ཅག་ནི་ཉ་པར་ཤེས་པར་བྱོས་ཤིག ཉ་བཤོར་བའི་ཕྱིར་འོངས་སོ། །སྨྲས་པ། དེ་ལྟར་ན་ཁྱེད་གཉིས་ལས་གཅིག་གིས་མེ་སྦོར་བའི་ལས་གྱིས་ལ། གཉིས་པས་འཚེད་པའི་ལས་བྱོས་ཤིག བདག་གིས་ཉ་སྦྱིན་པར་བྱའོ། །དེ་ལྟར་ན་འོ་སྐོལ་ཅག་གི་ཟས་ཀྱི་ཚུལ་གེགས་མེད་པར་ལེགས་པར་འགྲུབ་བར་འགྱུར་རོ། །དེ་གཉིས་ཀྱང་དེ་བཞིན་ནོ་ཞེས་ཁས་འཆེས་ནས། རང་རང་གི་ལས་ནན་ཏན་དུ་བྱས་སོ། །ཇི་ལྟར་ཆུའི་སྲིན་པོའི་ལས་ཉ་སྡུད་པ་ཡིན་པ་དེ་བཞིན་དུ་འདོད་ཆགས་ཀྱི་ལས་ཀྱིས་ཐམས་ཅད་སྡུད་པའོ། །ཇི་ལྟར་མི་གཉིས་པའི་ལས་འཚེད་པ་ཡིན་པ་དེ་བཞིན་དུ། ཁྲོ་བའི་ལས་ནི་རྩོད་པ་ཡིན་ཏེ། དེ་ནི་རྩོད་པར་བྱེད་པ་ན་སྙན་ཅིང་ཞེ་གཅོད་པ་ལ་སོགས་པ་དག་གིས་གཞན་འཚེད་པར་བྱེད་དོ། །ཇི་ལྟར་གསུམ་པའི་ལས་མེ་སྤོར་བ་ཡིན་པ་དེ་བཞིན་དུ་གཏི་མུག་གི་ལས་ཀྱང་སྟེ། དེ་ནི་འབྱུང་བ་ཐམས་ཅད་ལ་རླུང་བཞིན་དུ། འདོད་ཆགས་དང་ཞེ་སྡང་གཉིས་ཀ་སོས་འདེབས་པར་བྱེད་དོ། །ཇི་ལྟར་རླུང་ནི་མཚན་ཉིད་མི་མཐུན་པས་འགལ་བར་གྱུར་པའི་མེ་དང་ཆུ་དག་ལ་ཆེས་གྲང་བ་ཉིད་དང་དྲོ་བ་ཉིད་སྐྱེད་པར་བྱེད་པ་དེ་བཞིན་དུ། གཏི་མུག་ཀྱང་འདོད་ཆགས་དང་ཞེ་སྡང་མཚན་ཉིད་མི་མཐུན་པ་དག་ཤིན་ཏུ་ཆགས་པ་དང་སྡང་བ་སྐྱེད་པར་བྱེད་དོ། །འདིར་བཤད་པ། ཆགས་པས་བུད་མེད་དག་ལ་སྦྲེལ། །ཞེ་སྡང་གིས་ནི་བྱམས་པ་འཇོམས། །དེ་ལ་རྨོངས་ཕྱིར་བླུན་པ་ཡིས། །ཡང་དག་ཉེས་པ་མ་མཐོང་ངོ་། །དེ་ལ་འདི་སྙམ་དུ་འདོད་ཆགས་ལ་སོགས་པ་རྣམས་ཟིལ་གྱིས་མནན་པ་ལ་ཐབས་འདི་ཡོད་མོད། དེ་དག་ནི་སྤང་བར་བྱ་བའོ་ཞེས་བྱ་བ་འདི་ག་ལས་སྙམ་ན། སྡུག་བསྔལ་གྱི་གཞི་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར། མ་ཕྲད་པ་ལས་འདོད་ཆགས་ནི། །སྡུག་བསྔལ་སྦུངས་མེད་ལས་ཁྲོ་སྡུག །ཡོངས་མི་ཤེས་ལས་གཏི་མུག་སྟེ། །དེ་དག་གིས་དེ་དག་མི་རྟོགས། །འདིར་འདོད་ཆགས་ནི་འདོད་ཆགས་ཀྱི་གཞི་མངོན་པར་འདོད་པའི་ཡུལ་མ་ཐོབ་པ་ལས་སྡུག་བསྔལ་ཡིན་ལ། ཁྲོ་བ་ནི་སྟོབས་དང་ལྡན་པ་གཞོམ་པར་མི་ནུས་པ་ལས་སྡུག་བསྔལ་ཡིན་ཞིང་། གཏི་མུག་ནི་དོན་ཞིབ་མོ་ཡོངས་སུ་མི་ཤེས་པ་ལས་སྡུག་བསྔལ་ཡིན་ནོ། །དེའི་ཕྱིར་འདི་དག་ནི་རྒྱུ་འདི་དག་གི་སྒོ་ནས་སྡུག་བསྔལ་དུ་གྱུར་ལ། དེ་དག་ཉིད་ཀྱིས་ཟིལ་གྱིས་མནན་པའི་དེ་དག་ཉིད་ཡོངས་སུ་མི་ཤེས་པ་གང་ཡིན་པ་འདི་ནི། འདིའི་ཆེར་སྡུག་བསྔལ་བའོ། །དེའི་ཕྱིར་དེ་ལྟར་ན་སྡུག་བསྔལ་གཏོང་བས་རྩུབ་པ་ཉིད་ཀྱི་ཕྱིར་དགྲ་བོ་ལག་པ་མཚོན་ཆ་རལ་གྲི་རྣོན་པོ་ཐོགས་པ་གདེངས་པ་རྣམས་བཞིན་དུ་ཡོངས་སུ་སྤང་བར་བྱའོ། །དབང་ཕྱུག་གི་བཙུན་མོ་འདོད་པ་བཞིན་ནོ། །སྐྱེས་བུ་དབུལ་པོ་འགའ་ཞིག་དབང་ཕྱུག་གི་བཙུན་མོ་དོན་དུ་གཉེར་བར་གྱུར་ལ། དབང་ཕྱུག་རྣམས་ཀྱི་བཙུན་མོའི་འཁོར་ནི་ཤིན་ཏུ་བསྲུངས་པ་ཞིག་སྟེ། དེ་དེ་མ་ཐོབ་པས་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་དེ་ལ་ཇི་ལྟར་འདིའི་བཙུན་མོ་རྣམས་ཤིན་ཏུ་ཡང་དག་པར་བསྲུངས་པར་གྱུར་ཞེས་དབང་ཕྱུག་དེ་ལ་ཁྲོ་བ་སྐྱེས་པར་གྱུར་ལ། དེ་ལ་གནོད་པ་ཅུང་ཟད་ཀྱང་བྱ་བར་མི་ནུས་ཏེ། དེ་ནས་ཁྲོ་བ་ལས་བྱུང་བའི་སྡུག་བསྔལ་ཤིན་ཏུ་ཉམས་སུ་མྱོང་ངོ་། །འདོད་ཆགས་དང་ཞེ་སྡང་གིས་མདོངས་པ་ལ་ཡང་གཏི་མུག་ཤེས་ཆེ་བར་འཕེལ་བར་འགྱུར་ལ། དེ་ཡང་ཡོངས་སུ་མི་ཤེས་ཤིང་། དེ་ལས་བྱུང་བའི་སྡུག་བསྔལ་གྱིས་ཀྱང་གཟིར་བར་གྱུར་ཏོ། །དེ་ནི་དེ་དག་ཉིད་ཀྱིས་མདོངས་པར་བྱས་པས་དེ་དག་ཉིད་མི་རྟོགས་ཏེ། དེ་བཞིན་དུ་འདོད་ཆགས་ལ་སོགས་པ་འདི་དག་ལས་ཀྱང་སྡུག་བསྔལ་འབྱུང་བར་འགྱུར་རོ། །འདིར་བཤད་པ། རང་ཉིད་སྐལ་བ་བྲལ་ཕྱིར་འདིར། །སྐྱེས་གང་འདོད་དོན་མི་ཐོབ་པ། །དེ་ལ་དེ་ལས་གཞན་པ་ཡི། །སྡུག་བསྔལ་ཆེས་དཀའ་ཅི་ཞིག་འགྲུབ། །འདིར་སྨྲས་པ། ཅི་ཇི་ལྟར་གཏི་མུག་ལ་འདོད་ཆགས་དང་ཞེ་སྡང་དང་ལྷན་ཅིག་ཕྲད་པ་ཡོད་པ་དེ་ལྟར་འདོད་ཆགས་དང་ཞེ་སྡང་གཉིས་ལ་ཕན་ཚུན་ཕྲད་པ་ཡོད་དམ་མེད། བཤད་པར་བྱ་སྟེ། ཇི་ལྟར་བད་ཀན་ལ་མཁྲིས་དང་། །ལྷན་ཅིག་ཕྲད་པ་མེད་མཐོང་བ། །དེ་བཞིན་ཁྲོ་ལ་འདོད་ཆགས་དང་། །ལྷན་ཅིག་ཕྲད་པ་མེད་པར་མཐོང་། །དཔེར་ན་ཆུ་ལས་གྱུར་པ་དང་མེ་ལས་གྱུར་པ་ཉིད་ཀྱི་ཕྱིར་ཕན་ཚུན་འགལ་བས་བད་ཀན་ལ་མཁྲིས་པ་དང་ལྷན་ཅིག་ཕྲད་པ་མེད་ཅིང་། མཁྲིས་པ་ལ་ཡང་བད་ཀན་དང་མེད་པ་དེ་བཞིན་དུ་ཁྲོ་བ་ལ་ཡང་འདོད་ཆགས་དང་ལྷན་ཅིག་ཕྲད་པ་མེད་ལ་འདོད་ཆགས་ལ་ཡང་ཁྲོ་བ་དང་མེད་དེ་ཆགས་པ་དང་རྒྱབ་ཀྱིས་ཕྱོགས་པ་དག་གིས་ཕན་ཚུན་འགལ་བའི་ཕྱིར་རོ། །གཏི་མུག་ལ་ནི་དེ་གཉིས་དང་ལྷན་ཅིག་ཕྲད་པ་ཡོད་དེ། རྗེས་སུ་མཐུན་པའི་ཕྱིར་བད་ཀན་དང་མཁྲིས་པ་གཉིས་དང་རླུང་བཞིན་ནོ། །ཆུའི་བུམ་པར་མེ་ལྡུགས་པ་བཞིན་ནོ། །བླུན་པོ་འགའ་ཞིག་བདག་འདིར་མེ་དང་ཆུ་བསྲེལ་བར་བྱའོ་ཞེས་ཆུའི་བུམ་པར་མེ་འཛུད་ལ། འགལ་བའི་ཕྱིར་ན་དེ་གཉིས་ཕྲད་པར་ཡང་མི་འགྱུར་རོ། །འགལ་ཕྱིར་མེས་གྱུར་མཁྲིས་པ་དང་། །ཆུ་ལས་གྱུར་པའི་བད་ཀན་དང་། །ཇི་ལྟར་ལྷན་ཅིག་ཕྲད་མེད་ལྟར། །འདོད་ཆགས་ཞེ་སྡང་དག་དེ་བཞིན། །དེ་ཕྱིར་དེ་ལྟར་འདོད་ཆགས་དང་ཞེ་སྡང་གཉིས་ཕན་ཚུན་འགལ་བར་ཤེས་ནས་སློབ་མ་འཆོས་པའི་སློབ་དཔོན་གྱིས། འདོད་ཆགས་བྲན་བཞིན་བཀོལ་བྱ་སྟེ། །གང་ཕྱིར་མི་ཕངས་དེ་སྨན་ཕྱིར། །ཁྲོ་ལ་རྗེ་བོ་བཞིན་ལྟ་སྟེ། །དེའི་སྨན་ཕངས་པ་ཡིན་ཕྱིར་རོ། །འདོད་ཆགས་ནི་རྗེས་སུ་མི་མཐུན་པའི་དངོས་པོ་བསྟན་པས་སྤང་བར་བྱ་སྟེ། དངོས་པོ་གྱ་ནོམ་པ་ནི་འདོད་ཆགས་ཀྱི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་སྡིགས་མཛུབ་ལ་སོགས་པ་དག་གིས་བྲན་ཤེད་བཅད་ནས་བསྲེལ་བ་དེ་བཞིན་དུ་འདོད་ཆགས་ལ་སྤྱོད་པ་ཡང་བཏུད་ཅིང་བཏུད་ཅིང་གཟིར་ཏེ་བཀོལ་བར་བྱ་སྟེ། གང་གི་ཕྱིར་ལས་ལ་བསྐོས་པ་ལ་ནི་འདོད་ཆགས་ཀྱིས་སྐྱེ་བའི་གླགས་མི་རྙེད་དེ། དེའི་ཕྱིར་དེའི་སྨན་ནི་མི་ཕངས་པ་ཡིན་ནོ། །ཞེ་སྡང་ལ་སྤྱོད་པ་ནི་རྗེ་བོའི་རིམ་གྲོས་རིམ་གྲོར་བྱ་སྟེ། གང་གི་ཕྱིར་ཕངས་པར་རིམ་གྲོ་བྱས་པ་ལ་ཞེ་སྡང་མི་འཁྲུག་སྟེ། དེའི་ཕྱིར་དེའི་སྨན་ནི་ཕངས་པའོ། །གཏི་མུག་ལ་སྤྱོད་པ་ན་གང་གིས་དེའི་གཏི་མུག་བསྲབས་པ་ཉིད་དུ་འགྱུར་བ་ཕངས་པ་དང་མི་ཕངས་པས་བསྟེན་པར་བྱ་སྟེ། དེའི་སྨན་ནི་དེ་ཡིན་ནོ། །དེ་ལྟར་བླ་མས་འདུལ་བའི་སེམས་ཅན་གྱི་སྤྱོད་པ་ལ་མཁས་པར་བྱ་སྟེ། ཅི་ནས་ཉོན་མོངས་པ་སྐྱེ་བར་མི་འགྱུར་བར་སློབ་མ་བཟློག་པར་བྱ་སྟེ། ཁྲུས་མཁན་གྱི་བོང་བུ་བཞིན་ནོ། །ཇི་ལྟར་ཁྲུས་མཁན་བོང་བུ་ཏེ་པོར་ཤེད་བཅད་ནས་འཁོར་བར་བྱེད་ཅིང་། གང་དང་གང་དུ་མི་གཙིགས་པ་བྱེད་པ་དེ་དང་དེར་སྐྱོན་བྱེད་ན་མི་རུང་ངོ་ཞེས་དེ་ལ་ཤིན་ཏུ་རྡེག་པར་བྱེད་པ་དེ་བཞིན་དུ། དམ་པ་དག་ནི་འདོད་ཆགས་ལ་སྤྱོད་པ་མནན་ནས་འཁོར་བར་བྱེད་ཅིང་། ཉེས་པ་བྱེད་པར་འགྱུར་དུ་འོང་ངོ་ཞེས་ལས་འཛིན་པར་བྱེད་དོ། །དེ་ལྟར་ཁྲུས་མཁན་དེ་ཉིད་བོང་བུ་ཁྱིམ་དུ་ཆུད་པ་ལ་ཆག་སྟོབ་པ་ལ་སོགས་པའི་རིམ་པས་རྗེ་དཔོན་ལྟར་བསྟེན་པ་དེ་བཞིན་དུ། བླ་མ་དག་ཞེ་སྡང་ལ་སྤྱོད་པ་རྗེ་བོ་ལྟར་བསྟན་ཏོ། །འདིར་བཤད་པ། བླ་མ་གང་ཞིག་བསམ་ཤེས་ནས། །སློབ་མ་རྗེས་སུ་འཆོས་ནུས་པ། །དེ་ཡིས་སློབ་མ་གཟུང་བྱ་སྟེ། །བླུན་པོས་བཅོ་བར་འོས་མ་ཡིན། །འདི་དག་གི་སྐྱེ་བའི་དུས་ཀྱང་ཉེ་བར་ཟིན་པར་བྱས་ཏེ། དུས་དང་རྗེས་སུ་འཚམ་པར་གཉེན་པོ་བསྟེན་པར་བྱའོ། །དེ་ལ། དང་པོར་གཏི་མུག་ཡང་དག་འབྱུང་། །བར་དུ་ཁྲོ་བ་འབྱུང་འགྱུར་ཞིང་། །ཕྱིས་ནི་འདོད་ཆགས་འབྱུང་བ་སྟེ། །ཉིན་ལ་རིམ་པ་གསུམ་དུ་འོ། །ནང་པར་འཕྲོ་དང་བཅས་པའི་གཉིད་ཀྱིས་མིག་བརྙ་ལ། ཕྱེར་ཟིན་ཀྱང་ཞུ་ཟུམ་ཟུམ་པོར་བལྟ་ཞིང་ལུས་ཀྱི་བྱ་བ་ལ་གཡེངས་པས་གཏི་མུག་ཕལ་ཆེ་བར་གནས་པ་རྗེས་སུ་འཇུག་གོ །ཕྱིས་ནི་ཚོལ་ཁྲོའི་སྡུག་བསྔལ་གྱི་འཁོར་ལོ་ལ་ཞུགས་ཏེ། བཀྲེས་པ་དང་། སྐོམ་པས་དུབ་པར་གྱུར་ཅིང་། མིག་གཡོ་ལ་ཡངས་པ་འབྱེད་ཅིང་། འབྱེད་པའི་བུ་ལ་ཡང་ཕ་རོལ་པོ་ལྟར་མངོན་པར་མི་དགའ་བ་ན་ཁྲོ་བ་འབའ་ཞིག་དང་ལྡན་པའི་གནས་སྐབས་ཉམས་སུ་མྱོང་བར་འགྱུར་རོ། །ཕྱི་དྲོ་ནི་དུབ་པའི་ཚེགས་དང་བྲལ་ཞིང་དབང་པོ་ཡོངས་སུ་ཚིམ་པ་ན། འདོད་ཆགས་ཀྱི་ཆོམ་རྐུན་བདེ་འཆམས་ལེགས་པར་རྙེད་པས་དགེ་བའི་ནོར་བཅོམ་པས་ནོར་མེད་པར་བྱེད་དོ། །དེའི་ཕྱིར་དེ་ལྟར་རིག་པར་བྱས་ནས་བག་ཡོད་པས་དུས་ཇི་ལྟ་བ་བཞིན་ཕྱིར་བཟློག་པར་བྱའོ། །རྒྱལ་པོ་ཛེནྟ་ཀས་བྲམ་ཟེ་ལ་ཅོ་དྲིས་པ་བཞིན་ནོ། །ཇི་ལྟར་རྒྱལ་པོ་ཛེནྟ་ཀས་བྲམ་ཟེ་འགའ་ཞིག་ལ་ཞུ་བ་བརྒྱ་ནོས་ཤིག འབྲུ་མར་བུམ་པ་བརྒྱ་བྱིན་ཅིག་ཅེས་ཞལ་གྱིས་འཆེས་ལ། དེ་ཡང་སྤྲོ་བར་གྱུར་ཅིང་དེ་ལ་གཏི་མུག་འདི་སྐྱེས་སོ། །རྨོངས་པ་ནི་ཚོར་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའོ། །དེ་ནས་ཞུས་པ་བརྒྱ་ཉམས་སུ་མྱོང་བ་ལ་ཚོར་བ་སྡུག་བསྔལ་བྱུང་ཞིང་རྒྱལ་པོ་ལ་ཞེ་སྡང་སྐྱེས་སོ། །ཕྱིས་འབྲུ་མར་གྱི་བུམ་པ་བརྒྱ་ཁུགས་པས་དེ་ལ་འདོད་ཆགས་སྐྱེས་ཏེ། དེ་བཞིན་དུ་ལས་བྱས་པར་མཚན་མོ་གཉིད་དང་རྨུགས་པ་ཕལ་ཆེ་བའི་ཕྱིར་དང་། བད་ཀན་ཤས་ཆེ་བ་ཉིད་ཀྱི་ཕྱིར། སེམས་ཅན་རྣམས་ལ་སྔ་དྲོ་གཏི་མུག་འབྱུང་ངོ་། །དེ་ནས་ལས་དུ་མ་བྱེད་པའི་ཕྱིར་དང་། ཉི་མས་གདུངས་པའི་ཕྱིར་དང་། བད་ཀན་ཡོངས་སུ་བྱང་པའི་ཕྱིར་དང་། མཁྲིས་པ་ཤས་ཆེ་བ་ཉིད་ཀྱི་ཕྱིར་ཉི་མ་གུང་ལ་ཁྲོ་བ་ཁོ་ན་འབྱུང་ངོ་། །ཕྱི་ནས་ལུས་བཀྲུས་ཤིང་བྱུགས་ལ་ཟན་ཟོས་པར་གྱུར་ཅིང་། དབང་པོ་ཡོངས་སུ་རྒྱས་པ་ཐ་སྙད་ཀྱི་བགྱི་འཚལ་ཡོངས་སུ་རྫོགས་པ་རྣམས་ལ་འདོད་ཆགས་འབྱུང་ངོ་། །དེ་ལྟར་ན་ལུས་ཀྱི་སྐྱོན་གྱི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་ཉོན་མོངས་པ་རྣམས་འབྱུང་བར་བྱ་བ་ཉིན་མོ་ལ་རིམ་པ་གསུམ་དུ་འབྱུང་ངོ་། །འདིར་བཤད་པ། གང་ཞིག་ཉོན་མོངས་རིམ་ཤེས་ནས། །དེ་གཞོམ་ལ་ཚུལ་སྒོམ་བྱེད་པ། །དེ་ཡིས་དེ་དག་སེལ་བྱེད་དེ། །སྨན་པའི་རྒྱལ་པོས་ནད་རྣམས་བཞིན། །འདོད་ཆགས་ལ་ནི་མཛའ་བཤེས་ཀྱི་གསོབས་སུ་ཞུགས་ནས་འཇིག་རྟེན་སླུ་བར་བྱེད་ལ། དེ་མ་འཁྲིག་པས་སྡུག་བསྔལ་བར་ཡང་མི་འགྱུར་རོ། །དེའི་ཕྱིར་དེ་ལ་གུས་པར་བྱ་བའི་ཕྱིར་བཤད་པ། འདོད་ཆགས་མཛའ་མིན་མཛའ་འདྲ་བ། །དེས་དེ་ལ་ཁྱོད་མི་འཇིགས་ཏེ། །མི་ཕན་མཛའ་བོ་ཁྱད་པར་དུ། །སྐྱེས་བུས་སྤང་བར་བྱ་མིན་ནམ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ནི་མཛའ་བོ་དང་མི་མཛའ་བ་དང་བར་མའི་སྒོ་ནས་སྐྱེས་བུ་ལ་ཉེ་བར་ལྷགས་པ་ཞིག་གོ །དེ་ལ་རེ་ཞིག་ཞེ་སྡང་གང་ཡིན་པ་འདི་ནི་དགྲའི་ཚུལ་གྱིས་སྐྱེས་བུ་ལ་འོང་སྟེ། དེའི་གནོད་པ་སྣང་རུང་ཡིན་པ་ཉིད་ཀྱི་ཕྱིར་དེ་ལ་བདག་ཉིད་ཡང་དག་པར་བསྲུང་བར་སླའོ། །གཏི་མུག་ནི་བར་མའི་ཚུལ་གྱིས་སྐྱེས་བུ་ལ་ཉེ་བར་འོང་སྟེ། དེ་ལ་ཡིད་མི་རྟོན་པའི་ཕྱིར་དེ་ལས་ཀྱང་བདག་ཉིད་བསྲུང་བར་སླའོ། །གང་འདི་འདོད་ཆགས་བྱིབས་ཏེ་མཛའ་བོ་མ་ཡིན་པ་མཛའ་བོའི་ཚུལ་གྱིས་སྐྱེས་བུ་ལ་ཉེ་བར་འོང་ཞིང་མཛའ་བཤེས་ཀྱི་རང་བཞིན་ཅན་ཉིད་ཀྱི་ཕྱིར་མཛའ་བོ་ཡང་ཡིན་ལ། དགེ་བའི་ཕྱོགས་ཀྱི་སྲོག་གི་དབང་པོ་ལ་གནོད་པ་བྱེད་པ་འདི་ཉིད་ཀྱི་ཕྱིར་མི་ཕན་པ་ཡང་ཡིན་པ་དེ་ལས་ནི་བདག་ཁྱད་པར་དུ་བསྲུང་བར་བྱའོ། །ཇི་ལྟར་བསྲུང་བར་བྱ་ཞེ་ན། རྟག་ཏུ་ཡིད་གཏད་པས་བརྩོན་པ་ཕུལ་དུ་བྱུང་བ་དང་བཅས་པས་དེའི་གཉེན་པོ་བསྟེན་པའི་སྒོ་ནས་རྒྱུད་ལ་དེ་སྐྱེ་བའི་གོ་སྐབས་མི་སྟེར་བ་ལས་སོ། །རྒྱལ་པོ་སྐྱ་བསེང་བཞིན་ནོ། །ཇི་ལྟར་རྒྱལ་པོ་སྐྱ་བསེང་ལིངས་ལ་སོང་བས་དྲང་སྲོང་རི་དྭགས་མོ་ལ་ལོག་པར་ཞུགས་པ་ཞིག་སྒྲ་ཐོས་ཏེ། སྒྲ་གྲག་པར་ཕོག་པ་ཉིད་ཀྱི་ཕྱིར་དྲང་སྲོང་ལ་མདས་བསྣུན་པ་དང་དེས་དེ་ལ་གང་གི་ཚེ་འཁྲིག་པ་བསྟེན་པར་གྱུར་པ་དེའི་ཚེ་ཁྱོད་འཆི་བར་འགྱུར་རོ་ཞེས་དམོད་པ་དོར་བས་སོ། །དེ་ཚངས་པར་སྤྱོད་པ་དོན་དུ་གཉེར་བས་རྒྱལ་སྲིད་བཏང་ནས་ནགས་སུ་དོང་ངོ་། །དེ་ནས་ནམ་ཞིག་ན་ཉི་མ་ནུབ་ཀའི་ཚེ་ཉི་མ་ནུབ་ལ་ཁད་པར་གྱུར་ཅིང་། དེས་རང་གི་བཙུན་མོ་རྒྱལ་པོ་མ་དྲིའི་བུ་མོ་གོས་སྒྲེན་དུ་གྱུར་པ་ལ་ཉི་མ་མངོན་དུ་ཕྱོགས་པ་མཐོང་བས་དེ་འདི་སྙམ་དུ་གང་ལྷ་རྣམས་ཀྱང་འགུགས་པར་བྱེད་པའི་ངའི་བཙུན་མོ་ནི་འདི་ལྟར་བལྟ་ན་སྡུག་པ་ཞིག་གོ་སྙམ་དུ་སེམས་ཏེ། དེ་ནས་འདོད་ཆགས་ཀྱི་དབང་གིས་དེ་དང་ལྷན་ཅིག་སྦྱར་བར་གྱུར་ཅིང་ཤི་བར་ཡང་གྱུར་ཏོ། །འདིར་བཤད་པ། ཇི་ལྟར་མི་ཕན་བཞིན་ཞིམ་ཟས། །གང་དེ་ལས་བདག་སྒྲིམ་བསྲུངས་པ། །དེ་བཞིན་མཛའ་གདོང་འདོད་ཆགས་ལ། །འབད་པས་བདག་ཉིད་བསྲུང་བར་བྱ། །འདོད་ཆགས་དེ་ཡང་རྣམ་པ་གཉིས་སོ། །ཇི་ལྟ་ཞེ་ན། འདི་ལྟར། འདོད་ཆགས་རྒྱུ་ལས་སྐྱེ་འགྱུར་ཞིང་། །རྐྱེན་ལས་ཀྱང་ནི་སྐྱེ་བ་སྟེ། །འདོད་ཆགས་རྐྱེན་ལས་སྐྱེ་བ་གང་། །དེ་ནི་སྒྲུབ་སླ་ཅིག་ཤོས་མིན། །ཉོན་མོངས་པ་རྣམས་ནི་བྱེད་རྒྱུ་གཉིས་ལས་སྐྱེ་སྟེ། རྒྱུ་དང་རྐྱེན་ལས་སོ། །དེ་ལ་རྒྱུ་ནི་སྐྱེ་བ་སྔ་མའི་སྐལ་བ་མཉམ་པ་ཉིད་སྐྱེད་པར་བྱེད་པ་སྟེ། དེ་ཡང་འདོད་ཆགས་ལ་གོམས་པའི་བག་ཆགས་ཡོངས་སུ་རྒྱས་པའི་ངོ་བོའོ། །རྐྱེན་འདི་འཇིག་རྟེན་འདིའི་སྐལ་བ་མི་མཉམ་ཞིང་འགྱུར་བའོ། །དེ་ལ་ཕུག་རོན་ལ་སོགས་པ་འདོད་ཆགས་ཀྱི་བདག་ཉིད་ཅན་གྱི་སེམས་ཅན་གྱི་རིས་དག་ལས་ཤི་འཕོས་ཏེ་འཇིག་རྟེན་འདིར་སྐྱེས་པ་དེ་ནི་ཚེ་རབས་སྔ་མར་བྱས་པའི་རྒྱུས་འདིར་ཡང་འདོད་ཆགས་ལ་སྤྱོད་པ་ཉིད་དུ་འགྱུར་བ་འདོད་ཆགས་འདི་ནི་རྒྱུ་ལས་སྐྱེས་པ་ཞེས་བྱའོ། །འདིས་ནི་ཞེ་སྡང་ལ་སྤྱོད་པ་ཡང་བཤད་དོ། །ཡང་གང་ཞིག་སྡིག་པའི་གྲོགས་པོ་དང་ཕྲད་པ་ལས་འདོད་ཆགས་ལ་སྤྱོད་པར་འགྱུར་བ་དེའི་འདོད་ཆགས་འདི་ནི་རྐྱེན་ལས་སྐྱེས་པ་ཞེས་བྱའོ། །དེ་ལ་གང་ཞིག་རྒྱུ་ལས་འདོད་ཆགས་ལ་སྤྱོད་པ་དེ་ནི་ཚེགས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །གང་ཞིག་རྐྱེན་ལས་ཡིན་པ་དེ་ནི་སྒྲུབ་པར་སླ་སྟེ། རྐྱེན་སྤངས་པ་ཉིད་ལས་མི་སྐྱེ་བའི་ཕྱིར་ཏེ། ཅིག་ཤོས་ནི་མ་ཡིན་ནོ། །དེ་ནི་རྩ་བ་གཏིང་དུ་ཟུག་པ་ཉིད་ཀྱི་ཕྱིར་དཔུང་སྟོབས་ཕམ་པར་དཀའ་སྟེ། དེ་ཕམ་པར་བྱ་བ་ལ་འབད་པ་ཆེར་བྱའོ། །ཕན་ཚུན་ལས་སྐྱེས་པ་གང་ཡང་རུང་བ་ཞིག་པ་བཞིན་ནོ། །ཇི་ལྟར་མདུང་ཁྱིམ་བཞིན་ཕན་ཚུན་བརྟེན་པའི་ཕྱིར་ཕན་ཚུན་ལས་སྐྱེས་པའི་ཆོས་རྣམས་ནི་གང་དུ་གཅིག་ཞིག་པས་འཇིག་པར་འགྱུར་བ་དེ་བཞིན་དུ་རྐྱེན་གྱིས་བསྐྱེད་པ་ཡང་རྐྱེན་ཞིག་པར་འགྱུར་ཏེ་རྒྱུས་བསྐྱེད་པ་ནི་མ་ཡིན་ནོ། །རྟོག་པ་གཞན་ནི་ཆོས་གང་དག་གཉིས་སྦྱར་བ་ལས་སྐྱེས་པ་དེ་དག་ནི་གང་རུང་ཅིག་མ་ཚང་བས་འབྱུང་བར་མི་འགྱུར་རོ། །དཔེར་ན་འདབ་ཆགས་ལ་གཤོག་པ་གཉིས་ཡོད་པས་འཕུར་བ་འབྱུང་ལ། གཤོག་པ་གང་ཡང་རུང་བ་གཅིག་མ་ཚང་བས་མི་འབྱུང་བ་དེ་བཞིན་དུ་རྐྱེན་ལས་སྐྱེས་པའི་འདོད་ཆགས་བལྟ་བར་བྱའོ། །འདི་ལྟར་འདི་ནི་ཕྱི་དང་ནང་གི་རྐྱེན་ཡོད་པ་ལས་འབྱུང་ལ། གང་རུང་ཅིག་མ་ཚང་བས་མི་འབྱུང་བའི་ཕྱིར་སྒྲུབ་པར་སླའོ། །ཡང་མིག་གིས་གཟུགས་འཛིན་པ་ལྟར་ཆོས་གང་དག་གཉིས་སྦྱོར་བ་དང་གཉིས་མི་སྦྱོར་བ་ལས་ཀྱང་འབྱུང་བ་དེ་ལྟར་ནི་འདོད་ཆགས་རྒྱུ་ལས་སྐྱེས་པ་བལྟ་བར་བྱའོ། །དེ་ནི་ཕྱི་རོལ་གྱི་རྐྱེན་མེད་པར་ཡང་འབྱུང་བ་ཉིད་ཀྱིས་སྒྲུབ་པར་དཀའོ། །འདིར་བཤད་པ། ཉོན་མོངས་ཅན་གང་ཕྲད་པ་ལས། །ཡིན་ཏེ་འབད་པས་རྣམ་པར་འབྱུང་། །རང་བཞིན་ཉིད་ཀྱི་ཉོན་མོངས་ཅན། །གང་དེ་ཚེགས་ཀྱིས་འབྱུང་བར་འགྱུར། །དེ་བཞིན་དུ་ཁྲོ་བའི་ཐམས་ཅད་བཏང་བ་ལ་ཡང་འཇུག་པར་བྱ་སྟེ། འདི་ལྟར། ཁྲོ་བ་བརྟན་ཅིང་ངེས་པར་ནི། །མི་དགེ་ཉེས་ཆེན་བྱེད་པ་སྟེ། །དེ་ལྟར་རྣམས་ཀུན་དབྱེ་ཤེས་པས། །ཉོན་མོངས་རྣམ་ཐར་བྱེད་པར་འགྱུར། །གང་གི་ཕྱིར་ཞེ་སྡང་ནི་དམ་པོར་འཛིན་པ་དང་ཤ་ཁོན་མང་བ་དང་མི་དགེ་ཞིང་རང་གཞན་གྱི་རྒྱུད་བསྲེགས་ལ། གཞན་ལ་གནོད་པ་གསལ་བར་བྱེད་པ་དང་མདོག་ངན་པར་བྱེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དོན་མ་ཡིན་པ་རྣམས་ཀྱི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་དང་། ངན་འགྲོའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་དང་། མཚམས་མེད་པ་ལ་སོགས་པ་ཁ་ན་མ་ཐོ་བ་ཆེན་པོ་ཉིད་ཀྱི་ཕྱིར་ན་འདོད་ཆགས་པས་ཉེས་པ་ཆེ་བ་དང་ཆེས་ལྕི་བ་ཞིག་གོ །འདོད་ཆགས་ནི་དར་ཅིག་གིས་འདོད་ཆགས་དང་བྲལ་བ་ཅན་ཉིད་དུ་འགྱུར་བའི་ཕྱིར་དང་། ཉེས་པ་ཆུང་བ་ཉིད་ཀྱི་ཕྱིར་ཞེ་སྡང་བས་ཆེས་ཡང་སྟེ། མཚན་ཉིད་ནི་འདིར་ཕྱི་ནས་རྒྱས་པར་འཆད་དོ། །གང་ཞིག་དེ་ལྟར་རྣམ་པ་ཐམས་ཅད་དུ་འདོད་ཆགས་ལ་སོགས་པ་རྣམས་ཀྱི་སྐྱོན་གྱི་རྣམ་པར་དབྱེ་བ་དང་ཉེས་དམིགས་དང་གཞི་དང་སྤང་བའི་ཐབས་ཤེས་པར་བྱས་ནས་དེའི་གཉེན་པོ་བསྟེན་པ་དེ་ནི་གདོན་མི་ཟ་བར་ཉོན་མོངས་པ་རྣམས་རྩ་བ་ནས་བཅད་པའི་སྒོ་ནས་སེལ་བར་བྱེད་པར་འགྱུར་ཏེ། ཆོས་སྲེད་བཞིན་ནོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་བློ་གྲོས་བཟང་པོ་ལུང་བསྟན་པའི་དུས་སུ་བཅོམ་ལྡན་འདས་མར་མེ་མཛད་ཀྱིས་ཞབས་གཉིས་ཀྱིས་རལ་པ་མནན་པ་མཐོང་སྟེ། ཆོས་སྲེད་འཁྲུགས་པས་དུད་འགྲོ་རྣམས་ཇི་ལྟ་བ་བཞིན་དུ་རྐང་པ་གཉིས་ཀྱིས་རལ་པ་གནོན་ནོ་ཞེས་ངག་གིས་ཉེས་པར་སྤྱོད་པ་སྨྲས་པ་དང་། ལས་དེས་དེ་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་དུད་འགྲོ་དག་ཏུ་སྐྱེས་སོ། །དེ་ཉར་གྱུར་པས་གཟིངས་རྔུབ་པ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ཐོས་ཏེ་ད་དུང་ཡང་བདག་བདེ་བ་རྒྱས་ཤིང་དུད་འགྲོའི་སྐྱེ་གནས་སུ་སྡོད་དམ་ཞེས་རང་གི་ལུས་ཆུད་གསན་ཞིང་ཤི་འཕོས་ནས་མི་རྣམས་ཀྱི་ནང་དུ་སྐྱེ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་རང་གི་སྒོ་དྲུང་ན་འཆགས་པས་སྐྱོ་བ་ལས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་གཟིགས་ནས་ཆོས་སྲེད་ཤིན་ཏུ་ཡུན་རིང་མོ་ཞིག་ནས་མཐོང་ངོ་ཞེས་གསུངས་པ་ལྟ་བུའོ། །འདིར་བཤད་པ། ཉོན་མོངས་རྣམ་དབྱེ་ཤེས་བྱས་ནས། །གང་ཞིག་མི་མཐུན་ཕྱོགས་བསྟེན་དེས། །མྱུར་དུ་ཞི་བ་ཐོབ་སྟེ་དཔེར། །སྨན་འཕྲོད་བསྟེན་པའི་ནད་པ་བཞིན། །འདོད་ཆགས་དང་ཞེ་སྡང་གི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་སྨྲས་ཀྱི། ད་ནི་གཏི་མུག་གི་མཚན་ཉིད་ཀྱི་རྣམ་པར་དབྱེ་བ་བརྗོད་པར་བྱའོ་ཞེ་ན། བཤད་པར་བྱ་སྟེ། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །འདིར་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ནི་རང་བཞིན་གྱིས་རྣམ་པར་དབེན་པ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་ལ་གཏི་མུག་ནི་དེ་རྣམས་ལ་ཇི་ལྟར་བདེན་པར་རྟོགས་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར་དངོས་པོ་བདེན་པའི་རང་གི་ངོ་བོར་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ །འདོད་ཆགས་ལ་སོགས་པ་དག་ཀྱང་གཏི་མུག་གིས་ཀུན་ཏུ་བརྟགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ་སྡུག་པ་དང་མི་སྡུག་པ་ལ་སོགས་པའི་ཁྱད་པར་སྒྲོ་འདོགས་པར་འཇུག་པ་ཉིད་ཀྱི་ཕྱིར་གཏི་མུག་ལས་ཐ་མི་དད་པར་འཇུག་པར་འགྱུར་ཞིང་། གཏི་མུག་ལ་བརྟེན་པར་ཡང་འགྱུར་ཏེ། གཏི་མུག་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་མིག་ལ་སོགས་པའི་དངོས་པོ་ལུས་ཀྱི་དབང་པོ་ལས་ཐ་མི་དད་པར་འཇུག་པ་རྣམས་ལུས་ཀྱི་དབང་པོ་ཁོ་ན་ལ་བརྟེན་ནས་འབྱུང་བ་དེ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་གཏི་མུག་ལ་བརྟེན་ནས་འབྱུང་ངོ་། །ཡང་ཇི་ལྟར་ལུས་ཀྱི་དབང་པོ་ཉམས་ནས་བརྟེན་པའི་དབང་པོ་ཐམས་ཅད་ཉམས་པར་གྱུར་པ་དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་པས་ཉོན་མོངས་པ་བཅོམ་ན་རྟེན་མེད་པས་ཉོན་མོངས་པ་ཐམས་ཅད་བཅོམ་པར་འགྱུར་ཏེ། དུག་གི་ཤིང་ལྗོན་པ་བཞིན་ནོ། །ཇི་ལྟར་དུག་གི་ཤིང་ལ་དོན་མ་ཡིན་པ་ཐམས་ཅད་ཡོད་ལ། དེ་ཞིག་པས་དོན་མ་ཡིན་པ་ཐམས་ཅད་འཇིག་པར་འགྱུར་ལ། མ་ཞིག་ན་མི་འཇིག་པ་དེ་བཞིན་དུ་གཏི་མུག་རབ་ཏུ་ཞི་ན་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །འདིར་བཤད་པ། ཇི་ལྟར་མགོ་བོ་བཅད་པ་ན། །སྲོག་ནི་རབ་ཏུ་མི་འཇུག་པ། །དེ་བཞིན་གཏི་མུག་བཅད་པ་ཡིས། །ཉོན་མོངས་འཁོར་ལོ་འཇུག་མི་འགྱུར། །ཡང་ཇི་ལྟར་དོན་མ་ཡིན་པའི་རྩ་བ་གཏི་མུག་འདི་སྤང་བར་རིགས་པར་བྱ་ཞེ་ན། བཤད་པར་བྱ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། །གལ་ཏེ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་ཕྱི་དང་ནང་གི་བདག་ཉིད་ཅན་རྣམས་ལ་རང་བཞིན་ཡོད་པར་འགྱུར་ན་ནི། དེའི་ཚེ་དེ་རྣམས་རང་གི་ངོ་བོས་ཡོད་པ་ཉིད་ཀྱི་ཕྱིར་མ་རིག་པ་དང་ས་བོན་ལ་སོགས་པ་ལ་ལྟོས་པར་མི་འགྱུར་ཏེ། གྲུབ་པར་གྱུར་པ་ནི་ཡང་བསྒྲུབ་པ་མ་ཡིན་ནོ། །མྱུ་གུ་དང་འདུ་བྱེད་ལ་སོགས་པ་འདི་རྣམས་ནི་མ་རིག་པ་དང་ས་བོན་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གཟུགས་བརྙན་དང་སྤྲུལ་པ་བཞིན་དུ་རང་བཞིན་མེད་པ་ཡིན་ལ་རང་བཞིན་དང་བྲལ་བ་ཉིད་ཀྱིས་ཀྱང་སྟོང་པའོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པར་མཐོང་ན་གཏི་མུག་སྤོང་བར་འགྱུར་ལ། དེ་སྤངས་པ་ལས་ཀྱང་དེ་ལ་བརྟེན་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱང་སྤོང་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་མ་རིག་པ་སྤོང་བའི་ཐབས་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཉེ་བར་སྟོན་པ་དོན་ཆེན་པོ་ཡིན་པ་ཉིད་ཀྱི་ཕྱིར་བདག་ཉིད་ཐམས་ཅད་ཀྱི་བསྟན་བཅོས་བཞི་བརྒྱ་པ་འདིར་འཆད་པར་འགྱུར་བའི་གཞུང་གིས་རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་དེ་ཉིད་བྱེད་དེ། ཟླ་བ་ཉ་བ་བཞིན་ནོ། །ཇི་ལྟར་ཟླ་བ་ཉ་བར་གྱུར་པ་དང་། མུན་པ་འཇིག་པ་དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་ཡེ་ཤེས་ཀྱི་ཟླ་བ་ཤར་བར་གྱུར་པས་གཏི་མུག་འཇིག་པར་འགྱུར་རོ། །འདིར་བཤད་པ། གཏི་མུག་རྐྱེན་ཉིད་འདི་པ་ཡི། །ཉི་མའི་འོད་ཟེར་འབར་རྣམས་དང་། །ལྷན་ཅིག་གནས་པ་མ་ཡིན་ཏེ། །ཉི་མའི་ཟེར་དང་མུན་པ་བཞིན། །འདོད་ཆགས་ལ་སོགས་པ་རྣམས་ཀྱི་སྤོང་བའི་ཐབས་ནི་སྨྲས་ན། ཡང་དེ་རྣམས་ལ་སྤྱོད་པའི་སེམས་ཅན་དག་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་དག་གི་མཚན་ཉིད་ཀྱི་དབང་དུ་བྱས་ནས་བཤད་པ། རྟག་ཏུ་ས་འཛིན་སོགས་དགའ་བའི། །གཏོང་པོ་ཟ་བོ་གཙང་ཞིང་འགྱུར། །དེ་འདྲ་སོགས་ལ་མཚན་ཉིད་རྣམས། །འདོད་ཆགས་ཅན་གྱི་མི་ལ་སྣང་། །ས་འཛིན་པའི་གར་དང་། བཞད་གད་དང་། འཇོ་སྒེག་དང་། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། རྒྱན་དང་། ཁ་དོག་ལ་སོགས་པ་ལ་དགའ་བ་དང་། འཇམ་པ་དང་བདེ་བའི་ངང་ཚུལ་ཅན་དང་། གཙང་བ་དང་། མཁས་བག་དང་། སྙན་པར་སྨྲ་བ་དང་། གསོང་པོར་སྨྲ་བ་དང་། གཏོང་བ་པོ་དང་། ཟ་བ་པོ་དང་འགྱུར་བ་སྟེ། དེ་ལྟ་བུ་ལ་སོགས་པ་དག་ནི་འདོད་ཆགས་ལ་སྤྱོད་པའི་མཚན་ཉིད་དོ། །དེ་ལས་བཟློག་པ་དག་ནི་ཞེ་སྡང་ལ་སྤྱོད་པའོ། །འདྲེན་མ་དག་ནི་གཏི་མུག་ལ་སྤྱོད་པ་དག་སྟེ། དེ་ལྟར་ན་ཇི་སྐད་བཤད་པའི་རྟགས་དག་གིས་བསམ་པ་རྗེས་སུ་རྟོགས་པར་བྱའོ། །ནོར་བསྒྱུར་གྱི་ཤ་ཟ་བཞིན་ནོ། །ཇི་ལྟར་ནོར་བསྒྱུར་མཁན་ཡོད་ན་འཚོག་ཆས་རྣམ་པ་སྣ་ཚོགས་སྡུད་པར་བྱེད་ལ་དེ་དོར་ན་ཐམས་ཅད་འདོར་བ་དེ་བཞིན་དུ་འདོད་ཆགས་ཡོད་ན་འཚོག་ཆས་རྣམ་པ་སྣ་ཚོགས་སྡུད་པར་བྱེད་ལ། འདོད་ཆགས་དོར་ན་ཐམས་ཅད་འདོར་རོ། །འདིར་བཤད་པ། འདོད་ཆགས་ཀྱིས་གཞན་ཆགས་བྱེད་ཅིང་། །རང་ཆགས་བྱ་ལ་ཆེར་དགར་འགྱུར། །སྡང་བས་འདི་དག་ལས་བཟློག་ཅིང་། །གཏི་མུག་གིས་དེ་རྨོངས་པར་བྱེད། །འདིར་སྨྲས་པ། འདོད་ཆགས་དང་ཞེ་སྡང་ལ་སྤྱོད་པ་ལ་སོགས་པ་དག་གི་མཚན་ཉིད་དག་ནི་སྨྲས་ན། ཡང་དེ་དག་འདུལ་བའི་ཐབས་ནི་གང་ཞིག་ཡིན། བཤད་པར་བྱ་སྟེ། སངས་རྒྱས་རྣམས་ཀྱིས་ཆགས་ཅན་ལ། །ཟས་དང་ཆོས་གོས་གཙུག་ལག་ཁང་། །དགེ་ལེགས་སྤངས་པ་ཐམས་ཅད་དང་། །རྟག་ཏུ་བླ་མའི་དྲུང་གནས་གསུངས། །འདོད་ཆགས་ལ་སྤྱོད་པས་ནི་གནས་དང་ཟས་དང་ཆོས་གོས་འདོད་ཆགས་དང་བྲལ་བ་སྐྱེད་ཅིང་སེར་བ་ཡིད་དང་མི་མཐུན་པ་དགེ་ལེགས་སྤངས་པ་དག་འདོད་པར་བྱའོ་ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ། །དེ་ལ་འདོད་ཆགས་ཅན་རྣམས་ཀྱིས་གཙུག་ལག་ཁང་ལ་ཞེན་པའི་གཉེན་པོར་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོན་པ་བ་ཉིད་དང་། ཤིང་དྲུང་བ་ཉིད་དང་། དུར་ཁྲོད་པ་ཉིད་དང་། བླ་གབ་མེད་པ་ཉིད་གསུངས་སོ། །མལ་སྟན་ལ་ཞེན་པའི་གཉེན་པོར་ནི་ཅོག་པུ་ཉིད་དང་། གཞི་ཇི་བཞིན་པ་ཉིད་དོ། །ཟས་ལ་ཞེན་པའི་གཉེན་པོར་ནི་བསོད་སྙོམས་པ་ཉིད་དང་། སྟན་གཅིག་པ་ཉིད་དང་། ཟས་ཕྱིས་མི་ལེན་པ་ཉིད་དོ། །ཆོས་གོས་ལ་ཞེན་པའི་གཉེན་པོར་ནི་ཆོས་གོས་གསུམ་པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་དང་། ཕྱིང་པ་བ་ཉིད་དེ། དེ་ལྟར་ན་གཙུག་ལག་ཁང་དང་། མལ་སྟན་དང་། ཁ་ཟས་དང་། ཆོས་གོས་ལ་ཞེན་པའི་གཉེན་པོར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྦྱངས་པའི་ཡོན་ཏན་བཅུ་གཉིས་རྣམ་པར་གཞག་གོ །ཡང་གང་འདོད་ཆགས་དང་བྲལ་བ་དག་ཀྱང་འདི་རྣམས་བསྟེན་པ་དེ་ནི་བསོད་ནམས་ཀྱི་ཞིང་བདག་ཉིད་ལ་ངན་པ་ལ་མོས་པའི་སྐྱེ་བོ་རབ་ཏུ་དང་བར་བྱ་བའི་ཕྱིར་ཏེ། དེའི་སྒོ་ནས་དེ་ལ་དང་བ་རྣམས་དེའི་ཉེ་བར་བསྟན་པས་ངེས་པར་མྱ་ངན་ལས་འདས་པར་གཞོལ་བར་འགྱུར་རོ། །ཡང་འདོད་ཆགས་ལ་སྤྱོད་པ་དེ་ནི་རྟག་ཏུ་བླ་མའི་དྲུང་དུ་གཞག་པར་བྱ་སྟེ། དེ་ལྟར་ན་རྟག་ཏུ་བླ་མས་བཞིན་བསྐུལ་ཞིང་འཕགས་པའི་རིགས་ལ་རབ་ཏུ་གནས་པ་འདིའི་འདོད་ཆགས་ཐུལ་བར་འགྱུར་ལ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་སྦད་པས་སྲབ་སྐྱོགས་དང་བཅས་པ་ཉིད་ཀྱི་ཕྱིར་མཚམས་ལས་འདའ་བར་མི་ནུས་སོ། །ཞེ་སྡང་ལ་སྤྱོད་པ་ནི་དེ་ལས་བཟློག་པའི་གཙུག་ལག་ཁང་ལ་སོགས་པ་དག་དང་གནས་རྣམ་པར་དབེན་པའོ། །གཏི་མུག་ལ་སྤྱོད་པ་ནི་འདྲེན་མ་དག་གོ །བྲམ་ཟེའི་སྲིན་པོས་བཟུང་བ་ལ་མི་གཙང་བ་སྟེར་བ་བཞིན་ནོ། །ཇི་ལྟར་སྐྱེས་བུ་གང་ཞིག་བྲམ་ཟེའི་སྲིན་པོས་བཟུང་བར་གྱུར་པ་དེ་ལ་འབྲུ་ཆང་ལ་སོགས་པ་མི་གཙང་བའི་རྫས་རྣམས་སྟེར་ཞིང་དེས་དེ་འགྲོ་བར་འགྱུར་བ་དེ་བཞིན་དུ་འདོད་ཆགས་ཅན་རྣམས་ལ་མི་སྡུག་པའོ། །གང་གིས་སྟེན་པར་བྱེད་པའི་མི། །ཉོན་མོངས་ཞི་བར་འགྱུར་བ་དེ། །དེ་ཡིས་བརྟེན་བྱ་གང་གི་ཕྱིར། །འདི་ལ་ཉོན་མོངས་མི་འཕེལ་ཕྱིར། །ཡང་ཁྲོ་བ་སྤང་བར་འདོད་པས་ནི་འདི་ལྟར་ཁྲོ་བའི་ཉེས་དམིགས་དག་རྟོགས་པར་བྱ་སྟེ། ནུས་མེད་ལ་ཁྲོ་བདག་ཉིད་ལ། །མདོག་མི་སྡུག་པ་འབའ་ཞིག་བྱེད། །ནུས་པ་གང་ལའང་བརྩེ་མེད་པ། །དེ་ནི་ཐ་ཆད་ཅེས་བྱར་བརྗོད། །གཞན་ལ་གནོད་པར་མི་ནུས་པ་ལ་ནི་ཁྲོ་བ་སྐྱེས་པ་ཙམ་གྱིས་བདག་ཉིད་ལ་མདོག་མི་སྡུག་པ་འབའ་ཞིག་བྱེད་ཀྱི་ནུས་པ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་གཞན་དག་ལ་གནོད་པར་ནི་མི་བྱེད་དོ། །གཞན་དག་ལ་གནོད་ཕོད་ཅིང་ནུས་པ་ལ་ཡང་གལ་ཏེ་ནུས་པ་མེད་པ་ལ་གནོད་པ་ལ་བརྩེ་བ་མེད་ན་ནི་དེ་གནོད་པ་ཐམས་ཅད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་ཐ་ཆད་དུ་འགྱུར་ཏེ། སྲོག་འཇོམས་པ་ནི་གནོད་པ་ཐ་ཆད་ཡིན་པ་དེ་ཉིད་ཀྱི་ཕྱིར་གང་ཟག་འདི་ལ་ཡང་ཐ་ཆད་ཅེས་བྱའོ། །རྣམ་པ་གཅིག་ཏུ་ན་གང་ཞིག་བརྩེ་བ་མེད་པར་གྱུར་ནས་ཉམ་ཆུང་བ་དག་ལ་བསྣུན་པ་དེ་ལས་མ་གཏོགས་པ་བརྩེ་བ་མེད་པ་གཞན་མེད་པའི་ཕྱིར་ཐ་ཆད་དུ་འགྱུར་རོ། །རིགས་ལ་གནོད་པ་བཞིན་ནོ། །ཇི་ལྟར་རིགས་ཀྱི་ནང་ནས་གཅིག་གིས་ཉེས་པར་འགྱུར་བ་བཞིན་དུ་ཐམས་ཅད་ཆད་པ་དང་སྦྱོར་བའམ། བརླག་པར་འགྱུར་བ་དེ་བཞིན་དུ་གནོད་སེམས་ལ་སྤྱོད་པའི་གནོད་སེམས་ཀྱང་རྣམ་པ་ཐམས་ཅད་དུ་ཕུང་བར་བྱེད་པར་འགྱུར་རོ། །འདིར་བཤད་པ། མེ་དང་ཁྲོ་བ་བྱུང་བས་ནི། །དང་པོར་ཅི་ནས་དེ་གཉིས་སྲེག །ཕྱི་ནས་འཚེད་པར་གྱུར་པས་ན། །མི་གཞན་དག་ནི་སྲེག་པར་འགྱུར། །ཡང་ཁྲོ་བ་དང་ལྡན་པ་རྣམས་ལ་ནི། ཁྲོ་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་ཚུལ་འདི་བསྟན་པར་བྱ་སྟེ། ཡིད་དུ་མི་འོང་བ་ཡི་སྒྲས། །སྔར་བྱས་སྡིག་མཐར་བྱེད་པར་བརྗོད། །ཁྱོད་ཚིག་རྩུབ་མོ་ཐོས་པས་འཁྲུག་བསད་པར་གྱུར་ཅིང་གཞན་དག་ལ་སྡང་བ་གང་ཡིན་པ་དེ་ནི་ཤིན་ཏུ་ཁྱོད་ཀྱི་ཚུལ་ངན་པ་ཆེན་པོ་ཞིག་སྟེ། གང་གི་ཕྱིར་ཁྱོད་ཀྱིས་སྔར་ཚིག་ཡིད་དུ་མི་འོང་བ་ཐོས་པ་ཡང་དག་པར་འགྲུབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་གང་ཡིན་པ་དེ་འདིར་གཤེ་བ་ཐོས་པ་ལས་འབྲས་བུ་ཕྱུང་སྟེ་ཟད་པར་འགྱུར་ན། རྨོངས་ཤིང་དམ་པ་མ་ཡིན་པ། །འདི་ནི་དེ་དག་ཟད་པ་ལས། །བདག་ཉིད་རྣམ་པར་དག་མི་འདོད། །ཡིད་དུ་མི་འོང་བའི་ཚིག་ཐོས་པ་ལས་འབྲས་བུ་ཕྱུང་སྟེ། ལས་ཟད་པར་འགྱུར་ལ། ལས་ཟད་པས་ཀྱང་འདི་རྣམ་པར་དག་པར་འགྱུར་རོ། །དེ་དེ་ལྟར་བདག་ཉིད་རྣམ་པར་དག་བཞིན་དུ་གལ་ཏེ་གཤེ་བ་པོ་ལ་ཁྲོ་བ་སྐྱེད་པར་བྱེད་ན་ནི་དེ་སླར་ཡང་དྲི་མ་དེས་བདག་ཉིད་ཁྱད་པར་དང་བཅས་པར་དཔོག་པར་བྱེད་ཅིང་བླུན་པ་བས་ཀྱང་ཆེས་བླུན་པར་འགྱུར་རོ། །གླང་རྒན་ལ་སྨན་གཏོང་བ་བཞིན་ནོ། །ཇི་ལྟར་གླང་རྒན་སྐྱོན་ཅན་འགའ་ཞིག་དེའི་ནད་ཉེ་བར་ཞི་བར་བྱ་བའི་ཕྱིར་སྨན་སྟེར་བའི་རྫི་བོ་ཉིད་གསོད་པ་བཞིན་དུ་ཡིད་དུ་མི་འོང་བ་ཐོས་པ་མྱོང་བར་འགྱུར་བའི་ལས་སྔར་བྱས་པའི་སྦྱོར་བ་པོར་ཡང་འགྱུར་ཏེ། གང་ཡིད་དུ་མི་འོང་བ་ཐོས་པར་བྱེད་པའོ། །དེ་ནི་རྨོངས་པས་སྦྱོང་བར་བྱེད་པ་པོ་དེ་ཉིད་ལ་བཀུར་སྟི་མ་ཡིན་པ་བྱེད་དོ། །འདིར་བཤད་པ། གལ་ཏེ་རང་སྡིག་ཕ་རོལ་པོས། །གཤེ་བའི་སྙད་ཀྱིས་སྦྱོང་བྱེད་ན། །དེ་དེས་དེ་ལ་ཕན་བཏགས་པས། །དེའི་དེར་མཁས་པ་ཁྲོ་མི་འབྱུང་། །འདི་ལས་ཀྱང་གཞན་གྱི་ངན་སྨྲས་ཀྱི་ཚིག་དག་ལ་ཁྲོ་བ་མི་རིགས་ཏེ། འདི་ལྟར། མཉན་པ་ཡིད་དུ་མི་འོང་བའང་། །ངོ་བོ་ཉིད་ཀྱིས་གནོད་མི་བྱེད། །དེ་ཕྱིར་རྣམ་རྟོག་ལས་བྱུང་བ། །གཞན་ལས་ཡིན་ནོ་སྙམ་དུ་རློམ། །གཤེ་བ་ལ་སོགས་པའི་སྒྲ་རྣམས་ནི་རང་བཞིན་གྱིས་གནོད་པ་སྐྱེད་པར་བྱེད་པའི་རྒྱུར་མི་འགྱུར་རོ། །གལ་ཏེ་འགྱུར་ན་ནི་སྨྲ་བ་པོ་ལ་ཡང་གནོད་པར་འགྱུར་བ་ཞིག་ན། བདག་ཉིད་འདིས་བདག་ལ་དེ་ལྟ་དེ་ལྟར་སྨད་དོ་སྙམ་དུ་རྣམ་པར་རྟོག་པ་ན་གནོད་པ་འབྱུང་བ་ཡང་ཡིན་ཏེ། དེའི་ཕྱིར་རང་གི་རྣམ་པར་རྟོག་པ་ལས་གནོད་པར་གྱུར་པ་ན་ཅིའི་ཕྱིར་གཞན་ལ་ཁྲོ་བར་འགྱུར་བ། ཕྱུགས་རྫི་མོའི་བུ་མོ་བཞིན་དང་། དགེ་ཚུལ་བཞིན་ནོ། །ཇི་ལྟར་ཕྱུགས་རྫི་མོ་ཞིག་མུན་ཁུང་ན་རང་གི་བུ་མོ་ཁུར་སྐྱ་དག་ཟ་བའི་སྒྲ་ཐོས་ཏེ། ཆུན་མའི་བུ་མོར་ཡོངས་སུ་བརྟགས་ནས་ཁྲོས་པས་བན་གླང་མོ་འདི་ཅི་ཟ་ཞེས་སྨྲས་ལ། གང་གི་ཚེ་དེའི་བུ་མོས་ང་ཉིད་ཡིན་ནོ་ཞེས་སྨྲས་པ་དེའི་ཚེ་དགའ་སྟེ་ཨེ་མ་བྱི་བ་མོ་ཞིག་ཟའོ་ཞེས་སྨྲས་ཏེ། དེའི་ཕྱིར་རྣམ་པར་རྟོག་པ་མ་གཏོགས་པར་སྒྲ་འགའ་ཡང་ཡིད་དུ་འོང་བའམ་ཡིད་དུ་མི་འོང་བ་མི་སྲིད་དོ། །ཡང་སངས་རྒྱས་འབངས་ཞེས་བྱ་བའི་དགེ་ཚུལ་ཞིག་དགེ་ཚུལ་རྣམས་ཀྱིས་མིང་སངས་རྒྱས་སྐྱོང་ཞེས་སྨོས་པས་ཁྲོས་པར་གྱུར་ཏེ། དེས་ངུ་ཞིང་མཁན་པོ་ལ་ཞུས་པ་དང་། དེས་ཀྱང་སོངས་ཤིག་ཁྱོད་ཀྱི་མིང་ནི་ཆོས་ཀྱིས་འབངས་ཡིན་གྱི་ཞེས་སྨྲས་ལ། དེ་དེ་རྣམས་ཀྱིས་སངས་རྒྱས་འབངས་ཀྱང་ཞེས་བྱ་བས་མི་སྙན་པ་སྨྲས་ཀྱང་འདི་ནི་བདག་གི་མིང་མ་ཡིན་ནོ་སྙམ་སྟེ་ཐོས་བཞིན་དུ་ཡང་མི་ངུ་ཞིང་འདི་ནི་གང་གིས་སངས་རྒྱས་འབངས་ཡིན་པ་དེ་མི་སྙན་གྱི་བདག་གི་མིང་གཞན་ཡིན་ནོ་ཞེའོ། །འདིར་བཤད་པ། རྣམ་པར་རྟོག་མེད་ཚིག་ཐོས་ནས། །རྨོངས་པས་བྱིས་པ་རབ་འཁྲུག་གི །བརྟན་ཞིང་དེ་ཤེས་དེ་ཐོས་ནས། །འཁྲུག་པར་མི་འགྱུར་དགར་མི་འགྱུར། །འདིར་སྨྲས་པ། གཤེ་བ་ལ་ནི་རང་བཞིན་གྱི་སྐྱོན་ཡོད་དེ། གང་གི་ཕྱིར་ལུགས་ཀྱི་བསྟན་བཅོས་འདི་ལས་གཤེ་བ་པོ་ལ་ཆད་པ་བཅད་པའི་ཕྱིར་རོ། །བཤད་པར་བྱ་སྟེ། འདི་ལྟར་གཤེ་བ་པོ་ལ་ནི། །ཆད་པར་བྱ་བར་མངོན་བརྗོད་པ། །དེ་བཞིན་སྙན་པར་སྨྲ་པོ་ལ། །མཆོད་པར་བྱ་བར་ཅིས་མི་འགྱུར། །གལ་ཏེ་སྡང་བའི་གཤེ་བས་གཞན་གྱི་སྙིང་ལ་གནོད་པས་གཤེ་བ་པོ་ཆད་པས་གཅོད་པར་བྱ་བ་ཡིན་ནོ་ཞེས་བསྟན་བཅོས་ལས་མཐོང་བའི་ཕྱིར་བཤད་ན་ནི་ཚིག་སྙན་པ་བརྗོད་པ་ལས་ཀྱང་གཞན་གྱི་སེམས་འཛིན་པའི་ཕྱིར་དེ་བཞིན་དུ་བསྟོད་པ་པོ་མཆོད་པར་བྱ་བ་ཡང་དེ་ལས་ཅིའི་ཕྱིར་མ་བཤད། རྒྱུ་མཚུངས་བཞིན་དུ་ཅིའི་ཕྱིར་གཅིག་ཆད་པས་གཅད་པར་བཤད་ལ་གཅིག་མཆོད་བྱར་མ་ཡིན་ཏེ། དེའི་ཕྱིར་མི་སྙོམས་པ་ཉིད་ཀྱི་ཕྱིར་ལུགས་ཀྱི་བསྟན་བཅོས་ཚད་མ་མ་ཡིན་ནོ། །འགྲོ་ལྡིང་བ་འཐབ་པ་དང་། འགྲོ་ལྡིང་བའི་གླང་པོ་ཆེ་བཞིན་ནོ། །ཇི་ལྟར་འགྲོ་ལྡིང་བ་རྣམས་ལ་འཐབ་པ་ཙམ་གྱིས་གསད་པའི་སེམས་སྐྱེ་ཞིང་གསོད་པར་ཡང་བྱེད་ཀྱི་དེ་ལྟར་ཚིག་སྙན་པས་མཆོད་པར་བྱེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་ཞིག་སྟོབས་ཆུང་བ་དེ་ནི་གླང་པོ་ཆེ་ཁོ་ནས་གསོད་ལ། གང་ཞིག་སྟོབས་དང་ལྡན་པར་གྱུར་ནས་བདག་ཉིད་གླང་པོ་ཆེ་ལས་སྲུང་བར་བྱེད་པ་ཡང་ཁྱོད་ཅིའི་ཕྱིར་གླང་པོ་ཆེ་ལ་སྨ་བབ་བྱེད་ཅེས་རྒྱལ་པོའི་ཕོ་བྲང་དུ་གསོད་དོ། །འདིར་བཤད་པ། གལ་ཏེ་དེར་ནི་མཉམ་མཐོང་ན། །བསྟོད་པོ་གཤེ་པོ་ཡང་རུང་སྟེ། །དེ་གཉིས་ལ་ཅིས་བྱས་མ་བྱས། །དེའི་ཕྱིར་དེ་ནི་ཚད་མ་མིན། །འདིར་སྨྲས་པ། གང་ཞིག་གཤེ་བས་གཞན་གྱི་སྨད་ར་གཞན་དག་ལ་གསལ་བར་བྱེད་པ་དེ་ལ་ཅི་ལྟར་ཅིག་ཤོས་འཁྲུག་པར་མི་འགྱུར། བཤད་པར་བྱ་སྟེ། ཁྱོད་ཀྱིས་སྨད་བྱ་མ་སྨྲས་ཀྱང་། །གལ་ཏེ་གཞན་གྱིས་ཤེས་ན་ནི། །སྨྲ་པོ་ལ་ཁྲོ་མི་རིགས་ན། །ཡང་དག་མིན་སྨྲ་ལ་ཅི་སྨོས། །གལ་ཏེ་དེའི་ཡན་ལག་སྨད་པར་བྱ་བ་ཞར་བའམ་སྡུག་པ་ཞེས་བྱ་བ་གང་ཡིན་པ་དེ་མ་སྨྲས་ཀྱང་གཞན་དག་གིས་ཤེས་པར་འགྱུར་ན་ནི་བདེན་པར་གྱུར་པའི་སྐྱོན་དེས་གཤེ་མོད་ཀྱི་བདེན་པར་གྱུར་པ་ཉིད་ཀྱི་ཕྱིར་གཤེ་བ་པོ་ཡང་དག་པར་སྨྲ་བ་དེ་ལ་དེས་ཁྲོ་བར་བྱ་བར་མི་རིགས་ན་ཡང་དག་མིན་སྨྲ་ལ་ཅི་སྨོས་ཏེ། མི་བདེན་པར་སྨྲས་པའི་སྐྱོན་གྱིས་གནོད་པའི་ཕྱིར་རོ། །དེ་ནི་གཏན་ཉམས་པས་ཇི་ལྟར་ན་དེ་ལ་དམ་པ་བསྲི་བ་མེད་པར་གནས་པར་འགྱུར་རོ། །ཞར་བ་དང་ཞར་བ་མ་ཡིན་པ་ལ་སྨྲས་པ་བཞིན་ནོ། །འགའ་ཞིག་གིས་ཞར་བ་ལ་ཞར་བ་ཞེས་སྨྲས་པས་དེ་ལ་རྒྱལ་པོས་ཆད་པས་བཅད་དོ། །གཞན་གྱིས་མ་ཞར་བ་ལ་ཞར་བ་ཞེས་པ་སྨྲས་པས། དེ་ལ་རྒྱལ་པོས་ཆད་པས་བཅད་དོ། །དེ་བཞིན་དུ་མཁས་པས་བདེན་པ་ལ་ཡང་བཟོད་པར་བྱས་ལ། མི་བདེན་པ་ལ་ཡང་བྱའོ། །འདིར་བཤད་པ། དམ་པ་དེ་ཉིད་གཟིགས་རྣམས་ལ། །ཡང་དག་མིན་ཕྱིར་མི་བདེན་པའམ། །བདེན་ཕྱིར་བདེན་པར་གྱུར་ལའང་རུང་། །ཁྲོ་བའི་གོ་སྐབས་ཡོད་མ་ཡིན། །འདིར་སྨྲས་པ། དེ་ལྟར་ཡིན་མོད་ཀྱང་དམན་པ་དག་ལས་མི་སྙན་པ་ཐོས་པ་ལས་མི་ལ་ཁོང་ཁྲོ་བར་ཇི་ལྟར་མི་འགྱུར་བཤད་པར་བྱ་སྟེ། དམན་ལས་མི་སྙན་ཞེས་བྱ་བ། །ངེས་པར་འབྱུང་བ་མ་ཡིན་ཏེ། །དེ་ཕྱིར་དམན་བྱུང་མི་སྙན་པ། །ཡན་གར་ཉུང་ཟད་ལྟ་བུ་སྣང་། །གང་གི་ཕྱིར་སྐྱེས་བུ་དམན་པ་ཆོས་མ་ཡིན་པ་འདོད་ཅིང་སྡིག་པ་ཀུན་ཏུ་སྤྱོད་ལ། ཕ་རོལ་པོ་སྡུག་བསྔལ་བ་ལ་མངོན་པར་དགའ་བ་དག་ལས་ནི་མི་སྙན་པ་ཐོས་པ་ཁོ་ན་ངེས་པར་འབྱུང་བ་མ་ཡིན་ཏེ། དོན་མ་ཡིན་ནོ་ཅོག་བྱེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ཚིག་མི་སྙན་པ་ཙམ་ཞིག་བྱིན་པས་ཡོངས་སུ་ཚིམ་ན་ནི་གང་གསོད་པ་དང་འཆིང་བ་ལ་སོགས་པ་མངོན་པར་མི་འདོད་པ་ལྟ་ཆེས་མཆོག་ཅིག་རྙེད་པ་མ་ཡིན་ནམ། དེའི་ཕྱིར་ཡོངས་སུ་དགའ་བའི་གནས་ལ་ཅི་སྟེ་ཁྲོ་བ་བསྟེན་པར་འགྱུར། འཕགས་པ་གང་པོ་དང་དུག་བེའུའི་ལྟེ་བ་ལྟ་བུ་བཞིན་ནོ། །ཇི་ལྟར་འཕགས་པ་གང་པོ་ཀླུང་ཤོ་ནའི་ཕ་མཐའི་ཡུལ་གྱི་མི་རྣམས་གདུལ་བར་འདོད་པ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་མི་དེ་དག་ནི་མ་རུངས་ཤིང་། རབ་ཏུ་གཏུམ་པ་སྟེ། དེར་སྡུག་བསྔལ་བར་གནས་པར་གྱུར་ཏ་རེ་ཞེས་བཀའ་སྩལ་པས། དེས་བཅོམ་ལྡན་འདས་གལ་ཏེ་བདག་ལ་གཤེ་བར་གྱུར་ན་ནི། ཨེ་མ་མ་ལ་གང་དག་བདག་ལ་རྡེག་པར་མི་བྱེད་པ་འདི་དག་ནི་དེས་པ་ཞིག་གོ་སྙམ་དུ་ཁོ་བོ་སེམས་པར་བགྱིད་ལ་གལ་ཏེ་སྲོག་དང་བྲལ་བའི་བར་དུ་བགྱིད་ན་ཡང་། ཨེ་མ་མ་ལ་གང་དག་བདག་གི་ལུས་རུལ་པ་འདི་ལ་ཐར་པར་བྱེད་པ་འདི་དག་ནི་བདག་ལ་ཕན་འདོགས་པ་ཞིག་གོ་སྙམ་དུ་དེ་ལྟར་སེམས་པར་བགྱིད་དོ་ཞེས་གསོལ་བ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གནང་ངོ་། །ཡང་ཇི་ལྟར་དུག་བེའུའི་ལྟེ་བ་ལྟ་བུའི་རྩ་བའི་འོག་ཏུ་འགའ་ཞིག་ལ་ཉོན་མོངས་པ་དག་ཐོག་ཏུ་བབ་པར་འགྱུར་བ་དང་དེ་དེའི་རྒྱུས་མྱ་ངན་བྱེད་པ་ན་གཞན་གྱིས་གང་དུག་མི་བཟད་པ་དང་འབྲེལ་བ་ལས་སྲོག་དག་དང་ཕྲལ་བར་མ་གྱུར་ན་ཁྱོད་མྱ་ངན་མ་བྱེད་ཅིག གང་འདིར་བསྡད་པ་ནི་མ་ཤི་བ་འགའ་ཡང་མེད་ཀྱིས་ཁྱོད་ནི་བསོད་ནམས་དང་ལྡན་པ་ཞིག་སྟེ། དགའ་བ་ཉིད་བྱ་བར་འོས་པ་མ་ཡིན་ནམ་ཞེས་སྨྲས་ཏེ། དེ་བཞིན་དུ་གང་ཞིག་སྐྱེ་བོ་དམན་པ་ལས་བསླང་བ་ཙམ་ཞིག་ཐོས་པ་དེས་ནི་དགའ་བ་ཁོ་ནར་བྱའི་མྱ་ངན་མ་ཡིན་ཏེ། ཉུང་ཟད་ཙམ་གྱིས་ཐར་བའི་ཕྱིར་རོ། །འདིར་བཤད་པ། དམན་པ་བྱ་མིན་མེད་དམན་ལ། །བརྗོད་བྱ་བརྗོད་མིན་པ་ལ་ཡང་། །དེ་ཕྱིར་འདི་ནི་དམན་དེ་ལས། །མི་སྙན་འབའ་ཞིག་ཉུང་ངུ་འདྲ། །འདིར་སྨྲས་པ། གང་ཞིག་སྐྱོན་མེད་པ་ལ་གཤེ་བ་དེ་ཚར་བཅད་པ་ལ་ཉེས་པ་ཅི་ཡང་མེད་དོ། །བཤད་པར་བྱ་སྟེ། གཞན་ལ་གནོད་བྱས་བདག་ལ་ནི། །ཡོན་ཏན་ཅུང་ཟད་ཀྱང་མེད་ན། །ཁྱོད་ཁྲོ་ཡོན་ཏན་མེད་པ་ལ། །གུས་པ་ཞེན་པ་རྐྱང་པར་ཟད། །གལ་ཏེ་གཞན་ཁྲོས་པར་གྱུར་པ་དེ་ལ་ཁྲོ་བའི་དབང་གིས་གནོད་པར་བྱེད་པ་གང་ཡིན་པ་དེས་འདི་ལ་ཡོན་ཏན་འགའ་ཞིག་སྐྱེད་པར་བྱེད་ན་ནི་གཞན་ལ་གནོད་པར་བྱ་བར་རིགས་ན། གང་གི་ཕྱིར་གཞན་ལ་གནོད་པར་བྱེད་ཀྱང་དེ་བདག་ཉིད་ལ་ཡོན་ཏན་འགའ་ཡང་སྐྱེད་པར་མི་བྱེད་དེ། དེའི་ཕྱིར་དེ་ལྟར་ཡོན་ཏན་མེད་པའི་ཁྲོ་བ་ལ་གང་ཞིག་གུས་པར་བྱེད་པ་དེ་ནི་དེའི་ཞེན་པ་འབའ་ཞིག་ཁོ་ནར་ཟད་དོ། །མཚོན་ཆ་ཡོངས་སུ་རྟོག་པ་བཞིན་ནོ། །དཔེར་ན་འགའ་ཞིག་མཚོན་ཆ་རྣོན་པོ་ཞིག་ཡིན་ནམ་ཡང་ན་མ་ཡིན་ཞེས་གང་ཁོ་ནས་མཚོན་དེ་བྱས་པ་དེ་ཁོ་ནའི་ལུས་ལ་ཉམས་སོད་པར་བྱེད་ན། དེ་ལྟར་མཚོན་བརྟགས་ནས་སྐྱེས་བུ་དེ་ལ་བྱས་པ་ཆུད་གསོན་པ་ཉིད་དང་། སྡིག་པ་སོགས་པ་ལས་མ་གཏོགས་པ་ཡོན་ཏན་འགའ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་བདག་ལ་འདིས་ཚིག་རྩུབ་མོ་དང་། རྡག་པ་ལ་སོགས་པ་མི་འདོད་པ་དག་གིས་གནོད་པར་བྱས་སོ་ཞེས་དེ་ལ་གནོད་པར་བྱེད་པ་དང་བྱེད་དུ་འཇུག་པ་ལ་ཡང་སྡིག་པ་སོགས་པ་ལས་མ་གཏོགས་པ་བདག་ལ་ཡོན་ཏན་འགའ་ཡང་མེད་དོ། །གང་ཞིག་དེར་གུས་པ་ནི་དེའི་ཞེན་པ་འབའ་ཞིག་ཏུ་འགྱུར་རོ། །འདིར་བཤད་པ། གཞན་ལ་གནོད་པ་བདག་ཉིད་ལ། །ཡོན་ཏན་རྣམ་པ་ཆེ་བྱེད་མོད། །དེ་ལྟའང་རིགས་སུ་སྐྱེས་པ་ཡིས། །གཞན་ལ་གནོད་པ་བྱེད་མི་ནུས། །འདིར་སྨྲས་པ། སྐྱེས་བུ་མཁས་པ་སུ་ཞིག་གཞན་གྱི་གཤེ་བ་ཡོན་ཏན་མེད་པ་ལ་བཟོད་པར་འགྱུར། བཤད་པར་བྱ་སྟེ། གལ་ཏེ་བཟོད་པས་འབད་མེད་པར། །བསོད་ནམས་ཆེན་པོ་ཐོབ་འགྱུར་ན། །གང་ཞིག་དེ་ལ་གེགས་བྱེད་པ། །དེ་མཚུངས་བླུན་པོ་སུ་ཞིག་ཡོད། །བཟོད་པ་ནི་ཆོས་སུ་བཤད་དོ། །གལ་ཏེ་བཟོད་པ་དང་ལྡན་པས་ནི་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་ཚོལ་བ་ལ་སོགས་པའི་འབད་པ་མེད་པར་ཕ་རོལ་པོའི་ངན་སྨྲས་ཀྱི་ཚིག་བཟོད་པ་ཉིད་ཀྱིས་ཁྲོ་བ་ལ་སོགས་པའི་གོ་སྐབས་མ་བྱིན་པར་གཞན་ལ་གནོད་པ་མ་བྱས་པའི་སྒོ་ནས་བསོད་ནམས་ཆེན་པོ་འཐོབ་པར་འགྱུར་ན། ཡང་གང་ཞིག་ཆོས་ཀྱི་རྒྱུ་གཤེ་བ་པོ་དེ་ལ་གེགས་བྱེད་པ་དེ་དང་མཚུངས་པའི་བྱིས་པ་གཞན་སུ་ཞིག་ཡོད། དེའི་ཕྱིར་གང་ཞིག་གཞན་གྱིས་གཤེ་བ་བཟོད་པ་དེ་ཁོ་ན་མཁས་པར་འགྱུར་ཞིང་། ཆོས་ཆེན་པོ་ཡང་དེ་ལ་འགྱུར་རོ། །རང་གི་ཁྱིམ་ཐབ་གསོད་པ་བཞིན་ནོ། །རིགས་ཀྱི་བུད་མེད་འགའ་ཞིག་གིས་རང་གི་ཁྱོ་ཤི་འདོད་ཅིང་སྲོག་འཕྲོ་ཅུང་ཟད་ལུས་པར་གྱུར་ཏེ། དེས་ཅི་འདི་སྡུག་བསྔལ་བས་མནར་ཞིང་འཆིའོ། །གང་འདི་ནི་བདག་གིས་གསད་པར་བྱའོ་སྙམ་དུ་བསམ་ཞིང་དེས་ཇི་ལྟར་སྡིག་པ་བསགས་པའི་དོན་དུ་འབད་པས་ཁྱོ་བསད་པར་གྱུར་པས་དེ་ལྟར་ཡང་བྱས་སོ། །དེ་བཞིན་དུ་ལ་ལ་དག་བླུན་པས་བཟོད་པའི་སྒོ་ནས་འབད་པ་མེད་པར་བསོད་ནམས་ཆེན་པོ་མི་འདོད་ཅིང་བསྒྲིམས་ཏེ་དོན་མ་ཡིན་པ་ཆེན་པོའི་རྒྱུ་མི་བཟོད་པ་ལ་བརྟེན་ཏོ། །འདིར་བཤད་པ། གང་གི་ཕྱིར་ན་བཟོད་སྟོབས་ཀྱིས། །བཟོད་པ་ཆོས་ཀྱི་དམ་པར་གསུངས། །དེ་ཕྱིར་ཆོས་ལ་གཞོལ་བ་ནི། །ཆོས་ལ་གེགས་བྱེད་མ་ཡིན་ནོ། །འདི་ལས་ཀྱང་ཁྲོ་བ་ནི་སྤང་བར་བྱ་བ་ཡིན་ཏེ། སྐྱེ་བོ་གཞན་པ་ལ་གནོད་པར་བྱེད་པའི་ཕྱིར་རོ། །འདི་ལྟར། ཁྲོ་བ་ཞེས་བྱ་ཁྱད་པར་དུ། །སྟོབས་ལྡན་དག་ལ་སྐྱེ་མི་འགྱུར། །དེས་ན་ཞན་འཇོམས་ཁྲོ་བ་ལ། །ཅི་ནས་ཁྱོད་གུས་གྱུར་ཏ་རེ། །གལ་ཏེ་ཡང་ཁྲོ་བ་ནི་སྤྱིར་རྗེས་སུ་མི་མཐུན་པའི་དངོས་པོའི་ཡུལ་ཅན་ཡིན་མོད་ཀྱི། དེ་ལྟར་ན་ཡང་སྟོབས་དང་ལྡན་པ་ལ་གནོད་པར་མི་ནུས་པའི་ཕྱིར་གང་དུ་ཁ་དྲག་པ་དེ་ཁོ་ནར་ཁྱད་པར་དུ་འགྱུར་ཏེ། དེའི་ཕྱིར་སྔ་མ་ལ་གནོད་པར་བྱེད་པའི་ཕྱིར་ན་སྐྱེས་བུ་གཟི་ཅན་གྱིས་འདི་དམ་པ་མ་ཡིན་པ་ལྟར་སྤང་བར་བྱའོ། །དེའི་ཕྱིར་དེ་ལྟར་རིག་ནས་ཁྲོ་བ་ཞན་པ་འཇོམས་པ་ལ་ཅི་ནས་ཀྱང་གུས་པར་མི་བྱ་སྟེ། བུད་མེད་རྣམས་ལ་དཔའ་བ་བཞིན་ནོ། །རྒྱལ་པོ་འགའ་ཞིག་གཞན་གྱི་ཡུལ་འཁོར་མངོན་པར་དབབ་པར་འདོད་པས་རང་གི་དམག་མིའི་ཚོགས་བོས་ནས་གཞན་གྱི་ཡུལ་འཁོར་དབབ་པའི་ཕྱིར་འགྲོ་ཡིས། དེར་ཁྱེད་ཅག་གང་གིས་ཅི་ཞིག་བྱེད་ཅེས་སྨྲས་པ་དང་། དེར་ཁ་ཅིག་ནི་འདི་སྐད་དུ་རྗེ་བོ་ཇི་ལྟར་གྲོང་ཁྱེར་དེ་ནས་སུ་ཡང་འབྱུང་བར་མི་འགྱུར་ཞིང་འཇུག་པར་མི་འགྱུར་བ་དེ་ལྟར་བགྱིད་དོ་ཞེས་སྨྲའོ། །གཞན་དག་ནི་ཁོ་བོ་ཅག་ནི་འོབས་ཀྱི་བར་དུ་མཆིའོ་ཞེས་སྨྲའོ། །ཡང་གཞན་དག་ནི་ཁོ་བོ་ཅག་ནི་ར་བ་ལ་འཛེག་པར་བགྱིད་དོ་ཞེས་སྨྲའོ། །དེ་ལ་གཅིག་ནི་གང་རྗེ་བོ་ཆེར་དགྱེས་པ་དང་བདག་ཉིད་ཀྱང་བསྲུང་བར་བགྱིད་དོ་ཞེས་སྨྲའོ། །རྒྱལ་པོས་ཀྱང་གུས་པ་དམ་པས་སྨྲས་པ་དང་། བདག་ནི་གང་གི་ཚེ་འདི་རྣམས་ཀྱིས་རྒྱལ་པོ་དེ་ཀུན་ནས་གནོན་པར་འགྱུར་བ་དེའི་ཚེ་རྒྱལ་པོ་དེ་ལྟ་བཞིན་དུ་བཙུན་མོའི་འཁོར་གྱི་བུད་མེད་ཀྱིས་སྐྱེ་བོ་ལ་ལྕག་རྩུབ་མོ་དག་གིས་ཤིན་ཏུ་བྲིམ་པར་བགྱིད་དོ་ཞེས་སྨྲའོ། །དེ་སྐད་ཐོས་ནས་རྒྱལ་པོས་སྐྱེས་བུ་ཉོན་མོངས་འདི་ནི་ཞན་པ་འཇོམས་པ་ཞིག་གོ་སྙམ་སྟེ། དམག་མི་དེ་ལ་ཐུགས་ཉེ་བར་ལོག་ཅིང་ཁྱད་དུ་གསད་པར་ཡང་འགྱུར་རོ། །དེ་བཞིན་དུ་ཁྲོ་བ་ཡང་ཉམ་ཆུང་བ་དག་ལ་ཁྱད་པར་དུ་སྐྱེའི་སྟོབས་དང་ལྡན་པ་དག་ལ་ནི་མ་ཡིན་ཏེ། དེའི་ཕྱིར་ཞན་པ་འཇོམས་པའི་ཁྲོ་བ་ལ་གུས་པར་མི་བྱའོ། །འདིར་བཤད་པ། བརྗིད་ཅན་སྟོབས་དང་ལྡན་པ་རྣམས། །གང་དུ་དཔའ་བ་ཤེས་པ་ན། །མཁས་པ་ཡོན་ཏན་སྦྱོར་བའི་མིས། །ཞན་པ་འཇོམས་ལ་གུས་མི་བྱ། །འདིར་སྨྲས་པ། གང་ཞིག་བཟོད་པ་དེ་ནི་བྱ་བ་ལ་ལན་དུ་གནོད་པ་བྱེད་པར་མི་ནུས་སོ་སྙམ་པས་འཇིག་རྟེན་གྱིས་ཟིལ་གྱིས་གནོན་ཏེ། དེའི་ཕྱིར་བརྙས་པར་འགྱུར་བས་ཁྲོ་བའི་གནས་ལ་ཁྲོ་བ་ཉིད་མཛེས་སོ། །བཤད་པར་བྱ་སྟེ། གང་ཞིག་ཁྲོ་གནས་ལ་བཟོད་པ། །དེ་ལ་སྒོམ་པ་སྐྱེ་བར་འགྱུར། །ཡོན་ཏན་གནས་ལ་འཇིགས་ཤེས་པ། །ཁྱོད་ཀྱི་བླུན་པ་འབའ་ཞིག་ཉིད། །བཟོད་པ་ནི་ཕྲ་རྒྱས་ཁྲོ་བའི་གཉེན་པོ་སྟེ། དེ་ཁྲོ་བའི་གནས་ལ་བསྒོམས་པ་ན་བྱམས་པའི་ཏིང་ངེ་འཛིན་སྒོམ་པ་འདྲེན་པར་འགྱུར་རོ། །དེ་ལ་གལ་ཏེ་བ་འཇོས་ཙམ་གྱི་དུས་སུ་བསྒོམས་པས་གོམས་པར་བྱེད་ན་དེའི་ཚེ་སྒོམ་པ་པོ་ལ་ཡོན་ཏན་བརྒྱད་འདྲེན་པར་འགྱུར་རོ། །འདི་ལྟ་སྟེ། ལྷ་དང་མི་རྣམས་ལ་སྡུག་པར་འགྱུར་རོ། །དེ་རྣམས་ཀྱིས་བསྲུང་བར་ཡང་འགྱུར་རོ། །བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་རོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །མཚོན་གྱིས་མི་ཚུགས་སོ། །དེའི་ནོར་རྣམས་འབད་པ་མེད་པར་རྒྱས་པར་འགྱུར་རོ། །ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་ཡང་འགྱུར་རོ། །དེ་ལྟར་བྱམས་པའི་ཡོན་ཏན་བརྒྱད་ཐོབ་པར་འགྱུར་རོ། །ཕྲ་རྒྱས་ཁྲོ་བ་སྤངས་པས་རྙེད་པར་བྱ་བ་བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པ་དག་ཀྱང་འཐོབ་པར་འགྱུར་རོ། །དེ་ལྟར་ན་གང་ལ་ཁྲོ་བའི་གནས་ལ་བཟོད་པ་ཡོད་པ་དེ་ལ་སྒོམ་པ་འབྱུང་ངོ་། །གང་ཞིག་ཇི་སྐད་བཤད་པའི་ཡོན་ཏན་ཅན་གྱི་བཟོད་པ་སྤངས་ནས་བྱས་པ་ལ་ལན་དུ་གནོད་པ་བྱེད་པ་ཙམ་མི་ནུས་པར་བསམ་པས་འཇིགས་པ་བསྐྱེད་དེ་ཡོན་ཏན་གྱི་གནས་བཟོད་པ་མི་བསྟེན་པ་དེ་ནི་དེའི་བླུན་པ་ཉིད་ཁོ་ན་འབའ་ཞིག་གོ་སྙམ་སྟེ། ཁྲོ་བའི་སྒོ་ནས་དོན་མ་ཡིན་པ་མང་པོ་འབྱུང་བའི་ཕྱིར་དང་། ཇི་སྐད་བཤད་པའི་ཡོན་ཏན་མཆོག་ཏུ་འབྱུང་བ་འཇོམས་པའི་ཕྱིར་རོ། །ཉེས་པར་སྤྱོད་པ་ལས་ལོག་པས་ངོ་ཚ་བ་བཞིན་ནོ། །སྐྱེས་བུ་འགའ་ཞིག་ཉེས་པར་སྤྱོད་པ་ལས་ལོག་པར་བྱས་ནས་ངོ་ཚ་བར་བྱེད་དེ། ཇི་ལྟར་འགའ་ཞིག་ཡོན་ཏན་གྱི་ཁྱིམ་དུ་སྐྱེ་སྟེ་སྐྱེ་བོ་དམ་པ་དང་ཕྲད་པས་སྲོག་གཅོད་པ་ལ་སོགས་པ་དག་ལས་ལོག་པར་གྱུར་པ་དང་། གཞན་མཛའ་བོ་བླུན་པོ་རྣམས་ཀྱིས་གང་རི་དྭགས་མི་ཤོར་ཞིང་སྐྱེས་བུ་ལག་ན་མཚོན་ཆ་ཐོགས་པ་རྣམས་འཐབ་པའི་ཕྱིར་མངོན་པར་འོངས་པ་ལ་འབྲོས་པ་ཁྱོད་ནི་བུད་མེད་དུ་གྱུར་ཅིང་ཁྱོ་གའི་རྟགས་བསྲེལ་བར་འགྱུར་བ་ཞིག་གོ་ཞེས་བཞད་གད་དུ་བྱས་པས་བླུན་པའི་ཕྱིར་ངོ་ཚ་བྱེད་པར་འགྱུར་བ་དེ་དང་འདྲ་བར་གང་ཞིག་ཁྲོ་བའི་གནས་སུ་བཟོད་པར་བྱེད་པ་དེ་སྒོམ་པ་འཐོབ་ན་བླུན་པས་འཇིགས་པ་སྐྱེ་བར་བྱེད་དེ། འདིར་བཤད་པ། བཟོད་བྲལ་མི་རྣམས་ཁྲོ་བ་ནི། །ཉེས་ཆེན་བྱེད་པ་ཡིན་མོད་ཀྱི། །འོན་ཀྱང་མཁས་པའི་ཡོན་ཏན་ནི། །བྱེད་དེ་བཟོད་པའི་རྒྱུ་ཡིན་ཕྱིར། །འདིར་སྨྲས་པ། གཟི་ཅན་གྱིས་དམན་པ་དག་གིས་ཁྱད་དུ་བསད་པ་བསྲན་པར་དཀའ་སྟེ། དེའི་ཕྱིར་འདི་དག་ཚར་བཅད་པར་རིགས་སོ། །བཤད་པར་བྱ་སྟེ། སུ་ཞིག་ཁྱད་བསད་ཐར་བྱས་ནས། །འཇིག་རྟེན་ཕ་རོལ་འགྲོ་བ་ཡོད། །དེའི་ཕྱིར་བདག་ནི་སྡིག་པ་བས། །བརྙས་པ་ལེགས་སོ་སྙམ་དུ་སེམས། །སེམས་པ་དང་ལྡན་པ་རྣམས་ལ་ཁྱད་བསད་ཅིང་གཅིག་ནས་གཅིག་ཏུ་བརྒྱུད་པ་མཐར་ཐུག་པ་མེད་པ་ཉིད་ཀྱི་ཕྱིར་སུས་དེའི་མཐར་བཀྲི་བར་ནུས། ཇི་ལྟར་གང་དག་གནའ་རབས་ཀྱི་རྒྱལ་པོ་ན་ཧུ་ཤ་དང་། ཨམ་པར་ཤིར་ཥ་དང་། ཏི་ལི་པ་ལ་སོགས་པ་མངོན་པར་རློམ་ཞིང་གཡུལ་སྤྲོད་པར་ནུས་པ་དེ་དག་ལས་འདིར་གང་དུ་ཁྱད་དུ་བསད་པ་འདི་བསལ་བར་བྱས་ནས་འཇིག་རྟེན་ཕ་རོལ་དུ་སོང་བའི་རྒྱལ་པོ་སུ་ཞིག་ཡོད། དེ་དག་ཀྱང་བརྙས་བཀྲན་གྱི་དབང་གིས་སྡིག་པ་དག་བྱས་ནས་ཤི་བར་གྱུར་པ་མ་ཡིན་ནམ། དེའི་ཕྱིར་འདིར་བདག་ལ་ནི་སྡིག་པ་བས་བརྙས་པ་མཆོག་ཏུ་བཀྲབས་སོ་སྙམ་དུ་སྣང་སྟེ། གང་གི་ཕྱིར་ཁྱད་དུ་བསད་པས་བརྙས་པ་ལས་དམྱལ་བར་མི་འགྲོ་ལ། སྡིག་པ་ལས་ནི་འགྲོ་བའི་ཕྱིར་རོ། །ཟོ་ཆུན་གྱི་འཁྲུལ་འཁོར་དང་། ཛ་མད་གྷ་ནའི་བུ་བཞིན་ནོ། །ཇི་ལྟར་ཟོ་ཆུན་གྱི་འཁྲུལ་འཁོར་མཐའ་ཡོད་པ་མ་ཡིན་པ་དེ་བཞིན་དུ། ཁྱད་བསད་ལ་སོགས་པ་ཡང་ངོ་། །དེ་བཞིན་དུ་ཛ་མད་གྷ་ནའི་བུས་ལན་བདུན་གསུམ་དུ་ས་སྟེངས་ན་རྒྱལ་རིགས་མེད་པར་བྱས་ནས་སྨ་ཕབ་ཀྱི་འཇིགས་པ་ལས་མ་གྲོལ་ཞིང་། དོན་མ་བྱས་པར་ཤི་བར་གྱུར་ཏོ། །རྒྱལ་རིགས་དེ་དག་ཀྱང་གཏན་ཁོ་ནར་ཕུང་བ་མ་ཡིན་ནོ། །དེ་བཞིན་དུ་འཇིགས་པས་བུ་མོ་གཞོན་ནུ་མའི་ཆེད་དུ་དེ་གཡུལ་དུ་སྨ་ཕབ་པ་ལ། རཱ་མས་ཀྱང་གཞུའི་རྒྱུ་མཚན་གྱི་ཆེད་དུ་སྨ་ཕབ་བོ། །འདིར་བཤད་པ། །ཁྱད་དུ་བསད་པའམ་སྡིག་པ་སྟེ། །སྡིག་པ་བས་ནི་ཁྱད་བསད་སླ། །གང་ཕྱིར་སྡིག་ལས་སྐྱེས་བུ་ནི། །དམྱལ་འགྲོ་ཁྱད་བསད་ལས་མ་ཡིན། །གང་ཞིག་དེ་དེ་ལྟར་སོ་སོར་རྟོག་པར་མི་ནུས་པ་དེས་ནི་རྣམ་པར་ཤེས་པའི་སྐྱེ་བ་དང་འགག་པ་ལ་སོགས་པ་ཕྱིར་བཟློག་པར་བྱ་སྟེ། འདི་ལྟར། གང་གིས་རྣམ་ཤེས་གནས་ལ་སོགས། །ཡང་དག་ཏུ་ནི་རྣམ་ཤེས་པ། །དེ་ཡོད་ན་ནི་ཉོན་མོངས་རྣམས། །ནམ་ཡང་བློ་གྲོས་ལ་མི་གནས། །རྣམ་པར་ཤེས་པ་ནི་རྐྱེན་དུ་མ་ལ་རག་ལས་ཏེ་སྐྱེ་བ་ཉིད་ཀྱི་ཕྱིར་འདུས་བྱས་ཡིན་ལ་འདུས་བྱས་ཉིད་ཀྱི་ཕྱིར་གནས་པ་དང་སྐྱེ་བ་དང་འཇིག་པ་དང་ལྡན་པ་ཞིག་ནི། འདི་ནི་སྐད་ཅིག་རེ་རེ་དམིགས་པའི་ཁྱད་པར་འཛིན་པར་འཇུག་པ་ལ་མཁས་པའི་ཕྱིར་དང་མི་གནས་པ་ཉིད་ཀྱི་ཕྱིར་འདི་ལ་གནས་པ་མེད་དོ། །གནས་པ་མེད་པ་ན་ཡང་གནས་པའི་རྒྱུ་སྐྱེ་བ་མི་རིགས་ཏེ་འདུས་མ་བྱས་ལྟར་གནས་པ་དང་བྲལ་བའི་ཕྱིར་རོ། །གནས་པ་དང་སྐྱེ་བ་དང་བྲལ་བ་འདི་ལ་ནི་མི་རྟག་པ་ཉིད་ཀྱང་ག་ལ་ཡོད་དེ། དེའི་ཕྱིར་རང་བཞིན་གྱིས་གསུམ་ཆར་ཡང་མེད་དོ། །གསུམ་པོ་མི་སྲིད་ན་ཡང་རྣམ་པར་ཤེས་པ་ལ་རང་བཞིན་མེད་དེ། རྣམ་ཤེས་སྒྱུ་མ་ལྟ་བུར་ནི། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་ཚིགས་སུ་བཅད་པ་འབྱུང་བའི་ཕྱིར་རོ། །གང་ལ་རང་བཞིན་ཡོད་པ་མ་ཡིན་པ་དེ་ནི་རང་བཞིན་དང་བྲལ་བ་ཉིད་ཀྱི་ཕྱིར་སྒྱུ་མའི་སྐྱེས་བུ་ལྟར་སྟོང་པ་ཉིད་ཡིན་ཞིང་དེས་ཀུན་བརྟགས་པའི་ཁམས་གསུམ་པོ་གང་ཡིན་པ་དེ་ཡང་སྟོང་ངོ་། །དེའི་ཕྱིར་དེ་ལྟར་རྣམ་པར་ཤེས་པའི་ཆོས་གནས་པ་ལ་སོགས་པའི་རང་གི་ངོ་བོས་སོ་སོར་རྟོག་པར་བྱེད་ཅིང་སྒྱུ་མ་དང་གཟུགས་བརྙན་གྱི་ཆོས་ཉིད་ལ་ཞུགས་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ལྡན་པ་ལ་ཕྱིན་ཅི་ལོག་ཏུ་མཐོང་བས་ཀུན་ནས་བསླང་བའི་ཉོན་མོངས་པའི་འདོད་ཆགས་ལ་སོགས་པ་རྣམས་ངེས་པར་ལྡོག་པར་འགྱུར་ཏེ། དེ་ལྟར་ན་སྒོམ་པ་འདི་ཉིད་ལེགས་སོ། །དེ་ལྟར་ན་དགེ་སློང་རྣལ་འབྱོར་སྤྱོད་པ་སྒོམ་པ་ལ་མངོན་པར་བརྩོན་པ་ལ་ནམ་ཡང་ཉོན་མོངས་པ་ཐམས་ཅད་མི་གནས་སོ། །དེའི་ཕྱིར་དེ་ལྟར་ཉོན་མོངས་པའི་མེ་ཉེ་བར་ཞི་སྟེ། སེམས་རྣམ་པར་བྱང་བས་འགྲོ་བ་ལ་ཕན་པར་བསྒྲུབ་པར་བྱ་ཞིང་། གཞན་དག་ཀྱང་ལམ་དེ་ལ་གཟུད་པར་བྱའོ། །བྱི་བའི་དུག་དང་དུག་གི་ཤིང་གི་རྩ་བ་འདོན་པ་བཞིན་ནོ། །གང་ཞིག་བྱི་བའི་དུག་གི་རིམ་གྲོ་ཤེས་པ་དེས་ནི་གཞོམ་པའམ་བཟློག་པར་ནུས་པ་དེ་བཞིན་དུ་སྐྱོན་རྣམས་ཀྱི་སྐྱེ་བ་དང་འགག་པ་དང་གནས་པའི་རྐྱེན་ཤེས་པ་དེས་ཉོན་མོངས་པ་རྣམས་འཇོམས་པར་ནུས་སོ། །ཡང་ཇི་ལྟར་དུག་གི་ཤིང་རྩ་བ་དྲུངས་ཕྱུང་ན་སླར་འབྱུང་བར་མི་འགྱུར་བ་དེ་བཞིན་དུ་འཁོར་བའི་འཇུག་པའི་དུག་གི་ཤིང་གི་སྐྱེ་བ་ལ་སོགས་པའི་རྩ་བ་ཕྱུང་བས་སླར་འཇུག་པར་མི་འགྱུར་རོ། །འདིར་བཤད་པ། སེམས་ལ་བརྟེན་པའི་སྐྱེ་དང་གནས། །རྒྱུ་མཚན་མཉམ་པར་གྱུར་པ་དང་། །ཤེས་བྱའང་གྲུབ་པའི་ཡུལ་གྱུར་ན། །དེ་ཡིས་གཏི་མུག་མུན་པ་འཇོམས། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། ཉོན་མོངས་པ་སྤོང་བའི་ཐབས་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པའི་འགྲེལ་པ་སྟེ་ཉོན་མོངས་པ་རྣམས་སྤང་བའི་ཐབས་བཤད་ཟིན་ཏོ།།    །།ད་ནི་འཁོར་བའི་ཉེས་དམིགས་བསྟན་པས་དེ་ལ་སྐྱོ་བ་བསྐྱེད་པར་བྱ་བའི་དོན་དུ་ལས་དག་སྤང་བའི་ཐབས་བརྗོད་པར་འདོད་པས་བཤད་པ། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུའང་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅིས་ན་སྐྱེ་མི་འགྱུར། །ཕྱོགས་བཅུ་ཐམས་ཅད་དུ་སོན་པའི་ཕྱིར་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཐོག་མ་མེད་པའི་དུས་ནས་སྲིད་པ་མ་རིགས་པ་དང་། བདག་ཏུ་ང་རྒྱལ་བ་དང་སྲེད་པ་ལས་བྱུང་བ་སྲེད་པའི་ཀུན་ཏུ་སྤྱོད་པ་སུམ་ཅུ་རྩ་དྲུག་གི་སྦྲུལ་གྱིས་གང་བར་གྱུར་པ། ལྟ་བར་འཛིན་པ་དྲུག་ཅུ་རྩ་གཉིས་ཀྱི་ཆུའི་སྲིན་པོས་དཀྲུགས་པ་སྐྱེ་བ་དང་འཆི་བའི་ཀླུང་འཁོར་མང་བ། ཁྲག་དང་མཆི་མ་དང་འོ་མའི་ཆུ་ཕོན་རྒྱས་པ། རྒ་བ་དང་ན་བ་དང་འཆི་བའི་ཆུ་རླབས་ཆིལ་ཆིལ་གཡོ་བ། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཉ་དང་། རུས་སྦལ་དང་། ཉ་ཏི་མི་དང་། ཉ་ཏི་མི་གིལ་དང་། ཆུ་སྲིན་ལོང་ལོང་དུ་གྱུར་པ་དུ་མས་དཀྲིགས་པ། འདོད་པ་ལ་གནོད་པའི་ཆུ་འཁྲུག་པ་འདི་ལ་མཐའ་ཡོད་པ་མ་ཡིན་ན་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་གཏིང་མེད་པ་འདིར་བྱིང་བ་ཁྱོད་ལ་རྒྱུ་ཅིས་འཇིགས་པ་འབྱུང་བར་མི་འགྱུར། ཕ་རོལ་མངོན་ཞིང་གདོན་མི་ཟ་བར་གཏིང་རྙེད་པའི་མཚོར་བྱིང་བ་མངོན་པར་འདོད་པའི་སྲོག་བྲལ་བ་ལ་སྡུག་བསྔལ་བ་དོགས་པ་ལ་ཡང་འཇིགས་པ་མཚུངས་པ་མེད་པ་སྐྱེ་ན། སྲིད་པའི་མཚོ་ཕ་རོལ་དང་གཏིང་ཀུན་ནས་ཡོད་པ་མ་ཡིན་པ་ཉེ་བར་འཚེ་བ་མེད་པ་སོ་སོའི་སྐྱེ་བོ་ལ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་འདི་མི་སྐྲག་ཅིང་གནོད་པར་མ་གྱུར་པ་གང་ཡིན་པ་དེ་ནི་འདིའི་སྤྱོད་པ་སྐྱོ་བར་བྱ་བ་ཞིག་སྟེ་བྱིས་པ་ཉིད་དོ། །རོ་ཧི་ཏའི་རྟ་བཞིན་ནོ། །ཇི་ལྟར་རོ་ཧི་ཏའི་རྟ་ཞེས་བྱ་བའི་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་བྱུང་བར་གྱུར་ལ། དེ་འདི་སྙམ་དུ་གང་བདག་འཇིག་རྟེན་གྱི་ཁམས་ཀྱི་མཐར་འགྲོའོ་སྙམ་དུ་སེམས་ཏེ། རྐང་འགྲོས་ཀྱི་རྫུ་འཕྲུལ་གྱིས་ལྷུན་པོའི་ཟོམ་དུ་རྐང་པ་འཇོག་པ་ན་འཇིག་རྟེན་གྱི་མཐར་མ་ཕྱིན་པར་བར་དུ་ཤི་ནས་ལྷ་དག་གི་ནང་དུ་སྐྱེས་ཤིང་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པར་གྱུར་ཏོ། །དེ་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་རོ་ཧི་ཏའི་རྟ་ངས་ཁྱོད་ཀྱི་ལུས་འདོམ་གང་ཙམ་པོ་འདི་ཉིད་ལ་འཇིག་རྟེན་དང་འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགོག་པ་དང་འཇིག་རྟེན་འགོག་པར་འགྲོ་བའི་ལམ་བསྟན་པར་བྱ་ཡིས་ཞེས་བཀའ་སྩལ་པ་ལྟ་བུའོ། །དེ་ལྟར་འཕགས་པའི་བདེན་པ་བཞི་བསྟན་པས་འཕགས་པའི་བདེན་པ་བཞི་མཐོང་བར་བྱས་པར་གྱུར་ཏོ། །འདིར་བཤད་པ། ཁྲག་དང་མཆི་མའི་ཆུ་ཡངས་ཤིང་། །རྒ་ཤིའི་ཀློང་དཀྲུགས་དབའ་རླབས་ཅན། །སྡུག་བསྔལ་རྒྱ་མཚོ་གཏིང་མེད་དུ། །བྱིང་ལ་ཇི་ལྟར་འཇིག་མི་འབྱུང་། །འདིར་སྨྲས་པ། ལང་ཚོ་ལ་སོགས་པའི་རྒྱགས་པ་དག་གིས་ཀུན་ཏུ་རྨོངས་པ་ལ་འཁོར་བས་འཇིགས་པ་མི་འབྱུང་ངོ་། །བཤད་པར་བྱ་སྟེ། ལང་ཚོ་རྒྱབ་ཏུ་བྱུང་གྱུར་ནས། །སླར་ཡང་མདུན་དུ་བྱུང་བར་འགྱུར། །གནས་ཀྱང་འཇིག་རྟེན་འདི་ལ་ནི། །འགྲོས་ཀྱིས་འགྲན་པ་ལྟ་བུར་མངོན། །འདིར་ལང་ཚོ་ནི་འཇིག་རྟེན་ལ་དགའ་བའི་རྒྱབ་ཏུ་བྱུང་ནས། ཡང་དེ་ལ་དུས་ཕྱིས་མདུན་དུ་འབྱུང་ཞིང་མདུན་དུ་བྱུང་ནས་ཀྱང་སླར་རྒྱབ་ཏུ་བྱུང་ལ་ཤི་བས་ཆོད་དེ་སླར་ཡང་མདུན་དུ་བྱུང་ངོ་། །དེའི་ཕྱིར་འཇིག་རྟེན་འདིས་འཇིག་རྟེན་གྱི་བདག་གིས་བདག་ཉིད་གནས་པར་རློམ་མོད་ཀྱི། དེ་ལྟར་ན་འདིའི་ལང་ཚོ་ལ་སོགས་པའི་གནས་སྐབས་རྣམས་མི་གནས་པར་མཐོང་བའི་ཕྱིར་ལང་ཚོ་དང་། རྒས་པ་དང་། འཆི་བ་རྣམས་འགྲོས་ཀྱིས་འགྲན་པ་ལྟར་མངོན་ནོ། །འགྲོས་ཀྱིས་འགྲན་པ་ནི་འགྲོས་ཀྱིས་འགྲན་པ་སྟེ། སྐྱེན་ཞིང་མགྱོགས་པས་བདག་ནི་མངོན་དུའོ་བདག་ནི་མངོན་སུམ་དུའོ་སྙམ་དུ་ཕན་ཚུན་འགྲོས་ལ་བསྡོ་ཞིང་ལམ་དུ་འགྲོ་བ་རྣམས་བཞིན་ནོ། །དེ་ལྟར་ལང་ཚོ་ལ་སོགས་པ་རྣམས་མི་གནས་པར་ཡོངས་སུ་དཔྱད་དེ། དེའི་ལང་ཚོའི་རྒྱགས་པ་མི་རིགས་སོ། །སྐྱེ་བ་དང་འཆི་བ་བཞིན་དང་། འཁོར་ལོས་འཚིར་བར་བྱེད་པའི་གྲིབ་མ་བཞིན་ནོ། །ཇི་ལྟར་སྲོག་ཆགས་རྣམས་ཀྱི་སྐྱེ་བ་དང་འཆི་བ་ཡོངས་སུ་འགྱུར་ཞིང་མདུན་དུ་བྱུང་ནས་རྒྱབ་ཏུ་བྱུང་བ་དང་། ཡང་ཇི་ལྟར་ཁ་མཁན་གྱི་འཁོར་ལོས་ཏིལ་འཚིར་བ་རྣམས་ཀྱི་གྲིབ་མ་མདུན་དུ་བྱུང་ནས་རྒྱབ་ཏུ་བྱུང་བ་དེ་བཞིན་དུ་ལང་ཚོ་ཡང་ཡིན་ནོ། །འདིར་བཤད་པ། སྐྱེ་དང་འཆི་ཕྱིར་སྐྱེ་འགྲོ་འདི། །འགྲོ་བ་སྣ་ཚོགས་རྣམས་སུ་ནི། །རང་ལས་དག་གིས་འགྲོ་བ་ནི། །རྟག་ཏུ་སྐྱེན་ཞིང་མགྱོགས་པ་ཡིས། །དེ་དང་དེར་ནི་ཡང་དག་རྒྱུག །འདིར་སྨྲས་པ། འགྲོ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་འཇིག་རྟེན་ལ་གདོན་མི་ཟ་བར་འགྲོ་བ་ཡོད་མོད་ཀྱི། དེ་ལྟར་ན་ཡང་དེའི་བདག་ཉིད་ཡིན་པས་དེ་ལ་མི་འཇིགས་སོ། །བཤད་པར་བྱ་སྟེ། སྲིད་པར་ཁྱོད་ལ་རང་འདོད་ཀྱིས། །འགྲོ་བ་གཞར་ཡང་ཡོད་མིན་ན། །གཞན་གྱི་དབང་དང་འཇིགས་མེད་པར། །བློ་དང་ལྡན་པ་སུ་ཞིག་འགྱུར། །འཁོར་བ་ན་རྟག་ཏུ་དེ་དང་དེར་འཁྱམ་པ་ལ་རང་གི་འདོད་པས་ལྷ་དང་མི་ལ་སོགས་པའི་འགྲོ་བར་འགྲོ་བ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཡང་གང་ལ་རང་གི་འདོད་པས་དོང་ཞིང་འགྲོ་བ་ཡོད་པ་མ་ཡིན་པ་དེ་རང་དབང་མ་ཡིན་པར་གྱུར་ནས་གལ་ཏེ་རང་དབང་ཅན་ལྟར་མི་འཇིགས་པར་འགྱུར་བ་ན་ནི་དེ་ལས་ཆེས་རྨོངས་པ་གཞན་སུ་ཞིག་ཡོད་དེ། བློ་དང་ལྡན་པ་ནི་གཞན་དབང་དུ་གྱུར་པ་དང་འཇིགས་པ་མེད་པར་མི་འགྱུར་རོ། །ལས་དང་ཉོན་མོངས་པ་ལ་རག་ལས་ཏེ་འགྲོ་ཞིང་གཤེད་དུ་འགྲོའོ་སྙམ་སྟེ་འགྲོ་བའི་ཁྱད་པར་ངེས་པར་མ་ཟིན་པ་འདིས་ནི་ཉིན་མཚན་ཕྱེད་པར་སྐྱོ་བར་བྱ་བར་རིགས་སོ། །ཀླུང་འབགས་པའི་ཤིང་དང་མནའ་མ་སར་པ་བཞིན་ནོ། །ཇི་ལྟར་ཀླུང་བྲུག་པའི་ཤིང་ལ་རང་འདོད་ཀྱིས་འགྲོ་བ་མེད་པ་དང་། ཡང་ཇི་ལྟར་གྱོས་པོ་ལ་སོགས་པ་རྣམས་ཀྱི་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་མནའ་མ་སར་པ་རྟག་ཏུ་རང་དབང་མ་ཡིན་པར་གྱུར་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་རྟག་ཏུ་རང་དབང་མེད་པ་ཡིན་ཏེ། རང་གི་ལས་ལ་རག་ལས་ཏེ་འགྲོ་བའི་ཕྱིར་རོ། །འདིར་བཤད་པ། འཁོར་བར་འཁོར་བའི་སྐྱེ་བོ་ལ། །འགྲོ་གང་ལས་དབང་གིས་འགྱུར་བ། །དེའི་ཕྱིར་ཅི་ནས་འགྲོ་བར་ནི། །འགྱུར་བ་མིན་པར་ལས་གཅད་བྱ། །འདིར་སྨྲས་པ། འདིའི་བདེ་བས་ཕྲོགས་པའི་ཕྱིར་འགྲོ་བ་གཅོད་པར་མི་ནུས་ཀྱི་མ་འོངས་པའི་སྐྱེ་བ་ལ་ནི་སྦྱར་བར་བྱའོ། །བཤད་པར་བྱ་སྟེ། མ་འོངས་ཐ་མ་ཡོད་མིན་ཞིང་། །ཀུན་ཚེའང་སོ་སོའི་སྐྱེ་བོ་སྐྱེ། །ཁྱོད་འདས་ཇི་ལྟར་དེ་བཞིན་དུ། །དེ་ཡང་མི་འགྱུར་དེ་ལྟར་བྱོས། །མ་འོངས་པའི་དུས་ལ་མཐའ་མེད་ལ་འདས་པ་ཡང་དེ་བཞིན་དུ་ཡིན་ཞིང་ཁྱོད་ཀྱང་འདས་པའི་དུས་ཐམས་ཅད་དུ་སོ་སོའི་སྐྱེ་བོ་ཞིག་སྟེ། ཁྱོད་ཀྱིས་འདས་པའི་དུས་ཇི་ལྟར་དོན་མེད་པར་གྱུར་པ་དེ་བཞིན་དུ་མ་འོངས་པ་ཡང་མི་འགྱུར་བ་དེ་ལྟར་གྱིས་ཤིག ཉོན་མོངས་པ་ཉེ་བར་ཞི་བར་མ་མྱོང་བཞིན་དུ་ཁྱོད་ཀྱིས་འདས་པའི་དུས་སོང་སྟེ། དེའི་ཕྱིར་ད་ལྟར་ཡང་ཇི་ལྟར་སྲིད་པ་འདི་མཐར་གྱུར་པ་དེ་ལྟར་འབད་པར་བྱའོ། །ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། ཁྱོད་ཀྱི་འདོད་རྒྱུས་དོན་མེད་ཆུད་གསན་པའི། །ལུས་ཀྱི་སྔོན་གྱི་མཐའ་གང་དྲན་བྱ་སྟེ། །དེ་རིང་བྱང་ཆུབ་ཡོངས་ཚོལ་བརྟུལ་ཞུགས་དང་། །བཅས་འདིར་བརྟུལ་ཞུགས་ཀྱིས་ནི་འདོད་པ་བཅོམ། །ཁྱོད་ཀྱི་འདོད་རྒྱུས་དོན་མེད་ཆུད་གསན་པའི། །ལུས་ཀྱི་སྔོན་གྱི་མཐའ་གང་དྲན་བྱས་ཏེ། །གངྒཱའི་བྱེ་སྙེད་དྲན་པར་མ་བྱས་ཤིང་། །འདི་འདྲའི་གསུང་གང་སངས་རྒྱས་ལས་མ་ཐོས། །ཞེས་གསུངས་པ་ལྟ་བུའོ། །གཞན་གྱི་ཁྱིམ་ཐབ་ལ་འཕྱན་པ་བཞིན་ནོ། གཞན་གྱི་བུད་མེད་ལ་འཕྱན་པ་འགའ་ཞིག་ལ་མཛའ་བོ་དེ་ལྟར་མ་བྱེད་ཅིག་ཅེས་རྗེས་སུ་བསྟན་པ་དང་ཕྱིན་ཆད་དེ་ལྟར་མི་བྱེད་དོ་ཞེས་སྨྲས་ལ། དེས་ཀྱང་སྔོན་ཇི་ལྟ་བ་དེ་བཞིན་ཕྱིན་ཆད་མི་བྱ་སྟེ། སྔོན་ཡང་ཁྱོད་ཀྱིས་ཕྱིན་ཆད་མི་བྱེད་དོ་ཞེས་སྨྲས་མོད་ཀྱི་བྱས་པ་ཡང་ཡིན་པས་མ་འོངས་པའི་དུས་སུ་དེ་ལྟར་མི་བྱའོ་ཞེས་སྨྲས་སོ། །དེ་བཞིན་དུ་བྱིས་པ་བླུན་ཞིང་འཁོར་བའི་འཇིགས་པ་དང་བྲལ་བ་གཏི་མུག་གིས་དཀྲུགས་པ་ཁ་ཅིག་ལ་དགེ་བའི་བཤེས་གཉེན་གྱི་འཁོར་བ་ནི་འཇིགས་པ་ཆེན་པོ་སྟེ། མྱ་ངན་ལས་འདས་པ་ལ་འབད་པར་བྱའོ་ཞེས་སྨྲས་པས། དེས་མ་བྱོན་པའི་ཐུབ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་འབྱུང་བར་འགྱུར་གྱི། དེ་དག་ལ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་ཞེས་སྨྲས་པ་དང་དེ་སྙེད་དག་ནི་འདས་པར་ཡང་གྱུར་ལ། དེ་དག་ཁྱོད་ཀྱིས་མཉེས་པར་མ་བྱས་ཏེ། ཇི་ལྟར་འདས་པའི་དུས་དོན་མེད་པར་སྡུག་བསྔལ་བས་འདས་པ་དེ་བཞིན་དུ་མ་འོངས་པ་ཡང་དེ་ལྟར་མི་འགྱུར་བ་དེ་ལྟར་བྱོས་ཤིག་ཅེས་སྨྲས་སོ། །འདིར་བཤད་པ། རྣམ་པར་གྲོལ་ལ་སྦྱར་བའི་ཕྱིར། །ཚེ་འདི་ཉིད་ལ་འབད་པར་བྱ། །འཇིག་རྟེན་གཞན་དུ་དམ་ཆོས་ལ། །དད་སྐྱེའི་ངེས་པ་ཅི་ཞིག་ཡོད། །མདོ་ལས་ཀྱང་། སངས་རྒྱས་འབྱུང་བ་བརྒྱ་ལ་རྙེད་འགྱུར་གྱི། །མི་ནི་ཐོབ་པ་ཚེགས་ཀྱིས་རྙེད་པར་འགྱུར། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲའི་བསྐལ་པ་བརྒྱར་ཡང་ཆེས་རྙེད་དཀའ། །ཞེས་གསུངས་སོ། །འདིར་སྨྲས་པ། ཡང་ཅི་འཁོར་བ་འདི་ལ་མཐའ་ཡོད་དམ་འོན་ཏེ་མེད། གལ་ཏེ་ཡོད་ན་ནི་དེའི་ཚེ་བསྒྲིམ་པ་མེད་པར་མཐའ་ཡོད་པའི་ཕྱིར་འབད་པ་འབྲས་བུ་མེད་པ་ཉིད་དོ། །ཅི་སྟེ་མེད་ན་ནི་དེའི་ཚེ་བསྒྲིམ་པ་ཡོད་ཀྱང་མཐའ་མེད་པའི་ཕྱིར་འབད་པ་འབྲས་བུ་མེད་པ་ཉིད་དོ། །བཤད་པར་བྱ་སྟེ། འདི་ནི་གཅིག་ཏུ་ངེས་པར་གཟུང་བར་མི་ནུས་སོ། །གང་ལ་ཞེ་ན། རང་བཞིན་མེད་པའི་ཕྱིར། རང་བཞིན་མེད་པའི་མཐའ་དང་ལྡན་པ་དང་། མཐའ་དང་མི་ལྡན་པ་ཉིད་ཀྱང་རིག་པ་དང་མ་རིག་པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་དང་དེ་གཉིས་ཀྱང་རྐྱེན་གཞན་དུ་མ་ལ་རག་ལས་པའི་ཕྱིར་དང་རྐྱེན་རྣམས་ཀྱང་ཤིན་ཏུ་དཀོན་པའི་ཕྱིར་ཏེ། འདི་གཉིས་ཆར་ངེས་པར་རྣམ་པར་གཞག་པར་མི་ནུས་སོ། །ངེས་པ་མེད་པ་དེ་ཉེ་བར་བསྟན་པའི་ཕྱིར་བཤད་པ། ཉན་པོ་མཉན་བྱ་འཆད་པོ་རྣམས། །འབྱུང་བ་ཤིན་ཏུ་རྙེད་དཀའ་སྟེ། །དེས་ན་མདོར་ན་འཁོར་བ་ནི། །མཐའ་མེད་མ་ཡིན་མཐའ་བཅས་མིན། །དེ་ལ་དལ་འབྱོར་ལ་གནས་པའི་གང་ཟག་ནི་ཉན་པ་པོར་འགྱུར་རོ། །དེས་ནི་ད་ལྟ་དགེ་བའི་བཤེས་གཉེན་གྱིས་ལུང་འབོགས་པ་ཐོས་ནས་དེའི་གསུང་གི་དོན་ལ་དཔྱོད་པར་ནུས་ན་དལ་འབྱོར་དེ་ཡང་རྙེད་པར་ཤིན་ཏུ་དཀའོ། །མཉན་པར་བྱ་བ་ནི་བདེན་པ་མཐོང་བ་དང་རྗེས་སུ་མཐུན་པའི་གསུང་ཡིན་ན། དེ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། འཆད་པ་པོ་དང་ཉན་པ་པོ་ཤིན་ཏུ་དཀོན་པའི་ཕྱིར་རོ། །འཆད་པ་པོ་ནི་དེ་བཞིན་གཤེགས་པ་ཡིན་ན་དེ་ཡང་ཤིན་ཏུ་རྙེད་པར་དཀའ་སྟེ། དེ་བཞིན་གཤེགས་པ་འབྱུང་བ་ནི་ཨུ་དུམ་བཱ་རའི་མེ་ཏོག་དང་འདྲ་བར་ཤིན་ཏུ་དཀོན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཉན་པ་པོ་དང་མཉན་པར་བྱ་བ་དང་འཆད་པ་པོ་རྣམ་པ་གསུམ་ཆར་ཡང་འབྱུང་བ་རྙེད་པར་ཤིན་ཏུ་དཀའོ། །ངེས་པར་འབྱུང་བ་དང་ངེས་པར་མི་འབྱུང་བ་མ་གཟིགས་པས་ཤིན་ཏུ་རྙེད་དཀའ་སྟེ། ཞེས་བཤད་དོ། །དཀོན་མཆོག་གསུམ་པོ་འདི་ཚོགས་པ་ཡོད་ན། འཁོར་བ་ལ་མཐའ་མཐོང་བའི་ཕྱིར་མཐའ་མེད་དོ་ཞེས་བརྗོད་པར་མི་ནུས་ལ། མ་ཚོགས་ན་མཐའ་མ་མཐོང་བའི་ཕྱིར་མཐའ་དང་བཅས་པའོ་ཞེས་ཀྱང་བརྗོད་པར་མི་ནུས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་ལས་གང་འཁོར་བ་ལ་མཐའ་དང་ལྡན་པ་ཉིད་དང་། མཐའ་དང་མི་ལྡན་པ་ཉིད་ཞལ་གྱིས་མ་བཞེས་པ་དེ་ནི་མདོར་བསྡུ་ན་རྒྱུ་འདི་ཉིད་ཀྱིས་ཡིན་ལ། ཞལ་གྱིས་མི་བཞེས་པ་ལ་རྒྱུ་གཞན་སྟོང་པ་ཉིད་དུ་སྨྲ་བ་དང་ལྡན་པ་དག་རྒྱས་པར་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ད་ལྟར་རྐྱེན་ལ་རག་ལས་པ་ཉིད་ཀྱི་ཕྱིར་ཇི་སྲིད་དུ་མཐའ་དང་མཐའ་མེད་པ་དག་གི་རྐྱེན་ཚོགས་པ་འདི་ལ་མ་ཚང་བ་མེད་པ་དེ་སྲིད་དུ་མཁས་པས་སྲིད་པ་ཡོངས་སུ་ཟད་པ་ལ་མངོན་པར་བརྩོན་པར་རིགས་སོ། །ཨུ་དུམ་བཱ་རའི་མེ་ཏོག་བཞིན་ནོ། །ཇི་ལྟར་ཨུ་དུམ་བཱ་རའི་མེ་ཏོག་ཤིན་ཏུ་དཀོན་པ་དེ་བཞིན་དུ་ཉན་པ་པོ་དང་མཉན་པར་བྱ་བ་དང་འཆད་པ་པོ་དག་ཀྱང་ཤིན་ཏུ་དཀོན་ཏེ། དེས་ན་འཁོར་བ་ལ་མཐའ་དང་བཅས་པ་ཡང་མ་ཡིན་ལ་མཐའ་མེད་པ་ཡང་མ་ཡིན་ནོ། །འདིར་བཤད་པ། གང་ཕྱིར་རྒྱུ་རྐྱེན་ཚོགས་པ་ལས། །ཤེས་པ་བསྐྱེད་པ་དེ་ཡི་ཕྱིར། །གསུམ་པོ་རྙེད་པར་དཀའ་བས་ན། །མཐའ་ལ་ངེས་པ་མ་བསྟན་ཏོ། །ཅི་སྟེ་ཇི་སྲིད་གསུང་རབ་གནས་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་དག་དང་། དེའི་ལུང་དབོག་པ་མངོན་པ་ཡིན་ཏེ། དེའི་ཕྱིར་གཞན་གྱི་ཚེ་བདག་འཁོར་བ་ཡོངས་སུ་ཟད་པར་བྱེད་དོ་སྙམ་ན། འདི་ནི་མི་རིགས་ཏེ། གལ་ཏེ་གསུང་རབ་གནས་པས་གཉིས་ཡོད་མོད་ཀྱི། དེ་ལྟར་ན་ཡང་ཉན་པ་པོ་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། ཕལ་མོ་ཆེ་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །གང་གི་ཕྱིར་སེམས་ཅན་རྣམས་ཕལ་ཆེར་མ་རིགས་པས་ལྡངས་ཤིང་གཞན་སྡུག་བསྔལ་བ་ལ་མངོན་པར་དགའ་ལ། སྐྱེས་བུ་དམ་པ་མ་ཡིན་པ་དང་ཕྲད་པས་སྲོག་ཆགས་གསོད་པ་ལ་སོགས་པ་མི་དགེ་བ་བཅུའི་ལས་ཀྱི་ལམ་བར་མཚམས་མེད་པའི་ཕྱིར་མི་འདི་དག་ནི་ཕལ་ཆེར་ངན་སོང་དུ་འགྲོ་བར་འགྱུར་ཏེ། གང་མི་དགེ་བའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པ་དེ་བདེ་འགྲོར་འགྱུར་བ་འདི་ནི་གནས་མེད་ཅིང་གོ་སྐབས་མེད་དེ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་སྟེ། འགྲོ་བ་དག་སོ་སོར་བསྐྱེད་པའི་ཕྱིར་རོ། །དེའི་ཕྱིར་འདི་གལ་ཏེ་བདག་ཉིད་མ་འོངས་པར་ངན་སོང་སྡུག་བསྔལ་གྱི་མེ་འབར་བས་ཡོངས་སུ་བསྐོར་བར་ཡང་དག་པར་བལྟས་ནས་གལ་ཏེ་ཐོད་པ་ལ་མེ་འབར་བ་ལྟར་ཆེས་མྱུར་དུ་ཕྱིར་འཆོས་པར་མི་བྱེད་པ་དེ་ནི། རྒྱལ་པོ་བློན་པོའི་སྤྱི་བོ་ནས་དབང་བསྐུར་བ་ཞིག་གོ །ཤ་ནའི་ཤིང་ཁུར་བ་བཞིན་ནོ། །ཇི་ལྟར་སྐྱེས་བུ་གཉིས་ཤ་ནའི་ཤིང་གི་ཕྱིར་སོན་པར་གྱུར་ལ། དེ་གཉིས་སླར་ལོག་པས་རས་བལ་གྱི་ཁུར་གཉིས་མཐོང་ངོ་། །དེ་ནས་གཅིག་གིས་ཤ་ནའི་ཁུར་བོར་ནས་རས་བལ་གྱི་ཁུར་བཟུང་བ་ན། དེ་བཞིན་དུ་ཇི་སྲིད་ཅིག་གསེར་གྱི་ཁུར་ཁུར་ནས་འོངས་ཤིང་གཉིས་པ་ནི་ཁོ་བོས་འདི་ཡུན་རིང་མོ་ཞིག་ཏུ་ཁུར་ཁུར་ནས་ཇི་ལྟར་འདི་བསྐྱུར་བར་བྱ་སྙམ་སྟེ། ཤ་ནའི་ཁུར་ཁོ་ན་ཁུར་བ་དེ་བཞིན་དུ་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་ཀྱང་རང་གི་ཕྱོགས་ལ་ཆགས་པས་བློ་མཉམ་པ་ཉིད་ཀྱི་གཏན་ཚིགས་ཀྱི་དོན་དང་ལྡན་དུ་ཟིན་ཀྱང་སངས་རྒྱས་ཀྱིས་གསུངས་པ་ལ་གུས་པ་མི་བྱེད་ཅིང་ཇི་ལྟར་ཁོ་བོ་ཅག་ཡུན་རིང་པོར་རྗེས་སུ་འབྲེལ་བའི་གྲུབ་པའི་མཐའ་འདི་ཡོངས་སུ་སྤོང་བར་བྱེད་ཅེས་ཀྱང་སྨྲའོ། །འདིར་བཤད་པ། འགྲོ་བ་ཡངས་པར་འགྲོ་ཕྱིར་རམ། །གང་ཕྱིར་སོ་སོར་འགྲོ་བ་འམ། །འགྲོ་བ་ཡངས་པ་སྐྱེད་བྱེད་པ། །དེས་འདིར་སོ་སོར་སྐྱེ་བོར་བཤད། །འདིར་སྨྲས་པ། ངན་སོང་ནི་མི་ཁོམ་པ་ཉིད་ཀྱི་ཕྱིར་དང་སྡུག་བསྔལ་རྣམ་པ་སྣ་ཚོགས་པ་ཡོད་པའི་ཕྱིར་མངོན་པར་དགའ་བའི་གནས་མ་ཡིན་མོད་ཀྱི། དེ་ལྟ་ན་ཡང་བསོད་ནམས་དག་གི་སྒོ་ནས་བདེ་འགྲོའི་འགྲོ་བ་མངོན་པར་དགའ་བའི་གནས་ཡོད་དོ། །དེའི་ཉེ་བར་འཚེ་བ་དང་བྲལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལས་སྐྱོ་བར་མི་བྱའོ། །བཤད་པར་བྱ་སྟེ། ངན་སོང་ལྟར་བདེ་འགྲོ་ལ་ཡང་སྐྱོ་བར་རིགས་ཏེ། འདི་ལྟར། ས་སྟེངས་སྡིག་པའི་རྣམ་སྨིན་ནི། །ཅོ་འདྲི་ཁོ་ན་ཡིན་པར་མཐོང་། །དེས་ན་སྲིད་པ་བསྲོག་གནས་དང་། །མཚུངས་པར་དམ་པ་རྣམས་ལ་སྣང་། །བདེ་འགྲོར་སྐྱེས་པ་རྣམས་ཀྱིས་ཀྱང་། །ཡིད་དུ་མི་འོང་བའི་ལས་དེའི་རྣམ་པར་སྨིན་པ་ལུས་ལས་ཡན་ལག་དང་ཉིང་ལག་ཉམས་པ་དང་དབང་པོ་མ་ཚང་བ་ཉིད་དང་། དབུལ་བ་ཉིད་དང་། མཐུ་ཆུང་བ་ཉིད་དང་། ཤེས་རབ་བུལ་བ་ཉིད་དང་། དམ་པས་ཀྱང་ཁ་ན་མ་ཐོ་བ་སྤྱོད་པ་ཉིད་དུ་དོགས་པ་ཞེས་བྱ་བའི་ཅོ་འདྲི་བ་རྒུད་པ་ཆེས་མི་དགའ་བ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར་ཀུན་ནས་ཆེས་རབ་ཏུ་འབར་བར་སྣང་བའི་རྒུད་པ་འདི་ལ་གནས་བཞིན་དུ་དེ་གཞོམ་པའི་ཕྱིར་མི་བརྩོན་པ་ནི་གཏི་མུག་སྨད་པའི་གནས་སུ་ཟད་དོ། །རྒྱལ་པོས་བློན་པོ་བཅད་པ་བཞིན་ནོ། །ཇི་ལྟར་རྒྱལ་པོ་འགའ་ཞིག་གིས་བློན་པོ་ཞིག་རི་མོར་བྱ་བ་དམ་པས་རིམ་མོར་བྱས་ལ། ཕྱིས་དེ་ལ་མི་འཇིགས་པས་དེས་དེ་ལ་ལག་པ་དང་རྐང་པ་དང་རྣ་བ་དང་སྣ་བཅད་པར་སྦྱར་ཏེ། དེ་བཞིན་དུ་ཕྱུག་པོར་འགྱུར་ཞིང་འཇིག་རྟེན་ཕ་རོལ་ལ་ལྟོས་པ་མེད་པ་དག་སྡིག་པའི་ལས་རྣམས་བྱེད་ལ་དེ་དག་དུས་བྱས་པར་གྱུར་པ་དང་། སེམས་ཅན་དམྱལ་བ་ལ་སོགས་པ་རྣམས་སུ་རྣམ་པར་སྨིན་པ་ཉམས་སུ་མྱོང་ནས་གང་གི་ཚེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་བསོད་ནམས་ཀྱི་ལས་ཀྱིས་མིར་སྐྱེ་བ་ཐོབ་པ་དེའི་ཚེ་དེ་དག་ལ་སྡིག་པའི་ལས་ཀྱི་ལྷག་མ་དེ་གཟུགས་མི་སྡུག་པ་ཉིད་ལ་སོགས་པ་རྣམས་ཀྱི་ཅོ་འདྲི་བ་རྗེས་སུ་བརྟེན་པར་འགྱུར་རོ། །འདིར་བཤད་པ། གསོན་པའི་འཇིག་རྟེན་འདི་ན་ནི། །སྔོན་བྱས་པ་ཡི་ལས་དེ་རྣམས། །རྣམ་སྨིན་རྣམ་པ་སྣ་ཚོགས་ཀྱིས། །འཇིག་རྟེན་འདི་ལ་ཅོ་འདྲི་བྱེད། །འདིར་སྨྲས་པ། གལ་ཏེ་དམ་པ་རྣམས་ལ་སྲིད་པ་བསྲོག་པའི་གནས་དང་མཚུངས་ན་དེ་ལ་འཇིག་རྟེན་ཅི་སྟེ་མི་སྐྱོ་ཞེ་ན། གླང་པོ་ཆེ་སྨྱོན་པ་ཆང་གིས་མྱོས་པ་ལྟར་སྨྱོན་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཅི་འཇིག་རྟེན་འདི་ཐམས་ཅད་སྨྱོའམ་ཞེ་ན། དེ་བཞིན་ནོ་ཞེས་སྨྲས་ཏེ། སྨྱོན་པའི་མཚན་ཉིད་ཐོབ་པ་ཉིད་ཀྱི་ཕྱིར་རོ། །འདི་ན་ཁམས་མ་སྙོམས་པ་ལས་སེམས་ཀྱི་འཇུག་པ་གནས་པ་མེད་པའི་གང་ཟག་ལ་ནི་འཇིག་རྟེན་གྱིས་སྨྱོན་པ་ཞེས་བརྗོད་ན་རང་བཞིན་གྱིས་གཡོས་པའི་སེམས་ལ་ཡང་འཇུག་པ་གནས་པ་མེད་པ་ཉིད་དོ། །དེ་ལྟར་ན། རྣམ་ཤེས་གནས་པ་མེད་པ་ལས། །གལ་ཏེ་སྨྱོན་པར་གྱུར་ན་ནི། །སྲིད་གནས་སྨྱོན་པ་མ་ཡིན་ཞེས། །མཁས་པ་སུ་ཞིག་སྨྲ་བར་འགྱུར། །མཁས་པ་རྣམས་ནི་རྣམ་པར་ཤེས་པ་གནས་པ་མེད་པ་ཉིད་ལ་སྨྱོན་པར་སྨྲ་ལ། དེ་ལས་ཀྱང་འདི་མི་རིགས་པའི་ཚུལ་མང་པོ་འདོད་ཅིང་རྡོལ་ཐབས་སྨྲའོ། །གང་སྲིད་པར་གཏོགས་ཤིང་འཕགས་པས་སྨྱོན་པ་མ་ཡིན་ནོ་ཞེས་གསུངས་པར་གྱུར་པ། གང་ལ་དམིགས་པ་གཅིག་ལ་རྣམ་པར་ཤེས་པ་རྟག་ཏུ་གནས་པ་ཡོད་པའི་སོ་སོའི་སྐྱེ་བོ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྨྱོ་བའི་རྒྱུ་ཡིན་པའི་ཕྱིར་མྱོས་པར་འགྱུར་བ་འཐུང་བ་ལྟར་བདག་ལེགས་སུ་འདོད་པས་འདི་ཡོངས་སུ་སྤང་བར་རིགས་པར་འགྱུར་རོ། །ཆགས་པ་ལོག་པ་བཞིན་ནོ། །ཇི་ལྟར་རྒྱལ་པོ་འགའ་ཞིག་ལ་བུ་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡབ་ལ་གཅིག་ཏུ་སྙིང་ཉེ་བ་ཅིག་ཡོད་ལ། རྒྱལ་པོ་དེ་གང་གི་ཚེ་དེ་མ་མཐོང་བ་དེའི་ཚེ་བུའི་སྲེད་པས་ཤིན་ཏུ་གཟིར་བར་འགྱུར་ཞིང་། མཐོང་ནས་ཀྱང་དེ་ལ་ཆེས་དམ་དུ་འཁྱུད་ནས་པང་དུ་འཇོག་པར་བྱེད་དོ། །དེ་ནམ་ཞིག་ན་གློ་བུར་ཁོ་ནར་བུ་དེ་མཐོང་ནས་ཤིན་ཏུ་འཁྲུགས་པར་གྱུར་ཅིང་བུ་ངན་ཕར་སོང་ངའི་མདུན་དུ་མ་སྡོད་ཅིག ཁྱོད་མཐོང་ནས་མེས་ཚིག་པ་ཙུག་བྱེད་དོ་ཞེས་སྨྲའོ། །དེས་པུས་མོ་གཉི་ག་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་ངུ་ཞིང་འདར་བཞིན་དུ་རྒྱལ་པོ་ལ་ངོས་ཀྱིས་ཅི་ནོངས་ཞེས་སྐད་ལྡིབ་ལྡིབ་པོ་དང་བཅས་པས་ཞུས་པ་དང་། རྒྱལ་པོ་དེས་ཁྱོད་ཀྱིས་ཅི་ཡང་མ་ཉེས་མོད་ཀྱི། ཁྱོད་མཐོང་བར་མི་འདོད་དོ་ཞེས་སྨྲས་སོ། །རྣམ་པར་འགྱུར་བ་དེ་རྟོགས་ནས་སྨན་པ་མཁས་པ་ཞིག་གིས་གསང་སྟེ་བློན་པོ་ལ་ཇི་ལྟར་རྒྱལ་པོ་འདི་ལ་གློ་བུར་དུ་མཚན་མ་ངན་པ་ཆགས་པ་ལོག་པར་མངོན་པ་ལྟ་ན། འདི་ལ་སྨྱོ་བའི་རྒྱུ་རྣམ་པར་ཤེས་པ་གནས་པ་མེད་པ་གོར་མ་ཆག་སྟེ། ཇི་སྲིད་བསྙུན་འདི་དཀྱེལ་ཆེན་པོར་མ་གྱུར་པ་དེ་སྲིད་དུ་གསོ་དཔྱད་ལ་འབད་པར་གྱིས་ཤིག་དེ་ལྟ་མ་ཡིན་ན་བསྙུན་ཡལ་བར་དོར་བ་ཚེགས་ཀྱིས་སྒྲུབ་པར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་བློན་པོ་དེ་ལེགས་པར་ཡོངས་སུ་བརྟགས་ཏེ་བྱེད་པ་ཞིག་ཡིན་དུ་ཟིན་ཀྱང་རྒྱལ་པོའི་ལས་ལ་གཡེངས་པས་སྨན་པ་དེ་ལ་དངོས་སུ་སྨད་པ་མཆོག་ཏུ་ཐ་ཤལ་དུ་གྱུར་པས་ཀྱང་ཐ་ཤལ་དུ་གྱུར་པ་སྨད་པའི་གནས་ཞིག་སྟེ་བདག་ཉིད་ཆེན་པོ་འདིའི་དགྲ་རྣམས་ཀྱང་སྨྱོ་བར་མ་གྱུར་ཅིག འདི་ལ་ཚིག་དེ་ལྟ་བུ་སུའི་མདུན་དུའང་མ་གླེང་ཞིག ཡུལ་འདི་ནས་དོང་བའི་ཆའོ་ཞེའོ། །དེ་ནས་རྒྱལ་པོའི་ནད་དེ་བཏང་སྙོམས་སུ་བོར་བ་དང་ཉི་མ་ཁ་ཅིག་ན་རྒྱལ་པོ་དེ་དེས་ཟིལ་གྱིས་མནན་ཞིང་གནས་མ་ཡིན་པར་དགོད་པ་དང་ངུ་བ་དང་གར་དང་གླུ་དག་བྱེད་དོ། །ཇི་ལྟར་རྒྱལ་པོ་འདི་སེམས་གནས་པ་མེད་པ་ལས་ཆགས་པ་ལོག་པས་སྨྱོ་བ་དེ་བཞིན་དུ་སོ་སོའི་སྐྱེ་བོ་རྣམས་ཀྱང་སེམས་གནས་པ་མེད་པ་ལས་ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་སྨྱོ་བ་ཞིག་གོ །འདི་ལྟར་འདི་དག་ན་ཡུལ་གང་ལ་མངོན་པར་ཞེན་པ་དེ་ཉིད་ལ་འཇུག་པ་ཡོངས་སུ་གཏོང་བར་སྣང་ངོ་། །དེའི་ཕྱིར་སྲིད་པར་གནས་པ་སྨྱོན་པ་མ་ཡིན་ནོ་ཞེས་བློ་གྲོས་དང་ལྡན་པ་སུ་ཞིག་སྨྲ་བར་འགྱུར། འདིར་བཤད་པ། མི་ལ་སྨྱོ་བའི་དྲུང་ན་གནས། །དོན་མིན་བྱེད་དེ་སྨྱོ་བ་མིན། །ལས་ཀྱི་སྐྱེས་བུ་སྣ་ཚོགས་སུ། །བྱེད་ལྟར་སྨྱོ་བས་མིན་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་བསྲོག་པའི་གནས་ཉིད་ཀྱི་ཕྱིར་དང་། སྨྱོ་བའི་གནས་ཉིད་ཡིན་པའི་ཕྱིར་མཁས་པ་དག་གིས་སྲིད་པ་ཡོངས་སུ་སྤང་བར་བྱས་ལ། དེ་ཡང་ལས་ཀྱིས་འཇུག་པ་ཐམས་ཅད་བཀག་པའི་སྒོ་ནས་སྤང་བར་བྱའོ། །དེ་ཇི་ལྟར་འགྱུར་ཞེ་ན། དེའི་ཐབས་བསྟན་པའི་ཕྱིར་བཤད་པ། འགྲོ་ལ་སོགས་པའི་སྡུག་བསྔལ་དག །བཟློག་ལ་ཉམས་པར་མཐོང་གྱུར་ཏེ། །དེས་ན་ལས་ཀུན་ཟད་པ་ལ། །བློ་གྲོས་ལྡན་པའི་བློ་བསྐྱེད་དོ། །ཇི་ལྟར་སྡོད་པ་དང་འཆག་པ་ལ་སོགས་པས་བསྐྱེད་པའི་སྡུག་བསྔལ་དག་ནི་དེ་ཡོངས་སུ་སྤང་བ་ན་སྔར་གྱི་འཕན་ཤུགས་ཟད་པ་ལས་མཐར་གྱིས་ཟད་པར་འགྱུར་བ་དེ་བཞིན་དུ་ལས་ཐམས་ཅད་རྒྱུན་ཆད་པར་གྱུར་དང་སྡུག་བསྔལ་དག་ཐམས་ཅད་ཀྱི་ཐམས་ཅད་དུའོ། །དེའི་ཕྱིར་སྐྱེས་བུ་མཁས་པ་ལས་ཐམས་ཅད་རྒྱུན་ཆད་པ་དོན་དུ་གཉེར་བ་ལས་ཐམས་ཅད་ཟད་པ་ལ་འབད་པ་དེ་བཞིན་དུ་གཞན་ཡང་འབད་པ་ན་རྣམ་པ་དེ་རྙེད་པར་འགྱུར་བས་བློ་གྲོས་དང་ལྡན་པས་ལས་ཐམས་ཅད་ཟད་པར་འཐོབ་པར་བྱ་བ་ཚོར་བར་བྱེད་པ་འགགས་པའི་རང་བཞིན་ཅན་མྱ་ངན་ལས་འདས་པ་ལ་འབད་པར་བྱའོ། །ལམ་རིངས་སུ་འགྲོ་བ་བཞིན་ནོ། །དཔེར་ན་ལམ་རིངས་སུ་ཇི་ལྟར་འགྲོ་བ་དེ་ལྟར་ངལ་བའི་སྡུག་བསྔལ་དང་། ལམ་རྒྱགས་ཟད་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་པ་དེ་བཞིན་དུ་བྱིས་པ་འཁོར་བའི་ལམ་ན་གནས་པ་རྣམས་ཀྱང་ངལ་བའི་སྡུག་བསྔལ་དང་དགེ་བའི་ལས་ཡོངས་སུ་ཟད་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དུ་འགྱུར་རོ། །རྣམ་པ་གཅིག་ཏུ་ན་ཇི་ལྟར་ལམ་རིངས་སུ་འགྲོ་བའི་སྡུག་བསྔལ་གྱིས་གཟིར་བར་འགྲེང་བ་རྩོམ་ཞིང་། དེས་དེའི་འགྲོ་བའི་སྡུག་བསྔལ་ལྡོག་གོ །འགྲེང་བའི་སྡུག་བསྔལ་ཡང་འདུག་པས་ཡིན་ལ། འདུག་པའི་སྡུག་བསྔལ་ཡང་འགྲེང་བས་སོ། །གལ་ཏེ་ཡང་འདུག་པའི་སྡུག་བསྔལ་གྱིས་ཡོངས་སུ་དུབ་སྟེ་དེ་བཏང་ནས་སྤྱོད་ལམ་གཞན་མི་རྩོམ་ན་ནི་དེའི་ཚེ་འདི་ལ་སྤྱོད་ལམ་ལས་བྱུང་བའི་སྡུག་བསྔལ་གཏན་ལྡོག་པ་སྲིད་པ་ཞིག་གོ །དེ་བཞིན་དུ་ལས་ཐམས་ཅད་ཟད་པ་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་དེ་ལྟར་ན་སྡུག་བསྔལ་ཐམས་ཅད་ལྡོག་པའི་རྒྱུ་ནི་ལས་ཐམས་ཅད་ཟད་པ་ཡིན་པས་བློ་གྲོས་དང་ལྡན་པས་ལས་ཐམས་ཅད་ཟད་པ་ལ་བློ་གྲོས་བསྐྱེད་པར་བྱའོ། །འདིར་བཤད་པ། ལུས་ཀྱི་བདེ་ལས་སེམས་ཀྱི་བདེ། །ཕུལ་དུ་གྱུར་པ་ཇི་བཞིན་དུ། །ཉོན་མོངས་ཟད་པའི་བདེ་ལས་ཀྱང་། །ལས་ཟད་བདེ་བ་དེ་བཞིན་ནོ། །འདི་ལས་ཀྱང་བློ་གྲོས་དང་ལྡན་པ་རྣམས་ཀྱིས་འཁོར་བ་བཏང་བར་རིགས་ཏེ་འཇིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར། གང་ཚེ་འབྲས་བུ་གཅིག་གི་ཡང་། །ཐོག་མའི་རྒྱུ་ནི་སྣང་མིན་པ། །དེ་ཚེ་གཅིག་ལ་ཡང་རྒྱས་པར། །མཐོང་ནས་གང་ལ་འཇིགས་མི་འབྱུང་། །འདི་ན་རེ་ཞིག་གང་གི་ཚེ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོག་མ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་ན་འབྱུང་བ་ལས་གྱུར་པའམ། སེམས་ལས་གྱུར་པ་ཡང་རུང་སྟེ། གཅིག་ནས་གཅིག་ཏུ་བརྒྱུད་པས་དང་པོ་ཡོངས་སུ་བརྟགས་བཞིན་པའི་འབྲས་བུ་གཅིག་གི་ཡང་དང་པོའི་རྒྱུ་མི་སྣང་བ་དེའི་ཚེ་དེ་ལྟར་འབྲས་བུ་གཅིག་ལ་ཡང་མཐའ་ཡས་པ་ཉིད་ཤིན་ཏུ་རྒྱས་པར་མཐོང་ནས་འཇིག་པ་དང་བྲལ་པ་མ་ཡིན་པ་གང་ཞིག་ལ་འདིར་འགྲོ་བའི་འཇུག་པ་མཐོང་བས་འཇིགས་པ་མི་འབྱུང་སྟེ། འདིས་ནི་རྒྱུན་དཔག་གིས་མི་ལང་བའི་ཚང་ཚིང་གིས་ཆེས་རྒྱུ་བར་དཀའ་བའི་འཁོར་བའི་འབྲོག་ཆེན་པོ་ལ་རྟག་ཏུ་སྐྱོ་བ་དང་། དེ་དང་རྗེས་སུ་འཚམ་པའི་ཚུལ་བཞིན་གྱི་རྣམ་པ་བསྒོམ་པ་རིགས་སོ། །བུམ་པ་བཞིན་ནོ། །དཔེར་ན་བུམ་པ་ལ་རྐྱེན་དག་དུ་མ་ལྟ་བུ་སྟེ་རེ་ཞིག་བུམ་པ་བྱ་བ་ལ་འཇིམ་པའི་གོང་བུ་དང་དབྱུ་གུ་དང་འཁོར་ལོ་དང་སྲད་བུ་དང་ཆུ་དང་སྐྱེས་བུའི་རྩོལ་བ་ལ་སོགས་པ་དག་སྣང་ན། གཞན་ཆས་བརླིང་བ་རྣམས་སྒྲུབ་པ་ལ་ལྟ་ཅི་སྨོས། །འདིར་བཤད་པ། འདི་ལྟར་དུས་མཐའ་ཡས་པའི་ཕྱིར། །འགྲོ་ལ་ཐོག་མ་ཡོད་མིན་པ། །དེ་ཕྱིར་སྐྱེ་བོ་སྔོན་གྱི་མཐའ། །ཡང་དག་ཀུན་ནས་ཤེས་པར་དཀའ། །གཞན་ཡང་འདིར་གང་ཞིག་མངོན་པར་འདོད་ཅིང་སྲེད་པས་ཡོངས་སུ་གཡོ་བ་དེ་གལ་ཏེ་ངེས་པར་འགྲུབ་པར་འགྱུར་ན་ནི་དེའི་ཚེ་གཡོ་བར་རིགས་པ་ཞིག་ན། འབྲས་བུ་ཐམས་ཅད་ངེས་པར་ནི། །འགྲུབ་པར་འགྱུར་བ་མ་ཡིན་ཞིང་། །གྲུབ་པ་ངེས་པར་མཐར་འགྱུར་ན། །དེ་ཡི་དོན་དུ་ཅི་སྟེ་འཇོམས། །འདི་ན་བརྩམས་པའི་འབྲས་བུ་ཐམས་ཅད་ནི་ངེས་པར་འགྲུབ་པའམ། མ་ཡིན་པ་ཞིག་ཏུ་འགྱུར་ལ། འབྲས་བུ་གྲུབ་པའོ་ཅོག་ཀྱང་ངེས་པར་གདོན་མི་ཟ་བར་འཇིག་པ་ཞིག་གོ །དེ་ལ་གང་འགྲུབ་པ་ནི་ངེས་པར་གདོན་མི་ཟ་བར་ཡུན་མི་རིང་བར་འཇིག་སྟེ། དེའི་དོན་དུ་འཇིག་རྟེན་འདི་ཀོ་ཅི་སྟེ་རྣམ་པར་འཇོམས། དེའི་ཕྱིར་དྲ་བ་ཅན་སྤངས་ཏེ་དེ་གཅད་པ་ལ་བསྒྲིམ་པར་བྱའོ། །རྫ་མཁན་སོ་གཏོང་བ་བཞིན་ནོ། །འདི་ལྟར་རྫ་མཁན་གྱི་སོ་གཏོང་པ་ལ་གྲུབ་པ་མ་ངེས་ཤིང་གྲུབ་པ་རྣམས་ཀྱང་ངེས་པར་འཇིག་པ་དེ་བཞིན་དུ་འཇིག་རྟེན་པའི་དངོས་པོ་ཐམས་ཅད་ལ་ཡང་ངོ་། །འདིར་བཤད་པ། བྱས་ཤིང་དངོས་པོ་ཐམས་ཅད་ལ། །ངེས་པར་གྲུབ་པ་ཡོད་མ་ཡིན། །དེ་ཡི་ཕྱིར་ན་དེ་དག་ནི། །ངེས་པར་གོར་མ་ཆག་པར་འཇིག །ཇི་ལྟར་འབྲས་བུ་ལ་ངེས་པར་འཇིག་པ་དེ་བཞིན་དུ་ལས་ཀྱང་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། ལས་ནི་འབད་པས་བྱེད་འགྱུར་ཞིང་། །བྱས་ཟིན་འབད་པ་མེད་པར་འཇིག །དེ་ལྟར་གྱུར་ཀྱང་ཁྱོད་ལ་ཀོ །ལས་ལ་ཆགས་བྲལ་འགའ་ཡོད་མིན། །འདི་ན་འབད་པ་ཆེན་པོས་སྒྲུབ་པའི་ཐབས་མང་པོ་དག་གིས་བྱེད་ལ། དེ་ཡང་འབད་པ་ཆེན་པོ་དང་སྒྲུབ་པར་བྱེད་པ་མང་པོ་དག་གིས་བྱས་བཞིན་དུ་འབྲས་བུ་ལྟར་འབད་པ་མེད་པ་ཁོ་ནར་འཇིག་གོ །དེའི་ཕྱིར་དེ་ལྟར་ན་མཁས་པ་སྐྱེས་བུའི་བྱེད་པ་སྒྲུབ་བྱེད་ཆེན་པོ་དོན་མེད་པར་བྱེད་པའི་ལས་ལ་འདོད་ཆགས་དང་བྲལ་བར་ཇི་ལྟར་མི་འགྱུར། ཁྱོད་ནི་སླར་ཡང་ལས་དེ་དག་བྱེད་པའི་ཕྱིར་ན་འདོད་ཆགས་དང་བྲལ་བ་མེད་པས་བླུན་པ་ཉིད་དུ་སྟོན་པར་བྱེད་དོ། །དེའི་ཕྱིར་འདོད་ཆགས་དང་བྲལ་བ་ལ་སྐབས་དབྱེ་བ་བྱ་སྟེ། ཕན་འདོགས་པ་ལ་བསྲི་བ་མེད་པའི་འཇུག་པ་ནི་མཛེས་པ་མ་ཡིན་ནོ། །རི་ལ་རྡོ་འཛུགས་པ་བཞིན་ནོ། །ཇི་ལྟར་རི་རྩེར་རྡོ་འབད་པས་འཛུགས་ཤིང་། དེ་འབད་པ་མེད་པ་ཁོ་ནར་འགྱེལ་པ་དེ་བཞིན་དུ་འཇིག་རྟེན་པའི་འཇུག་པ་ཐམས་ཅད་ཀྱང་ཡིན་ནོ། །འདིར་བཤད་པ། གང་གི་ཕྱིར་ན་རྒྱུ་དང་རྐྱེན། །ཚོགས་པ་ཡིས་ནི་ལས་བྱེད་པ། །དེའི་ཕྱིར་འབད་པས་དེ་བྱེད་ཅིང་། །དེ་མ་ཚང་བས་འཇིག་པར་འགྱུར། །འདིར་སྨྲས་པ། གལ་ཏེ་ཡང་འབད་པ་མེད་པར་ལས་འཇིག་མོད་ཀྱི། དེ་ལྟ་ན་ཡང་བདེ་བའི་རྒྱུ་ཉིད་ཀྱི་ཕྱིར་དེ་ལ་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །བཤད་པར་བྱ་སྟེ། འདས་ལ་བདེ་བ་ཡོད་མིན་ཞིང་། །མ་འོངས་པ་ལའང་ཡོད་མིན་ལ། །ད་ལྟར་བྱུང་བའང་འགྲོ་ཉིད་དེ། །ཁྱོད་ཀྱི་ངལ་འདི་གང་ཕྱིར་ཡིན། །རེ་ཞིག་རྣམ་པར་ཤེས་པ་འདས་པ་ལ་ནི་བདེ་བ་ཡོད་པ་ནི་མ་ཡིན་ཏེ་འགགས་ཟིན་པའི་ཕྱིར་རོ། །མ་འོངས་པ་ལ་ཡང་བདེ་བ་ཡོད་པ་མ་ཡིན་ཏེ་མ་ཕྲད་པའི་ཕྱིར་རོ། །ད་ལྟར་བ་ལ་ཡང་བདེ་བ་ཡོད་པ་མ་ཡིན་ཏེ་གནས་པ་མེད་པའི་ཕྱིར་རོ། །དེ་ལྟར་བདེ་བ་མེད་པར་གྱུར་པ་དང་། དེས་ཕན་འདོགས་པ་མེད་པའི་ཕྱིར། བདེ་བ་ལོངས་སྤྱོད་པ་ལ་བརྐམ་པ་ཡོད་ཀྱི་བདེ་བའི་རྒྱུ་སོག་པའི་དུབ་པ་གང་ཡིན་པ་དེ་གང་གི་ཆེད་དུ་ཡིན་པ་ཞིག་སྟེ། རྣམ་པ་ཐམས་ཅད་དུ་བདེ་བའི་རྒྱུ་སོག་པའི་ངལ་བའི་ཚེགས་འབྲས་བུ་མེད་པ་ཁོ་ནའོ་སྙམ་དུ་དགོངས་སོ། །ཀླུང་གི་ངོགས་སུ་ཁང་པ་བརྩིགས་པ་བཞིན་ནོ། །འགའ་ཞིག་གིས་ཆུ་ཀླུང་གི་འགྲམ་དུ་ཁང་པ་བརྩིགས་པ་དང་ས་ཕྱོགས་དེ་རྡིབ་པར་གྱུར་ཏོ། །དེ་ནས་དེ་ལས་གཞན་ཞིག་དེ་དང་མཐུན་པའི་འགྲམ་ཉིད་དུ་བརྩེགས་པ་དང་། དེ་ཡང་རྡིབ་སྟེ་རྡིབ་པ་ཁོ་ན་ཐུགས་པ་མེད་པར་འགྱུར་རོ། །ཇི་ལྟར་ཁྱིམ་བརྩིགས་པ་པོ་འདི་ལ་ངལ་དུབ་འབའ་ཞིག་ཏུ་འགྱུར་ཞིང་། མངོན་པར་འདོད་པའི་འབྲས་བུ་ཐོབ་པ་མེད་པ་དེ་བཞིན་དུ་འཇིག་རྟེན་པའི་འཇུག་པ་ཐམས་ཅད་ཀྱང་ཡིན་ནོ། །འདིར་བཤད་པ། སྐད་ཅིག་ལ་གཡོའི་འགྲོས་ཅན་སེམས། །གང་གི་ཕྱིར་ན་དུས་གསུམ་དུའང་། །ཡོངས་སུ་བརྟགས་ན་བདེ་མེད་ན། །ལས་རྣམས་གང་གི་དོན་དུ་སོག །འདིར་སྨྲས་པ། དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་མཐོ་རིས་ཀྱི་བདེ་བའི་དོན་དུ་གདོན་མི་ཟ་བར་དགེ་བའི་ལས་བྱའོ། །བཤད་པར་བྱ་སྟེ། མཁས་པ་རྣམས་ལ་མཐོ་རིས་ཀྱང་། །དམྱལ་བ་དང་མཚུངས་འཇིགས་སྐྱེད་འགྱུར། །རྣམ་པ་ཀུན་ཏུ་དེ་རྣམས་ལ། །སྲིད་གང་འཇིགས་པ་མི་སྐྱེད་དཀོན། །དེ་ལ་ཀུན་ནས་ཉོན་མོངས་པ་རྣམ་པ་སྣ་ཚོགས་སྐྱེ་བའི་སྒོར་གྱུར་པ་ཉིད་ཀྱི་ཕྱིར་དང་། ཡུལ་ལས་ཡང་དག་པར་འབྱུང་བའི་ཉོན་མོངས་པ་དྲག་པོའི་མེ་འབར་བ་ཉིད་ཀྱི་ཕྱིར་དང་། གཏི་མུག་ཤས་ཆེ་བ་ཉིད་ཀྱི་ཕྱིར་མཐོ་རིས་ཡང་དམྱལ་བ་ལྟར་འཇིགས་པ་སྐྱེ་པ་ཉིད་ཀྱི་ཕྱིར་མཁས་པ་རྣམས་ཀྱིས་སྤོང་བར་བྱེད་དོ། །གང་དག་ལ་མཐོ་རིས་ཕུན་སུམ་ཚོགས་པ་སྨད་དུ་མེད་པའི་བདེ་བ་ལ་ལོངས་སྤྱོད་པས་དགའ་བར་འོས་པ་རྣམས་ཀྱིས་རེས་འཇོག་སྐྱེད་པར་མི་བྱེད་པ་དེ་དག་ལ་དེ་ལས་གཞན་པའི་སྲིད་པ་དུར་ཁྲོད་ཀྱི་ས་གཞི་ལྟ་བུ་ལ་དགའ་བར་ག་ལ་འགྱུར། ཀྱང་གི་སྒྲ་ནི་འདིར་རིམ་པ་གཞན་དུ་སྦྱར་ཏེ། མཐོ་རིས་ཀྱི་སྒྲའི་མཇུག་ཐོགས་སུ་བལྟ་བར་བྱ་ཞིང་། རེ་ཞིག་སྲིད་པ་གཞན་ལྟ་ཞོག་ཤིག མཐོ་རིས་ཀྱང་མཁས་པ་རྣམས་ལ་དམྱལ་བ་དང་མཚུངས་སོ་ཞེས་རྣམ་པར་བཤད་པར་བྱའོ། །བྱིས་པའི་འཆིང་བ་གྲོལ་བ་བཞིན་དང་། བ་ལཱི་འཆིང་བ་གྲོལ་བ་བཞིན་ནོ། །དཔེར་ན་རྒྱལ་པོ་བྱས་པ་ཞེས་པ་རང་བཞིན་གྱིས་མ་རུས་པའི་ཆོས་ལུགས་ལྕགས་ལྟར་རྣོ་བ་ཞིག་བྱུང་བར་གྱུར་ལ་དེའི་བཙོན་ཁང་དུ་གང་དང་པོ་འཇུག་པ་དེ་ལག་པ་དང་རྐང་པ་དང་སྐྱེ་བ་དག་ལ་འཆིང་བ་ལྔས་དམ་དུ་འཆིང་ངོ་། །དེ་གང་གི་ཚེ་འགའ་ཞིག་འགྲོལ་བར་བྱེད་པ་དེའི་ཚེ་སྐྱེས་བུ་སྲུང་མ་རྣམས་ལ་འདི་འཆིང་བ་ཐམས་ཅད་ལས་གྲོལ་བར་བྱ་མོད་ཀྱི། འོན་ཀྱང་སྤྱོད་ལམ་གཅིག་པོ་གང་ཞིག་གིས་ཚེའི་མཐར་གནས་པར་འདོད་པ་དེ་ལེགས་པར་བསྲུང་བར་གཞག་པར་བྱའོ་ཞེས་ལུང་བསྒོ་བར་བྱེད་ལ། ལྷ་དེ་བཞིན་ནོ་ཞེས་དེ་རྣམས་ཀྱིས་ཇི་སྐད་དུ་སྨྲས་པ་དེ་བཞིན་བྱས་པ་ལྟ་བུ་སྟེ། དེ་ལ་གང་ཞིག་རྒྱལ་པོ་བྱིས་པའི་འཆིང་བ་ལས་གྲོལ་བར་གྱུར་པ་དེ་ལ་ནི་གྲོལ་བ་ཡང་བཅིངས་པ་དང་མཚུངས་པར་འཇིགས་པ་སྐྱེད་པ་ཉིད་དེ། སྡུག་བསྔལ་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་གཞན་བདག་ཉིད་ཆེན་པོ་རྣམས་ལ་ཡང་མཐོ་རིས་ཀྱང་དམྱལ་བའི་གནས་དང་འདྲ་བར་འཇིགས་པ་སྐྱེད་པར་འགྱུར་རོ། །ཡང་ཇི་ལྟར་བ་ལཱི་འཇིག་རྟེན་ཐམས་ཅད་ཀྱི་དཔོན་ཕྱིན་ནས་བསྡམས་པར་གྱུར་པ་ནི་འདི་གཞན་ཕྱིན་ཏེ་འགྲོ་བར་སྣང་ངམ། དེ་བཞིན་དུ་གང་དག་ལ་མཐོ་རིས་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་དམྱལ་བ་དང་མཚུངས་པ་དེ་དག་ལ་གང་ཞིག་འཇིགས་པ་མི་སྐྱེད་པའི་སྲིད་པ་གཞན་གང་ཞིག་ཡོད། གཞན་ཡང་ཇི་ལྟར་མཁས་པ་འཁོར་བའི་སྐྱོན་སོ་སོར་རྟོག་པ་ལ་མཛངས་པ་རྣམས་འཁོར་བ་གཅིག་ཏུ་སྡུག་བསྔལ་ཞིང་སྡུག་བསྔལ་གྱི་མེ་འབར་བས་ཡོངས་སུ་བསྐོར་བ་ཇི་ལྟ་བ་བཞིན་ལྟ་བ་དེ་ལྟར། གལ་ཏེ་བྱིས་པའང་རྣམ་ཀུན་ཏུ། །འཁོར་བའི་སྡུག་བསྔལ་ཤེས་གྱུར་ན། །སྐད་ཅིག་དེ་ལ་སེམས་དང་ནི། །ལྷན་ཅིག་གཏན་དུ་འཇིག་པར་འགྱུར། །སྡུག་བསྔལ་གང་ཞིག་བསགས་པ་ན་འཕགས་པ་རྣམས་འཁོར་བ་ལས་སྐྱོ་བར་འགྱུར་བ་དེ་གལ་ཏེ་སོ་སོའི་སྐྱེ་བོས་མངོན་སུམ་དུ་བྱ་བར་ནུས་ན་ནི་དེའི་ཚེ་སྐད་ཅིག་དེ་ཉིད་ལ་འདིའི་སྙིང་ལུས་དང་ལྷན་ཅིག་ཏུ་རྣམ་པ་བརྒྱར་འཇིག་པར་འགྱུར་བ་ཞིག་ན་མ་རྟོགས་པའི་ཕྱིར་ན་འདི་གྲོགས་པོའི་གསོབ་ཀྱིས་གཡོགས་པའི་དགྲ་ལ་བྱ་བ་ལྟར་འཁོར་བ་ལ་མངོན་པར་དགའོ། །འཕགས་པ་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་བསམ་པ་བརྟན་པོས་བཟུང་བ་ནི་བྱས་པ་ཤེས་པ་ཉིད་དང་སྙིང་རྗེ་ཆེན་པོའི་ཐབས་དང་སྟོབས་དག་གིས་དེ་ལྟར་སྐྱོ་བའི་རྒྱུ་མ་ཡིན་པས་གཞན་ལ་ཕན་པའི་བྱ་བ་ལ་གཞོལ་བ་དེ་རྣམས་ལ་གཏན་ནས་འཇིག་པ་དོགས་པར་བྱ་བར་མི་ནུས་ལ། སོ་སོའི་སྐྱེ་བོ་ནི་འཇིག་ཚོགས་ལ་ལྟ་བ་དང་རྗེས་སུ་འབྲེལ་བའི་ཕྱིར་དང་གཉེན་པོ་སྒོམ་པ་དང་བྲལ་བའི་ཕྱིར་ན། གལ་ཏེ་འཁོར་བའི་སྡུག་བསྔལ་རྣམ་པ་ཐམས་ཅད་དུ་ཤེས་ན་ངེས་པར་རྡུལ་ཕྲ་རབ་ཏུ་འཇིགས་པར་འགྱུར་རོ། །གནོད་སྦྱིན་གྱིས་བརླམས་པ་དང་། དབང་པོས་བྱིས་པ་བཞིན་ནོ། །འགའ་ཞིག་ནི་གནོད་སྦྱིན་གྱིས་མངོན་པར་བརླམས་ཤིང་གནོད་སྦྱིན་དེ་ཡང་དེས་མ་མཐོང་བར་གྱུར་པ་དང་། དེ་འདི་སྙམ་དུ་རེ་ཞིག་གནོད་སྦྱིན་དེ་མ་མཐོང་བར་སྡུག་བསྔལ་འདི་འདྲ་བ་བྱུང་ན་གལ་ཏེ་མཐོང་ན་ནི་བདག་གི་ལུས་ཕྱག་དར་སྤར་གང་ལྟར་རྣམ་པར་འཇིག་པར་འགྱུར་རོ་སྙམ་དུ་སེམས་སོ། །ཡང་ཇི་ལྟར་སྡེ་སྣ་གཞོན་ནུ་དཔོན་ཐབས་ལ་ཆགས་པས་སྲོག་ཡོངས་སུ་བཏང་ནས་སྡེ་སྣ་ཉིད་སླར་འཛིན་པ་དེ་བཞིན་དུ་བྱིས་པའི་སྐྱེ་བོ་ཡང་གལ་ཏེ་འཁོར་བའི་སྡུག་བསྔལ་ཁོང་དུ་ཆུད་ན་དེའི་འཇིགས་པས་སྲིད་པ་ཐམས་ཅད་ཡོངས་སུ་གཏང་བ་གཏན་དུ་འཇིག་པར་འགྱུར་ཏེ་ཐར་རོ་ཞེས་བྱ་བའི་དོན་ཏོ། །འདིར་བཤད་པ། སངས་རྒྱས་རྣམས་ཀྱིས་སྡིག་པ་ཡི། །འབྲས་བུ་ཅི་འདྲ་མཁྱེན་ཇི་ལྟར། །ཇི་ལྟར་བྱིས་པས་ཤེས་ན་དེ། །སྐད་ཅིག་དེ་ལ་བརྒྱལ་བར་འགྱུར། །གཞན་ཡང་འཁོར་བ་འདི་ནི་བྱ་བ་དག་ལ་ནུས་པ་དང་ལྡན་ཞིང་གཡོ་བར་གྱུར་པ་བདེ་བར་འགྱུར་ན། དེ་ཡང་ངེས་པར་དཔྱད་པ་ན། །སེམས་ཅན་རློམ་པ་ཅན་མིན་དཀོན། །རློམ་ཅན་སྙིང་རྗེ་ལྡན་པ་མེད། །དེས་ན་སྣང་བ་ནས་སྣང་བར། །འགྲོ་བ་ཤིན་ཏུ་རྙེད་དཀར་གསུངས། །བདེ་བ་མྱོང་བར་བྱ་བའི་ཡུལ་མ་ཐོབ་པར་ཉེ་བར་སོང་བའི་ཕྱིར་དང་། ཐོབ་པ་ཡོངས་སུ་བསྲུང་བའི་ཕྱིར་དང་། སྐྱེས་བུ་ནུས་ཤིང་ཞོ་ཤ་དང་ལྡན་པ་ཁོན་རློམ་པ་ཉེ་བར་སྐྱེ་ལ། རློམ་པའི་དབང་གིས་ཀྱང་བདག་ཉིད་ཁྱད་པར་དུ་གྱུར་པ་ཡོངས་སུ་རྟོག་ཅིང་ལྷག་པར་མི་བཟོད་པ་ན་དེ་གཞོམ་པར་འདོད་པས་བརྩེ་བ་མེད་པར་འགྱུར་རོ། །གང་ལས་བདེ་བ་ཉམས་སུ་མྱོང་བར་འགྱུར་བ་བརྩེ་བ་མེད་པ་ལ་ནི་ངན་འགྲོའི་མཐར་ཐུག་པ་ཉིད་ཀྱི་འབྱོར་པ་དག་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྣང་བ་ནས་སྣང་བར་གཞོལ་བའི་གང་ཟག་ནི་དཀོན་ནོ་ཞེས་གསུངས་ཏེ། རིགས་དང་། ལོངས་སྤྱོད་དང་། ཕྱུག་པ་ལས་སྐྱེས་པའི་ང་རྒྱལ་གྱིས་ངེས་པར་ཐུར་དུ་ལྟུང་བའི་ཕྱིར་རོ། །ཛ་མད་གྷ་ནའི་བུ་བཞིན་ནོ། །ཇི་ལྟར་ཛ་མད་གྷ་ནའི་བུ་ནུས་ཤིང་རླམ་པས་ལན་ཉི་ཤུ་རྩ་གཅིག་ཏུ་ས་སྟེངས་རྒྱལ་རིགས་མེད་པར་བྱས་ཏེ། སྙིང་བརྩེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་སྦུངས་ཡོད་ཅིང་ང་རྒྱལ་ཅན་མ་ཡིན་པར་འགྱུར་བ་དང་། ང་རྒྱལ་ཅན་སྙིང་རྗེ་དང་ལྡན་པ་ཞེས་བྱ་བ་ནི་ཤིན་ཏུ་རྙེད་པར་དཀའ། གལ་ཏེ་དེ་ལྟར་རློམ་པ་ཅན་དག་སྡིག་པའི་ལས་ལ་སྤྱོད་པའི་ཕྱིར་ངན་འགྲོའི་མཐར་ཐུག་པས་སྣང་བ་ཡིན་ན་འོ་ན་བཟློག་སྟེ་རློམ་པ་ཅན་མ་ཡིན་པ་དག་ཆོས་མཐོ་རིས་ཀྱི་བདེ་བ་སྒྲུབ་པར་བྱེད་པ་ལ་སྤྱོད་པའི་ཕྱིར་བསྔགས་པར་འོས་པར་འགྱུར་ཏེ། དེའི་ཕྱིར་འཁོར་བ་ནི་གཅིག་ཏུ་དགོངས་པ་ཡིན་ནོ་ཞེ་ན་བཤད་པར་བྱ་སྟེ། ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་ཆོས་ལ་ཡང་ཆགས་པར་མི་རིགས་སོ། །འདི་ལྟར། འདི་ན་ཡུལ་ལོག་གྱུར་པ་ལ། །ཡུལ་ན་དམིགས་པར་གྲགས་གྱུར་ཏེ། །ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས། །རྒྱུ་ཅི་ཞིག་གིས་ཡང་དག་འདོད། །གང་ཡུལ་དག་ལ་རེ་བ་མེད་པ་ནི་ཚངས་པར་སྤྱོད་པ་ཁས་བླངས་པ་ལས་དེ་དག་ཡོངས་སུ་འདོར་ལ་དེ་འདི་ནས་ཤི་འཕོས་ཤིང་། ཕྱུག་པོའི་རིགས་སམ་མཐོ་རིས་སུ་སྐྱེས་པ་ལ་ཡུལ་ཡིད་དུ་འོང་བ་དག་དམིགས་སོ། །གང་གི་ཕྱིར་འདི་འདོར་བའི་རང་བཞིན་ཡིན་པ་བཞིན་དུ་རང་གིས་ཐོབ་པའི་ངོ་བོ་ཅན་གྱི་འབྲས་བུ་མངོན་པར་སྒྲུབ་པར་བྱེད་པ་དེའི་ཕྱིར་ན་ཆོས་ནི་ཕྱིན་ཅི་ལོག་ཡིན་ནོ། །དེ་དེ་ལྟར་ཕྱིན་ཅི་ལོག་ཡིན་ཡང་ཕྱིན་ཅི་ལོག་ཏུ་གྱུར་པའི་འཇིག་རྟེན་གྱི་རྒྱུ་ཅི་ཞིག་སྟེ། དམ་པ་རྣམས་མི་བཞེད་པ་གང་ཞིག་གིས་ཁས་བླངས་པ་སྟེ། དེའི་ཕྱིར་དེ་ལ་མངོན་པར་ཞེན་པ་མཆོག་ཏུ་བཀྲབས་པར་མི་འགྱུར་རོ། །ལུག་བརྡུང་བར་འདོད་པ་བཞིན་ནོ། །ཇི་ལྟར་ལུག་ནི་བརྡུང་བར་འདོད་པ་ན་རིངས་པོར་སོང་བ་ཡང་ལོག་པ་མ་ཡིན་པ་དེ་བཞིན་དུ་ཡུལ་ལོག་ཅིང་ཡུལ་དོན་དུ་གཉེར་བ་ཡང་ཡིན་ནོ། །དེ་ལྟར་ན་རེ་ཞིག་ཆོས་ཀྱང་ཕྱིན་ཅི་ལོག་ཉིད་ཡིན་པའི་ཕྱིར་སྤང་བར་བྱ་བ་ཡིན་ནོ། །ལས་དེའི་འབྲས་བུ་ཕྱུག་པ་གང་ཡིན་པ་དེ་ཡང་རང་དབང་དུ་གྱུར་པ་ཉིད་མེད་པའི་ཕྱིར་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་གནས་ཡིན་པ་ཉིད་ཀྱི་ཕྱིར་ན་མཁས་པས་རེ་བ་གཞག་པར་མི་བྱ་སྟེ། འདི་ལྟར། བསོད་ནམས་འབྲས་བུ་ཕྱུག་པ་སྟེ། །དེ་གཞན་ལས་ཡོངས་བསྲུང་བྱ་ན། །རྟག་ཏུ་གཞན་ལས་བསྲུང་བྱ་གང་། །དེ་ནི་ཇི་ལྟར་བདག་གིར་འགྱུར། །སྔར་བྱས་པའི་བསོད་ནམས་ཀྱི་ལས་ཀྱི་འབྲས་བུ་ནི་ཕྱུག་པ་ཉིད་ཡིན་ནོ། །དེ་ཡང་བདག་གི་བར་འདུ་ཤེས་བྱས་པ་ཞིག་ཡིན་ལ། དེ་ནི་རྟག་ཏུ་དགྲ་ཟླ་དག་ལས་བསྲུང་བར་བྱ་བ་ཡིན་ནོ། །གལ་ཏེ་དེ་བདག་གི་བ་ཡིན་ན་ནི་མི་བདག་ང་རྒྱལ་ཅན་དང་། རྐུན་པོ་དང་། ཆུ་དང་། མེ་རླུང་ལ་སོགས་པ་དགྲ་ཟླ་དག་ལས་བསྲུང་བར་བྱ་བར་མི་འགྱུར་བ་ཞིག་ན། གང་ཞིག་གཞན་དག་གིས་གཅད་པར་བྱ་བའི་ཕྱིར་རྟག་པར་བསྲུང་བའི་ཚུལ་བྱ་དགོས་པ་དེ་ཅི་ལྟར་བདག་གི་བ་ཡིན་པར་བརྗོད་པར་ནུས། དེའི་ཕྱིར་འདི་ནམ་ཞིག་ན་བསྲུང་བའི་སྒྲུབ་པས་བར་མེད་པར་མཆོག་ཏུ་འཚམ་ཞིང་ཡུལ་གྱི་རོ་མྱོང་པར་བྱེད། དེའི་ཕྱིར་འདིའི་འབྲས་བུས་ཀྱང་ཕན་འདོགས་པར་མི་ནུས་སོ། །བླ་མ་བཞིན་ནོ། །ཇི་ལྟར་རྟག་ཏུ་བླ་མའི་རྗེས་སུ་འཇུག་པར་བྱ་བ་དང་བླ་མ་ལ་འབད་པར་བྱ་བ་དེ་བཞིན་དུ་ཕྱུག་པ་བསོད་ནམས་ཀྱི་སྟོབས་ལས་སྐྱེས་པ་ཡིན་ལ། དེ་ཡང་རྒྱལ་པོ་དང་ཆོམ་རྐུན་དང་ཆུ་དང་མེ་དང་འགྲས་པ་ལ་སོགས་པ་དག་ལས་བསྲུང་བར་བྱ་བ་ཡིན་ནོ། །གང་ཞིག་རྟག་ཏུ་བསྲུང་བར་བྱ་བ་ཡིན་པ་དེ་ནི་བདག་གི་བ་མ་ཡིན་ནོ། །འཇིག་རྟེན་པའི་ཆོས་ནི་གནས་པ་མེད་པའི་ཕྱིར་དེ་ལ་རེ་བ་མི་ལེགས་ཏེ། འདི་ལྟར། འཇིག་རྟེན་ཚུལ་ལུགས་གང་དང་གང་། །དེ་དང་དེ་ལ་ཆོས་རྗེས་འཇུག །དེ་ཡི་ཕྱིར་ན་ཆོས་པས་ཀྱང་། །འཇིག་རྟེན་སྟོབས་ལྡན་ལྟ་བུར་སྣང་། །ཆོས་ནི་འཇིག་རྟེན་གྱི་ཡུལ་དང་རིགས་དང་རུས་དང་སྤྱོད་ཡུལ་གྱི་རྣམ་པར་བཞག་པས་བུ་མོ་རྫོང་བ་དང་སྲོལ་བ་ལ་སོགས་པའི་ཚུལ་ལུགས་གང་དང་གང་རྣམ་པར་འཇོག་པར་བྱེད་པ་དེ་དང་དེ་ལ་ཡང་དག་པར་རྗེས་སུ་འཇུག་སྟེ། ཚུལ་ལུགས་དེ་དང་དེ་ལ་ཆོས་ཞེས་གྲགས་པར་འགྱུར་བའི་ཕྱིར་རོ། །གང་ཞིག་ཡུལ་དང་དུས་ཀྱི་ཁྱད་པར་དག་རྣམ་པ་གཞན་དུ་འགྱུར་བ་འདི་ནི་རང་བཞིན་གྱིས་རྣམ་པར་གནས་པའི་ཆོས་ཀྱི་ལུགས་སུའང་མི་རིགས་ཏེ། དེའི་ཕྱིར་འདི་ལ་ཤིན་ཏུ་གུས་པར་མི་རིགས་སོ། །བུ་མོ་བག་མར་ལེན་པ་བཞིན་ནོ། །སྐྱེས་བུ་ཡུལ་ཡ་བ་ནར་ཕྱིན་པ་འགའ་ཞིག་གིས་ཡུལ་ཡ་བ་ན་པ་འགའ་ཞིག་མེ་སྦར་ནས་རིག་སྔགས་ཀྱི་མེ་དེ་ལས་ཁྱོད་ལ་བུ་མོ་ཆུང་མར་རུང་ངོ་ཞེས་བྱ་བའི་སྒྲ་འབྱིན་པར་བྱེད་པ་མཐོང་ངོ་། །སྐྱེས་བུ་དེ་ཡང་ཤིན་ཏུ་འདོད་ཆགས་ལ་སྤྱོད་པ་ཞིག་ཡིན་ཞིང་། དེའི་བུ་མོ་གཟུགས་དང་ལང་ཚོ་དང་ལྡན་པ་ཞིག་ཀྱང་རང་གི་ཡུལ་ན་གནས་སོ། །དེ་ནས་མི་དེས་ཡུལ་ཡ་བ་ན་པ་དེའི་ཐད་ནས་རིག་སྔགས་དེ་ནོར་མང་པོ་བྱིན་ནས་དོན་དུ་གཉེར་བར་བྱས་ཤིང་། རང་གི་ཡུལ་དུ་འོངས་ཏེ་རང་གི་བུ་མོ་ཆུང་མར་བྱ་བར་འདོད་ནས་དོན་དེ་སྨྲ་བར་བྱ་བའི་ཕྱིར་མེ་ལ་དྲིས་པ་དང་མེ་དེས་ཚུལ་ལུགས་རྣམ་པ་གཞན་དུ་ཡིན་ནོ་སྨྲ་སྟེ། དེ་ལྟར་ན། ཆོས་པས་ཀྱང་འཇིག་རྟེན་སྟོབས་དང་ལྡན་ནོ། །འདིར་སྨྲས་པ། འདི་ན་མངོན་པར་འདོད་པའི་ཡུལ་ཡང་དག་པར་འབྱུང་བ་མེད་པར་བདེ་བ་མྱོང་བར་འགྱུར་བའི་ཉམས་སུ་མྱོང་བ་ཡོད་པ་མ་ཡིན་ལ། ཡུལ་འབྱུང་བ་དེ་ཡང་གང་གི་ཕྱིར་བསོད་ནམས་ཁོ་ན་ལ་སྲིད་པ་དེའི་ཕྱིར་ཡུལ་འདོད་པས་ཆོས་བྱ་བ་ཁོ་ནའོ། །བཤད་པར་བྱ་སྟེ། ཡུལ་ནི་དགེ་བས་ཡིད་འོང་ན། །ཡུལ་དེའང་ངན་པར་བརྩི་བ་ཡིན། །གང་ཞིག་བཏང་བ་ཤིས་འགྱུར་བ། །དེ་གྲུབ་པ་ཡིས་ཅི་ཞིག་དགོས། །ཡུལ་ཡིད་དུ་འོང་བ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བ་འདོད་པའི་ཡོན་ཏན་ལྔའི་བདག་ཉིད་ཅན་གང་ཡིན་པ་དེ་ནི་དགེ་བའི་ལས་ཀྱིས་འཐོབ་ན། དེ་ཉིད་ཐར་པ་འདོད་པའི་སེམས་ཅན་རྣམས་ཀྱིས་མི་གཙང་བ་བསྐུས་པའི་ཁྱིམ་ལྟར་སྨད་པར་འགྱུར་རོ། །གང་ཞིག་དོན་མ་ཡིན་པའི་རྩ་བ་ཡིན་པའི་ཕྱིར་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། བདག་མེད་པ་ཉིད་ཀྱིས་རྟག་ཏུ་སོ་མི་གསོད་པའི་ཕྱིར་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་བག་མེད་པའི་གནས་ཉིད་ཀྱི་ཕྱིར་ཡོངས་སུ་བཏང་བ་མཆོག་ཏུ་བཀྲབས་པར་འགྱུར་བ་དེ་ནི་གྲུབ་པས་ཀྱང་དགོས་པ་ཅི་ཞིག་ཡོད། དེའི་ཕྱིར་འབྲས་བུའི་ཡུལ་གྱི་རྒྱུ་ཆོས་ཉེ་བར་སོག་པའི་ཚེགས་དོན་མེད་པ་ཁོ་ན་ཡིན་པས། ཆོས་མ་ཡིན་པ་ལྟར་ཆོས་ལ་ཡང་ཆགས་པ་དོར་བར་གྱིས་ཤིག ཀམ་པོ་ཙེར་སློང་དུ་རྒྱུ་བ་བཞིན་ནོ། །དགེ་སློང་འགའ་ཞིག་ཀམ་པོ་ཙེར་ཡུལ་མི་དག་ལ་སློང་དུ་སོང་བ་དང་། དེ་ལ་གཡོ་སྒྱུ་ཅན་འགའ་ཞིག་གིས་རང་གི་དགོས་པའི་དོན་དུ་འདི་ནི་ཡུལ་འདིའི་ཁྲིམས་ཡིན་གྱི་བསོད་སྙོམས་ལ་རྒྱུ་བ་ན་རེ་ཞིག་འདིར་ཅི་ཡང་མ་སྨྲ་ཤིག བཞད་གད་དུ་འགྱུར་དུ་འོང་ངོ་ཞེས་སྨྲས་སོ། །དེ་དྲང་བས་དད་པར་བྱས་པ་ཉིད་ཀྱིས་དེ་ལྟར་བྱས་སོ། །དེ་ནས་སྐྱེ་བོའི་ཚོགས་དེས་བདག་ཅག་ལ་བསྡེབས་སྐྱེས་བུ་དེས་འཁྲུལ་འཁོར་འདི་བྱས་ནས་བདག་ཅག་ལ་མངགས་སོ་སྙམ་དུ་ཤེས་ཤིང་། ཨེ་མ་འདིའི་མིག་འབྱེད་པ་དང་འཛུམས་པ་ནི་མི་ལྟར་སྦྱར་བར་གྱུར་ཏོ་ཞེའོ། །དེ་བཞིན་དུ་ཉིང་ལག་ཐམས་ཅད་ལ་སྨྲ་བར་གྱུར་ཏོ། །དེ་ནས་དེ་དག་གིས་ཀྱང་དེ་དང་འདྲ་བའི་འཁྲུལ་འཁོར་དག་བྱས་ནས་སྐྱེས་བུ་དེ་ལ་མངགས་སོ། །དེ་ནས་དེ་དགེ་སློང་དེ་ལ་ད་ནི་སྐྱེས་བུ་དེ་དག་གི་དོན་དུ་ཚིག་སྨྲོས་ཤིག་ཅེས་པ་དང་། དེས་ཀྱང་དེ་ལྟར་བྱས་ཏེ་ཨ་རོག་གྱ་ལ་སོགས་པའི་ཚིག་ཕྱུང་ངོ་། །དེ་ནས་དེ་དག་ཡ་མཚན་དུ་གྱུར་ཏེ་འདི་ནི་བདག་གིས་མི་ནུས་ཀྱི་གསལ་བར་བདག་ཅག་དེས་ཕམ་པར་བྱས་སོ་ཞེས་སྨྲའོ། །གཡོ་སྒྱུ་ཅན་དེ་ཡང་རང་གི་ངོ་བོ་ཡོངས་སུ་ཤེས་པ་ལས་ངན་པར་བརྩི་བར་འགྱུར་ཏེ། འདི་ཡང་དེ་དང་འདྲའོ། །འདིར་སྨྲས་པ། གལ་ཏེ་ཡུལ་སྨད་པ་ཡིན་པའི་ཕྱིར་ཡུལ་སྒྲུབ་པའི་དོན་དུ་ཆོས་དགོས་པ་མེད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་རྒྱལ་སྲིད་དག་ནི་བཀའི་རོ་མྱང་བས་བརླིང་བ་ཡིན་པས་དེའི་དོན་དུ་རྒྱལ་སྲིད་ལ་དབང་བའི་བསོད་ནམས་བདག་ལ་འབད་པར་བྱའོ། །བཤད་པར་བྱ་སྟེ། ཐམས་ཅད་ལ་བཀས་དགོས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། གང་ལ་བཀའ་ལུང་དགོས་མེད་པ། །དེ་ལ་ཆོས་དོན་མེད་པར་འགྱུར། །གང་ཞིག་གིས་འདོད་པའི་དོན་རྣམ་པ་གཞན་དུ་གྲུབ་པ་མི་སྲིད་པ་དེས་ནི་གཞན་གྱི་དེ་སྒྲུབ་ཏུ་གཞུག་པའི་ཕྱིར་བཀའ་ལུང་སྩོལ་བའི་ངལ་བ་འཐོབ་པར་འགྱུར་གྱི། གང་ཞིག་བཀའ་ལུང་མེད་པར་དོན་གྲུབ་པར་འབད་པ་མེད་པར་འཐོབ་པ་དེ་ལ་ནི་བཀའ་ལུང་དགོས་པ་ཅི་ཡང་མེད་ལ། གང་ལ་བཀའ་དགོས་པ་ཡོད་པ་མ་ཡིན་པ་དེ་ལ་ནི་དེའི་རྒྱུ་ཆོས་ཀྱང་དོན་མེད་དོ། །དེ་ལྟར་ན་རེ་ཞིག་བཀའ་དོན་དུ་མི་གཉེར་བ་དེ་ཆོས་མེད་དོ། །འོ་ན་ནི་བཀའ་ལུང་དགོས་པ་ཡོད་པ་དེ་ལ་ཆོས་འབྲས་བུ་དང་བཅས་པར་འགྱུར་བས་དེའི་དོན་དུ་རིགས་སོ་ཞེ་ན། བཤད་པར་བྱ་སྟེ། གང་ཡང་ཆོས་དོན་གཉེར་བ་ཉིད། །དེ་ནི་སྐྱེ་ནང་བླུན་ཞེས་བྱ། །བླུན་པོ་རིགས་པ་དང་མི་རིགས་པར་སྤྱོད་པར་མི་ནུས་པ་ཁོ་ན་བཀའ་དོན་དུ་གཉེར་བར་འགྱུར་གྱི། མཁས་པ་ནི་ཕྱི་རོལ་དུ་གཡེངས་པའི་ཚོགས་ཀྱི་ངལ་བ་བདེ་བར་མི་སེམས་སོ། །གཞན་ཡང་འདི་བཀའ་ལུང་ལ་གནོད་པས་བྲོད་པ་དང་བྲལ་བ་ལས་དེ་དང་རྗེས་སུ་མི་མཐུན་པ་དག་ལ་འཇུག་པས་གནས་པ་ན་འདོད་བཞིན་དུ་བྱ་བ་མ་ཡིན་པ་བྱེད་དེ། དེའི་ཕྱིར་ཆེས་སྡིག་པའི་གནས་སྐབས་སུ་འགྱུར་བས་དོན་དུ་གཉེར་བར་མི་རིགས་སོ། །གལ་ཏེ་འདི་དགེ་བའི་ལས་ཀྱིས་བཀའ་དོན་དུ་གཉེར་བར་གྱུར་ཅིང་མི་དགེ་བའི་ཕུང་པོ་རྒྱལ་སྲིད་དོན་དུ་གཉེར་བར་བྱེད་ན་ནི། དེ་ལས་ཆེས་བླུན་པ་གཞན་སུ་ཞིག་ཡོད་པར་འགྱུར། ལོ་ཚིགས་ཤེས་པ་བཞིན་ནོ། །རྩིས་མཁན་འགའ་ཞིག་ལ་བུ་གཅིག་པ་གཟུགས་ལ་སོགས་པ་ཡོན་ཏན་དང་ལྡན་པ་ཞིག་ཡོད་ལ། དེ་ཡང་བུ་དེ་དང་ལྷན་ཅིག་ཡུལ་གཞན་དུ་སོང་བར་འགྱུར་ཞིང་དེ་གཞན་དག་གི་གམ་དུ་བདག་ཉིད་དོང་བར་བྱའོ་ཞེས་ངུ་བར་བརྩམས་སོ། །གཞན་དག་གིས་དེ་ལ་ཅིའི་ཕྱིར་ངུ་ཞེས་དྲིས་པ་དང་། དེས་ཉི་མ་དྲུག་ན་བདག་གི་བུ་འདི་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་སྨྲ་སྟེ། ཉི་མ་དེ་དག་ཙམ་ཁོ་ནར་དེས་བུ་དེ་གསོད་པར་གྱུར་ཏོ། །འདིར་སྨྲས་པ། མཐོ་རིས་ཀྱི་གནས་ན་མི་རྣམས་ལ་ཆོས་ཀྱི་འབྲས་བུ་ཕྱུག་པའི་ཁྱད་པར་དམིགས་ནས་མ་འོངས་པའི་འབྲས་བུའི་ཁྱད་པར་འདོད་པ་ན་མཁས་པ་སུ་ཞིག་གུས་པ་དང་བཅས་པས་བསོད་ནམས་དག་མི་བྱེད། བཤད་པར་བྱ་སྟེ། མ་འོངས་པ་ཡི་འབྲས་མཐོང་ནས། །ཆོས་འདོད་ཆགས་པས་ཁྱོད་ཆགས་ན། །མ་འོངས་མཐའ་ནི་མཐོང་གྱུར་ན། །འཇིགས་པ་མེད་དམ་ཅི་ཞིག་བྱེད། །མངོན་པར་འདོད་པའི་འབྲས་བུ་མ་འོངས་པ་ལ་འདོད་པ་ན་འདི་འདུ་བྱེད་དགེ་བ་དག་ལ་འདོད་ཆགས་བསྲེལ་ན། དེའི་འབྲས་བུ་དེ་མ་ཐག་ཏུ་འབྱུང་བའི་ངན་འགྲོ་ནི་མཆོག་ཏུ་ཡིད་དུ་མི་འོང་བ་ཞིག་སྟེ། དེ་ཡོངས་སུ་སྤོང་བར་བྱེད་པས་འབྲས་བུ་ལྟར་ཆོས་ལ་ཡང་རེ་བ་སྤང་བར་བྱའོ། །འབྲས་བུ་དང་ཆོས་ལ་ཆགས་པ་མེད་པ་ནི་ངེས་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་འགྱུར་རོ། །གེལ་བའི་གནས་ཉོ་བ་བཞིན་ནོ། །ཇི་ལྟར་མི་མི་མཁས་པ་འགའ་ཞིག་ཡོན་ཏན་དང་ལྡན་ནོ་སྙམ་དུ་བསམས་ནས་གེལ་བའི་གནས་ཉོ་ལ། དེ་ཡང་འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་འཇུག་པའི་རྒྱུ་ཉིད་ཀྱི་ཕྱིར་ཉེས་པ་དུ་མས་སྐྱོན་ཆགས་པར་གྱུར་པ་ལྟ་བུའོ། །གཞན་ཡང་འབྲས་བུའི་རྒྱུ་མཚན་དུ་དགེ་བར་འདོད་པ། གླ་པ་ལྟ་བུ་བསོད་ནམས་ནི། །རྣམ་ཀུན་རྔན་པ་དང་མཚུངས་འགྱུར། །ཇི་ལྟར་གླ་པ་འབྲས་བུ་འདོད་པ་ན། གླའི་དོན་དུ་ལས་བྱེད་པ་དེ་བཞིན་དུ་སྐྱེ་བོ་འདི་ཡང་འབྲས་བུའི་ཆེད་དུ་སྦྱིན་པ་ལ་སོགས་པ་ལ་འཇུག་གོ །དེའི་ཕྱིར་གླ་པ་དང་འདྲ་བར་འགྱུར་དུ་འོང་བས་འབྲས་བུ་ཡིད་དུ་འོང་བའི་ཆེད་དུ་འབྲས་བུ་སྦྱིན་པ་ལ་སོགས་པའི་ལས་ལ་འབད་པར་མི་བྱའོ། །དེ་ལ་མཁས་པ་རྣམས་ལ་དེ་ལས་བཟློག་པར་འགྱུར་བར་དོགས་པར་མི་བྱ་སྟེ། འདི་ལྟར། གང་དག་དགེ་བའང་མི་འདོད་ལ། །དེ་དག་མི་དགེ་ཇི་ལྟར་བྱེད། །བྱ་བ་མངོན་པར་འདོད་པ་ལ་ནི་རང་དང་གཞན་གྱི་བདེ་བ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་བསོད་ནམས་ཀྱི་བྱ་བ་མཆོག་ཡིན་ན་གང་དག་དེ་ལ་ཡང་འཁོར་བའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་མི་འདོད་པ་དེ་དག་ལྟར་རང་དང་གཞན་ལ་གཏན་དོན་མ་ཡིན་པར་གྱུར་པའི་མི་དགེ་བ་ཇི་ལྟར་བྱེད། དེ་དག་ལ་ནི་འདི་དོགས་པར་བྱ་བ་མི་ནུས་ཀྱང་འཁོར་བ་ལས་ལྡོག་པ་ནི་སྲིད་དེ། དེའི་རྒྱུ་ལས་མི་བྱེད་པའི་ཕྱིར་རོ། །རང་ག་ཊས་རྒྱལ་བུ་ལ་གླང་བཀལ་བ་བཞིན་ནོ། །རང་ཀ་ཊ་ཞེས་བྱ་བ་མཆོག་ཏུ་དབུལ་ཞིང་ཕོངས་པ་སྤྲང་བ་འགའ་ཞིག་གིས་འགའ་ཞིག་དག་ལས་ཁ་འཕྲོ་ལེགས་པར་མ་སྦྱར་བ་ཞིག་རྙེད་དོ། །དེ་ཡང་རང་གི་གོས་ཧྲུལ་དྲི་མ་དང་ཆུ་སེར་ལ་སོགས་པ་དྲི་མའི་སྐྱོན་དུ་མས་བརླག་པ་ཞིག་ཏུ་གཏུམས་པར་གྱུར་པ་དང་། བག་མེད་པ་དེའི་དེ་ཁྱིས་ཕྲོགས་པར་གྱུར་ལ། དེ་དང་ཤིན་ཏུ་མི་རིང་བ་ཞིག་ན་རྒྱལ་བུ་ཞིག་ལྷ་མཉེས་པར་བྱ་བར་འདོད་པས་སྨྱུང་བར་རྣམ་པར་གནས་པ་དེ་ལ་དེས་རྒྱལ་བུ་འདིས་བདག་གི་སློང་མོ་ཕྲོགས་ཏེ་ཟོས་སོ་ཞེས་སྐུར་བ་བཏབ་སྟེ་རྒྱལ་བུ་དེ་ནི་སྨྱུང་བར་གནས་པ་ཉམས་པར་འགྱུར་དུ་འོང་ངོ་ཞེས་ཏེ། རང་གི་ཁ་ཟས་ཤིན་ཏུ་ལེགས་པར་སྦྱར་བ་ཡང་མི་ཟ་ན་དེ་ལྟ་ཟ་བར་ག་ལ་འགྱུར། དེ་བཞིན་དུ་གང་དག་སྲིད་པའི་རྒྱུ་ཡིན་པས་བསོད་ནམས་དག་ཀྱང་བྱེད་པར་མི་ཕོད་པ་དེ་དག་ཇི་ལྟར་ན་ངན་འགྲོའི་རྩ་བས་བསོད་ནམས་མ་ཡིན་པ་དག་བྱེད་པར་འགྱུར། གཞན་ཡང་མ་རིག་པ་དང་རྗེས་སུ་འབྲེལ་བའི་བྱིས་པ་རྣམས་ནི་བདེ་བ་དང་ཡིད་བདེ་བ་དང་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་སྨིན་པའི་ཕྱིར་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་དག་བྱེད་ཅིང་སོག་པར་ཡང་བྱེད་ཀྱི་མ་རིག་པའི་ཕྱིན་ཅི་ལོག་འཕེལ་བ་དྲུངས་ཕྱུང་བས། རང་བཞིན་མེད་པའི་མཐོང་བ་སྐྱེ་བའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དམ་པ་ཁོང་དུ་ཆུད་པ། གང་གིས་འགྲོ་བར་འཁྲུལ་འཁོར་གྱི། །ཚོགས་འདྲ་སྒྱུ་མའི་སྐྱེས་བུ་ལྟར། །མཐོང་བར་གྱུར་པ་དེ་དག་ཆེས། །གསལ་བར་གོ་འཕང་དམ་པར་འགྲོ། །འཁྲུལ་འཁོར་ནི་སྲད་བུ་དང་ཤིང་དུམ་སོགས་པ་ལས་གྲུབ་པ་ཡིན་ལ། སྒྱུ་མ་ནི་གསང་སྔགས་དང་སྨན་ཆེན་པོའི་སྟོབས་ཀྱི་རྐྱེན་ལས་བྱུང་བའི་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཆ་བྱད་དག་གོ །ཇི་ལྟར་གང་དག་ཕྱིན་ཅི་ལོག་ལས་མི་མཁས་པ་རྣམས་ལ་ཀུན་ནས་ཉོན་མོངས་པའི་རྒྱུར་འགྱུར་བ་དེ་དག་ཁོ་ན་དེའི་རང་བཞིན་ལ་མཁས་པའི་འཁྲུལ་འཁོར་དང་སྒྱུ་མ་མཁན་སྐྱེས་པ་དང་བུད་མེད་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་མཐོང་བ་རྣམས་ལ་ཇི་ལྟར་ཀུན་ནས་ཉོན་མོངས་པའི་རྒྱུར་མི་འགྱུར་བ་དེ་བཞིན་དུ་གང་དག་གིས་འགྲོ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་འཁྲུལ་འཁོར་དང་སྒྱུ་མ་ལ་སོགས་པ་ལྟར་རང་བཞིན་དང་བྲལ་ཞིང་ཡོད་པ་མ་ཡིན་པའི་རང་གི་ངོ་བོར་མཐོང་བ་དེ་དག་ནི་ཕྱིན་ཅི་ལོག་གི་ཀུན་ནས་བསྐྱེད་པའི་འཁོར་བ་ལས་རྒལ་ནས་བསོད་ནམས་དང་སྡིག་པའི་བྱ་བ་ལས་འདས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གཅིག་བུའི་མཐར་ཐུག་པར་འགྱུར་རོ། །འཁྲུལ་འཁོར་གྱི་བུ་མོ་བཞིན་ནོ། །རི་མོ་མཁན་འགའ་ཞིག་གིས་འཁྲུལ་འཁོར་གྱི་སློབ་དཔོན་ཞིག་གི་ཁྱིམ་དུ་གནས་བཅས་པར་གྱུར་ལ། དེས་དེར་བཞད་གད་ཀྱི་བསམ་པས་འཁྲུལ་འཁོར་གྱི་བུ་མོ་ཞིག་མངགས་སོ། །དེས་བྲན་མོ་འདི་ནི་བདག་ཇི་ལྟར་འདོད་པ་བཞིན་དུ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་བཏང་བ་ཞིག་གོ་སྙམ་དུ་བརྟགས་ཏེ་ལག་པ་ནས་བཟུང་ནས་དྲངས་པས་ཤིང་གི་ཐང་པོ་ཞིག་ཏུ་གྱུར་ཏེ། དེས་དེ་མཐོང་ནས་ཤིན་ཏུ་ངོ་ཚ་བར་གྱུར་ཏོ། །དེས་ཀྱང་ལན་གླན་པའི་ཕྱིར་རྩིག་ངོས་ལ་བདག་ཉིད་ལྕེབས་པ་དེ་ལྟར་བྲིས་པ་དང་། དེ་མཐོང་ནས་འཁྲུལ་འཁོར་གྱི་སློབ་དཔོན་ཨེ་མ་ཀྱི་ཧུད་བརྟུན་ངས་པ་ལས་འཁྲུལ་འཁོར་ལ་རེག་པའི་རི་མོ་མཁན་གྱིས་ངོ་ཚས་བདག་ཉིད་འགེགས་ཏེ་བསད་དོ་སྙམ་དུ་སེམས་པར་གྱུར་ཏོ། །དེའི་ཕྱིར་དེ་ལྟར་ན་སྒྱུ་མའི་རང་བཞིན་དང་ཐ་མི་དད་པའི་ཆོས་ཀྱི་རང་བཞིན་ལ་མཁས་པ། གང་དག་ལ་ནི་འཁོར་བ་ན། །ཡུལ་རྣམས་ཀྱིས་ཀྱང་དགའ་མེད་པ། །དེ་དག་ལ་འདིར་རྣམ་ཀུན་དུ། །དགའ་བ་འཐད་པ་མ་ཡིན་ཉིད། །ཡུལ་ལ་ཆགས་པ་ནི་བྱིས་པ་རྣམས་ཀྱི་འཁོར་བར་གནས་པའི་རྒྱུ་ཡིན་གྱི་གང་དག་ལ་ཆོས་ཀྱི་རང་བཞིན་ལེགས་པར་སོ་སོར་བརྟགས་པའི་ཕྱིར་འཁོར་བར་མངོན་པར་དགའ་བ་དང་། ལྷ་དང་མིའི་ཡུལ་འཁོར་བ་ལ་མངོན་པར་དགའ་བ་དང་། རྗེས་སུ་མཐུན་པ་རྣམས་ཀྱིས་ཀྱང་མངོན་པར་དགའ་བ་ཡོད་པ་མ་ཡིན་པ་དེ་དག་ལ་གཞན་སྐྱོ་བ་དང་རྗེས་སུ་མཐུན་པར་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པས་འཁྲུག་པའི་རྣམ་པ་ཅན་ལ་མངོན་པར་དགའ་བ་ཡོད་པར་འགྱུར་རམ་ཞེས་མི་སྲིད་པར་སེམས་ཤིང་། དེ་དག་ལ་འདིར་རྣམ་ཀུན་དུ། །དགའ་བ་འཐད་པ་མ་ཡིན་ཉིད། །ཅེས་བཤད་དོ། །མཁས་པ་རྣམས་ནི་དགའ་བའི་རྒྱུ་ཕྱིན་ཅི་ལོག་སྤངས་པའི་ཕྱིར་འཁོར་བ་ལ་མངོན་པར་དགའ་བ་མ་ཡིན་ཏེ། ལེགས་མཐོང་ཆེན་པོ་བཞིན་ནོ། །ཀུ་ཤའི་གྲོང་ཁྱེར་དུ་བྱང་ཆུབ་སེམས་དཔའ་ལེགས་མཐོང་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་རྣམ་པར་གནས་ཤིང་ཁྱིམ་ན་གནས་པ་ཞིག་གིས་ཡུལ་གྱི་ཉེས་པ་མཐོང་བའི་ཕྱིར་བཙུན་མོ་བརྒྱད་ཁྲི་བཞི་སྟོང་སྤངས་ནས་བསམ་གཏན་བཞི་བསྐྱེད་དོ། །འདིར་ལེགས་མཐོང་ཆེན་པོ་སྨོས་པ་ནི་དཔེ་ཙམ་ཞིག་ཏུ་ཟད་དོ། །དེ་ལས་གཞན་པ་བྱང་ཆུབ་སེམས་དཔའ་ས་ཐོབ་པ་དག་ཀྱང་འགྲོ་བ་རང་བཞིན་མེད་པར་མཐོང་བའི་ཕྱིར་ལྷའི་ཡུལ་དག་གིས་ཀྱང་འཁོར་བར་དགའ་བ་མ་ཡིན་མོད་ཀྱི། འོན་ཀྱང་འགྲོ་བ་རྣམས་ཀྱིས་དེའི་རང་བཞིན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྨོན་ལམ་གྱི་དབང་གིས་འཁོར་བའི་མཚོར་འཁོར་ཞིང་འཁོར་བའི་ཉེས་པའི་དྲི་མ་དག་གིས་མི་གོས་པ་ཡིན་ནོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། མི་ཉིད་ཀྱིས་མངོན་པར་འདོད་པའི་ཡུལ་གྱི་ལོངས་སྤྱོད་ལ་མངོན་པར་ཞེན་པ་སྤང་བའི་ཐབས་བསྟན་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བདུན་པའི་འགྲེལ་པའོ།།    །།གང་ཞིག་འདོད་ཆགས་ཀྱི་འཆིང་བས་ཚབས་ཆེར་བཏབ་པ་ཉིད་ཀྱི་ཕྱིར་བདག་དང་གཞན་ལ་འདོད་ཆགས་སྤང་བར་མི་སྲིད་པར་དགོས་པ་དེ་ལ་བཤད་པ། ཇི་ལྟར་མི་མཐུན་མི་རྣམས་ལ། །མཛའ་བ་ཡུན་རིང་མི་གནས་པ། །དེ་བཞིན་ཀུན་ལ་སྐྱོན་ཤེས་ལ། །འདོད་ཆགས་ཡུན་རིང་མི་གནས་སོ། །སྐྱེ་བོ་རྗེས་སུ་མཐུན་པར་འཇུག་པ་རྣམས་ཁོ་ན་ལ་དེས་ཕན་བཏགས་པའི་སྟོབས་ཀྱིས་སེམས་ཀྱི་འཇུག་པ་དྲངས་པའི་མི་རྣམས་ཀྱི་མཛའ་བོ་དེའི་ཡོན་ཏན་ལྷག་པར་སྒྲོ་བཏགས་པ་མངོན་དུ་འགྲོ་བ་ཅན་སྐྱེ་བ་དང་གནས་པར་དམིགས་ཀྱི་རྗེས་སུ་མི་མཐུན་པ་དག་ལ་ནི་མ་ཡིན་ནོ། །དེའི་སྐྱོན་ཉེ་བར་རྟོག་པ་ལ་ཞུགས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་ཇི་ལྟར་འགལ་བའི་མི་རྣམས་ལ་མཛའ་བ་ཡུན་རིང་པོར་གནས་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྣལ་འབྱོར་པ་ལ་ཡང་ཕྱི་དང་ནང་གི་དངོས་པོ་རྣམས་ལ་སྐྱོན་དུ་མཐོང་བ་ཉིད་ཀྱི་ཕྱིར་ཇི་ལྟར་ཐམས་ཅད་དུ་འདོད་ཆགས་དང་བྲལ་བ་མི་སྲིད། བྲམ་ཟེའི་ཁྱེའུའི་རྒྱུ་དང་། འཕགས་པ་དགྲ་བོ་ཕམ་དང་། རྒྱལ་པོའི་བུ་གཡུལ་ངོར་ཕམ་པ་བཞིན་ནོ། །ཇི་ལྟར་བྲམ་ཟེའི་ཁྱེའུ་རྒྱུ་ཞེས་བྱ་བ་བག་མ་ལེན་པའི་དུས་སུ་ལམ་ཀ་ན་རྣམ་པར་གནས་ཤིང་གཞོན་ནུ་མའི་ལག་པ་ནས་འཛིན་པར་འདོད་པ་ལ་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་འབྲེལ་ན་འཆིང་ཞིང་། བྲལ་ན་རྣམ་པར་གྲོལ་ལོ་ཞེས་གསུངས་པ་དང་། དེས་གསུང་དེ་ཐོས་ཏེ། དེ་ན་གནས་པ་ཉིད་ཀྱིས་འཕགས་པའི་བདེན་པ་བཞི་མཐོང་བ་སོ་སོར་རྟོག་པར་བྱས་པ་ལྟ་བུ་སྟེ། དེ་ལ་འབྲེལ་ན་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པའོ། །འཆིང་ཞིང་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པའོ། །བྲལ་ན་ཞེས་བྱ་བ་ནི་ལམ་གྱི་བདེན་པའོ། །རྣམ་པར་གྲོལ་ལོ་ཞེས་བྱ་བ་ནི་འགོག་པའི་བདེན་པའོ། །རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་བཞིན་དུ་འཕགས་པ་དགྲ་བོ་ཕམ་སྔོན་ཕྱུགས་རྫིར་གྱུར་པ་ཡང་སྟེ། དེའི་ཕ་ཤི་ཞིང་ཁུ་བོ་རབ་ཏུ་བྱུང་ལ། དེ་ལ་ཡང་བག་མ་ལེན་པའི་ཆོས་ཉེ་བར་གནས་པ་དང་། དེས་བྱུང་ཚུལ་དེ་ཁུ་བོ་དེ་ལ་གོ་བར་བྱས་པས་དེས་ཁྱོད་ཀྱིས་དོན་དུ་གཉེར་བས་མང་དུ་བཏང་ན། ཅི་བུ་མོ་འདིའི་རིན་ཆ་རྗེས་སུ་འཚམ་མམ་རེ་ཞིག་དེའི་བཤང་བའི་རིན་ཐང་ཅི་ཡིན་པ་ཆོད་དང་། དེ་བཞིན་དུ་གཅི་བ་དང་། ཁྲག་དང་། སྣབས་དང་། ཞག་དང་། ཆུ་སེར་དང་། སུངས་པ་དང་། སྤུབས་ཀྱི་ཞེས་རྒྱས་པར་སྨྲས་སོ། །དེ་ཡུལ་གྱི་སྐྱོན་ཤེས་པའི་ཕྱིར་ཚིག་དེ་དག་ཐོས་ནས་ཚོགས་ལས་བྱུང་སྟེ། རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཉིད་དུ་ཡང་གྱུར་ཏོ། །དེ་བཞིན་དུ་རྒྱལ་པོ་འགའ་ཞིག་ལ་བུ་ཤིན་ཏུ་ཕོངས་པ་ཞིག་ཡོད་ལ། དེ་ནས་རེ་ཞིག་ན་རེངས་པ་དང་། རྒྱལ་པོ་དེས་དེ་གཡུལ་གྱིས་ཕམ་པར་བྱས་ནས་བཟུང་ལ། དེའི་ཉེས་པ་མཐོང་བའི་ཕྱིར་དེ་ལས་རྒྱལ་པོ་དེའི་ཆགས་པ་ལོག་པར་གྱུར་ཏོ། །དེ་བཞིན་དུ་སྐྱོན་ཤེས་པ་ལ་ཐམས་ཅད་དུ་འདོད་ཆགས་མི་གནས་སོ། །ཐམས་ཅད་དུ་སྐྱོན་དུ་མཐོང་བའི་ཕྱིར་འདོད་ཆགས་མི་གནས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལས་ཀྱང་སྤོང་བར་སྲིད་དོ། །འདོད་ཆགས་ཀྱི་གཞི་མེད་པའི་ཕྱིར་རོ། །དེའི་གཞི་ཇི་ལྟར་མེད་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། ལ་ལ་དེ་ཉིད་ལ་ཆགས་ཏེ། །ལ་ལ་དེ་ཉིད་ལ་སྡང་ཞིང་། །ལ་ལ་དེ་ཉིད་ལ་རྨོངས་ལ། །དེའི་ཕྱིར་འདོད་པ་དོན་མེད་པའོ། །འདོད་ཆགས་ནི་ཆགས་པར་འགྱུར་བའི་དངོས་པོ་ལ་རག་ལས་པ་ཡིན་ན། ཆགས་པར་འགྱུར་བའི་དངོས་པོ་དེ་ཡང་རང་གི་ངོ་བོས་མ་གྲུབ་སྟེ། འདི་ལྟར་གཅིག་གི་ཆགས་པར་བྱ་བ་གང་ཡིན་པ་དེ་ཉིད་གཞན་གྱིས་སྡང་བར་བྱ་བ་དང་། རྨོངས་པར་བྱ་བར་དམིགས་སོ། །གལ་ཏེ་རང་གི་ངོ་བོས་ཆགས་པར་བྱ་བའི་དངོས་པོར་གྱུར་ན་ནི། དེ་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་དེ་ལྟར་འགྱུར་བ་ཞིག་ན། ངེས་པ་འདི་ནི་མཐོང་བ་མ་ཡིན་ནོ། །འདི་ལྟར་གང་ལ་གཅིག་ཆགས་པ་དེ་ཉིད་ལ་གཞན་སྡང་ཞིང་དེ་ཉིད་ལ་གཞན་རྨོངས་ཏེ། དེའི་ཡུལ་ལ་འདོད་པ་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་སྟོང་པ་ཡིན་ཞིང་། དེ་ལྟར་ཆགས་པར་འགྱུར་བའི་དངོས་པོ་སྟོང་པ་ཉིད་དུ་བསྒོམ་པ་ལྷུར་བྱེད་པའི་རྣལ་འབྱོར་པ་ལ་འདོད་ཆགས་སྤོང་བ་མི་སྲིད་པ་མ་ཡིན་པས་འདོད་ཆགས་སྤོང་བ་ཡོད་པ་ཉིད་དོ། །མ་དང་ཆུན་མ་དང་བྲན་མོ་བཞིན་ནོ། །སྐྱེས་བུ་འགའ་ཞིག་ལ་ཆུང་མ་གཉིས་ཡོད་ཅིང་དེ་ལས་གཅིག་ནི་བུ་དང་ལྷན་ཅིག་འདུག་ལ། གཉིས་པ་ནི་བུ་མེད་པར་རོ། །དེ་ལ་མ་དེ་ནི་གང་གི་ཚེ་རང་གི་བུ་མཐོང་བ་དེའི་ཚེ་དགའ་བར་འགྱུར་ཞིང་ཆུན་མ་དེ་ནི་དེ་མཐོང་ནས་སྡུག་བསྔལ་བ་ཉིད་དུ་འགྱུར་ལ། བྲན་མོ་མཐོང་ན་བར་མར་གནས་པར་འགྱུར་ཏེ། དེ་ལྟར་ན་འདོད་ཆགས་ལ་སོགས་པ་རྣམས་ཀྱི་དམིགས་པ་ལ་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་དམིགས་པ་མ་གྲུབ་པས་འདོད་ཆགས་ལ་སོགས་པ་མ་གྲུབ་པར་བསྟན་ནས་རྒྱུ་མ་གྲུབ་པས་ཀྱང་འདོད་ཆགས་ལ་སོགས་པ་མ་གྲུབ་པར་བསྟན་པའི་ཕྱིར། རྟོག་པ་མེད་པར་འདོད་ཆགས་ལ། །སོགས་པ་ཡོད་ཉིད་ཡོད་མིན་ན། །ཡང་དག་དོན་དེ་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་བྱ་བ་སྨོས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་ནི། །ཀུན་ཏུ་རྟོག་ལས་འབྱུང་བར་བཤད། །ཅེས་འབྱུང་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་རྒྱུ་ནི་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་རྟོག་པ་སྟེ། དེའི་ཕྱིར་གང་དག་རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི་གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བརྟགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །གང་ཞིག་འདོད་ཆགས་ལ་སོགས་པ་རྣམས་ལ་རང་གི་ངོ་བོས་གྲུབ་པར་ཁས་ལེན་པ་དེ་ནི་ངེས་པར་རང་གི་ངོ་བོས་གྲུབ་པ་དང་འགལ་བར་རྟོག་པ་ལ་ལྟོས་ཏེ། སྐྱེ་བ་ཉིད་ཁས་བླང་བར་མི་བྱའོ། །གལ་ཏེ་འདི་ཡང་དག་པའི་དོན་ཡིན་ན་ནི་ཅིའི་ཕྱིར་དེ་ཡོད་པ་ཉིད་དུ་བྱ་བ་ལ་རྟོག་པ་ལ་ལྟོས། འོན་ཏེ་ལྟོས་ན་ནི་འདི་ཇི་ལྟར་ཡང་དག་པའི་དོན་ཡིན། དེ་ལྟར་ན་འཐད་པ་དང་བཅས་པའི་ལུང་གི་སྣང་བས་སེམས་ཀྱི་རྒྱུད་གསལ་བར་བྱས་པའི་ཕྱིར་མཁས་པ་རྣམས་རང་གི་ངོ་བོས་མ་གྲུབ་པ་ལ་རྟོག་པས་བསྐྱེད་པ་ཉིད་ཁས་ལེན་པར་མི་བྱེད་ཀྱི། བླུན་པ་རྣམས་ནི་ཇི་ཞིག་ལྟར་ཕྱིན་ཅི་ལོག་པས་རབ་ཏུ་འཇུག་པར་འགྱུར་རོ། །བསམ་གཏན་པའི་མགོའི་ཐོད་པ་བཞིན་ནོ། །བསམ་གཏན་པ་འགའ་ཞིག་བདག་གི་མགོ་ལ་ཐོད་པ་ཞིག་འཇར་རོ་སྙམ་དུ་སེམས་རྣམ་པར་འཁྲུལ་བར་གྱུར་པ་དང་། དེ་ལ་འགའ་ཞིག་གིས་འདི་ཁྱོད་ཀྱི་མགོ་ལས་ལྷུང་ངོ་ཞེས་ཐོད་པ་གཞན་ཞིག་བསྐྱུར་བས་དེ་དེ་ལྟར་རོ་སྙམ་དུ་རྟོགས་ནས་རྣལ་མར་གྱུར་ཏེ། རྟོག་པ་ལོག་པའི་ཕྱིར་རོ། །འདིར་སྨྲས་པ། འདོད་ཆགས་ལ་སོགས་པ་རྣམས་ལ་རང་བཞིན་ཡོད་པ་ཁོ་ན་སྟེ། འཆིང་བ་ཡིན་པའི་ཕྱིར་རོ། །འདི་ལྟར་བུད་མེད་ནི་སྐྱེས་པའི་ཡུལ་ཅན་གྱི་འདོད་ཆགས་ཀྱིས་སྐྱེས་པ་དང་ལྷན་ཅིག་བཅིངས་པས་སྐྱེས་པ་ལས་མི་འདའ་ལ། སྐྱེས་པ་ཡང་བུད་མེད་ཀྱི་ཡུལ་ཅན་གྱི་འདོད་ཆགས་ཀྱིས་བུད་མེད་དང་ལྷན་ཅིག་བཅིངས་པས་བུད་མེད་མི་གཏོང་བ་ཡིན་ནོ། །བཤད་པར་བྱ་སྟེ། འགའ་ལའང་གང་དང་ལྷན་ཅིག་ཏུ། །བཅིངས་པ་ཞེས་བྱ་ཡོད་མིན་ཏེ། །དེ་ལྟར་འདོད་ཆགས་རྟོག་པ་ལ་ལྟོས་ཏེ་སྐྱེ་བ་ཉིད་ཀྱི་ཕྱིར་རང་བཞིན་གྱིས་མ་གྲུབ་པ་དེ་བཞིན་སྐྱེས་པ་དང་བུད་མེད་དག་ཀྱང་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་ན་དོན་འགའ་ལ་ཡང་དོན་འགའ་ཞིག་དང་བཅིངས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པས་བཅིངས་པའི་རྒྱུ་ཅན་ཡིན་པའི་ཕྱིར་འདོད་ཆགས་རང་གི་ངོ་བོས་གྲུབ་པ་མ་ཡིན་ནོ། །ཅི་སྟེ་ཡང་དེ་ལྟར་རྣམ་པར་དཔྱོད་པ་དོར་ནས་གཞན་དང་ལྷན་ཅིག་བཅིངས་པར་རྟོག་ན། དེ་ལྟར་ན་ཡང་། གཞན་དང་ལྷན་ཅིག་བཅིངས་པ་ལ། །བྲལ་བ་རིགས་པ་མ་ཡིན་ནོ། །བྲལ་བ་དང་རྣམ་པར་ཐར་བ་དང་རྣམ་པར་གྲོལ་བ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །གལ་ཏེ་རང་བཞིན་གྱིས་གཞན་གྱི་འཆིང་བའི་རྒྱུ་ཉིད་དུ་འགྱུར་ན་ནི། དེའི་ཚེ་རང་གི་ངོ་བོ་ལ་གཞན་དུ་འགྱུར་བ་མེད་པའི་ཕྱིར། གྲོལ་བ་མེད་པ་ཁོ་ནར་འགྱུར་བ་ཞིག་ན་རྣམ་པར་གྲོལ་བ་ཡང་ཡོད་པས་འདོད་ཆགས་ལ་རང་གི་ངོ་བོས་འཆིང་བའི་རྒྱུ་ཉིད་ཡོད་པ་མ་ཡིན་ནོ། །འཆིང་བའི་རྒྱུ་ཉིད་མེད་ན་ཡང་བཅིངས་པ་ག་ལ་ཡོད། དེའི་ཕྱིར་འདོད་ཆགས་ལ་སོགས་པ་རྣམས་ཀྱི་རང་བཞིན་གྱིས་སྟོང་པ་ཁོ་ན་ཡིན་ཞིང་། རང་བཞིན་གྱིས་སྟོང་པ་ཉིད་དུ་མཐོང་བ་ལས་སྤོང་བར་འགྱུར་རོ་ཞེས་བྱ་བར་གཞག་པར་ནུས་སོ། །གླང་ནག་པོ་དང་དཀར་པོའི་སྦྱོར་བ་བཞིན་ནོ། །ཇི་ལྟར་གླང་ནག་པོ་གླང་དཀར་པོ་ལ་སྦྱོར་བ་མ་ཡིན་ལ། དཀར་པོ་ཡང་ནག་པོ་ལ་མ་ཡིན་གྱི་འོན་ཀྱང་གཉའ་ཤིང་དང་ཆུ་ཐག་ལ་སོགས་པ་ཡིན་ཏེ། དེ་བཞིན་དུ་དབང་པོ་རྣམས་ཡུལ་རྣམས་ལ་མ་ཡིན་ལ། ཡུལ་རྣམས་ཀྱང་དབང་པོ་རྣམས་ལ་མ་ཡིན་གྱི་འོན་ཀྱང་འདིར་འདུན་པའི་འདོད་ཆགས་གང་ཡིན་པ་དེ་འཆིང་བ་ཡིན་ནོ། །གལ་ཏེ་དེ་ལྟར་རྣམ་པར་དཔྱད་པས་ཉོན་མོངས་པ་རྣམས་ལྡོག་ན་ནི་ཅིའི་ཕྱིར་ཕལ་ཆེར་ཉོན་མོངས་པ་ཕམ་པར་མ་བྱས་པ་དག་ལྟར་སྣང་ཞེ་ན། ཟབ་མོའི་ཆོས་ལ་ལྷག་པར་མོས་པ་དང་བྲལ་བའི་ཕྱིར་རོ། །འདི་ལྟར། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱས་པར་འགྱུར། །མི་མཁས་པ་འཁོར་བ་ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་ཏུ་ལྟ་བ་གོམས་པར་བྱས་ཤིང་དངོས་པོ་གཟུགས་བརྙན་ལྟ་བུ་རྣམས་ལ་འདིའི་བདེན་པར་མངོན་པར་ཞེན་པ་ནི་སྟོང་པ་ཉིད་ཉེ་བར་སྟོན་པ་གང་གཡང་ས་ལྟར་སེམས་ཏེ། སེམས་ཀྱི་རྒྱུད་སྟོང་པ་ཉིད་ལ་ལྷག་པར་མོས་པའི་རྒྱུ་དགེ་བའི་རྩ་བ་དང་བྲལ་བའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་སེམས་ཅན་ལ་ནི་ཕྱིན་ཅི་ལོག་ཏུ་ངེས་པ་ལས་མ་གཏོགས་པ་སྟོང་པ་ཉིད་ཀྱི་ཆོས་འདི་ལ་ཅི་འདི་ལྟར་ཡིན་ནམ་འདི་ལྟར་མ་ཡིན་སྙམ་དུ་ཐེ་ཚོམ་ཡང་མི་སྐྱེའོ། །དེའི་ཕྱིར་གྲོལ་བའི་རྒྱུ་ལ་ཕྱིན་ཅི་ལོག་པའི་ཕྱིར་དེ་ལ་ཐར་པ་ལྟ་ག་ལ་ཡོད། གལ་ཏེ་སྟོང་པ་ཉིད་ཀྱི་ཆོས་ཡང་དག་པར་ཉེ་བར་བསྟན་ན་རྒྱུ་ཅི་ཞིག་གིས་ཆོས་འདི་ལྟར་མ་ཡིན་ཞིང་འདི་ཐེ་ཚོམ་བསྐྱེད་ན་ནི་ཐེ་ཚོམ་ཟ་བ་འདི་ཙམ་གྱིས་ཀྱང་ངེས་པར་འདིའི་སྲིད་པ་དེངས་པ་ཉིད་དུ་འགྱུར་ཏེ། དེ་ནི་གལ་ཏེ་འདི་ལྟར་ཡིན་ནམ་སྙམ་དུ་དམིགས་པ་ན་དེའི་ཚེ་དེ་རིམ་གྱིས་ཉོན་མོངས་པའི་རྐུན་པོ་གཅོད་པའི་རྒྱུར་འགྱུར་རོ། །ཡང་ན་ཐེ་ཚོམ་ཟ་བ་པོ་ངེས་པར་དོན་དུ་གཉེར་ཞིང་འཐད་པ་དང་བཅས་པའི་ལུང་གི་སྟོབས་ལས་ཡང་དག་པའི་ལྟ་བ་ལ་ངེས་པར་གྱུར་པ་ནི་ཉོན་མོངས་ཟད་པ་ལས་འཁོར་བ་རྒྱུན་ཆད་པར་བྱེད་པས་ཐེ་ཚོམ་ཟ་བའི་དུས་ན་ཡང་འདིའི་སྲིད་པ་ཧྲུལ་པོ་ཁོ་ནར་མངོན་ཏེ། དེ་འཇོམས་པ་དང་མཐུན་པའི་གནས་སྐབས་ལ་གནས་པའི་ཕྱིར་རོ། །སྲིན་མོས་བཟུང་བ་རྟའི་རྒྱལ་པོ་འབའ་ལ་ཧ་ཀས་ཐར་བར་བྱས་པ་བཞིན་ནོ། །དཔེར་ན་བཞོན་པ་ཆད་པའི་དེད་དཔོན་སྲིན་མོས་བཟུང་སྟེ་ཁྱིམ་ཐབ་ཉིད་དུ་བསྟེན་ཅིང་དེས་ཁྱོད་ཀྱིས་ནམ་ཡང་ལྷོ་ཕྱོགས་སུ་འགྲོ་བར་མི་བྱའོ་ཞེས་ལྷོ་ཕྱོགས་བཟློག་པ་དང་། དེ་ཅིའི་ཕྱིར་འདི་དག་ཟློག་པར་བྱེད་སྙམ་དུ་ཐེ་ཚོམ་ཟ་བ་ཙམ་གྱིས་ཕྱིན་ལ། དེ་ཡང་རྟའི་རྒྱལ་པོ་འབའ་ལ་ཧ་ཀ་དང་ཕྲད་ནས་དེ་ནས་སྲིན་མོ་དེ་ལས་ཐར་ཅིང་རྒྱ་མཚོའི་ཕ་རོལ་དུ་ཕྱིན་ནོ། །གལ་ཏེ་དེ་ལ་ཐེ་ཚོམ་འབྱུང་བར་མི་འགྱུར་ན་ནི་སྲིན་མོ་དེ་ལས་ཐར་བར་མི་འགྱུར་ན། རྒྱ་མཚོའི་ཕར་འགྲམ་དུ་ཡང་ཕྱིན་པར་མི་འགྱུར་བ་ལྟ་བུའོ། །ཡང་གང་ལ་ཐེ་ཚོམ་ཟ་བ་སྲིད་པ་ཧྲུལ་པོ་ཉིད་ཀྱི་རྒྱུར་འགྱུར་བ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་ཆོས་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱིས་བཟོད་པའི་སྐད་ཅིག་དང་པོ་ནས་ཉེ་བར་བཟུང་ནས་ཇི་སྲིད་ཐར་བར་འགྱུར་བ་དེའི་བར་དུ་ཡོངས་སུ་མི་ཉམས་པ་དང་འཕེལ་བར་གསུངས་ཀྱི་འཇིག་རྟེན་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་ཏེ། དེ་རྣམས་ནི་རྣམ་པར་སྨིན་པ་ཟད་པ་ལས་ཀྱང་ཟད་པར་འགྱུར་ལ། རྐྱེན་མ་ཚང་བ་ལས་ཀྱང་མི་འབྱུང་ངོ་། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱིན་གྱིས་མ་བརླབས་པའི་སྦྱིན་པ་ལ་སོགས་པ་རྣམས་ཀྱིས་ནི་དམུས་ལོངས་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲོང་ཁྱེར་དུ་ཕྱིན་པར་བྱེད་མི་ནུས་སོ་ཞེས་སྟོན་པས་གསུངས་སོ། །དེའི་ཕྱིར་དེ་ལྟར་ན། ཆོས་གང་ཞིག་ལ་ཐུབ་པ་ཡིས། །ཐར་པའི་བར་དུ་འཕེལ་བ་ཉིད། །གསུངས་དེར་གང་ལ་གུས་མེད་པ། །དེ་ནི་གསལ་བར་བློ་ལྡན་མིན། །གང་ཞིག་གཏན་དུ་ཕན་འདོགས་ཤིང་འཕེལ་བ་རབ་ཏུ་འགྱུར་བ་དང་ལྡན་པའི་ཆོས་ལ་གུས་པ་སྐྱེད་པར་མི་བྱེད་པའི་རྨོངས་པ་དེ་ནི་དོར་བའི་གནས་ལ་འཇིགས་པར་ལྟ་བ་དེའི་ཕྱིར་བདག་ཉིད་བླུན་པོ་ཉིད་དུ་མངོན་པར་བྱེད་པ་ཞིག་སྟེ། དེའི་ཕྱིར་དེ་ལྟར་བླུན་པོར་འགྱུར་དུ་འོང་བས་མཁས་པ་རྣམས་ཀྱིས་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་ལ་གུས་པ་གཞག་པར་བྱའོ། །ལི་ཁ་རའི་ལ་དུ་བཞིན་དང་། ཐུར་མ་དང་ཕྱག་རྒྱ་བཞིན་ནོ། །དཔེར་ན་ལི་ཁ་རའི་ལ་དུ་ཀུན་ནས་མྱང་བར་བྱ་བ་ཡིན་པ་དེ་དང་འདྲའོ། །ཡང་ཇི་ལྟར་སྐྱེས་བུ་འགའ་ཞིག་གིས་རིག་སྔགས་གཉིས་གྲུབ་བོ། །དེ་ལ་གཅིག་གིས་ནི་ཐུར་མ་ལ་ཡོངས་སུ་བཟླས་ནས་སྐྱེ་བོ་རྣམས་ཀྱི་ནད་ཐམས་ཅད་ཉེ་བར་ཞི་བར་བྱེད་དོ། །གཉིས་པས་ནི་ཕྱག་རྒྱ་བཅས་ནས་སོ། །དེ་ནས་དེས་མཛའ་བོ་འགའ་ཞིག་ལ་ཁྱོད་རིག་སྔགས་གཉིས་པོ་འདི་ནོས་དང་། ཁྱོད་ལ་ཕན་པར་འགྱུར་གྱི་ཞེས་སྨྲས་པ་ལས་དེས་མ་མནོས་སོ། །དེ་ནས་གྲོགས་པོ་མཛའ་བ་དེ་ཤི་བ་དང་། དེ་ལ་ནད་ཆེན་པོ་བྱུང་བ་དེ་ཡང་གསོར་མི་རུང་བ་ཞིག་སྟེ། དེ་ཉིད་ཤི་བར་ཡང་འགྱུར་བ་བཞིན་ནོ། །ཡང་ཅི་དངོས་པོ་འདི་རྣམས་མི་སྟོང་པ་བཞིན་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སྟོང་པ་ལྟར་མཐོང་ངམ། འོན་ཏེ་རང་བཞིན་གྱིས་སྟོང་པ་ཁོ་ན་ཡིན་དང་སྟོང་པའོ་ཞེས་བསྙད་ཅེ་ན། བཤད་པར་བྱ་སྟེ། བདག་ནི་མྱ་ངན་འདས་འགྱུར་ཞེས། །སྟོང་མིན་སྟོང་ལྟར་མཐོང་མིན་ཏེ། །ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་གསུང་ངོ་། །དངོས་པོ་རྣམས་གཞན་དུ་གནས་པ་ལས་རྣམ་པ་གཞན་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ལོག་པར་ལྟ་བའོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་མི་སྟོང་བཞིན་དུ་རང་བཞིན་དུ་སྟོང་ཞེས་མཐོང་ན་ནི་དེའི་ཚེ་ལོག་པར་ལྟ་བ་ཁོ་ན་ལས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ཞིག་ན། ལོག་པར་ལྟ་བའི་གང་ཟག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་མྱ་ངན་ལས་འདས་པར་རྣམ་པར་འཇོག་པར་མི་མཛད་དེ། ཡང་དག་པའི་ལྟ་བ་སྔོན་དུ་བཏང་བ་ཁོ་ནས་མྱ་ངན་ལས་འདས་པ་ཇི་ལྟར་འཐོབ་པར་རྣམ་པར་འཇོག་པའི་ཕྱིར་རོ། །དེའི་ཕྱིར་སྒྱུ་མ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཁོ་ནར་གྱུར་པ་ན་དངོས་པོ་དེ་ཁོ་ན་ཉིད་ཇི་ལྟར་གནས་པ་བཞིན་དུ་མཐོང་བས་རྒྱུད་སྦྱངས་ཤིང་སྒྲོ་བཏགས་པ་དང་སྐུར་པ་འདེབས་པའི་མཐར་རྟོག་པའི་དྲི་མས་དྲི་མ་ཅན་དུ་མ་གྱུར་པའི་འཕགས་པ་རྣམས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་སྙམ་དུ་རྟོགས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ་རང་བཞིན་མེད་པའི་ཚུལ་གྱིས་སོ་ཞེས་གསུངས་པའི་ཕྱིར་རོ། །མཚན་མོ་དགེ་ཚུལ་བཏུང་བྱ་མ་ཡིན་པ་ལ་བསྔགས་པ་བཞིན་ནོ། །དགེ་ཚུལ་འགའ་ཞིག་བླ་མས་བཏུང་བར་བྱ་བ་མ་ཡིན་པའི་དོན་དུ་མཚན་མོ་མནན་ཞིང་བསྔགས་པ་དང་། ད་ནས་དེ་ལ་དེས་འདི་ནི་དགེ་སློང་རྣམས་ལ་རུང་བ་མ་ཡིན་ན་ཁྱོད་ཇི་ལྟར་འཐུང་ཞེས་བརྗོད་དོ། །དེས་སྨྲས་པ་ཆུའོ་སྙམ་དུ་བྱས་ནས་འཐུང་ངོ་ཞེའོ། །དེས་ཀྱང་ཉི་མ་གཞན་ཞིག་ལ་ཆུ་ཉིད་འོན་པ་དང་། །དེས་ཅིའི་ཕྱིར་གཞན་ཉིད་བླངས་ཞེས་སྨྲས་ལ། དགེ་ཚུལ་གྱིས་ཀྱང་གང་གི་ཚེ་ཁྱོད་ཆུ་ཉིད་དོ་སྙམ་དུ་བྱས་ནས་འཐུང་ན་དེའི་ཕྱིར་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེས་སྨྲས་སོ། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཁོ་ན་ཡིན་ན་ཅིའི་ཕྱིར་མ་རིག་པ་ལ་སོགས་པའི་རིམ་པས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་འཇུག་པ་བསྟན་ཏེ། དོན་དམ་པ་ཡིན་པའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་ཁོ་ན་ཅིག་ཀྱང་ཉེ་བར་བསྟན་པར་བྱ་བར་འགྱུར་བ་མ་ཡིན་ནམ་ཞེ་ན་འདི་ནི་དེ་ལྟ་མ་ཡིན་ཏེ། དང་པོ་འཇིག་རྟེན་པའི་དོན་དམ་པར་འཇུག་པའི་བདག་ཉིད་ཅན་ཉེ་བར་མ་བསྟན་པར་ནི་དེ་ཁོ་ན་ཉིད་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ཀུན་ནས་བསྟན་པར་མི་ནུས་ཏེ། དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་སྐབས་སུ་གྱུར་པ་ཉིད་ཀྱི་ཕྱིར་ན་འཇུག་པ་ཉེ་བར་བསྟན་པ་ཡང་བྱ་དགོས་ལ། ཆགས་པ་ཐམས་ཅད་ཡོངས་སུ་བཏང་བས་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ཐོབ་པའི་རྒྱུ་རང་བཞིན་གྱིས་སྟོང་པ་ཉིད་ཉེ་བར་སྟོན་པར་ཡང་བྱ་དགོས་སོ། །དེའི་ཕྱིར་འདིར་དེ་བཞིན་གཤེགས་པའི་གསུང་རབ། གང་ལས་འཇིག་རྟེན་བསྟན་འབྱུང་བ། །དེ་ལས་འཇུག་པ་གསུངས་པ་སྟེ། །གང་ལས་དོན་དམ་བསྙད་འབྱུང་བ། །དེ་ལས་ལྡོག་པ་གསུངས་པ་འོ། །མཁས་པ་ནི་གང་ལས་རང་དང་སྤྱིའི་མཚན་ཉིད་བདེན་པའི་དངོས་པོར་རྟོག་པའི་སྒོ་ནས་རྒྱུ་མེད་པ་ཉིད་དང་། རྒྱུ་གཅིག་པ་དང་མི་མཐུན་པའི་རྒྱུ་དགག་པར་བྱ་བའི་དོན་དུ་མ་རིག་པ་དང་འདུ་བྱེད་ལ་སོགས་པའི་རིམ་པས་འཁོར་བའི་འཇུག་པའི་ཚུལ་སྟོན་པ་དེ་ལས་འཇུག་པ་གསུངས་སོ་ཞེས་བྱ་བར་ཤེས་པར་བྱའོ། །གང་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་མ་སྐྱེས་པས་རང་བཞིན་གྱིས་སྟོང་པ་ཉིད་དུ་སྟོན་པ་དེ་ལས་ནི་འཁོར་བ་འཇུག་པའི་ལྡོག་པ་གསུངས་ཏེ། དོན་དམ་པར་རང་བཞིན་སྟོང་པ་ཉིད་ཁོང་དུ་ཆུད་པས་ཐམས་ཅད་དུ་མ་ཆགས་པ་དང་ལྡན་ཞིང་ཚོར་བ་དག་ལ་སྲེད་པ་མེད་པ་ལ་སྲེད་པའི་རྐྱེན་ཅན་ལེན་པ་ལ་སོགས་པ་རྒྱུ་འགགས་པ་དང་། རྣམ་པ་ཐམས་ཅད་དུ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་འགག་པའི་ཕྱིར་རོ། །གཏིང་ཁུང་དུ་འཇུག་པ་བཞིན་ནོ། །ཇི་ལྟར་གཏིང་ཁུང་དུ་འཇུག་ན་ཆ་རྐྱེན་གྱི་འཇུག་པ་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་དོར་བར་བྱ་བ་ཡིན་ལ། དེ་དག་གིས་དགོས་པ་ཅི་ཡང་མེད་པ་དེ་བཞིན་དུ་འཇིག་རྟེན་པའི་འཇུག་པའི་སྙིང་པོ་མེད་པ་དེ་དག་ཐམས་ཅད་ཀྱང་མཁས་པས་ཡོངས་སུ་གཏང་བར་བྱ་བ་ཞིག་སྟེ། གང་ལས་འཇུག་པའི་ཆོས་ཡིན་པ་དེ་ཉིད་ལས་ལྡོག་པའི་ཆོས་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་དངོས་པོ་ཐམས་ཅད་སྟོང་པའི་ཕྱིར་དོན་དམ་པའི་བསྙད་པ་ལ་ཅི་ཡང་ཡོད་པ་མ་ཡིན་ན་ནི་དེའི་ཚེ་ཐམས་ཅད་དངོས་པོ་མེད་པར་ཐལ་བར་འགྱུར་རོ། །ཐམས་ཅད་དངོས་པོ་མེད་པ་ལས་ཀྱང་བྱ་བ་ཅུང་ཟད་ཀྱང་མེད་པར་འགྱུར་ཏེ་རྣམ་པ་ཐམས་ཅད་དུ་ཡང་ལས་དང་བྱེད་པ་པོ་དང་བྱེད་པ་དང་བྱ་བ་ལ་སོགས་པ་རྣམས་མེད་པའི་ཕྱིར་རོ། །བྱ་བ་ལ་སོགས་པ་རྣམས་དངོས་པོ་མེད་པ་ལས་ཀྱང་ཐར་པ་མེད་པར་འགྱུར་བས་ཁྱོད་ཀྱི་ཐམས་ཅད་མི་རིགས་པ་ཉིད་དོ་ཞེ་ན། བཤད་པར་བྱ་སྟེ། ཀུན་ཡོད་མ་ཡིན་ཅི་བྱ་ཞེས། །ཁྱོད་ལ་འཇིགས་པ་སྐྱེ་འགྱུར་གྲང་། །གལ་ཏེ་བྱ་བ་ཡོད་ན་ནི། །ཆོས་འདི་ཟློག་བྱེད་མི་འགྱུར་རོ། །གང་གི་ཕྱིར་ཐམས་ཅད་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་དོན་དམ་པའི་ཆོས་འདི་འཇུག་པ་ཟློག་བྱེད་དུ་རིགས་ཏེ། དེའི་ཕྱིར་ཟློག་པ་དོན་དུ་གཉེར་བས་བྱ་བ་ལ་སོགས་པའི་རྟེན་ཡོད་པ་ཐམས་ཅད་མེད་པ་ཅི་སྟེ་མི་འདོད། ཅི་སྟེ་འཇུག་པ་ལྟར་དེ་ལ་ཡང་བྱ་བ་ཡོད་ན་ནི་དེའི་ཚེ་བྱ་བ་འབྲས་བུའི་དངོས་པོ་ཡང་འཇུག་པ་དེ་ཉིད་ཡིན་པས་ཇི་ལྟར་ཆོས་འདི་མྱ་ངན་ལས་འདས་པ་འདྲེན་པར་བྱེད་པར་འགྱུར། སྨིག་རྒྱུ་བཞིན་ནོ། །ཇི་ལྟར་སྨིག་རྒྱུར་ཆུའི་འདུ་ཤེས་བསྐྱེད་ཅིང་དེ་ཆུར་ཡང་མི་འགྱུར་ལ། དེར་གང་ཞིག་ལ་སྐོམ་པ་སྐྱེ་བ་དེ་ཉིད་ནི་ཚེགས་སུ་འགྱུར་བ་དེ་བཞིན་དུ་ཕུང་པོ་དག་ལ་བདག་ཏུ་འདུ་ཤེས་པ་ཡང་ཡིན་ནོ། །གང་ཞིག་ལྡོག་པར་བྱེད་པའི་ཆོས་ལ་ཅི་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་སྟོང་པ་ཉིད་ཀྱི་ཕྱོགས་མཆོག་ཏུ་བཀྲབས་པར་འགྱུར་རོ་ཞེས་སྟོང་པ་ཉིད་ཀྱི་ཕྱོགས་ལ་ཆགས་ཤིང་བཟློག་པ་རང་བཞིན་དང་བཅས་པའི་ཕྱོགས་ལ་སྡང་བ་དེ་ལ་ཀླན་ཀར་འགྱུར་ཏེ། ཁྱོད་ལ་རང་ཕྱོགས་ཆགས་ཡོད་ཅིང་། །གཞན་གྱི་ཕྱོགས་ལའང་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་སྤོང་མི་འགྱུར། །ཕྱོགས་ནི་འདིར་མདོར་བསྡུ་ན་རྣམ་པ་གཉིས་ཏེ་རང་གི་ཕྱོགས་དང་གཞན་གྱི་ཕྱོགས་སོ། །དེ་ལ་གལ་ཏེ་རང་བཞིན་སྟོང་པ་ཉིད་ཀྱི་ཕྱོགས་ནི་མཆོག་གོ་སྙམ་དུ་ཁྱོད་ལ་རང་གི་ཕྱོགས་ལ་འདོད་ཆགས་ཤིང་མངོན་པར་ཞེན་པ་ཡོད་ཅིང་། གཞན་ཡང་དག་པ་མ་ཡིན་ནོ་སྙམ་དུ་རིག་ནས་གཞན་གྱི་ཕྱོགས་ལ་ཁྱོད་མི་དགའ་ན་ནི་དེའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་སྟེ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བཅོམ་ཞིང་གཉིས་ལས་སྤྱོད་པ་ལས་ནི་མྱ་ངན་ལས་འདས་པ་སྤྱོད་པ་མ་ཡིན་ནོ། །དམ་པ་རྣམས་ཀྱིས་ནི་ཐམས་ཅད་ལ་བར་མར་གནས་པར་འགྱུར་བ་ན་ཆགས་པ་བཅད་པའི་ཕྱིར་ཞི་བ་བདེ་བ་རོ་གཅིག་པ་ལྡོག་པ་མེད་པར་འཐོབ་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། གང་ཞིག་ཆོས་ཐོས་རྗེས་སུ་ཆགས་འགྱུར་བ། །དེ་ནི་ཆོས་མིན་ཐོས་ནས་ཉམས་འགྱུར་ཏེ། །དེ་ནི་ང་རྒྱལ་དྲེགས་བཅོམ་ཕྱིན་ལོག་ཅིང་། །ང་རྒྱལ་དབང་གིས་དེ་ཡི་སྡུག་བསྔལ་མྱོང་། །གང་དག་བདག་གི་ཉིད་གནས་མི་འགྱུར་ཞིང་། །རྟག་ཏུ་ཁེངས་མིན་དམའ་བ་མ་ཡིན་ལ། །གང་དག་དགའ་དང་མི་དགའ་ལས་གྲོལ་བ། །དེ་དག་ཡུན་དུ་ཡིད་གྲོལ་གྱུར་ཅིང་གནས། །ཞེས་གསུངས་སོ། །འཕགས་པ་དགེ་འདུན་སྡེའི་སྡོམ་བརྩོན་བཞིན་ནོ། །སྡོམ་བརྩོན་འགའ་ཞིག་དགེ་སློང་འཕགས་པ་དགེ་འདུན་སྡེའི་གན་དུ་བསྟན་བཅོས་ཉན་པར་འདོད་པར་འགྱུར་ལ། ནམ་ཞིག་ན་དེས་དེ་ལ་དགེ་བསྙེན་གྱིས་ཤིག་ཅེས་སྨྲས་པ་དང་། དེས་ཀྱང་ཉི་མ་གཞན་ཞིག་གི་ཚེ་སློབ་དཔོན་ལ་ཕྱག་འོས་ཁོ་བོ་ནི་དགེ་བསྙེན་དུ་གྱུར་ཏེ་གང་གི་ཕྱིར་བྲམ་ཟེ་མཐོང་ནས་བསད་པར་འདོད་པའི་ཕྱིར་རོ་ཞེས་སྨྲས་སོ། །འདིར་སྨྲས་པ། ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་བདེ་བ་དམ་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་དེ་འཐོབ་པའི་ཐབས་ལ་སྤྱོད་པ་ཤིན་ཏུ་དཀའ་བའི་ཕྱིར་དེ་འཐོབ་པར་མི་ནུས་ལ། སྲིད་པ་ནི་འབད་པ་མེད་པར་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་སླ་སྟེ། དེའི་ཕྱིར་བདག་ཅག་དེ་ལ་འཇུག་པར་འགྱུར་རོ། །བཤད་པར་བྱ་སྟེ། ཕྱིན་ཅི་ལོག་ཏུ་ངེས་པར་བཟུང་བ་ཞིག་གོ །འདི་ལྟར། བྱེད་མེད་མྱ་ངན་འདའ་འགྱུར་ཞིང་། །བྱེད་ལས་ཡང་སྲིད་འགྱུར་ཏེ་དེས། །བསམ་ཁྲལ་མེད་པས་མྱ་ངན་ལས། །འདས་པ་ཐོབ་པ་ཅིག་ཤོས་མིན། །གང་གི་ཕྱིར་བྱ་བ་ཐམས་ཅད་ལ་བྱེད་པ་ལོག་ཅིང་བསམ་ཁྲལ་མེད་པས་མྱ་ངན་ལས་འདས་པ་ཐོབ་པ་དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པ་སླའི། དགེ་བ་དང་མི་དགེ་བ་ལ་འཇུག་པའི་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ན་མྱ་ངན་ལས་འདས་པ་ལས་ཅིག་ཤོས་ཡང་སྲིད་པ་ནི་བདེ་བླག་ཏུ་མི་འཐོབ་ལ། མཁས་པས་ནི་སྒྲིམ་པ་མེད་པར་འཐོབ་པའི་མྱ་ངན་ལས་འདས་པ་སྤངས་ནས་བྱ་བ་རྣམ་པ་སྣ་ཚོགས་པའི་དུབ་པས་འཐོབ་པར་བྱ་བའི་ཡང་སྲིད་པ་དོན་དུ་གཉེར་བར་ཡང་མི་རིགས་སོ། །ནད་མེད་པའི་སྟོབས་སྒྲུབ་པ་བཞིན་ནོ། །ནད་མེད་པའི་སྟོབས་སྒྲུབ་པ་ལ་རྐྱེན་མང་པོ་མཐོང་མོད་ཀྱི། གང་གི་ཚེ་ཁྱད་པར་ཅུང་ཟད་ཀྱང་མི་འདོད་པ་དེའི་ཚེ་ན་དེ་རྐྱེན་ཐམས་ཅད་དོན་དུ་མི་གཉེར་བར་འགྱུར་རོ། །གལ་ཏེ་མི་བྱེད་ན་མྱ་ངན་ལས་འདའ་བར་འགྱུར་ན་ཅིའི་ཕྱིར་ཁྱོད་ཀྱིས་བསྟན་བཅོས་འདི་ལས་མི་རྟག་པ་ཉིད་ལ་སོགས་པའི་དོན་སྟོན་པར་བྱེད་ཅེ་ན། བཤད་པར་བྱ་སྟེ། འཁོར་བ་ལ་ཆགས་པའི་འགྲོ་བ་འཁོར་བ་ལ་སྐྱོ་བར་བྱ་བའི་ཕྱིར་རོ། །འདི་ལྟར། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །རང་ཁྱིམ་ལ་བཞིན་སྲིད་པ་ནི། །འདི་ནས་འབྱང་བའང་བྱ་བར་དཀའ། །འཁོར་བ་ལས་སེམས་སྐྱོ་བ་རྣམས་ནི་དེ་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་མྱ་ངན་ལས་འདས་པ་བསྟེན་གྱི་གང་ལ་སྐྱོ་བ་ཡོད་པ་མ་ཡིན་པ་དེ་ཅིའི་ཕྱིར་དེ་དོན་དུ་གཉེར་བར་བྱེད། སྐྱོ་བ་མེད་པ་ཉིད་ཀྱིས་བློ་ཆུང་བ་རྣམས་འཁོར་བ་ལས་ངེས་པར་འབྱུང་བ་ཡང་མི་བཟོད་དེ། འདི་ནི་དཔེར་ན་རང་གི་ཁྱིམ་སྙིང་པོ་ཆུང་ཡང་ཆགས་པ་ཡོངས་སུ་གཅད་པར་བྱ་དཀའ་བ་ཉིད་ཀྱི་ཕྱིར་བློ་ཆུང་བ་རྣམས་ཀྱིས་གཏོང་བར་མི་ནུས་པ་དང་དེ་འདྲའོ། །གསད་བྱ་བཏུང་བ་དོན་དུ་གཉེར་བ་བཞིན་ནོ། །གསད་བྱ་འགའ་ཞིག་འཕྲལ་གསད་པར་བྱའོ་ཞེས་གསད་པར་བྱ་བའི་ཕྱིར་བཏང་བ་ཡང་བཏུང་བ་དོན་དུ་གཉེར་བར་འགྱུར་ཏེ། དེ་བཞིན་དུ་རྗེས་སུ་འབྲེལ་པ་རྣམས་ལ་ཡང་འདོད་པ་མི་ལྡོག་གོ །གཞན་ཡང་ཕྱུག་པོ་རྣམས་ཀྱིས་ནི་ཡུལ་གྱི་བདེ་བའི་ལོངས་སྤྱོད་མོད་པའི་ཁྱིམ་དག་སྤོང་བ་དང་། དགོན་པར་མྱ་ངན་ལས་འདའ་བ་ཐོབ་པར་བྱ་བར་བཏང་བ་ཡང་ནུས་པར་མ་གྱུར་མོད། གང་དག་ལ་ནད་དང་དབུལ་བ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་རྣམས་ཕྱིར་བཅོ་བ་མི་སྲིད་པ་དེ་དག་གིས་ནི་འཁོར་བ་ལ་དགའ་བ་ཡོངས་སུ་དོར་བར་རིགས་པ་ཉིད་དོ། །འདི་ལྟར། ལ་ལ་སྡུག་བསྔལ་ཟིལ་མནན་ཞིང་། །འཆི་བར་འདོད་པ་དག་སྣང་སྟེ། །དེ་ཚེ་དེ་དག་གཏི་མུག་ཕྱིར། །གོ་འཕང་དམ་པར་མི་འགྲོར་ཟད། །ལ་ལ་དག་ནི་ནད་དང་དབུལ་བ་དང་སྡུག་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་གཟིར་ཏེ། བདག་ལ་ཆགས་པ་དོར་ནས་བདག་ཉིད་ངོས་ནས་སྐུར་ཞིང་མེ་དང་ཆུར་འཇུག་པ་ལ་སོགས་པ་དག་ཀྱང་བྱེད་དེ། གལ་ཏེ་དེ་ཁོ་ན་ལྟར་འཁོར་བ་སྡུག་བསྔལ་དུ་ངེས་པར་བྱས་ནས་བདག་ལ་ཆགས་པ་གཏན་དུ་ཕྱུང་བར་གྱུར་ན་ནི་མྱ་ངན་ལས་འདས་པའི་བདེ་བ་ལ་མི་རིང་བར་གནས་པ་ཞིག་ན། ཡོད་པ་མ་ཡིན་པའི་ཕྱིན་ཅི་ལོག་གི་མཐོང་བར་ཕྱིན་ཅི་ལོག་རྣམས་ནི་གཏི་མུག་ཆེ་བའི་ཕྱིར་གང་གིས་ན་མྱ་ངན་ལས་འདས་པ་སྒྲུབ་པར་འགྱུར་བ་དེ་ལྟར་མི་འཇུག་གོ །ཐུག་པ་ཀུན་ནས་འཐུངས་ཏེ་ཉལ་བ་དང་བཏུང་བའི་སྨན་ལ་ཐེ་ཚོམ་ཟ་བ་བཞིན་ནོ། །འགའ་ཞིག་ཐུག་པ་འཐུངས་ནས་ཉལ་བ་དང་། ཁྱད་པར་མང་པོས་སྡུག་བསྔལ་བར་གྱུར་ཏོ། །དེ་བཞིན་དུ་བྱིས་པ་རྣམས་ཀྱང་ཇི་ལྟ་ཇི་ལྟར་བདེ་བ་འདོད་པ་དེ་ལྟ་དེ་ལྟར་སྡུག་བསྔལ་བར་འགྱུར་རོ། །ཡང་ཇི་ལྟར་འགའ་ཞིག་སྨན་བཏུང་ངོ་སྙམ་སྟེ་ཉེ་བར་བསྣུམས་པར་གྱུར་ཏོ། །དེ་ཡང་ཉེ་བར་བསྣུམས་པར་གྱུར་ནས་ཅི་བཏུང་བར་བྱ་བའི་སྨན་ཞིག་གམ། བཏུང་བྱ་མ་ཡིན་པ་ཞིག་ཡིན་སྙམ་དུ་ཐེ་ཚོམ་ཟ་བར་གྱུར་ལ། དེ་ནད་དེ་ལས་མཐར་བ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་སྡུག་བསྔལ་དང་ཉེ་བར་འཚེ་བའི་སྣུམ་ཆོས་ཀྱིས་ཉོན་མོངས་པ་དག་ཞུ་བར་བྱས་པ་ཡིན་དུ་ཟིན་ཀྱང་མ་རིག་པས་གཏུམས་ཤིང་ཐིབས་པོའི་རྣམ་པ་ཅན་མི་ཤེས་པའི་ནད་སེལ་བའི་རྒྱུ་འདོད་ཆགས་དང་བྲལ་བའི་སྨན་ལ་ཐེ་ཚོམ་ཟ་བ་ནི་ཉོན་མོངས་པ་ཐམས་ཅད་ཉེ་བར་འཇོམས་པའི་སྨན་མ་འཐུངས་པར་ཀུན་ནས་ཉོན་མོངས་པའི་ནད་ཆེན་པོ་ཐམས་ཅད་ལས་གྲོལ་བ་ལས་གཉིས་སུ་མེད་པའི་གོ་འཕང་དམ་པ་སྐྱོན་མེད་པ་མི་འཐོབ་བོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་སྲིད་པ་ཐམས་ཅད་ཡོངས་སུ་བཏང་བས་རྒ་ཤི་མེད་པའི་གོ་འཕང་མྱ་ངན་ལས་འདས་པ་གཅིག་པུ་ཁོ་ན་དོན་དུ་གཉེར་བར་བྱ་བ་ཡིན་ལ། དེ་ཐོབ་པར་བྱ་བའི་ཕྱིར་སྒོམ་པའི་གཏམ་ཁོ་ན་ཡིན་ལ་རག་མོད། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་གཏམ་དག་ཀྱང་མཛད། བཤད་པར་བྱ་སྟེ། དམན་པ་དང་འབྲིང་དང་རབ་ཀྱི་དབྱེ་བས་སེམས་ཅན་གྱི་ཁམས་ནི་རྣམ་པ་སྣ་ཚོགས་ལ་དེའི་དབྱེ་བ་ལས་ཀྱང་བཅོམ་ལྡན་འདས་ཐབས་ཆེན་པོ་ཅན་གྱི་ཐུགས་རྗེ་ཆེན་པོའི་རང་བཞིན་མངའ་བ་གང་གི་འབྲས་བུ་ལྷུན་གྱིས་གྲུབ་པ་འཇུག་པའི་འགྲོ་བ་མཐའ་དག་གི་བསམ་པ་དང་བག་ལ་ཉལ་མཁྱེན་པའི་ཆོས་བསྟན་པས་རྣམ་པ་སྣ་ཚོགས་པ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་དེས། སྦྱིན་པ་དམན་པ་ལ་གསུངས་ཤིང་། །འབྲིང་ལ་ཚུལ་ཁྲིམས་གསུངས་པ་སྟེ། །མཆོག་ལ་ཞི་བ་གསུངས་གྱུར་པ། །དེས་ན་རྟག་ཏུ་མཆོག་ཏུ་བྱོས། །དམན་པའི་གང་ཟག་ལ་ནི་སྦྱིན་པ་ཁོ་ན་གསུངས་ཀྱི་ཚུལ་ཁྲིམས་དང་སྒོམ་པ་ནི་མ་ཡིན་ཏེ། དེ་གཉིས་ཀྱི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འབྲིང་པོ་ལ་ནི་ཚུལ་ཁྲིམས་ཁོ་ན་གསུངས་ཀྱི་སྦྱིན་པ་མ་ཡིན་ཞིང་སྒོམ་པ་ནི་མ་ཡིན་ཏེ། སྦྱིན་པ་ལ་གནས་ཟིན་པའི་ཕྱིར་དང་སྒོམ་པར་ནུས་པ་མེད་པའི་ཕྱིར་རོ། །མཆོག་ལ་ནི་སྒོམ་པ་ཁོ་ན་གསུངས་ཀྱི་སྦྱིན་པ་དང་ཚུལ་ཁྲིམས་དག་ནི་མ་ཡིན་ཏེ། དེ་གཉིས་ལ་གནས་པར་གྱུར་ཟིན་པའི་ཕྱིར་རོ། །དེ་ལ་སྦྱིན་པས་ནི་ལོངས་སྤྱོད་ཆེ་བར་འགྱུར་རོ། །ཚུལ་ཁྲིམས་ཀྱིས་ནི་ལྷ་དང་མིའི་སྐྱེ་བའོ། །སྒོམ་པས་ནི་ཉོན་མོངས་པ་བསྲབ་པ་ཉིད་དུ་འགྱུར་ལ་བསྲབ་པ་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པའི་ཕྱིར་ཐམས་ཅད་ལ་མྱ་ངན་ལས་འདས་པ་མི་གསུང་ངོ་། །དེའི་ཕྱིར་བདག་མཆོག་ཏུ་གྱུར་ཅིག་ཅེས་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བར་བྱོས་ཤིག རྒྱལ་བུ་གསུམ་ལ་ཉེ་བར་འདོམས་པ་བཞིན་ནོ། །ཇི་ལྟར་འདི་ལ་རྒྱལ་བུ་གསུམ་ཡོད་པ་ལ་དེར་ན་ཚོད་ལ་ལྟོས་ཏེ་གཅིག་ལ་ནི་ཡི་གེ་དག་ཉེ་བར་སྟོན་ཏེ། གཉིས་པ་ལ་ནི་བསྟན་བཅོས་འདོན་པའོ། །གསུམ་པ་ལ་ནི་མཚོན་ཆའི་ཐབས་འདོན་པ་སྟོན་ཏོ། །དེ་བཞིན་དུ་དམན་པ་ལ་སོགས་པ་རྣམས་ལ་སྦྱིན་པ་ལ་སོགས་པའོ། །མཆོག་ཏུ་བྱུང་བའི་ཕྱིར་ཆེས་ཐོག་མ་ཁོ་ནར་མྱ་ངན་ལས་འདས་པའི་གཏམ་བྱ་བ་ཡང་མ་ཡིན་གྱི། བསོད་ནམས་མིན་ལས་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཕྱི་ནས་ལྟ་ཞིག་ཀུན་བཟློག་པ་ནི་བྱ་སྟེ། གང་གིས་ཤེས་དེ་མཁས་པ་ཡིན། །བསྟན་པ་འདིར་ནི་རིམ་གྱིས་འདུས་བྱས་ཐམས་ཅད་བཟློག་པར་བྱའོ། །དེ་ལ་འདིར་རེ་ཞིག་བསོད་ནམས་མ་ཡིན་པའི་ཕྱོགས་ཐམས་ཅད་བཟློག་པ་ནི་དང་པོར་བྱ་སྟེ། མཐོང་བ་དང་མ་མཐོང་བའི་ཉེས་པ་བརྒྱ་ཕྲག་དུ་མའི་རྒྱུ་ཡིན་པའི་ཕྱིར་ཏེ། སྤང་བར་བྱ་བ་དང་པོར་བཟློག་པར་བྱའོ། །སྡིག་པ་བཟློག་པས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བདག་རྣམ་པ་ལྔར་ཡང་མི་སྲིད་པའི་ཕྱིར་བདག་ཏུ་ལྟ་བ་ཆ་ཉི་ཤུ་དོར་བར་བྱའོ། །ཕྱི་ནས་བདག་ལ་ཆགས་པ་ཡང་དག་པར་སྟོན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་ཆགས་པ་ཡང་ཡོངས་སུ་གཏོང་བར་བྱ་བའི་ཕྱིར་དངོས་པོ་ཐམས་ཅད་བཟློག་པར་བྱའོ། །དེའི་ཕྱིར་དེ་ལྟར་ན་བློ་དང་ལྡན་འདི་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་ཏེ། དེ་ལྟར་ན་རིམ་པའི་སྒོ་ནས་གང་ཞིག་གིས་ཐམས་ཅད་བཟློག་པའི་ཐབས་ཤེས་པ། དེ་ལ་ནི་སངས་རྒྱས་ཀྱི་བསྟན་པར་མཁས་པ་ཞེས་བརྗོད་དོ། །ནད་ཕྱིར་བཅོ་བའི་བྱ་བ་བཞིན་ནོ། །ཇི་ལྟར་ནད་ཕྱིར་བཅོ་བ་དག་སྣུམ་ཆོས་དག་ལ་སོགས་པ་དག་བྱས་དང་བྱ་བ་དང་འགལ་བར་སྤྱོད་པའི་སྐྱོན་དུ་མི་འགྱུར་བ་དེ་བཞིན་དུ་ཐར་པའི་ཚུལ་ལ་ཡང་ངོ་། །ཡང་ཇི་ལྟར་ལེན་པ་མེད་པ་ཉིད་འཐོབ་ཅེ་ན་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་མཐོང་བ་ལས་སོ། །གལ་ཏེ་དངོས་པོ་རྣམས་མཐའ་ཡས་པ་དེའི་ཡུལ་ཅན་དེ་ཇི་ལྟར་བལྟ་བར་ནུས། ཆོས་གཅིག་ཀྱང་ཡོངས་སུ་མ་ཤེས་ཤིང་། མ་སྤངས་པར་སྡུག་བསྔལ་གྱི་མཐར་བྱེད་པ་ཡང་མི་སྲིད་ལ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་གང་ཅུང་ཟད་ཤེས་པར་བྱ་བ་དང་བལྟ་བར་བྱ་བ་དང་མངོན་སུམ་དུ་བྱ་བ་དེ་ཐམས་ཅད་མངོན་སུམ་དུ་མཛད་དོ་ཞེས་འདོན་པ་ཡང་ཡིན་ཏེ། དེའི་ཕྱིར་འདི་ཇི་ལྟར་བལྟ་བར་བྱ་ཞེ་ན། བཤད་པར་བྱ་སྟེ། དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བཤད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ཉིད་ཀུན་གྱི་སྟོང་ཉིད་དོ། །གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་ཚོར་བ་ལ་སོགས་པ་ཕུང་པོ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དོ། །དེ་བཞིན་དུ་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་སྐྱེ་མཆེད་བཅུ་གཉིས་ཆར་གྱི་ཡང་ཡིན་ནོ། །དེ་བཞིན་དུ་མིག་གི་ཁམས་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་ཁམས་བཅོ་བརྒྱད་ཆར་གྱི་ཡང་ཡིན་ནོ། །དེ་བཞིན་དུ་དངོས་པོ་དང་ཡུལ་དང་དུས་དང་རྟེན་གྱི་དབྱེ་བས་ཐ་དད་ཅིང་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལས་དངོས་པོ་གཅིག་གི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དོ། །བུམ་པ་དང་འཁར་གཞོང་ལ་སོགས་པ་ཐ་དད་ཀྱང་ནམ་མཁའ་ཐ་དད་མེད་པ་བཞིན་ནོ། །གཟུགས་ལ་སོགས་པའི་དངོས་པོ་ཐ་དད་ཀྱང་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་གྱིས་མ་སྐྱེས་པ་ལས་ཐ་དད་པ་མེད་པའི་ཕྱིར་ཆོས་གཅིག་ཁོ་ནའི་རང་བཞིན་གྱིས་མ་སྐྱེས་པ་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་མ་སྐྱེས་པ་ཡོངས་སུ་ཤེས་པར་འགྱུར་ཏེ། དེ་བཞིན་དུ་སྤང་བ་ལ་སོགས་པ་དག་ལ་ཡང་སྦྱར་བར་བྱའོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས། གང་གིས་ཆོས་གཅིག་སྒོམས་ནས་ཆོས་རྣམས་ཀུན། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་གཟུང་མེད་ལ། །གསོབ་བརྫུན་ཐེར་ཟུག་མིན་པར་ཤེས་པ་དེ། །རིང་པོར་མི་ཐོགས་བྱང་ཆུབ་སྙིང་པོར་འགྲོ། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གཅིག་གིས་ཐམས་ཅད་ཤེས་འགྱུར་ཞིང་། །གཅིག་གིས་ཐམས་ཅད་མཐོང་བར་འགྱུར། །ཇི་སྙེད་མང་པོ་བརྗོད་བྱེད་ཀྱང་། །དེ་ལ་དྲེགས་པ་སྐྱེ་མི་འགྱུར། །བདག་གི་འདུ་ཤེས་ཤེས་པར་ལྟར། །དེ་བཞིན་ཀུན་ལ་བློ་སྦྱར་བྱ། །ཆོས་ཀུན་དེ་ཡི་རང་བཞིན་ཏེ། །རྣམ་པར་དག་པ་ནམ་མཁའ་འདྲ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །རྒྱ་མཚོའི་ཆུའི་ཐིགས་པ་འཐུངས་པ་བཞིན་ནོ། །ཇི་ལྟར་རོ་མཚུངས་པའི་ཕྱིར་གཅིག་ཏུ་རྒྱ་མཚོའི་རོ་མྱངས་ན་ཐམས་ཅད་དུ་རོ་མྱང་བར་འགྱུར་བ་དེ་བཞིན་དུ་དངོས་པོ་རྣམས་ཀྱི་འདུས་བྱས་སྟོང་པ་ཉིད་ཀྱང་ཡིན་ཏེ། མཚན་ཉིད་མཚུངས་པའི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་ཆོས་ཐམས་ཅད་སྟོང་པའི་ཕྱིར་སྤང་བར་བྱ་བ་ཡིན་ན། དགེ་སློང་དག་དེ་ལྟ་བས་ན་གུས་པར་བྱས་ཏེ། གུས་པར་བྱས་ནས་བྱས་པའི་བསོད་ནམས་ཀྱི་རྣམ་པར་སྨིན་པ་འདོད་པ་དང་སྡུག་པ་དང་ཕངས་པ་དང་ཡིད་དུ་འོང་བ་སོ་སོར་མྱོང་བར་འགྱུར་རོ་ཞེས་བྱ་བ་འདི་ཅིའི་ཕྱིར་གསུངས། འདི་ནི་མི་འགལ་ཏེ་གང་གི་ཕྱིར། ཆོས་ཆགས་དེ་བཞིན་གཤེགས་རྣམས་ཀྱིས། །མཐོ་རིས་འདོད་པ་རྣམས་ལ་གསུངས། །ཐར་པ་འདོད་རྣམས་ལ་དེ་ཉིད། །སྨད་འགྱུར་གཞན་དུ་སྨོས་ཅི་དགོས། །ཆོས་ལ་ཆགས་པ་ནི་དེའི་ཐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་གདོན་མི་ཟ་བར་བྱ་བ་ཉིད་དུ། བསོད་ནམས་དག་ནི་བྱར་འོས་ཏེ། །བསོད་ནམས་མ་བྱས་ཉིད་སྡུག་བསྔལ། །བསོད་ནམས་བྱས་པའི་འཇིག་རྟེན་ནི། །འདི་དང་གཞན་དུ་དགའ་འགྱུར་རོ། །ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཐོ་རིས་འདོད་ཅིང་ངན་འགྲོར་འགྲོ་བས་འཇིག་པ་སྐྱེ་བ་དང་། འཇིགས་པ་བསྒོམ་པར་མི་ནུས་པ་རྣམས་ལ་གསུངས་ཀྱི། ཐར་པ་འདོད་པ་རྣམས་ལ་ནི་མ་ཡིན་ནོ། །དེ་རྣམས་ལ་ནི་ཆོས་ལ་ཆགས་པ་འཁོར་བའི་བཙོན་རའི་ཁང་པར་འཆིང་བ་ཉིད་ཡིན་ཏེ། གང་གི་ཕྱིར་ཆོས་ཀྱི་རྣམ་གྲངས་གཟིངས་དང་འདྲ་བར་ཀུན་ནས་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཉིད་སྤང་བར་བྱ་བ་ཡིན་ན་ཆོས་མ་ཡིན་པ་དག་ལྟ་ཅི་སྨོས་ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་བདེ་བ་འདོད་པ་ལ་ནི་འགར་ཡང་ཆགས་པ་ཤིས་པར་མི་འགྱུར་ཏེ། དེ་ནི་ཆགས་པ་མ་ལུས་པ་བཅད་པས་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ། །མི་ཕམ་པའི་མདོ་བཞིན་ནོ། །གང་གི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཱ་རཱ་ཎ་སཱིར་ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཞེས་བྱ་བར་འགྱུར་ལ། ཡང་དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་བར་འགྱུར་ཞིང་། དེས་གྲོང་ཁྱེར་འདི་ཉིད་དུ་ཁྱོད་བཞུགས་པ་དང་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པ་ཆེན་པོ་བྱས་ཏེ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་མི་ཕམ་པ་ཞེས་བྱ་བ་ལུང་བསྟན་པར་མཛད་པ་དང་། དེ་ནས་འཁོར་དེའི་ནང་ནས་དགེ་སློང་མི་ཕམ་པ་ཞེས་བྱ་བ་ཞིག་ཡོད་པར་གྱུར་ལ། དེས་ཨེ་མ་མ་ལ་བདག་གླིང་བཞིའི་དབང་ཕྱུག་འཁོར་ལོས་སྒྱུར་བ་དུད་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེ་ནི་བཅོམ་ལྡན་འདས་ཀྱིས་འདི་ལྟར་སྡུག་བསྔལ་བཟློག་པར་བྱ་བའི་ཕྱིར། རབ་ཏུ་བྱུང་ནས་སྡུག་བསྔལ་དེ་ཉིད་འདོད་པ་ཁྱོད་ནི་སྐྱེས་བུ་བླུན་པོ་ཞིག་གོ་ཞེས་སྨད་པ་མཛད་དོ། །དེ་བསྟན་ནས་བཅོམ་ལྡན་འདས་ཀྱིས་ང་ནི་དེའི་སྐད་ཅིག་ཙམ་གྱི་སྲིད་པ་མངོན་པར་འགྲུབ་པ་ཡང་བསྔགས་པར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་སྲིད་པ་མངོན་པར་གྲུབ་པ་ནི་སྡུག་བསྔལ་བ་སྟེ། དཔེར་ན་ཕྱིས་ནི་ཆུང་ངུ་ཡིན་དུ་ཟིན་ཀྱང་དྲི་ང་ན། མང་པོ་ལྟ་ཅི་སྨོས་ཞེས་གསུངས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ནི་དེ་ལྟར་སྨད་ལ། གཞན་དག་ནི་སྲིད་པའི་རྒྱུ་བསོད་ནམས་དག་ལ་སྦྱར་རོ། །འདིར་སྨྲས་པ། གལ་ཏེ་སྟོང་པ་ཉིད་ཀྱི་ཆགས་པ་ལོག་པས་སྡུག་བསྔལ་རངས་པ་ལྡོག་པ་ནི་དེ་ལྟ་ན་ནི། འོ་ན་སྡུག་བསྔལ་མཐའ་དག་ཉེ་བར་གཅོད་པའི་རྒྱུ་ཉིད་ཀྱི་ཕྱིར་དེ་ཁོ་ན་གཅིག་པུ་ཉེ་བར་བསྟན་པར་བྱའོ། །དེ་ནི་དེ་ལྟ་མ་ཡིན་ཏེ། དེ་ནི་སྣོད་ཀྱི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ། །འདི་ལྟར་སྣོད་མ་ཡིན་པ་ལ་བསྟན་པའི་ཕྱིར་སྟོང་པ་ཉིད་ནི་བཟའ་ཉེས་པའི་ཟས་དང་སྐོམ་ལ་སོགས་པ་ལྟར་ཕུང་བའི་རྒྱུར་འགྱུར་རོ། །དེ་ནི་ལྷག་པར་མ་མོས་པས་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་སྤོང་བར་འགྱུར་རོ། །ཡང་ན་སྟོང་པ་ཉིད་ཀྱི་དོན་ནི་ཐམས་ཅད་མེད་པའི་དོན་དུ་ལོག་པར་ཡོངས་སུ་བརྟགས་ན་ལོག་པར་ལྟ་བས་ངན་སོང་དུ་འགྲོ་བར་འགྱུར་རོ། །དེའི་ཕྱིར། བསོད་ནམས་འདོད་པས་སྟོང་པ་ཉིད། །ཀུན་ཚེ་བརྗོད་པར་བྱ་མིན་ཏེ། །གནས་མ་ཡིན་པར་སྦྱར་བའི་སྨན། །དུག་ཏུ་འགྱུར་བ་མ་ཡིན་ནམ། །འདིར་སྙིང་རྗེ་ཅན་བསོད་ནམས་འདོད་ཅིང་སེམས་ཅན་རྣམས་རྗེས་སུ་བཟུང་བར་འདོད་པས་ནི་ཐོག་མར་སེམས་ཅན་ཡོངས་སུ་མ་སྨིན་ཞིང་། དགེ་བའི་རྩ་བ་མ་སྨིན་པ་རྣམས་ལ་སྟོང་པ་ཉིད་བརྗོད་པར་མི་བྱ་སྟེ། དོན་མེད་པའི་ཕྱིར་རོ། །དཔེར་ན་སྨན་ཆེན་པོ་ལེགས་ཤིང་རོ་ཞིམ་པ་གནས་མ་ཡིན་པར་བཏང་བ་ནི་ནད་པའི་དོན་མ་ཡིན་པའམ་རྣམ་པར་འཇིག་པའི་རྒྱུར་གྱུར་པ་ལྟར། འདིར་གནས་མ་ཡིན་པ་དག་ལ་སྟོང་པ་ཉིད་སྦྱོར་བ་ཡང་དེ་དག་གི་དོན་མ་ཡིན་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་འོད་སྲུངས་འདི་ལྟ་སྟེ་རྫ་མཁན་གྱི་སྣོད་སོ་མ་བཏང་བ་རྣམས་ལ་མེ་རགས་པ་གཏོང་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་སྨིན་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་མེ་གཏོང་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །བླུན་ལ་ཉེ་བར་བསྟན་པ་ནི། །འཁྲུག་པའི་རྒྱུ་ཡིན་ཞི་ཕྱིར་མིན། །ལག་འགྲོ་འོ་མ་འཐུང་བ་ནི། །དུག་འཕེལ་འགྱུར་བ་འབའ་ཞིག་གོ །ཞེས་བཤད་དོ། །རྩའི་ཕུར་མ་དང་ཟ་མ་ཏོག་ལྟ་བུ་དང་ཟིན་པ་དང་མ་ཟིན་པ་ལ་རྩི་ནད་མེད་གཏོང་བ་བཞིན་ནོ། །ཇི་ལྟར་ཚོང་པའི་རྩའི་ཕུར་མ་ནི་རྫས་གཞན་དང་གཞན་ལ་གནོད་པ་གཞན་དང་གཞན་དུ་འགྱུར་བ་དེ་བཞིན་དུ་ཆོས་སྟོན་པ་ལ་སེམས་ཅན་རྣམས་ཀྱང་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཟ་མ་ཏོག་ལྟ་བུའི་མདོ་ལས་ཚོན་གྱི་སྦྲུལ་གདུག་པ་བཞི་ལ་རྩི་སྨན་གཞན་དང་གཞན་གསུངས་པ་དེ་བཞིན་དུ་ཉོན་མོངས་པའི་སྦྲུལ་གདུག་པ་རྣམས་ལ་ཡང་ཡིན་ནོ། །ཡང་ཇི་ལྟར་འགའ་ཞིག་གིས་དུག་གི་སྨན་པ་མཛའ་བོ་ཞིག་ལས་དུག་ཐམས་ཅད་སེལ་བའི་རྩི་སྨན་ནད་མེད་འཐོབ་པར་འགྱུར་ལ། དེ་ནས་དེས་དུག་གིས་རྣམ་པར་འགྱུར་བ་ཞིག་ལ་བཏང་བ་དང་དེ་ཡང་ཞི་བར་གྱུར་ཏོ། །དེ་ནས་དུག་མེད་པ་ཞིག་ལ་བཏང་བ་དང་། དེས་དེ་བསད་པ་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལས་སུ་རུང་བར་བྱ་བའི་ཕྱིར་ཆེས་ཐོག་མ་ཁོ་ནར་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་བཤད་པར་བྱ་སྟེ། དེ་ལ་དེ་མཁས་པ་རྣམས་སྟོང་པ་ཉིད་ལ་བདེ་བླག་ཏུ་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། དྲི་བྲལ་གོས་ལ་ཚོན་བཞིན་དུ། །དང་པོར་སྦྱིན་སོགས་གཏམ་རྣམས་ཀྱིས། །སེམས་ལ་ལེགས་པ་ཉིད་བསྐྱེད་དེ། །དེ་ནས་ཆོས་ནི་བསྒོམ་པར་མཛད། །ཅེས་གསུངས་སོ། །དོན་ཉིད་བསྟན་པའི་ཕྱིར་དཔེ་བཤད་པ། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་པ་བཞིན་དུ། །འཇིག་རྟེན་པ་ཡིས་མ་རྟོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །དཔེར་ན་ཀླ་ཀློ་སྐད་གཞན་མི་ཤེས་པ་ཉིད་ཀྱི་ཕྱིར་རང་གི་སྐད་ཁོ་ནས་བསྟན་པར་བྱ་བ་ཡིན་པ་བཞིན་དུ་འཇིག་རྟེན་ཡང་འཇིག་རྟེན་པའི་དངོས་པོ་རྣམ་པར་གཞག་པའི་སྒོ་ནས་དེ་ཁོ་ན་ཉིད་ལ་གཞུག་པར་ནུས་སོ། །འཇིག་རྟེན་པའི་ཀུན་རྫོབ་ལ་མ་ཞུགས་པར་ནི་མཁས་པ་སུས་ཀྱང་བདག་དང་ཆོས་གཉིས་སྒྱུ་མ་ལྟ་བུ་ཉིད་དོན་དམ་པའི་ངོ་བོ་བརྗོད་དུ་མེད་པ་ཉིད་དུ་གཟུང་བར་མི་ནུས་ཀྱི། འཇིག་རྟེན་གྱི་ཀུན་རྫོབ་ལ་ཇི་ལྟ་བ་བཞིན་དུ་ཞུགས་པས་ནི་སྒྱུ་མ་ལྟ་བུ་ཉིད་དུ་གཟུང་བར་ནུས་ཤིང་། སྒྱུ་མ་ལྟ་བུ་ལ་ཞུགས་པས་ཀྱང་ཤིན་ཏུ་དོན་དམ་པའི་ཆོས་ཀྱི་རང་བཞིན་བརྗོད་དུ་མེད་པར་གཟུང་བར་ནུས་སོ། །དེའི་ཕྱིར་འཇུག་པའི་རིམ་པ་ཇི་སྐད་བཤད་པ་གདོན་མི་ཟ་བར་བྱ་དགོས་སོ། །ཁྱེའུ་གཞོན་ནུ་བཞིན་ནོ། །དཔེར་ན་ཁྱེའུ་གཞོན་ནུ་སྐད་གཞན་གྱིས་ཁོང་དུ་ཆུད་པར་བྱ་བར་མི་ནུས་པ་དེ་བཞིན་དུ་སོ་སོའི་སྐྱེ་བོའི་འཇིག་རྟེན་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པ་བསྟན་པ་འཇིག་རྟེན་གཟུད་པའི་ཐབས་ཡིན་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཡོད་དང་མེད་དང་ཡོད་མེད་དང་། །གཉི་ག་མིན་ཞེས་ཀྱང་བསྟན་ཏེ། །ཐམས་ཅད་མེད་པར་ལྟ་བའི་དྲི་མ་བཀྲུ་བའི་ཕྱིར་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ལ་ཡོད་དོ་ཞེས་བསྟན་པ། དངོས་པོར་མངོན་པར་ཞེན་པ་ཐམས་ཅད་སྤང་བའི་ཕྱིར་འགའ་ཞིག་ཏུ་མེད་དོ་ཞེས་གསུངས་སོ། །ཡང་རྣམ་པ་གཉིས་ཀར་ལྟ་བ་སྤང་བའི་ཕྱིར་ནི་ཡོད་པ་དང་མེད་པ་ཞེས་བྱ་བ་གསུངས་ལ། སྤྲོས་པ་རྣམ་པ་ཐམས་ཅད་དུ་གཅད་པའི་ཕྱིར་ནི་གཉིས་ཀ་མ་ཡིན་པ་ཞེས་བྱ་བར་ཡང་རབ་ཏུ་བསྟན་ཏོ། །གཞན་ཡང་རེ་ཞིག་ཁྱོད་ཉིད་ཀྱིས་རྣམ་པར་སྤྱོད་པ་དང་། ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་ཞེས་བྱ་བར་གྱུར་མིན་ནམ། །ནད་དག་ནི་ཕྱིར་བཅོ་བར་བྱ་དགོས་ལ། དེ་དག་ལ་ཡང་གཞིའི་བྱེ་བྲག་གིས་དུ་མ་ཞིག་སྨན་དུ་འགྱུར་གྱི། གཅིག་ཉིད་ཐམས་ཅད་དུ་ནི་ཉེ་བར་མཁོ་བ་ནི་མ་ཡིན་ཏེ། འདི་ཡང་དེ་དང་འདྲའོ། །རབ་ཏུ་བྱུང་བས་གནོད་སྦྱིན་དང་ཡི་དྭགས་ལ་ཆོས་ཀྱི་བཏུང་བ་སྦྱིན་པ་ལྟ་བུ་དང་། གནོད་སྦྱིན་གྱིས་ཕྱིར་འཇིལ་བར་མཐོང་བ་བཞིན་ནོ། །དཔེར་ན་སྤུན་གསུམ་ཞིག་ཡོད་པ་ལ་དེ་ལས་གཅིག་ནི་རབ་ཏུ་བྱུང་ངོ་། །གཉིས་པ་ནི་གནོད་སྦྱིན་རྫུ་འཕྲུལ་ཆེ་བ་ཞིག་ཏུ་གྱུར་ཅིང་། གསུམ་པ་ནི་ཡི་དྭགས་སྐར་མདའ་གདོང་དུ་གྱུར་ཏེ། དེ་གཉིས་ཆར་ཡང་དགེ་སློང་དེའི་གན་དུ་སོང་བར་གྱུར་ཏོ། །དེ་ནས་དགེ་སློང་དེས་གནོད་སྦྱིན་དེ་ལ་ལོངས་སྤྱོད་ཆེན་པོའི་རྒྱུ་ཤེས་པར་བྱ་བའི་ཕྱིར་སྦྱིན་པའི་ཡོན་ཏན་བཤད་ཅིང་། རྣམ་པར་སྨིན་པའི་རྒྱུ་ཤེས་པར་བྱ་བའི་ཕྱིར་ཚུལ་ཁྲིམས་འཆལ་པའི་སྐྱོན་བསྟན་ཏོ། །ཡི་དྭགས་ལ་ནི་སྡུག་བསྔལ་གྱི་རྒྱུ་ཤེས་པར་བྱ་བའི་ཕྱིར་བཏུང་བ་བྱིན་པས་མེའི་སྡུག་བསྔལ་ཉེ་བར་ཞི་བར་བྱས་ནས་སེར་སྣའི་སྐྱོན་བརྗོད་པ་ལྟ་བུ་སྟེ། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འགྲོ་བ་མཐའ་དག་རྗེས་སུ་འཛིན་པ་ལ་གཞོལ་བ་རྣམས་ཀྱི་ཆོས་སྟོན་པ་ཡང་སྣ་ཚོགས་པར་འགྱུར་རོ། །ཡང་ན་དཔེར་ན་འགའ་ཞིག་གིས་ཕས་ཡུལ་གཞན་ནས་བུ་མོ་ཞིག་བླངས་ལ། དེའི་ཕ་དེ་ཡང་དུས་བྱས་པར་གྱུར་ཏེ། དེ་ལ་མས་ཁྱོད་ཀྱི་ཕའི་གྲོགས་པོ་གནོད་སྦྱིན་འདི་ཞེས་བྱ་བ་དེ་དོན་དུ་གཉེར་བར་གྱིས་ལ་བུ་མོ་དེ་བལྟ་བར་བྱ་བའི་ཕྱིར་སོངས་ཤིག་ཅེས་སྨྲས་པ་དང་། དེས་དེ་ལྟར་བྱས་སོ། །དེ་ནས་གནོད་སྦྱིན་དེས་དེ་གཞལ་མེད་ཁང་གི་ནམ་མཁའ་ལ་ཁྱེར་ནས་འོངས་པ་དང་། མི་ཞིག་ཀྱང་གན་དུ་འོངས་པར་གྱུར་ཏོ། །དེ་ལ་གནོད་སྦྱིན་དེས་བུ་སོང་ལ་འདི་སྔངས་ཤིག་ཅེས་སྨྲས་ལ། དེས་ཀྱང་དེ་ལྟར་བྱས་ཏེ་འོངས་ནས་དེ་ལ་ཅིའི་ཕྱིར་མི་འདི་སྔངས་སུ་བཅུག་ཅེས་དྲིས་པ་དང་། དེས་འདི་ནི་རབ་ཏུ་བྱུང་བ་ཞིག་སྟེ། བདག་གིས་འདིའི་གཟི་བྱིན་མི་བཟོད་དོ་ཞེས་སྨྲས་སོ། །དེ་ནས་དེས་གྲོང་ཁྱེར་དེར་ཁྲིད་ནས་ཁྱེའུ་དེ་འདབ་ཅིག་ཏུ་གཞག་སྟེ་བུ་མོ་དེ་བཙལ་བའི་ཕྱིར་རང་ཉིད་གྲོང་ཁྱེར་དེར་ཞུགས་པ་དང་། བུ་མོ་དེ་མཐོང་ནས་གནོད་སྦྱིན་དེ་ལ་འདོད་པའི་འདོད་ཆགས་སྐྱེས་ཏེ་དེས་དེ་བཟུང་ངོ་། །ཁྱེའུ་དེ་ཡང་འདི་ཡུན་རིང་པོར་ཐོགས་པར་བྱེད་དོ་སྙམ་སྟེ་རང་ཉིད་སོང་བ་དང་། དེ་ཉིད་ཀྱིས་བཟུང་བའི་བར་དུ་མཐོང་ནས་དེས་དེ་ལ་འདི་ཐོངས་ཤིག་ཅེས་འདི་ནི་ཁྱོད་ཀྱི་མནའ་མ་ཡིན་ནོ་ཞེས་ཞུས་པས་དེས་མ་བཏང་བར་གྱུར་ཏོ། །དེ་ནས་ཕྱིར་ཟློག་པར་བྱེད་པ་ཞིག་བཀུག་སྟེ་དེ་སྒོར་གནས་པས་གནོད་སྦྱིན་ཡང་ངུ་བར་རྩོམ་ཞིང་ཕྱོགས་གཅིག་མཆིའོ་ཞེས་སྨྲ་བ་བཞིན་ནོ། །དེ་ལྟར་ན་འགའ་ཞིག་འགའ་ཞིག་གི་གཉེན་པོར་འགྱུར་ཏེ། ཆོས་སྟོན་པ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ། །ཡོད་པ་དང་མེད་པ་ལ་སོགས་པའི་བསྟན་པ་འདི་རྣམས་ལས་ཀྱང་ནང་གི་བདག་ཉིད་དུ་སེམས་པ་ལ་ཞུགས་པའི་ཕྱིར་ན་གཉི་ག་མ་ཡིན་པར་བསྟན་པ་གང་ཡིན་པ་དེ་དོན་དམ་པའི་བསྟན་པ་ཡིན་ལ། དོན་དམ་པའི་བསྟན་པ་དེ་ཡང་། ཡང་དག་མཐོང་ན་གནས་མཆོག་ལ། །ཅུང་ཟད་མཐོང་ན་བཟང་འགྲོ་སྟེ། །དེ་ཕྱིར་ནང་བདག་བསམ་པ་ལ། །མཁས་པས་རྟག་ཏུ་བློ་གྲོས་བསྐྱེད། །དོན་དམ་པའི་ཤེས་པས་དེ་ཉིད་ཡང་དག་པར་མཐོང་བ་ཡོད་ན་གནས་ཀྱི་མཆོག་མྱ་ངན་ལས་འདས་པ་ཐོབ་ལ། ཅུང་ཟད་དེ་ཆུང་ངུ་ཞིག་མཐོང་ན་ལྷ་དང་མིའི་འགྲོ་བ་བཟང་པོའོ། །གང་གི་ཕྱིར་ཡེ་ཤེས་མཐོང་བ་རྫོགས་པ་ཡོད་ན་མྱ་ངན་ལས་འདས་པ་འཐོབ་ལ། མ་རྫོགས་ན་བཟང་འགྲོ་ཡིན་པའི་ཕྱིར་མཁས་པས་རྟག་ཏུ་ནང་གི་བདག་ཉིད་བསམ་པ་ལ་བློ་སྦྱང་དགོས་སོ། །རྒྱལ་པོའི་ཕོ་བྲང་དུ་རྐུན་པོ་ཆོས་མ་ཡིན་པས་མགྲོན་དུ་བོས་པ་བཞིན་ནོ། །རྐུན་པོ་འགའ་ཞིག་ཡང་ཡང་གཙུག་ལག་ཁང་དུ་འགྲོ་བར་གྱུར་ལ། དེ་ལ་དགེ་སློང་འགའ་ཞིག་གིས་ངེད་ཅག་ལ་སྐྱེས་རེངས་ཤིག་ལོངས་ཤིག་ཅེས་སྨྲས་པས། དེས་སྐྱེས་ཅི་འདྲ་བ་ཞིག་ཅེས་སྨྲས་པ་དང་། དགེ་སློང་གིས་ཆོས་ཀྱི་སྐྱེས་བསླབ་པའི་གཞི་ལོངས་ཤིག་ཅེས་སྨྲས་ལ། དེས་ཀྱང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་དང་འབྲུའི་ཆང་དག་སྤོང་བར་མི་ནུས་ཀྱིས། འོན་ཀྱང་འདོད་པ་ལ་ལོག་པར་གཡེམ་པ་སྤོང་ངོ་ཞེས་སྨྲས་སོ། །དེས་དེ་སྤངས་ཏེ་བསླབ་པའི་གཞི་གཅིག་བླངས་ནས་སོང་སྟེ་མཚན་མོ་རྒྱལ་པོའི་གྲྭ་སའི་ཁབ་ཏུ་རྐུ་བའི་ཕྱིར་ཞུགས་པ་དང་། དེར་བུ་མོ་ཆོས་མ་ཡིན་པས་མགྲོན་དུ་གཉེར་ནས་དེས་ཀྱང་འདོད་པར་མ་གྱུར་ཏོ། །དོན་དེ་ཡང་རྒྱལ་པོས་མཁྱེན་ལ། དེས་ཀྱང་དེ་ལ་བཙུན་མོ་རྒྱན་ཐམས་ཅད་ཀྱིས་ཀླུབས་པ་བཙལ་ཞིང་རི་མོར་བྱས་པ་ལྟ་བུ་སྟེ། དེ་བཞིན་དུ་ནང་གི་བདག་ཉིད་འདི་བསམས་ན་མྱ་ངན་ལས་འདས་པའི་འབྲས་བུ་ངེས་པར་ཐོབ་བོ། །ཅི་སྟེ་རྐྱེན་འགའ་ཞིག་མ་ཚང་བ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་བལྟ་བར་བྱ་བའི་ཕྱིར་མངོན་པར་བརྩོན་པས་སྐྱེ་བ་འདིར་འདོད་ཆགས་དང་བྲལ་བའི་མཐའ་མི་འཐོབ་མོད་ཀྱི་དོན་དམ་པའི་ཡེ་ཤེས་གྲུབ་པ་ལས་སྐྱེ་བ་ཕྱི་མར་འབད་པ་མེད་པར་མྱ་ངན་ལས་འདས་པ་ངེས་པར་འཐོབ་སྟེ། ལས་བཞིན་ནོ། །དཔེར་ན་གཏི་མུག་གིས་བྱས་པའི་ལས་ངེས་པ་ལས་སྐྱེ་བ་འདིར་འབྲས་བུ་འབྱུང་བ་མེད་མོད་ཀྱི། ས་བོན་འགགས་མ་ཐག་ཏུ་མྱུ་གུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་ལྟར་དེ་ལ་སྐྱེ་བ་གཞན་དུ་གདོན་མི་ཟ་བ་ཁོ་ནར་འབྲས་བུར་འགྱུར་བ་བཞིན་ཏེ། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་ལས་རབ་ཏུ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །ཨ་མྲ་ཟོས་ཏེ་འཛུགས་པ་བཞིན་ནོ། །གང་ཞིག་ཨ་མྲའི་འབྲས་བུ་སྨིན་པ་ཟོས་ཟིན་པར་བྱས་ནས་ས་བོན་མ་བརླག་པར་འཛུགས་པ་དེས་འཕྲལ་དུ་ས་བོན་མྱང་བའི་འབྲས་བུ་མི་འཐོབ་ཀྱི་དེ་ལྟ་ན་ཡང་དུས་གཞན་དུ་དོན་ཆེན་པོ་འཐོབ་སྟེ། ཇི་ལྟར་འདོད་པར་ཤིང་ཐོག་འཐོབ་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་དེ་ཁོ་ན་ཉིད་ཤེས་པ་ཡོད་ན་ཅིའི་ཕྱིར་གྲོལ་བ་དག་མི་སྣང་ཞེ་ན་ལ་ལར་སྣང་མོད་ཀྱི། འོན་ཀྱང་། བསམས་བཞིན་པ་ན་བྱ་བ་ནི། །ཀུན་ལ་གྲུབ་པ་ཤིན་ཏུ་དཀོན། །འདི་ནའང་མྱང་འདས་མེད་མིན་གྱི། །སྦྱར་དང་གྲོལ་རྣམས་རྙེད་པར་དཀའ། །མྱ་ངན་ལས་འདས་པ་ཁོ་ན་མཐོང་བར་དཀོན་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་རྩོམ་པ་ཐམས་ཅད་འབྲས་བུ་འབྱུང་བ་ངེས་པར་དཀའ་བ་ཞིག་གོ །བསམ་པ་ཁོ་ན་འབྲས་བུའི་སྒྲུབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་རྒྱུ་དང་རྐྱེན་གྱི་ཚོགས་པ་འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པ་ཡིན་ལ། དེ་ཡང་ཤིན་ཏུ་རྙེད་པར་དཀའོ། །དེའི་ཕྱིར་འདིར་བྱ་བ་ཐམས་ཅད་ལ་བསམ་པ་ན་འགྲུབ་པ་ནི་ཤིན་ཏུ་དཀོན་ཏེ། དེ་བཞིན་དུ་བདེ་བར་གཤེགས་པའི་བསྟན་པ་འདི་ལ་ཡང་མྱ་ངན་ལས་འདས་པ་འདོད་པ་ཡོད་མོད་ཀྱི། དེ་ལྟ་ན་ཡང་རྒྱུ་གང་གི་ཕྱིར་དགེ་བའི་བཤེས་གཉེན་དང་བྲལ་བ་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པ་མེད་པ་ལས་སྦྱོར་བ་དག་རྙེད་པར་དཀའ་བ་དེའི་ཕྱིར་གྲོལ་བ་རྣམས་ཀྱང་རྙེད་པར་དཀའོ། །དེའི་ཕྱིར་འགྲོ་བ་རྣམས་མ་མཐོང་བས་དེ་ཁོ་ན་ཉིད་མཐོང་བ་མེད་པར་རྟོགས་པར་མི་ནུས་སོ། །གཏུམ་མོ་ལྕགས་ལྡག་པ་བཞིན་ནོ། །ཇི་ལྟར་གདོལ་པ་མོ་རྐུན་བཙུགས་པ་ཞིག་ཉེས་པ་དེ་དང་བྲལ་བ་ཡིན་དུ་ཟིན་ཀྱང་། ཁོ་མོ་ནི་གཏུམ་མོ་ཉིད་ཀྱིས་སྨེ་བའི་རང་བཞིན་ཅན་ཞིག་སྟེ། ཇི་ལྟར་ལྷ་ཁང་དང་ཉེ་བར་ལྕགས་ལྡག་པར་བྱེད་ཅེས་ལྕགས་ལྡག་པར་བྱེད་མི་ཕོད་དེ། གལ་ཏེ་བྱེད་ན་ནི་ལོག་པར་གླང་བཀལ་བ་དེ་ལས་གྲོལ་བར་འགྱུར་བ་ལྟ་བུ་སྟེ། དེ་བཞིན་དུ་བྱིས་པ་ལ་ལ་དག་ཀྱང་བདག་ཉིད་དམན་པར་སེམས་ཤིང་སངས་རྒྱས་ཉིད་ལ་སྦྱོར་བར་མི་བཟོད་དོ། །གལ་ཏེ་རིགས་པས་སྦྱོར་ན་ནི་གདོན་མི་ཟ་བར་སངས་རྒྱས་འཐོབ་པར་འགྱུར་རོ། །གང་དེ་ལྟར་དུས་ཡུན་རིང་པོར་ཞུགས་པའི་ཉོན་མོངས་པའི་ཚོགས་འདི་ལ་ཟད་པ་ཡོད་དོ་ཞེས་བྱ་བ་འདི་ཇི་ལྟར་ངེས་པར་ནུས་ཤེ་ན། བཤད་པར་བྱ་སྟེ། ལུས་ལ་ཡོན་ཏན་མེད་ཐོས་ནས། །འདོད་ཆགས་ཡུན་རིངས་མི་གནས་ཏེ། །ལམ་དེ་ཉིད་ཀྱིས་ཐམས་ཅད་ཀྱང་། །ཟད་པར་འགྱུར་བ་མ་ཡིན་ནམ། །ཇི་ལྟར་འདི་ན་དུས་ཡུན་རིང་པོས་ཀྱང་བདག་གི་བ་ཉིད་ཀྱིས་མངོན་པར་བཙས་པའི་ལུས་ལོངས་སྤྱོད་སྣ་ཚོགས་པ་དག་གིས་ཉེ་བར་གསོས་ཀྱང་འཇིག་པའི་ཆོས་ཅན་དུ་གྱུར་ཅིང་བྱས་པ་མི་ཤེས་པ་ལ་ཡོན་ཏན་མེད་པར་ཐོས་ནས་མཁས་པ་ལ་སྐད་ཅིག་དེར་འདོད་ཆགས་མི་སྐྱེ་བར་དེ་ལྟར་ལེགས་པར་བསྒོམས་པའི་ལམ་འདོད་ཆགས་དང་བྲལ་བ་སྐྱེད་པར་བྱེད་པ་དེ་ཉིད་ཀྱི་དུས་ཡུན་རིང་པོར་ཞུགས་པའི་འདོད་ཆགས་ཐམས་ཅད་ཀྱང་གཏན་ནས་ཟད་པར་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ལ་རང་བཞིན་སྟོང་པ་ཉིད་ཀྱིས་སྙིང་པོ་མེད་པ་ཉིད་དུ་མཐོང་བའི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་འཆིང་བ་མ་ལུས་པ་བཅད་པ་ལས་གྲོལ་བ་སྲིད་པར་བྱའོ། །ཙ་ན་ཀས་གསེར་ཡོངས་སུ་དོར་བ་བཞིན་ནོ། །ཇི་ལྟར་ཙ་ན་ཀས་རྩི་སྨན་དག་གིས་གསེར་མ་ཤ་གཅིག་བྱེད་པ་ན་གང་གི་ཚེ་གསེར་ཀ་ཀ་ནི་ཙམ་ཞིག་བསྒྲུབས་པ་དེའི་ཚེ་བདག་གི་ཐབས་འདིས་གསེར་ཆེས་ཤིན་ཏུ་མང་པོ་སྒྲུབ་པར་ནུས་སོ་སྙམ་སྟེ། དེས་དེ་ཡང་ཡོངས་སུ་དོར་བ་བཞིན་དུ་རྣལ་འབྱོར་པ་ཡང་ལུས་ཡོན་ཏན་དང་བྲལ་བ་ཐོས་པ་ཙམ་གྱིས་འདོད་ཆགས་སྐད་ཅིག་ཙམ་མི་གནས་པར་མཐོང་ནས་བདག་གིས་ལམ་འདིའི་སྒོ་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཏན་བཟློག་པར་བྱ་བར་ནུས་སོ་ཞེས་ལམ་དེ་ཉིད་གོམས་པར་བྱེད་དོ། །འདིར་སྨྲས་པ། ཐོག་མ་མེད་པའི་དུས་ནས་ཞུགས་པའི་སྐྱེ་བོའི་རྒྱུན་ལ་ཇི་ལྟར་མཐའ་ཡོད་པར་འགྱུར། བཤད་པར་བྱ་སྟེ། ཇི་ལྟར་ས་བོན་མཐའ་མཐོང་ཞིང་། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཇི་ལྟར་དུས་ཡུན་རིང་པོ་ནས་ཞུགས་ཤིང་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པས་འཇུག་པའི་ས་བོན་གྱི་རྒྱུན་ཐོག་མ་དང་མི་ལྡན་པ་ལ་མེས་ཚིག་པ་ལ་མཐའ་མཐོང་ངོ་། །དེ་བཞིན་དུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུ་ཅན་ཐོག་མ་མེད་པའི་དུས་ནས་འཇུག་ཅིང་། ཐོག་མ་དང་མི་ལྡན་པའི་རྣམ་པར་ཤེས་པའི་ས་བོན་གྱི་སྐྱེ་བ་ལ་ཡང་རྒྱུ་མ་ཚང་བ་ལ་ཡང་འབྱུང་བ་ཡོད་པ་མ་ཡིན་ནོ། །ཉོན་མོངས་པ་ལ་ལྟོས་པའི་ལས་ཀྱིས་ནི་སྐྱེ་བ་ཚར་ཕྱིན་པས་འཕེན་པར་ནུས་ལ། ཉོན་མོངས་པ་དེ་དག་ཀྱང་ཡེ་ཤེས་ཀྱི་མེས་བསྲེག་པ་ལ་དངོས་པོ་མེད་པར་ཉེ་བར་འགྲོ་སྟེ། དེའི་ཕྱིར་གྲོགས་མེད་པས་ལས་ཀྱི་སྐྱེ་བ་འཕེན་པར་མི་ནུས་སོ། །དེ་ལྟར་ན་སྐྱེ་བར་མུར་ཐུག་པ་འདི་བསལ་བར་འགྱུར་རོ། །མར་མེ་དང་ཏིལ་བརྔོས་པ་དང་། ཀུན་ཏུ་རྒྱུ་ནམ་མཁའ་དང་། ཤིང་ལྗོན་པ་བཞིན་ནོ། །ཇི་ལྟར་མར་མེའི་རྐྱེན་དག་ཡོད་ན་གནས་པར་འགྱུར་ལ་མེད་ན་མི་འགྱུར་བ་དང་། ཇི་ལྟར་ཏིལ་བརྔོས་པའི་ས་བོན་རྣམས་ཀྱིས་མྱུ་གུ་རྒྱས་པར་མི་འགྱུར་བ་དང་། ཀུན་ཏུ་རྒྱུ་ནམ་མཁའ་ལྡོང་རོས་བསྒྲུབས་ཏེ། དེའི་རྒྱུས་ནམ་མཁར་འགྲོ་བར་གྱུར་ཅིང་གང་གི་ཚེ་དེ་གཞན་གྱིས་ཕྲོགས་པ་དེའི་ཚེ་རྒྱུ་མེད་པས་ས་ལ་ལྷུང་བ་དང་། ཇི་ལྟར་ཤིང་ལྗོན་པའི་རྩ་བ་བཏོན་པས་རྒྱུ་མེད་པའི་ཕྱིར་སླར་འཕེལ་བར་མི་འགྱུར་བ་དེ་བཞིན་དུ་རྒྱུ་དངོས་པོར་མངོན་པར་ཞེན་པ་མེད་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་མི་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་ཉོན་མོངས་པའི་དབང་གིས་ཀྱང་མ་ཡིན་ཏེ། འོན་ཀྱང་སྨོན་ལམ་གྱི་དབང་གིས་སོ། །དེའི་ཕྱིར་སྲིད་པའི་འགྲོ་བ་དངོས་པོའི་རང་བཞིན་མེད་པ་མཐོང་བ་ཉིད་ཀྱིས་གང་སེམས་ཅན་གྱི་དོན་ལ་སྦྱོར་ཞིང་འགའ་ཡང་སེམས་ཅན་དུ་མངོན་པར་མ་ཞེན་པ། བྱང་ཆུབ་སེམས་དཔའི་མཆོག་ཏུ་དཀའ་བ་སྤྱད་པ་ནི་ཤིན་ཏུ་རྨད་དུ་བྱུང་བ་ཞིག་སྟེ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། འགྲོ་བ་སྟོང་པར་གཟིགས་མོད་ཀྱང་། །འགྲོ་བའི་སྡུག་བསྔལ་བསལ་བཞེད་པས། །ཡུན་རིངས་ཁྱེད་ཉོན་མོངས་པ་གང་། །དེ་ནི་མཆོག་ཏུ་རྨད་བྱུང་བའོ། །ཞེས་གསུངས་སོ། །འཕགས་པ་ཉེ་བ་འཁོར་གྱིས་ཞུས་པའི་མདོ་ལས་ཀྱང་། འདི་ན་སེམས་ཅན་སྲོག་འགའ་ཡོད་མིན་ལ། །རྒྱལ་བའི་དབང་པོ་སེམས་ཅན་སྨིན་པའང་མཛད། །སེམས་ཅན་ཡོད་པ་མིན་ཡང་དོན་མཛད་པ། །འདི་ནི་ཁྱོད་ཀྱི་དཀའ་སྤྱོད་ཆེན་པོ་འོ། །ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་པ་ལས། སེམས་ཅན་ཇི་སྙེད་སེམས་ཅན་དུ་བསྡུ་བས་བསྡུས་པ་སྒོ་ང་ལ་སྐྱེས་པའམ། མངལ་ལས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ་འདུ་ཤེས་ཅན་མ་ཡིན་པའམ། འདུ་ཤེས་མེད་འདུ་ཤེས་མེད་པ་མ་ཡིན་པ་དག་ཀྱང་རུང་སྟེ། ཇི་སྙེད་སེམས་ཅན་གྱི་ཁམས་སུ་གདགས་པས་བཏགས་པ་ཐམས་ཅད་བདག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་བྱའོ། །དེ་ལྟར་སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་འགའ་ཡང་ཡོངས་སུ་མྱ་ངན་ལས་འདས་པར་མི་འགྱུར་རོ་ཞེས་འདོན་པའི་ཕྱིར་རོ། །འཕགས་པ་རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། ཇི་ལྟར་ཆུ་ཤིང་ཡན་ལག་དག །མ་ལུས་བཅས་ཏེ་བཤིག་བྱས་ཀྱང་། །ཅི་ཡང་མེད་ལྟར་སྐྱེས་བུ་ཡང་། །ཁམས་བཅས་བཤིག་ན་དེ་དང་འདྲ། །དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འགྲོ་བ་ཐམས་ཅད་རང་བཞིན་མེད་པར་མཐོང་བ་འདིར་ཇི་ལྟར་འགྱུར་བ་དེ་ལྟར་ནི་འོག་ནས་རབ་ཏུ་བྱེད་པ་བརྒྱད་ཀྱི་སྟོན་པར་འགྱུར་རོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། སློབ་མ་ཡོངས་སུ་སྦྱོར་བ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བརྒྱད་པའི་འགྲེལ་པའོ།།    །།འདི་མན་ཆད་སློབ་དཔོན་རབ་ཏུ་བྱེད་པ་ལྷག་མ་རྣམས་ཀྱིས་སློབ་མ་རབ་ཏུ་བྱེད་པ་ཐལ་བ་ཐག་པའི་རྒྱ་མཚོའི་ཆུའི་གཡོ་བས་སེམས་ཀྱི་རྒྱུད་བཤལ་ཞིང་དེ་ཁོ་ན་ཉིད་ཀྱི་བདུད་རྩི་བསྟན་པའི་སྣོད་དུ་འགྱུར་བས་དངོས་པོ་མཐའ་དག་གི་དེ་ཉིད་ཇི་ལྟ་བ་བཞིན་རྟོགས་པར་བྱ་བའི་ཆེད་དུ་དེ་ཁོ་ན་ཉིད་རྣམ་པར་གཏན་ལ་ཕབ་པས་བརྩམ་པར་བཞེད་པས་འདུས་བྱས་སྐྱེ་བ་དང་འཇིག་པ་དང་ལྡན་པ་ཉིད་ཀྱིས་སྙིང་པོ་མེད་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། ཐམས་ཅད་འབྲས་བུའི་དོན་སྐྱེ་བ། །དེས་ན་རྟགས་ཡོད་མིན་དེའི་ཕྱིར། །འབྲས་བུའི་དོན་དུ་འཇུག་པ་ན་འཇིག་རྟེན་ན་རང་བཞིན་པ་མང་ཡིན་ཏེ། འཇིག་རྟེན་ན་འདིའི་ཚོགས་པ་འདི་ནི་འབྲས་བུའི་ཆེད་དུ་ཡིན་གྱི་དངོས་པོ་པ་ནི་མ་ཡིན་ནོ་ཞེས་ཐ་སྙད་འདོགས་པའི་ཕྱིར་རོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང་། སེམས་དང་སེམས་ལས་བྱུང་བ་དང་། མཚན་གཞི་དང་མཚན་ཉིད་ལ་སོགས་པ་འདུས་བྱས་ལ་ཡང་ཆིག་རྐྱང་སྐྱེ་བ་མེད་པས་ཅི་རིགས་པ་ཚོགས་པ་ཁོ་ན་སྐྱེ་བ་ཡིན་ནོ། །ཚོགས་པ་དེ་ཡང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་གནས་པའི་ཕྱིར་གང་ཞིག་ཡོད་ན་གང་འབྱུང་ཞིང་གང་མེད་ན་གང་མི་འབྱུང་བ་དེ་དེའི་རྒྱུ་ཡིན་ཞིང་ཅིག་ཤོས་འབྲས་བུ་ཡིན་ལས་མེད་པར་འབྱུང་བ་གསུམ་པོ་དེ་མེད་པའི་ཕྱིར་དང་ཡོད་ན་ཡོད་པའི་ཕྱིར་ས་སྐྱེ་བ་འབྲས་བུ་ལ་དགོས་པ་ཡིན་ནོ། །དེ་ལྟར་ན་འདུས་བྱས་ཐམས་ཅད་བདག་ཉིད་ཇི་ལྟ་བ་བཞིན་དུ་འབྲས་བུའི་དོན་དུ་སྐྱེ་བ་དེའི་ཕྱིར་དེ་རྟག་པ་མ་ཡིན་ནོ། །རྟག་པའི་སྒྲ་ནི་རང་བཞིན་དང་། བདེན་པ་དང་། སྙིང་པོ་དང་། དངོས་པོ་དང་། རྫས་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་ལ། དེ་མེད་པའི་ཕྱིར་འདུས་བྱས་རང་བཞིན་མེད་པ་དང་། མི་བདེན་པ་དང་། སྙིང་པོ་མེད་པ་དང་། དངོས་པོ་མ་ཡིན་པ་དང་། རྫས་མ་ཡིན་པ་དང་། སླུ་བའི་བདག་ཉིད་ཅན་དང་། བྱིས་པའི་འཇིག་རྟེན་འདྲིད་པ་ཡིན་ནོ་ཞེས་བྱ་བར་བརྟགས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་མིག་ནི་བདག་དང་བདག་གི་བ་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། རྣམ་པར་འགྱུར་བའི་ཆོས་ཅན་མ་ཡིན་པས་སྟོང་པ་སྟེ་ཞེས་བྱ་བ་དང་། དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མིག་ནི་མིག་གིས་སྟོང་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་སྟོན་པས་གང་འདུས་བྱས་ཡིན་པ་དེ་ནི་བརྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་གསུངས་སོ། །འདི་ཡང་འཆད་པར་འགྱུར་བའི་རིགས་པ་དང་ལྡན་པར་ངེས་པར་མཛད་ནས་བཤད་པ་དེའི་ཕྱིར། ཐུབ་པ་མ་གཏོགས་ཇི་ལྟར་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །མི་སློབ་པའི་སྐུ་དང་གསུང་དང་ཐུགས་ཐུབ་པ་དང་ལྡན་པས་ན་ཐུབ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ཉིད་མི་རྟག་པ་དང་སྟོང་པ་ཉིད་ཉེ་བར་སྟོན་པས་ན་དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་དེ་བཞིན་དུ་གཤེགས་ཤིང་ཐུགས་སུ་ཆུད་པས་དེ་བཞིན་གཤེགས་པ་ཞེས་བྱའི་གཞན་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་དོན་ཇི་ལྟར་གནས་པ་བཞིན་མ་རྟོགས་པའི་ཕྱིར་རོ། །ཇི་སྐད་དུ། འདས་དང་མ་འོངས་ད་ལྟར་བྱུང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད། །ཇི་ལྟར་དེ་བཞིན་གཟིགས་དེས་ན། །དེ་ལ་དེ་བཞིན་གཤེགས་པར་བསྙད། །ཅེས་བྱ་བ་དང་། རབ་འབྱོར་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་གང་དུ་ཡང་མི་གཤེགས་ལ་གང་ནས་ཀྱང་མ་བྱོན་པ་སྟེ། དེས་ན་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་དེ་བཞིན་ཉིད་ཇི་ལྟ་བ་དེ་ལྟར་ཐུགས་སུ་ཆུད་པ་དེས་ན་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་གསུངས་སོ། །ཡང་ན་བཅོམ་ལྡན་འདས་ཀྱིས་གང་ཀུན་འབྱུང་བའི་ཆོས་ཅན་དེ་ནི་གདོན་མི་ཟ་བར་འགོག་པའི་ཆོས་ཅན་ཏེ། སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་བསྟན་པའི་ཕྱིར་སྐྱེས་པ་གང་ཡིན་པ་དེའི་འབྲས་བུ་འཇིག་པ་ཁོ་ན་ཞིག་སྟེ་སྐྱེ་བ་ནི་དེའི་དོན་དུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་འབྲས་བུའི་དོན་དུ་སྐྱེ་བ་དེས་ན་རྟག་པ་ཡོད་པ་མ་ཡིན་ཏེ། རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། ཐུབ་པ་མ་རྟོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །འདིའི་དོན་ནི་གོང་མ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་ཚོར་བ་གསུམ་མྱོང་བར་འགྱུར་བའི་ལས་ཡུལ་དང་དུས་དང་ལུས་ཀྱི་གནས་སྐབས་ཀྱི་ཁྱད་པར་གྱིས་མྱོང་བར་བྱ་བ་རྣམས་ལ་དེ་དག་མེད་པར་ལས་ཀྱི་འབྲས་བུ་ཡང་དག་པར་མྱོང་བ་མེད་པས་དེའི་དོན་དུ་ཕྱི་དང་ནང་གི་དངོས་པོ་དག་སྐྱེ་བའི་ཕྱིར་དངོས་པོ་ཐམས་ཅད་འབྲས་བུའི་དོན་དུ་སྐྱེ་བའི་རང་གི་ངོ་བོ་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་ཏེ། དེས་ན་རྟག་པ་ཡོད་པ་མ་ཡིན་ནོ། །རྣམ་པ་གཞན་དུ་ན་ནི་རང་བཞིན་ལྡོག་པ་མེད་པའི་ཕྱིར་རྟག་པ་ཉིད་དུ་འགྱུར་ན་དེ་ལྟ་ན་ཡང་མ་ཡིན་ནོ། །དེས་ན་རྟག་པ་ཡོད་མིན་ཏེ། །ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ཐམས་ཅད་སྟོང་པ་ཉིད་འདི་ཡང་སྟོན་པ་གཞན་གྱི་ཚིག་གིས་མ་བསྟན་ཏོ་ཞེས་བཤད་པ་ནི་དེའི་ཕྱིར། ཐུབ་པ་མ་རྟོགས་ཇི་ལྟའི་དངོས། །དེ་བཞིན་གཤེགས་པ་ཡོད་མ་ཡིན། །ཞེས་བྱ་བའོ། །རྟོག་གེ་བ་དག་ནི་གང་ཞིག་ཕ་རོལ་པོའི་འབྲས་བུའི་དོན་དུ་མ་སྐྱེས་པ་ཉིད་དུ་ཁས་བླངས་པ་དེ་ནི་སྐྱེས་པ་ཡིན་ཏེ། འབྲས་བུའི་དོན་ཡིན་པའི་ཕྱིར་འབྲས་བུའི་དོན་དུ་སྐྱེས་པ་བཞིན་ནོ་ཞེས་སྨྲས་ཏེ། འདིར་རེ་ཞིག་ཕ་རོལ་པོས་ཀུན་བརྟགས་པ་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་སྐྱེ་བ་དང་འཇིག་པ་དང་མི་ལྡན་པ་རྣམས་ལ་ནམ་མཁའི་མེ་ཏོག་ལྟར་རྒྱུ་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་ཉིད་ཡོད་པ་མ་ཡིན་ནོ། །ཡོད་པ་མ་ཡིན་པ་འདི་རྣམས་ལ་རྒྱུ་ཉིད་དུ་སྒྲོ་བཏགས་ནས་སྐྱེ་བ་གྲུབ་པས་མི་རྟག་པ་ཉིད་དུ་སྒྲུབ་པ་རིགས་པ་ཡང་མ་ཡིན་ཏེ། རང་ཉིད་ལ་འབྲས་བུའི་དོན་མ་གྲུབ་པའི་ཕྱིར་ལ་གཞན་ལ་གྲུབ་པ་གཏན་ཚིགས་སུ་ཁས་ལེན་ན་ཧ་ཅང་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་མི་རིགས་པ་ཁས་བླངས་པས་ཕ་རོལ་པོ་བཟློག་པར་བྱ་བ་ཡིན་པའི་ཕྱིར་ན་རྟག་པ་འབྲས་བུའི་དོན་ཉིད་དུ་ཁས་བླངས་པར་རིགས་པ་ཡང་མ་ཡིན་ནོ། །འདིས་གཞན་གྱི་དམ་བཅའ་ལ་རྗེས་སུ་དཔག་པ་དང་འགལ་བ་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། དེ་ནི་གཉི་ག་ལ་གྲུབ་པ་ཁོ་ནས་བརྗོད་པའི་ཕྱིར་རོ། །གང་གི་ལྟར་ན་གཉི་ག་ལ་གྲུབ་པའི་སྒོ་ནས་རྗེས་སུ་དཔག་པས་གནོད་པ་མི་སྲིད་པའི་ཕྱིར་རང་ལ་གྲུབ་པས་ཀྱང་རྗེས་སུ་དཔག་པས་གནོད་པ་ཡོད་དོ་ཞེས་འདོད་པ་དེ་ལྟར་ན་ཡང་དོན་སྟོན་པ་ལ་མི་མཁས་པ་ཉིད་དུ་འགྱུར་ཏེ། མཁས་པ་ནི་སླ་བས་བསྟན་པར་བྱ་བའི་དོན་དཀའ་བས་སྟོན་པར་མི་བྱེད་དོ། །གཞན་ཡང་ནམ་མཁའ་ཡང་མིག་གི་རྣམ་པར་ཤེས་པ་དང་མྱུ་གུ་བསྐྱེད་པ་ལ་རྒྱུ་ཉིད་དུ་བརྗོད་པའི་ཕྱིར་དང་། ཁམས་དྲུག་འདོན་པས་གང་ཟག་ཏུ་བཏགས་པའི་རྒྱུ་ཉིད་ཀྱི་ཕྱིར་འབྲས་བུའི་དོན་དེ་ཉིད་ནི་མ་ངེས་པ་ཉིད་ཁོ་ནར་འགྱུར་རོ། །གལ་ཏེ་རྒྱུ་ནི་རྣམ་པར་འགྱུར་བ་ན་གཞན་གྱི་རྒྱུ་རུ་འགྱུར་བ་སྟེ་ཞེས་བྱ་བའི་ཚུལ་ལས་ནི་ནམ་མཁའ་ལ་རྒྱུ་ཉིད་ཡོད་པ་མ་ཡིན་ནོ་ཞེ་ན་དེ་ནི་དེ་དེ་ལྟར་མ་ཡིན་ཏེ། དེར་ནི་ས་བོན་མྱུ་གུའི་རྒྱུ་ཉིད་དུ་ཡིན་པ་ལྟར་གང་གིས་བྱེད་པ་དེ་རྒྱུ་ཡིན་ནོ་ཞེས་སྐྱེད་པར་བྱེད་པ་ཁོ་ན་རྒྱུར་མངོན་པར་འདོད་ལ། རྒྱུ་མཚན་གྱི་དངོས་པོ་ཙམ་གྱིས་ནི་ནམ་མཁའ་ཡང་རྒྱུ་ཉིད་དུ་འདོད་པ་ཁོ་ན་སྟེ། དེ་ལྟར་མི་འདོད་ན་མདོ་དང་བསྟན་བཅོས་གཉིས་མི་འགལ་བར་བརྗོད་པར་མི་འགྱུར་རོ། །སློབ་དཔོན་ནི་རྣམ་པ་ཐམས་ཅད་དུ་དངོས་པོ་རང་བཞིན་མེད་པར་གསུང་བ་ཡིན་པའི་ཕྱིར་གྲུབ་པའི་སྒོ་ནས་མི་རྟག་པ་ཉིད་སྒྲུབ་པར་མཛད་པ་ཡང་མ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་དང་། རྟག་པ་ཉིད་ལྟར་དེ་ཡང་ཕྱི་ནས་འགོག་པར་འགྱུར་བའི་ཕྱིར་ཏེ། སྐྱེ་དང་གནས་དང་འཇིག་རྣམས་ལ། །ཅིག་ཅར་འབྱུང་བ་ཡོད་མིན་ཞིང་། །རིམ་གྱིས་འབྱུང་བ་ཡོད་མིན་ན། །ནམ་ཞིག་འབྱུང་བ་ཡོད་པར་འགྱུར། །ཞེས་འཆད་པར་འགྱུར་རོ། །བསྟན་བཅོས་ལས་ཀྱང་། གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་པ་མི་རྟག་པ་འོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །ཞེས་གསུངས་སོ། །གཞན་ཡང་དངོས་པོ་ནི་འཇིག་རྟེན་ལས་རབ་ཏུ་གྲུབ་པ་ཡིན་པའི་ཕྱིར་དེ་སྒྲུབ་པ་ལ་རྗེས་སུ་དཔག་པ་ཡོངས་སུ་འཛིན་པ་དགོས་པ་མེད་པ་ཉིད་དོ། །གང་ཞིག་བླུན་པ་ཉིད་ཀྱི་དངོས་པོ་མ་ཡིན་པ་རི་བོང་གི་རྭ་ལྟར་ཡོད་པ་མ་ཡིན་པ་ལ་དངོས་པོ་ཡོད་པ་མ་ཡིན་པར་མི་རྟོགས་པ་དེ་ཡང་སྐྱེ་བོ་སྤྱི་ལ་གྲགས་པས་བརྗོད་པར་འདོད་པའི་དོན་འཛིན་པར་བྱེད་དུ་གཞུག་པར་ནུས་པ་ཁོ་ནའོ། །དངོས་པོ་ཡོད་པ་ཉིད་སྒྲུབ་ན་ནི་ཡན་ལག་གསུམ་ཡང་བསྒྲུབ་པར་བྱ་བ་ལྟར་མ་གྲུབ་པའི་ཕྱིར་དོན་གྱི་སྒྲུབ་པར་བྱེད་པ་མི་སྲིད་པ་ཉིད་དོ། །དེའི་ཕྱིར་རྟོག་གེ་བ་རྣམས་ཀྱིས་རྟོག་གེ་བྱེད་པའི་ངལ་བ་དོན་མེད་པ་ཉིད་དུ་རྟོགས་སོ། །དེ་ལྟར་ཡིན་དང་དེའི་ཕྱིར་རྟོག་གེའི་མཚན་ཉིད་མ་རྟོགས་པར་གྱུར་དུ་ཟིན་ཀྱང་འཇིག་རྟེན་པའི་དོན་རྣམ་པར་གཏན་ལ་ཕེབས་པ་ལ་མཁས་པ་རྣམས་ཀྱིས་དངོས་པོ་གང་ཞིག་ཇི་ལྟར་གནས་པ་དེ་དེ་ཁོ་ན་ལྟར་རྟོགས་ལ་གཞན་དག་ལ་སྟོན་པར་ཡང་བྱེད་དོ། །གཞན་ཡང་མི་རྟག་པ་ཉིད་འཇིག་རྟེན་ལ་གྲགས་པའི་ཕྱིར་གང་དུ་འཇིག་རྟེན་གྱིས་ཀྱང་དེ་ངེས་པ་དེར་དེ་བཞིན་གཤེགས་པ་ཁོ་ན་དོན་ཕྱིན་ཅི་མ་ལོག་པ་གསུངས་པའོ་ཞེས་བྱ་བ་དེ་བརྗོད་པར་མི་ནུས་པ་ཉིད་དོ། །འཇིག་རྟེན་པ་གང་ཞིག་རང་གི་མཚན་ཉིད་དུ་སྒྲོ་བཏགས་ནས་མི་རྟོག་པ་ཉིད་དུ་རྟོགས་པ་དེས་ནི་དངོས་པོར་བརྫུན་པ་དང་། སླུ་བའི་ཆོས་ཅན་ཉིད་དུ་མ་རྟོགས་པའི་ཕྱིར་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཁོ་ན་ཕྱིན་ཅི་མ་ལོག་པར་གཟིགས་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །འདིར་ཁ་ཅིག་དག་ན་རེ་གང་ཞིག་འབྲས་བུའི་དོན་དུ་སྐྱེས་པ་དེ་ནི་རྟག་པ་མ་ཡིན་པ་ནི་བདེན་མོད་ཀྱི། དངོས་པོ་གང་དག་ཡན་ལག་གཉི་ག་མ་ཚང་བ་འདི་ལྟ་སྟེ་ནམ་མཁའ་ལ་སོགས་པ་ཡིད་ཀྱི་མུར་ཐུག་པ་དག་དང་། གང་དག་ཡན་ལག་གཅིག་མ་ཚང་བ་ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་དག་རྟག་པར་འགྱུར་ལ། དེ་དག་གི་ཡོད་པ་ཉིད་དང་རྟག་པ་ཉིད་ཐུགས་སུ་མ་ཆུད་པས་དེ་བཞིན་གཤེགས་པ་ཕྱིན་ཅི་མ་ལོག་པ་གཟིགས་པ་ཡང་མ་ཡིན་ནོ་ཞེས་འཛེར་ཏོ། །དེ་དག་གི་ལུགས་ཀྱང་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་སློབ་དཔོན་གྱིས། མ་བརྟེན་པར་ནི་ཡོད་ཉིད་མེད། །ཅེས་བྱ་བ་སྨོས་སོ། །འདིས་བདེ་བ་ལ་སོགས་པ་བདག་ཉིད་ཀྱི་རྒྱུ་དང་རྐྱེན་ཇི་ལྟ་བུ་ལ་རག་ལས་པ་རྣམས་ཡོད་པ་ཉིད་དུ་དམིགས་ནས་དོན་གྱིས་གོ་བར་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་པ་དག་ཡོད་པ་མ་ཡིན་པ་ཉིད་དུ་ཇི་ལྟར་མི་རྟོགས་ཏེ། འདི་ནི་ཆེས་གསལ་བར་འདི་དག་ནམ་མཁའི་ཨུཏྤ་ལ་ལ་སོགས་པ་རྣམས་ལྟར་ཡོད་པ་མ་ཡིན་པ་ཉིད་དུ་རྟོགས་པར་འོས་པ་ཉིད་དོ། །གལ་ཏེ་མི་རྟོགས་ན་ནི་རབ་རིབ་ཅན་ལྟར་ངེས་པར་འདི་ལ་སྒྲོ་བཏགས་པས་བྱས་པའི་ལྟ་བའི་རྣམ་པར་འགྱུར་བ་མངོན་པར་འགྱུར་རོ། །དེའི་ཕྱིར་མ་བརྟེན་པར་ནི་ཡོད་ཉིད་མེད་དོ། །ཚུལ་འདི་ཡང་ཡུལ་དང་དུས་དང་དངོས་པོ་ཐ་དད་པས་ཐ་དད་པའི་དངོས་པོ་ཐམས་ཅད་ལ་མི་འཁྲུལ་ལོ་ཞེས་བཤད་པ་ནི། གང་ཞིག་གང་ན་ནམ་གྱི་ཚེའང་ཞེས་བྱ་བའོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེས་ན་ནམ་ཡང་གང་ཞིག་ཏུའང་། རྟག་པ་འགའ་ཡང་ཡོད་མ་ཡིན་ཏེ། ཕྱེད་གོང་མས་གྲུབ་པ་ཉིད་ཕྱེད་ཕྱི་མས་མཇུག་སྡུད་པའོ། །གང་གི་ཚེ་དེ་ལྟར་གཞན་གྱིས་ཀུན་བརྟགས་པའི་དངོས་པོ་རྟེན་ཅིང་འབྲེལ་བར་མ་བྱུང་བ་དག་ལ་ཡོད་པ་ཉིད་དང་རྟག་པ་ཉིད་དག་ཡོད་པ་མ་ཡིན་པ་དེའི་ཚེ་དེ་བཞིན་གཤེགས་པ་ཕྱིན་ཅི་མ་ལོག་པར་གཟིགས་པ་ཉིད་དུ་གྲུབ་བོ། །འདི་ལྟར་དེས་ན་ཡོད་པ་ཡོད་པར་མཁྱེན་ཏེ་གང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཡོད་པ་མ་ཡིན་པ་ཡང་ཡོད་པ་མ་ཡིན་པར་ཏེ་གཞན་གྱིས་ཀུན་བརྟགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན་ནོ། །གང་དག་འབྱུང་བ་དང་འཇིག་པ་གཉིས་མངོན་པར་འབྱུང་བ་དང་། མི་མངོན་པར་གྱུར་པ་ཙམ་ཡིན་པས་ཆེན་པོ་ལ་སོགས་པ་ལ་མ་བྱུང་བ་ལས་བྱུང་བ་བསལ་ནས་མངོན་པར་བསལ་བ་ཙམ་ཞེ་ལ་གཞག་སྟེ། རྟག་པ་ཉིད་དུ་རྟོགས་ཤིང་འགའ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་མི་འདོད་པ་དེ་དག་ཀྱང་བཤད་ཟིན་པའི་སུན་འབྱིན་པ་ལས་མི་འདའོ། །ཅི་སྟེ་རེ་ཞིག་བདེ་བ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ནི་ཡོད་ལ། བདག་ནི་དེ་རྣམས་ཀྱི་འདུ་བ་ཅན་གྱི་རྒྱུ་ཡིན་ནོ། །མེད་པ་འདུ་བ་ཅན་གྱི་རྒྱུ་ཉིད་དུ་རིགས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེའི་འབྲས་བུ་དམིགས་པའི་ཕྱིར་རེ་ཞིག་བདག་ཡོད་དོ། །དེ་ཡང་རྟག་པ་ཞིག་སྟེ། ཡོད་ལ་རྒྱུ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་ཏེ། གང་ཞིག་ཡོད་ཅིང་དེའི་རྒྱུ་མ་དམིགས་པ་དེ་ནི་རྟག་པའོ། །བདག་ཡོད་ན་ནི་དེའི་རིགས་ཅན་གྱི་དངོས་པོ་རྣམས་ཀྱང་ཡོད་པར་འགྱུར་རོ་སྙམ་ན་འདི་ལ་བཤད་པར་བྱ་སྟེ། གལ་ཏེ་བདག་ཉིད་ཡོད་པར་འགྱུར་ན་ནི་དེ་ལྟར་འགྱུར་བ་ཞིག་གོ །ཇི་ལྟ་ཞེ་ན། འདི་ལྟར། རྒྱུ་མེད་པར་ནི་དངོས་པོ་མེད། །དངོས་པོ་དང་རང་བཞིན་དང་བདག་དང་རྟག་པ་དང་བརྟན་པ་ཞེས་བྱ་བ་རྣམ་གྲངས་དག་གོ །དེ་ནི་རྒྱུ་མེད་པ་སྲིད་པ་མ་ཡིན་ཏེ། འདི་ལྟར་ཕ་རོལ་པོ་ཉིད་ཀྱིས་འདི་རྒྱུ་དང་མི་ལྡན་པ་ཉིད་དུ་ཁས་ལེན་པར་བྱེད་ན་རྒྱུ་མེད་པ་ཅན་ཉིད་དུ་ཁས་བླངས་ལ། གང་ཞིག་རྒྱུ་མེད་པ་དེ་ནི་བོང་བུའི་རྭ་ལ་སོགས་པ་ལྟར་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ནམ་མཁའ་ལ་སོགས་པ་རྣམས་ཀྱིས་མ་ངེས་པ་ཉིད་དོ་ཞེ་ན། མ་ཡིན་ཏེ་དེ་རྣམས་ཀྱི་ཡོད་པ་ཉིད་ཀྱང་དེ་ཁོ་ན་ལྟར་འགོག་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཉེས་པ་འདི་སྤང་བ་འདོད་ནས་ཁས་བླངས་པ་དང་འགལ་བས་རྒྱུ་དང་ལྡན་པ་ཉིད་ཁས་ལེན་པར་བྱེད་ན་དེ་ལྟ་ན་ཡང་འདིའི་རྟག་པ་ཉིད་ཉམས་པར་འགྱུར་ཏེ། གང་གི་ཕྱིར། རྒྱུ་ལྡན་རྟག་པ་ཡོད་མ་ཡིན། །རྒྱུ་དང་ལྡན་པ་ཉིད་ཀྱི་ཕྱིར་བདེ་བ་ལ་སོགས་པ་བཞིན་དུ་མི་རྟག་པ་ཡིན་ནོ་སྙམ་དུ་དགོངས་པའོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེས་ན་རྒྱུ་མེད་ལས་གྲུབ་ནི། །དེ་ཉིད་མཁྱེན་པས་གྲུབ་མིན་གསུངས། །བཅོམ་ལྡན་འདས་ཀྱིས། མཁས་པ་བསྟན་འབྱུང་ཆོས་ལ་ལྷག་མོས་ཤིང་། །མཐར་ལྟ་བ་ལ་རྟེན་པར་བྱེད་པའང་མིན། །རྒྱུ་བཅས་རྐྱེན་བཅས་ཆོས་ནི་ཤེས་འགྱུར་ཏེ། །རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན། །ཞེས་པ་གསུངས་སོ། །བསྟན་པ་འདི་ལ། ཇི་སྐད་བཤད་པའི་འཐད་པ་དང་རྗེས་སུ་འབྲེལ་པས་དེ་བཞིན་གཤེགས་པ་ཁོ་ན་དོན་ཕྱིན་ཅི་མ་ལོག་པར་མཁྱེན་པའོ་ཞེས་བྱ་བར་གྲུབ་བོ། །ཅི་སྟེ་བུམ་པ་དང་བདེ་བ་ལ་སོགས་པ་བྱས་པའི་དོན་ལ་མི་རྟག་པ་ཉིད་དམིགས་ནས། དོན་གྱིས་གོ་བས་བདག་ལ་སོགས་པ་མ་བྱས་པ་རྟག་པ་ཉིད་དུ་འགྱུར་རོ་སྙམ་ན། འདི་ཡང་མི་རིགས་ཏེ། གང་གི་ཕྱིར་བུམ་པ་དང་བདེ་བ་ལ་སོགས་པ་བྱས་པ་ལ་ཡོད་པ་ཉིད་དམིགས་ཏེ། དེ་བཟློག་པའི་སྒོ་ནས་དོན་གྱིས་གོ་བས་བདག་ལ་སོགས་པ་མ་བྱས་པ་ཡང་ཡོད་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། མི་རྟག་བྱས་པར་མཐོང་གྱུར་ནས། །མ་བྱས་གལ་ཏེ་རྟག་ན་ནི། །བྱས་ལ་ཡོད་པ་ཉིད་མཐོང་ནས། །རྟག་པ་ཡོད་ཉིད་མིན་པར་འགྱུར། །ཡོད་པ་མ་ཡིན་པ་ནི་རྟག་པ་ཉིད་དུ་རིགས་པ་ཡང་མ་ཡིན་པས་དངོས་པོ་རྟག་པ་ཡོད་པ་ཉིད་མ་ཡིན་པ་ཉིད་དེ། ནམ་མཁའི་མེ་ཏོག་བཞིན་ནོ། །ཅི་སྟེ་ཆོས་མངོན་པའི་བསྟན་བཅོས་ལས་འདོམ་པ་ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བྱས་པར་མ་གྱུར་པ་རྣམས་རྟག་པ་ཉིད་དང་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་མ་བྱས་པ་ཡོད་པ་མ་ཡིན་པ་ཉིད་དུ་སྟོན་པ་ལ་ཁས་བླངས་པས་གནོད་པར་འགྱུར་རོ་སྙམ་ན་དེ་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར། ནམ་མཁའ་ལ་སོགས་རྟག་གོ་ཞེས། །སོ་སོའི་སྐྱེ་བོ་དག་གིས་རྟོག །མཁས་པ་རྣམས་ཀྱིས་དེ་དག་ལ། །འཇིག་རྟེན་པས་ཀྱང་དོན་མ་མཐོང་། །གཟུགས་མེད་པ་ཙམ་ཉིད་ལ་ནམ་མཁར་ཐ་སྙད་བཏགས་ཀྱི་ནམ་མཁའ་ཞེས་བྱ་བ་དངོས་པོའི་ངོ་བོ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གཟུགས་གཞན་མེད་པས་གཟུགས་ཅན་རྣམས་འབྱུང་བ་ལ་གེགས་མེད་པའི་ཕྱིར་གཟུགས་གཞན་མེད་པ་ཉིད་དེ་ལ། དངོས་པོ་རྣམས་ལ་འདིའི་ནང་དུ་ཆེས་སྣང་བས་ན་ནམ་མཁའ་འོ་ཞེས་བྱ་བར་བརྗོད་དོ། །དེའི་ཕྱིར་དངོས་པོར་མ་གྱུར་ཞིང་ཅི་ཡང་མ་ཡིན་པ་དེ་ལ་མིང་ཙམ་ཉེ་བར་བསྟན་པས་རྣམ་པར་རྨོངས་པ་རྣམས་ཀྱིས་དངོས་པོ་ཡོད་པ་ཉིད་དུ་སྒྲོ་བཏགས་པ་གང་ཡིན་པ་དེ་ནི་ཚད་མ་མ་ཡིན་ནོ། །འདི་ལྟར་དངོས་པོའི་རང་བཞིན་ལ་མཁས་པ་རྣམས་ཀྱིས་ནི་ནམ་མཁའི་མིང་སྦྱོར་བ་ན་ཇི་ལྟར་ས་ལ་སོགས་པའི་བརྗོད་པ་དག་ལ་སྲ་བ་ལ་སོགས་པ་ལྟར་འཇིག་རྟེན་པའི་ཤེས་པས་ཀྱང་རང་གི་ངོ་བོས་བརྗོད་པར་བྱ་བ་ཅུང་ཟད་ཀྱང་མི་དམིགས་ན། དངོས་པོའི་རང་བཞིན་མཁྱེན་པ་ལ་གནས་ཤིང་ཕྱི་ནང་གི་བདག་ཉིད་ཅན་གྱི་དངོས་པོར་དམིགས་པ་མི་མངའ་བ་རྣམས་ཀྱིས་དེའི་རང་གི་ངོ་བོ་དམིགས་པར་འགྱུར་བ་ལྟ་ཅི་སྨོས། དེ་བཞིན་དུ་འགོག་པ་གཞན་གཉིས་ལ་ཡང་བརྗོད་པར་བྱའོ། །རྟག་པ་ཉིད་ནི་དེ་རྣམས་ཅི་ཡང་མ་ཡིན་པ་ཉིད་ཀྱིས་གཞན་དུ་འགྱུར་བ་མེད་པ་ཙམ་གསལ་བར་བྱེད་པ་ཡིན་གྱི། བསྒྲུབ་པ་གཙོ་བོར་གྱུར་པ་ནི་མ་ཡིན་ནོ། །དེའི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས་ལ་རྟག་པ་ཉིད་མེད་དོ། །འདིར་སྨྲས་པ། ནམ་མཁའ་ནི་རྟག་པ་ཁོ་ན་སྟེ། ཁྱབ་པ་ཉིད་ཡིན་པའི་ཕྱིར་རོ། །གང་མི་རྟག་པ་དེ་ནི་ཁྱབ་པ་མ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །འདི་ལ་བཤད་པར་བྱ་སྟེ། མ་སྐྱེས་པ་འདི་ཡོད་པ་མ་ཡིན་པ་ཉིད་དུ་བསྟན་པས་དོན་གྱིས་དེའི་རྟེན་ཅན་བརྟེན་པས་ཐམས་ཅད་མི་སྲིད་པ་དེ་ཡང་བསྟན་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཕ་རོལ་པོའི་ལུགས་ལ་གྲགས་པའི་དངོས་པོ་རང་གི་ངོ་བོ་ཁྱད་པར་བསལ་བའི་སྒོ་ནས་དེའི་ལུགས་མི་རིགས་པ་ཉིད་དུ་བརྗོད་པར་འདོད་པས་ནམ་མཁའི་ཁྱབ་པ་ཉིད་བཀག་པས་རྟག་པ་ཉིད་བསལ་བར་འདོད་ནས་བཤད་པ། ཕྱོགས་ཞེས་བྱ་བ་ཕྱོགས་ཅན་ནི། །ཀུན་ལ་གནས་པ་མ་ཡིན་ཏེ། །དེ་ཕྱིར་ཕྱོགས་ཅན་ལ་ཕྱོགས་ནི། །གཞན་ལ་ཤིན་ཏུ་གསལ་བར་ཡོད། །ནམ་མཁའ་ནི་ནམ་མཁའི་ཆ་ཤས་གང་དག་ཡིན་པ་དེ་དག་གི་ཆ་ཤས་ཅན་དུ་འགྱུར་ལ། དེར་བུམ་པ་ལ་སྦྱོར་བའི་ཕྱོགས་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་དངོས་པོ་ལ་སྦྱོར་བའི་ཕྱོགས་ལ་མི་གནས་སོ། །གལ་ཏེ་གནས་ན་ནི་དེའི་ཚེ་དེ་དང་ཡུལ་ཐ་མི་དད་པའི་ཕྱིར་བུམ་པ་ཡང་ཐམས་ཅད་ན་ཡོད་པ་ཉིད་དུ་འགྱུར་ན། དེ་ཡང་ཡོད་པ་མ་ཡིན་པས་འདི་ནི་མི་རིགས་སོ། །གཞན་ཡང་གལ་ཏེ་ཕྱོགས་ཀྱང་ཐམས་ཅད་དུ་གནས་ན་ནི། དེ་ཡང་ཁྱབ་པ་ཡིན་པའི་ཕྱིར་ཕྱོགས་ཅན་བཞིན་དུ་ཕྱོགས་ཀྱི་མིང་ལ་བརྟེན་པར་མི་འགྱུར་ལ་ཕྱོགས་མེད་པའི་ཕྱིར་ཕྱོགས་ཅན་ཡང་མེད་པར་འགྱུར་རོ། །ཅི་སྟེ་ཉེས་པ་འདི་སྤང་བར་འདོད་ནས་ཕྱོགས་ཞེས་བྱ་བ་ཕྱོགས་ཅན་ཐམས་ཅད་ལ་གནས་པ་མ་ཡིན་ནོ་ཞེས་བྱ་བ་འདོད་ན་ནི་དེའི་ཚེ་གདོན་མི་ཟ་བར་ཕྱོགས་ཅན་ལ་ཕྱོགས་གཞན་ཡང་ཤིན་ཏུ་གསལ་བར་ཡོད་ཅེས་བྱ་བར་ཁས་བླང་བར་བྱའོ། །དེའི་ཕྱིར་ཐམས་ཅད་ན་ཡོད་པ་མ་ཡིན་པའི་ཕྱོགས་དང་ལྡན་པའི་ཕྱོགས་ཅན་ནམ་མཁའ་ལ་ནི་བུམ་པ་ལྟར་ཁྱབ་པ་ཉིད་འགལ་བར་འགྱུར་རོ། །ཕན་ཚུན་ཐ་དད་པའི་ཕྱོགས་ཙམ་ལས་ཐ་དད་པར་ཕྱོགས་ཅན་ཞེས་བྱ་བ་འགའ་ཞིག་དམིགས་པ་ཡང་མ་ཡིན་པར་ཡོད་པ་མ་གྲུབ་པ་ཅན་འདི་རྟག་པ་ཉིད་དུ་ག་ལ་འགྱུར་ཏེ་དེའི་ཕྱིར་ནམ་མཁའ་རྟག་པ་མ་ཡིན་ནོ། །ཅི་སྟེ་ཡང་ཆ་ཤས་མེད་པའི་ཕྱིར་འདི་ཕྱོགས་ཅན་ཉིད་དུ་ཁས་མི་ལེན་ན་དེ་ལྟ་ཡིན་ན་ནི་དེས་བུམ་པ་ལ་སོགས་པ་རྣམས་ལ་སྦྱོར་བར་ཡང་མི་འགྱུར་བ་མ་ཡིན་ནམ། དེ་རྣམས་ལ་ཉེ་བར་སྦྱོར་བ་དེ་ནི་བདག་ཉིད་ཐམས་ཅད་ཀྱིས་འགྱུར་རམ་ཕྱོགས་གཅིག་གིས་ཡིན་གྲང་ན། དེ་ལ་རེ་ཞིག་བདག་ཉིད་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། བུམ་པ་ལ་སོགས་པ་རྣམས་ཀྱང་རེ་རེ་ཞིང་ཐམས་ཅད་ན་ཡོད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བུམ་པ་ལ་སོགས་པ་རྣམས་ཕྱོགས་དང་སྦྱོར་བར་གདོན་མི་ཟ་བར་ཁས་བླང་བར་བྱ་ལ། དེ་ལྟར་ཁས་མི་ལེན་པ་ལ་ཡང་གདོན་མི་ཟ་བར་ཇི་སྐད་བཤད་པའི་ཉེས་པར་འགྱུར་རོ། །དེའི་ཕྱིར་ནམ་མཁའ་རྟག་པ་མ་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་འོད་སྲུངས་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །གང་མཐའ་འདི་གཉིས་ཀྱི་བར་དེ་ནི་གཟུགས་མེད་པ་བསྟན་དུ་མེད་པ། མི་གནས་པ། སྣང་བ་མེད་པ། རྣམ་པར་རིག་པ་མ་ཡིན་པ་གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ཀྱི་ཞེས་བྱ་བ་དང་། དེ་བཞིན་དུ་འཕགས་པ་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སུས་ཀྱང་རྟག་པའམ་མི་རྟག་པར་བརྗོད་པར་བྱ་བ་མ་ཡིན་ཏེ། ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སུས་ཀྱང་རྟག་པ་དང་མི་རྟག་པར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དུས་སྨྲ་བ་ནི། འགྲོ་བ་འཇུག་པ་དང་སྡུད་པ་དུས་ཀྱིས་བྱས་པ་ཉིད་དམིགས་ནས་དུས་སྲིད་པར་རྗེས་སུ་དཔག་སྟེ། འདི་ལྟར་ས་བོན་ལ་སོགས་རྐྱེན་རྣམས་ཡོད་ཀྱང་ཐམས་ཅད་ཀྱི་ཚེ་མྱུ་གུ་ལ་སོགས་པ་སྐྱེ་བ་མ་དམིགས་ལ་ཅི་སྟེ་འགའ་ཞིག་གི་ཚེ་དམིགས་ཤིང་དེ་གནས་པ་དང་འགལ་བའི་དུས་ཉེ་ན་ཡང་ལྡོག་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར། གང་ཞིག་ཡོད་ན་དངོས་པོ་ལ། །འཇུག་དང་ལྡོག་པའང་དམིགས་པར་འགྱུར། །དུས་ཞེས་བྱ་བ་དང་དེ་ལྟར་རྗེས་སུ་དཔག་པ་དེ་ནི་ཡོད་ལ། དེ་ནི་ཡོད་ཀྱང་རྒྱུ་མི་དམིགས་པའི་ཕྱིར་རྟག་པ་ཉིད་དོ་སྙམ་དུ་སེམས་སོ། །དེ་ལྟ་ཡིན་ན་ནི་མྱུ་གུ་ལ་སོགས་པ་སྐྱེ་བ་དེ་ལ་རག་ལས་པ་རྣམས་རྟག་ཏུ་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ཡོད་ཀྱང་རེས་འགའ་བྱ་བ་བྱེད་པ་དག་ལ་བྱ་བ་ལོག་པ་ཉིད་དུ་རྟོག་ན། དེ་ལྟ་ན་ཡང་དེ་ཉིད་ཀྱིས་དེ་མེད་པ་ཉིད་དུ་དཔོག་པར་བྱེད་པར་འགྱུར་རོ། །ཅི་སྟེ་ཡོད་ཀྱང་ས་བོན་ལ་སོགས་པ་བཞིན་དུ་འབྲས་བུ་འཇུག་པ་ལ་རུང་བའི་བདག་ཉིད་ཀྱི་ཁྱད་པར་ལ་མངོན་དུ་མ་ཕྱོགས་པའི་ངོ་བོ་ཡིན་པའི་ཕྱིར་ཐམས་ཅད་ཀྱི་ཚེ་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ས་བོན་ལ་སོགས་པ་རྣམས་ལྟར་དེའི་རུང་བའི་བདག་ཉིད་ཀྱི་ཁྱད་པར་དེ་རེས་འགའ་བ་ཉིད་ཡིན་པའི་ཕྱིར་མི་རྟག་པར་འགྱུར་བ་ལ། དེ་ཡང་ཅིའི་ཕྱིར་ཐམས་ཅད་ཀྱི་ཚེ་མི་འདོད། ཅི་སྟེ་རྐྱེན་གཞན་ལ་རག་ལས་པ་དེ་ནི་མི་ཉེ་ན་ཐམས་ཅད་ཀྱི་ཚེ་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལྟ་ན་ཡང་རྐྱེན་ཡོད་ན་ཡོད་པའི་ཕྱིར་དང་། མེད་ན་མེད་པའི་ཕྱིར་དང་། བྱུང་ནས་ཀྱང་སླར་མེད་པའི་ཕྱིར་ངེས་པར། དེ་ནི་གཞན་གྱི་དབང་འགྱུར་ཏེ། དེའི་འཇུག་པ་དང་ལྡོག་པ་གང་ལ་རག་ལས་པ་དེ་ལ་རག་ལས་པའི་ཕྱིར་དེ་གཞན་ལ་རག་ལས་པར་འགྱུར་རོ། །དེའི་ཕྱིར་མྱུ་གུ་ལ་སོགས་པ་ལྟར་འབྲས་བུ་ཉིད་ལས་མི་འདའོ། །ཞེས་བསྟན་པའི་ཕྱིར། དེས་ན་འབྲས་བུར་ཡང་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། འབྲས་བུར་གྱུར་པ་ནི་མྱུ་གུ་ལ་སོགས་པ་བཞིན་དུ་མི་རྟག་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དུས་དེ་ལ་རྟག་པ་ཉིད་བསལ་བའི་སྒོ་ནས་དངོས་པོར་ཡོད་པ་སེལ་བ་ཡིན་གྱི། རྣམ་པ་ཐམས་ཅད་དུ་དུས་མེད་པར་སྟོན་པ་མ་ཡིན་ཏེ། དེ་ལྷན་ཅིག་བྱེད་པའི་རྒྱུ་ཉིད་དུ་འདོད་པའི་ཕྱིར་ཏེ། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ཚིགས་སུ་བཅད་དེ་འབྱུང་བའི་ཕྱིར། །དུས་ལ་བརྟེན་ནས་བརྟགས་པའི་དོན་མངོན་པར་མ་ཤེས་པ་ཉིད་ཀྱིས་མིང་ཙམ་ལ་རྣམ་པར་རྨོངས་ཤིང་། དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ལས་འདའ་བར་ཤིན་ཏུ་དཀའ། །ཞེས་སྨྲ་བ་ཁ་ཅིག་དག་གིས་དུས་རྟག་པར་རྟོགས་པ་དེ་དག་འདིར་འགོག་པར་བྱེད་དེ། དངོས་པོ་རྣམས་ལ་བརྟེན་ནས་དུས་སུ་བརྟགས་ན་ཁྱིམ་ལྟར་བརྟགས་པར་ཡོད་པ་ལས་མི་འདའོ། །གཞན་ཡང་དུས་རྒྱུར་སྨྲ་བས་འགྲོ་བ་འཇུག་པ་ལ་དུས་རྒྱུའི་དངོས་པོར་རྟོག་པ་ནི་དོན་གྱིས་འབྲས་བུ་ཉིད་དུ་ཁས་བླངས་པར་འགྱུར་རོ། །ཇི་ལྟར་བྱས་ནས་ཤེ་ན། གང་གི་ཕྱིར། འབྲས་བུ་མེད་པར་རྒྱུ་ལ་ནི། །རྒྱུ་ཉིད་ཡོད་པ་མ་ཡིན་ཏེ། །དེ་ཡི་ཕྱིར་ན་རྒྱུ་འོ་ཅོག །འབྲས་བུ་ཉིད་དུ་ཐལ་བར་འགྱུར། །ཅི་ཡང་མི་བྱེད་པ་ལ་རྒྱུ་ཉིད་མི་སྲིད་པའི་ཕྱིར་འདིར་རྒྱུ་ཞེས་བྱ་བའི་དངོས་པོ་རང་བཞིན་གྱིས་ཅི་ཡང་ཡོད་པ་མ་ཡིན་པས་དོན་འབྲས་བུར་འབྱུང་བའི་རྒྱུ་ཅན་གྱི་རྒྱུ་ཉིད་དུ་འགྱུར་བ་ན་ཇི་ལྟར་རང་གི་འབྲས་བུ་ཉིད་དུ་མི་འགྱུར། འབྲས་བུ་ཉིད་ཡིན་ན་ཡང་མྱུ་གུ་ལ་སོགས་པ་ལྟར་འདི་རྟག་པ་ཉིད་དུ་ལྟ་ག་ལ་འགྱུར། དེའི་ཕྱིར་དེ་ལྟར་ན་རྒྱུ་དང་འབྲས་བུ་དངོས་པོ་རྣམ་པར་གནས་པ་མེད་པའི་ཕྱིར་གཉི་ག་ལ་ཡང་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ནོ། །ཅི་སྟེ་འབྲས་བུ་ཞེས་བྱ་བ་ནི་རྒྱུ་བྱུང་ནས་འབྱུང་བ་ཡིན་ཏེ། འདི་ལྟར་ས་བོན་ཡོད་ན་མྱུ་གུ་འབྱུང་གི་མྱུ་གུ་ཡོད་ན་ས་བོན་ནི་མ་ཡིན་ཏེ། དེའི་ཕྱིར་རྒྱུ་ལ་འབྲས་བུ་ཉིད་ཡོད་པ་མ་ཡིན་སྙམ་ན་འདི་ཡང་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ས་བོན་གྱི་མིང་ཅན་གྱི་དངོས་པོ་གང་ཡིན་པ་དེ་མྱུ་གུ་སྐྱེ་བའི་སྔ་རོལ་དུ་ཡོངས་སུ་རྟོག་པ་ན་རྣམ་པར་རྟོག་པ་གཞན་གསུམ་པ་མེད་པའི་ཕྱིར་རྒྱུར་གྱུར་པའམ་རྒྱུ་མ་ཡིན་པར་གྱུར་པ་ཞིག་རྟོག་གྲང་། དེ་ལ་རེ་ཞིག་མེ་ལ་སོགས་པ་ལྟར་རྒྱུ་མ་ཡིན་པར་འགྱུར་བ་ལས་ནི་འདི་སྐྱེ་བར་མི་རིགས་སོ། །རྒྱུ་ཉིད་ཀྱང་འབྲས་བུ་སྐྱེས་པས་མཚོན་པ་ཞིག་སྟེ། དེས་ན་འབྲས་བུ་སྐྱེ་བའི་སྔ་རོལ་དུ་མི་སྲིད་དོ། །ཅི་སྟེ་འབྲས་བུ་སྐྱེ་བའི་བྱ་བའི་རྗེས་སུ་འགྲོ་བ་མེད་པར་ཡང་ཅུང་ཟད་ཞིག་འབྲས་བུ་ཉིད་དུ་རྟོགས་ན་ནི་དེའི་ཚེ་ཐམས་ཅད་ཐམས་ཅད་ཀྱི་འབྲས་བུ་ཉིད་དུ་འགྱུར་ན་ནི་འདི་ནི་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བའི་ཕྱིར་རྒྱུ་ནི་འབྲས་བུ་སྐྱེ་བ་ལ་མ་ལྟོས་པར་རང་ལས་གྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ཡི་ཕྱིར་ན་རྒྱུ་འོ་ཅོག །འབྲས་བུ་ཉིད་དུ་ཐལ་བར་འགྱུར། །ཞེས་བྱ་བ་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་དུས་སྨྲ་བ་རྣམས་ཀྱི་ལྟར་ན་དུས་འདི་འགྲོ་བ་སྣ་ཚོགས་ཀྱི་རྒྱུར་འགྱུར་ན་ནི་དེའི་ཚེ་དེས། ངེས་པར་སྔར་གྱི་གནས་སྐབས་ལས་ཐ་དད་པའི་ངོ་བོ་ཅན་གྱི་རྣམ་པར་འགྱུར་བ་འབྲས་བུ་སྐྱེ་བ་ལ་ཕན་འདོགས་པ་ཉིད་དུ་འགྱུར་བར་བྱ་དགོས་ཏེ། འདི་ལྟར་འཇིག་རྟེན་ན། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་གྱི་རྒྱུ་རུ་འགྱུར་བ་སྟེ། །གང་གིས་བྱེད་པ་དེ་ནི་རྒྱུའོ་ཞེས་བྱ་བས་མཐར་དོན་གང་གི་རྗེས་སུ་བྱེད་པའི་འབྲས་བུ་འབྱུང་བར་འགྱུར་བ་ས་བོན་གྱི་ངོ་བོར་གྱུར་པའི་སྐྱེད་པར་བྱེད་པ་ཁོ་ན་འདིར་རྒྱུར་བརྗོད་པར་འདོད་ལ། ས་ལ་སོགས་པ་རྣམས་ཀྱི་རྒྱུ་ཉིད་གང་ཡིན་པ་དེ་ནི་རྩ་བའི་རྒྱུའི་རང་གི་འབྲས་བུ་སྐྱེ་བ་དང་རྗེས་སུ་མཐུན་པའི་གནས་སྐབས་སྒྲུབ་པ་ལ་ཡན་ལག་གི་ངོ་བོར་ཉེ་བར་འགྲོ་བ་ལས་ཡིན་ནོ། །ས་བོན་ཞེས་བྱ་བ་རྩ་བའི་རྒྱུ་གང་ཡིན་པ་དེ་ནི་རང་ཉིད་རྣམ་པར་འགྱུར་བར་གྱུར་པ་ན་མྱུ་གུའི་རྒྱུ་ཉིད་དུ་འགྱུར་ཏེ། སྔར་གྱི་གནས་སྐབས་མ་བཏང་བར་ནི་མ་ཡིན་ནོ། །དེ་ལྟར་གལ་ཏེ་འགྲོ་བ་སྣ་ཚོགས་པ་དུས་ཀྱིས་བྱས་པར་འགྱུར་ན་ནི་དེའི་ཚེ་དུས་ཀྱང་ངེས་པར་འབྲས་བུ་བསྐྱེད་པ་ལ་ཐག་རིང་བར་གནས་པའི་གནས་སྐབས་སྔ་མ་སྤོང་ཞིང་རྣམ་པར་འགྱུར་བའི་གནས་སྐབས་འབྲས་བུ་འབྱུང་བ་དང་མཐུན་པར་འགྱུར་བར་བྱ་དགོས་པ་དེའི་ཕྱིར་ས་བོན་ལྟར་མི་རྟག་པ་ཉིད་དོ་ཞེས་བཤད་པ་ནི། གང་ལ་རྣམ་པར་འགྱུར་ཡོད་པ། །དེ་ནི་རྟག་ཅེས་བྱར་ཡོད་མིན། །ཞེས་བྱ་བའོ། །ཅི་སྟེ་མི་འགྱུར་ན་ནི་དེའི་ཚེ་འདིའི་རྒྱུའི་དངོས་པོར་ཡོངས་སུ་རྟོག་པ་དོན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེའི་རྒྱུ་ཅན་དུ་འདོད་པའི་འབྲས་བུ་ཡང་རྒྱུ་མེད་པ་ཅན་དུ་སྐྱེ་བར་འགྱུར་རོ་ཞེས་བཤད་པ། རྟག་པ་གང་གི་རྒྱུ་ཡིན་པའི། །དངོས་དེ་མ་བྱུང་བ་ལས་སྐྱེ། །ས་བོན་རྣམ་པར་འགྱུར་བ་ལས་སྐྱེས་པའི་མྱུ་གུ་ནི་ས་བོན་ལས་གཞན་ཉིད་དུ་མི་སྲིད་པའི་ཕྱིར་དང་། ས་བོན་གྱི་རྗེས་སུ་བྱེད་པའི་ཕྱིར་དང་། ལྷན་ཅིག་མི་གནས་པའི་ཕྱིར་གཞན་ཉིད་སྐྱེས་སོ་སྙམ་དུ་བསམ་པར་མི་བྱ་སྟེ། མི་འདྲ་བ་ལྷན་ཅིག་གནས་པ་རྣམས་ལ་རྒྱུ་ཉིད་མི་སྲིད་པའི་ཕྱིར་རོ། །འདི་ནི་འགྲོ་བ་སྣ་ཚོགས་མི་རྟག་པ་ཉིད་ཀྱི་ཕྱིར་དང་། དུས་རྟག་པའི་ཕྱིར་རྒྱུ་ལ་འབྲས་བུ་ལས་གཞན་ཉིད་ཡོད་དོ། །དེ་ཉིད་ཀྱི་ཕྱིར་མི་འདྲ་བ་དང་ལྷན་ཅིག་གནས་པ་ཡང་ཡོད་དེ། འབྲས་བུ་སྐྱེས་ཀྱང་དུས་རྣམ་པར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་གང་ཞིག་དུས་ལས་སྐྱེས་པ་དེ་ནི་མ་བྱུང་བ་ལས་བྱུང་བ་ཞིག་སྟེ། རྒྱུ་དང་རྐྱེན་ལ་ལྟོས་པ་མེད་པར་འགྱུར་ཞིང་རང་ཉིད་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་རྐྱེན་ལ་རག་ལས་ཏེ་འབྱུང་བའི་འབྲས་བུ་ནི་མ་བྱུང་བ་ལས་འབྱུང་ངོ་ཞེས་བྱ་བར་མི་རིགས་ཏེ། དེ་ལ་བདག་ཉིད་ཐམས་ཅད་ཀྱིས་མ་བྱུང་བ་ལས་བྱུང་བ་མེད་པའི་ཕྱིར་རོ། །གང་ལ་བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་མི་སྲིད་པ་དེ་ནི་བོང་བུའི་རྭ་ལ་སོགས་པ་བཞིན་དུ་རྒྱུ་དང་རྐྱེན་དག་གིས་བསྐྱེད་པར་མི་ནུས་སོ། །དེའི་ཕྱིར་རྒྱུའི་ཆོས་ལས་འདས་པའི་རྟག་པ་དངོས་པོ་གང་གི་རྒྱུར་འདོད་པའི་དངོས་པོ་དེ་མ་བྱུང་བ་ལས་སྐྱེས་པ་འདི་ནི་རྒྱུ་མེད་པ་ཅན་ཁོ་ནར་སྐྱེ་སྟེ་རང་ཉིད་ཁོ་ན་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །ད་ལྟར་ཡིན་དང་། ཡང་འདི་ལ་རྒྱུ་ཡོངས་སུ་རྟོག་པ་དོན་མེད་པས་ཅི་ཞིག་བྱ་ཞེས་བཤད་པ། རང་ཉིད་འབྱུང་བར་འགྱུར་དེ་ལ། །རྒྱུ་ནི་ལོག་པར་འགྱུར་བ་སྟེ། །རང་ཉིད་གྲུབ་པའི་ཕྱིར་འགྲོ་བ་འདི་ལ་རྒྱུ་དུས་ཞེས་བྱ་བ་དགོས་པ་མེད་པར་འགྱུར་ཏེ། དེའི་ཕྱིར་རྒྱུའི་རྒྱུ་ཉིད་མི་རུང་ངོ་། །འདི་ལས་ཀྱང་མི་རུང་སྟེ། འདི་ལྟར། དངོས་པོ་རྟག་པ་ལས་སྐྱེས་པ། །ཇི་ལྟ་བུར་ན་མི་རྟག་འགྱུར། །འཇིག་རྟེན་ན་ནི་ས་བོན་མི་རྟག་པ་ཁོ་ན་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་མི་རྟག་པ་འབྱུང་བར་གྲགས་ཀྱི། རྟག་པ་འགའ་ཞིག་ལས་མི་རྟག་པ་ཅུང་ཟད་ཅིག་འབྱུང་ངོ་ཞེས་བྱ་བར་ནི་མ་ཡིན་ན། དུས་ནི་རྟག་ལ་དེའི་འབྲས་བུ་ནི་མི་རྟག་པས་ཇི་ལྟར་དེ་གྲུབ་པར་འགྱུར། འདི་ལྟར་ཡང་མི་རུང་སྟེ་འཇིག་རྟེན་དུ། ནམ་ཡང་རྒྱུ་དང་འབྲས་བུ་གཉིས། །མཚན་ཉིད་མི་མཐུན་མཐོང་མ་ཡིན། །རྒྱུ་ནི་རྟག་ལ་འབྲས་བུ་ནི་མི་རྟག་གོ་ཞེས་དེ་ལྟར་མཚན་ཉིད་མི་འདྲ་བ་ནི་འཇིག་རྟེན་ན་ནམ་ཡང་མ་མཐོང་བས་དུས་ལ་རྒྱུ་ཉིད་མེད་དོ། །གལ་ཏེ་ཡང་བ་ལང་གི་སྤུ་དང་ལུག་གི་བལ་གཉིས་ལས་རྩ་དཱུར་བ་དང་རྭ་ལས་འདམ་བུ་དང་འདམ་ལས་པདྨ་སྐྱེ་བ་ལ་སོགས་པ་མཐོང་བ་མ་ཡིན་ནམ་ཞེ་ན། དེ་ཡང་མི་རྟག་པ་རྣམས་ཁོ་ནར་རང་ཉིད་རྣམ་པར་འགྱུར་བར་ཉེ་བར་འགྲོ་བས་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་མཚན་ཉིད་མི་མཐུན་པ་མེད་དེ། དེར་རྒྱུ་དང་འབྲས་བུ་དག་གཉིས་གར་ཡང་མེད་པའི་ཕྱིར་ཏེ། མི་རྟག་པ་ཉིད་ཀྱི་ཕྱིར་རོ། །གདོན་མི་ཟ་བར་ཐམས་ཅད་ལ་མཐའ་དེ་དང་འདྲ་བའི་འབྲས་བུ་མངོན་པར་གྲུབ་པ་སྲིད་པ་ཡང་མ་ཡིན་ཏེ། འབྲས་བུ་ཡང་ལས་སྣ་ཚོགས་ཀྱི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །ནོར་བུ་ཆུ་ཤེལ་དང་མེ་ཤེལ་དག་ལས་ཀྱང་སྔར་གྱི་གནས་སྐབས་ལས་ཁྱད་པར་དུ་འཕགས་པའི་བདག་ཉིད་ཀྱི་ཁྱད་པར་སྐྱེས་པར་གྱུར་ན་རྣམ་པ་དེ་ལྟ་བུའི་རྣམ་པར་འགྱུར་བ་སྲིད་པའི་ཕྱིར་ཆུ་དང་མེ་འབྱུང་བ་ལས་འགལ་བ་མེད་དོ། །དེའི་ཕྱིར་དེ་ལྟར་དུས་སྨྲ་བ་བཀག་པ་ཡིན་དང་། རྡུལ་ཕྲ་རབ་སྨྲ་བ་ནི་ས་ལ་སོགས་པའི་རྡུལ་ཕྲ་རབ་རྟག་ཅིང་མ་མཐོང་བས་བསྐུལ་བ་ཡོན་ཏན་དང་ལྡན་པའི་གྲོགས་ཅན་རྡུལ་ཕྲ་རབ་གཉིས་པ་ལ་སོགས་པའི་རིམ་གྱིས་ཡན་ལག་ཅན་གྱི་རྫས་རྩོམ་པར་བྱེད་པ་རྣམས་ཀྱིས་འགྲོ་བ་སྣ་ཚོགས་སྐྱེད་པར་བྱེད་དོ་སྙམ་དུ་སེམས་སོ། །དེའི་ལུགས་ཀྱང་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གང་གི་ཕྱོགས་འགའ་རྒྱུ་ཡིན་ཞིང་། །ཕྱོགས་འགའ་རྒྱུ་མ་ཡིན་དེས་ན། །དེ་ནི་སྣ་ཚོགས་འགྱུར་ན་གོ །སྣ་ཚོགས་རྟག་པར་མི་རིགས་སོ། །ཡན་ལག་ཅན་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་ཐལ་བ་སྤང་བར་འདོད་པས་རྒྱུ་ལ་ཡོད་པའི་ཟླུམ་པོ་ཉིད་གང་ཡིན་པ་དེ་འབྲས་བུ་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེས་ན་རྡུལ་ཕྲ་རབ་རྣམས་ལ་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་བར་མི་འཐད་དོ། །གང་གི་ཚེ་རྡུལ་ཕྲ་རབ་རྣམས་ལ་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་བ་ཡོད་པ་མ་ཡིན་པ་དེའི་ཚེ་དེའི་ཆ་གང་གིས་རྡུལ་ཕྲ་རབ་གཞན་དང་སྦྱོར་བའི་ཆ་དེ་རྒྱུ་ཡིན་ཞིང་། གང་གིས་མི་སྦྱོར་བ་དེ་རྒྱུ་མ་ཡིན་ནོ། །དེ་ལྟར་ན་ནི་གང་གི་ཕྱོགས་འགའ་རྒྱུ་ཡིན་ཞིང་། ཕྱོགས་འགའ་རྒྱུ་མ་ཡིན་པ་དེ་ནི་དུ་མའི་ངོ་བོ་ཡིན་པའི་ཕྱིར་སྣ་ཚོགས་པ་ཞིག་གོ །དེའི་ཕྱིར་རི་མོ་བཞིན་རྟག་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ་ནི་སྣ་ཚོགས་རྟག་པར་མི་རིགས་སོ་ཞེས་བྱའོ། །ཅི་སྟེ་རྡུལ་ཕྲ་རབ་རྣམས་ལ་ཆ་ཤས་མེད་པའི་ཕྱིར་ཕྱོགས་དང་མི་སྦྱོར་བ་ཁོ་ན་ཡིན་གྱི་ཐམས་ཅད་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་བར་ནི་འགྱུར་ཏེ། དེའི་ཕྱིར་ཕྲད་པའི་མཚན་ཉིད་ཅན་ལྡན་པ་ཡོད་ལ། ཕྱོགས་དང་ལྡན་པ་ཉིད་ཀྱང་མ་ཡིན་ནོ་སྙམ་ན། འདི་ལ་བཤད་པར་བྱ་སྟེ། རྒྱུ་ཡི་ཟླུམ་པོ་གང་ཡིན་པ། །དེ་ནི་འབྲས་བུ་ལ་ཡོད་མིན། །དེས་ན་བདག་ཉིད་ཀུན་སྦྱོར་བ། །རྡུལ་ཕྲན་རྣམས་ལ་མི་འཐད་དོ། །རྒྱུ་དང་ཟླུམ་པོ་ཉིད་དང་ཕྱོགས་མེད་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་རྫས་ཀྱི་མཚན་ཉིད་དོ། །གལ་ཏེ་རྡུལ་ཕྲ་རབ་བདག་ཉིད་ཐམས་ཅད་ཀྱིས་རྡུལ་ཕྲ་རབ་གཞན་དང་སྦྱོར་ཞིང་ཕྱོགས་ཀྱིས་མ་ཡིན་ན་ནི་དེའི་ཚེ་རྒྱུ་སྟེ་རྡུལ་ཕྲ་རབ་ལ་ཡོད་པའི་ཟླུམ་པོ་གང་ཡིན་པ་དེ་འབྲས་བུ་རྡུལ་ཕྲན་གཉིས་པ་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་ཏེ། དེའི་ཕྱིར་ཡན་ལག་ཅན་ཐམས་ཅད་རྡུལ་ཕྲ་རབ་ཙམ་ཉིད་ཡིན་པའི་ཕྱིར་དབང་པོ་ལས་འདས་པ་ཉིད་དུ་འགྱུར་ན། དེ་དག་ནི་རྡུལ་ཕྲ་རབ་ཙམ་ཉིད་མ་ཡིན་ནོ། །དེས་ན་རྡུལ་ཕྲ་རབ་རྣམས་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་བར་མི་འཐད་དོ། །ཡང་གང་གི་ཚེ་རྡུལ་ཕྲ་རབ་གཞན་དང་བདག་ཉིད་ཐམས་ཅད་ཀྱིས་མི་སྦྱོར་བ་དེའི་ཚེ། རྡུལ་ཕྲན་གཅིག་གི་གནས་གང་ཡིན། །དེ་ནི་གཞན་གྱི་ཡའང་མི་འདོད། །དེའི་ཕྱིར་རྒྱུ་དང་འབྲས་བུ་གཉིས། །བོང་ཚོད་མཉམ་པར་འདོད་མ་ཡིན། །དེའི་ཕྱིར་དེ་ལྟར་རྡུལ་ཕྲ་རབ་གཞན་དང་བདག་ཉིད་ཐམས་ཅད་ཀྱི་སྦྱོར་བ་མེད་པའི་ཕྱིར་ཡན་ལག་ཅན་གྱི་རྫས་རྣམས་དབང་པོ་ལས་འདས་པ་ཉིད་དུ་མ་གྱུར་མོད། རྡུལ་ཕྲ་རབ་ཕྱོགས་དང་ལྡན་པ་ཉིད་ནི་གཡོ་བ་མེད་ལ། ཕྱོགས་དང་ལྡན་པ་ཉིད་ཀྱི་ཕྱིར་ཡང་འདི་སྣ་ཚོགས་པ་ཉིད་ཡིན་ཏེ། དེའི་ཕྱིར་རྟག་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །འདིར་འབྲས་བུའི་རྫས་རྩོམ་པའི་དུས་ན་ཉེས་པ་འདིར་འགྱུར་གྱི། འབྲས་བུ་རྩོམ་པའི་སྔ་རོལ་གྱི་གནས་སྐབས་སུ་ནི་རྡུལ་ཕྲ་རབ་རྣམས་ལ་ཆ་ཤས་མེད་པའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་དུ་ཐལ་བ་མེད་དོ་ཞེས་སྨྲའོ། །གནས་སྐབས་དེར་ཡང་ཤར་ལ་སོགས་པའི་ཕྱོགས་ཆའི་དབྱེ་བ་ཡོད་དོ། །དེའི་ཚེ་ངེས་པར། གང་ལ་ཤར་གྱི་ཕྱོགས་ཡོད་པ། །དེ་ལ་ཤར་གྱི་ཆ་ཡང་ཡོད། །དེའི་ཕྱིར། འདི་ཕྱོགས་དང་ལྡན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་རྡུལ་ཕྲ་རབ་ཉིད་དུ་མི་འགྱུར་རོ་ཞེས་བཤད་པ། གང་གི་རྡུལ་ལ་ཕྱོགས་ཡོད་པ། །དེས་རྡུལ་རྡུལ་ཕྲན་མིན་པར་བསྙད། །གལ་ཏེ་རྡུལ་ཕྲ་རབ་ཆ་ཤས་མེད་པར་གྱུར་ན་ནི་དེ་ལ་འགྲོ་བ་མེད་པས་རྡུལ་ཕྲ་རབ་གཞན་དང་སྦྱོར་བ་མེད་པ་ཡིན་དང་། ཡན་ལག་ཅན་གྱི་རྫས་རྩོམ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །འདི་ལྟར་འགྲོ་བའི་དུས་ན་ལུས་དང་ལྡན་པའི་དོན་གྱིས། མདུན་གྱིས་ལེན་ཞིང་རྒྱབ་ཀྱིས་ནི། །གཏོང་བར་འགྱུར་ན་དེ་དག་གཉིས། །གང་ལ་ཡོད་པ་མ་ཡིན་ལ། །དེ་ལ་འགྲོ་པོར་ཡང་མི་འགྱུར། །ལུས་དང་ལྡན་ཞིང་འགྲོ་བ་མངོན་དུ་ཕྱོགས་པའི་དོན་གྱིས་མདུན་གྱི་ཕྱོགས་ཀྱིས་སྔོན་ཕྱོགས་གནོན་ཞིང་། རྒྱབ་ཀྱི་ཕྱོགས་ཀྱིས་རྒྱབ་ཕྱོགས་གཏོང་བ་ལས་འགྲོ་བ་པོའི་འགྲོ་བ་ཉིད་ཉེ་བར་རྟོགས་པ་ཞིག་ན་ཆ་མེད་པའི་ཕྱིར་རྡུལ་ཕྲ་རབ་གང་ལ་མདུན་དང་རྒྱབ་ཀྱི་ཡན་ལག་གང་གིས་ལེན་པ་དང་གཏོང་བ་ཉིད་མེད་པ་དེ་ནི་འགྲོ་བ་པོར་ཡང་མི་འགྱུར་ལ། དེ་མེད་པས་འབྲས་བུ་རྩོམ་པར་བྱེད་པ་ཉིད་མེད་པའི་ཕྱིར་རྡུལ་ཕྲ་རབ་དངོས་པོ་ཡོད་པར་སྨྲ་བར་མི་རིགས་སོ། །འདིར་སྨྲས་པ། གལ་ཏེ་རྡུལ་ཕྲ་རབ་མེད་ན་ནི་འདི་རྣལ་འབྱོར་པ་རྣམས་ཀྱིས་དམིགས་པར་མི་འགྱུར་བ་ཞིག་ན། འདི་ནི་རྣལ་འབྱོར་པ་རྣམས་ཀྱིས་ལྷའི་མཐོང་བས་དམིགས་པ་ཡང་ཡིན་ནོ། །དེའི་ཕྱིར་རྡུལ་ཕྲ་རབ་རྟག་པ་ཡོད་དོ། །བཤད་པར་བྱ་སྟེ། གང་ལ་དང་པོ་ཡོད་མིན་ཞིང་། །གང་ཞིག་ལ་དཀྱིལ་ཡོད་མིན་ན། །གང་ལ་ཐ་མ་ཡོད་མ་ཡིན། །མངོན་མེད་དེ་ནི་གང་གིས་མཐོང་། །ཆ་ཤས་མེད་པའི་ཕྱིར་རྡུལ་ཕྲ་རབ་ལ་མདུན་དང་བར་དང་རྒྱབ་ཀྱི་ཆ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མངོན་པ་མེད་དེ། མངོན་པ་ནི་གསལ་བ་དང་གཟུང་བར་བྱ་བ་ཉིད་དང་། བལྟ་བར་བྱ་བ་ཉིད་ཅེས་བྱ་བའི་དོན་ཏེ་དེ་མེད་པའི་ཕྱིར་མངོན་པ་མེད་དོ། །བལྟ་བར་བྱ་བ་མ་ཡིན་པ་ནི་སུས་ཀྱང་བལྟ་བར་བྱ་བར་ནུས་པ་ཡང་མ་ཡིན་པ་འདི་རྣལ་འབྱོར་པ་རྣམས་ཀྱིས་དམིགས་པར་འོས་པ་མ་ཡིན་ནོ། །དེའི་ཕྱིར་རྡུལ་ཕྲ་རབ་རྟག་པ་མེད་དོ། །གང་དག་དེ་ལྟར་འཐད་པས་མཐོང་བར་མི་འཐད་པ་བཞིན་དུ་མཐོང་ངོ་སྙམ་དུ་སེམས་ཤིང་། རབ་རིབ་ཅན་གྱིས་མཐོང་བ་ཡང་དག་པ་མ་ཡིན་པ་ལས་མཐོང་བ་ཁྱད་པར་དུ་མ་གྱུར་པ་དེ་དག་ནི་ངེས་པར་ལོག་པར་ཉེ་བར་བསྟན་པས་འཇིག་རྟེན་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་དག་གི་ལུང་ཚད་མ་ཉིད་དུ་བྱེད་པ་ལས་རྡུལ་ཕྲ་རབ་ཡོད་པ་ཉིད་དུ་མི་རིགས་སོ། །འདིར་སྨྲས་པ། རྡུལ་ཕྲ་རབ་རྣམས་ནི་རྟག་པ་ཁོ་ན་སྟེ། རགས་པ་བྱུང་བ་ལས་ས་བོན་གྱི་ངོ་བོར་ཉེ་བར་འགྲོ་བའི་ཕྱིར་རོ། །གལ་ཏེ་དེ་རྣམས་མེད་ན་ནི་རགས་པ་རྣམས་ས་བོན་མེད་པར་འབྱུང་བར་འགྱུར་རོ། །འདི་ལྟར་གང་ལས་བསྐལ་པ་དང་པོར་རགས་པ་རྣམས་སླར་རགས་པ་རྣམས་འབྱུང་བར་གྱུར་པ་འཇིག་པའི་དུས་ན་ཡན་ལག་ཅན་གྱི་རྫས་ཐམས་ཅད་འཐོར་ཞིང་རྡུལ་ཕྲ་རབ་ཙམ་ཞིག་ལུས་པ་ན་རགས་པ་རྣམས་སྲིད་པ་ཡོད་པ་མ་ཡིན་ནོ། །ཡང་གང་དག་གལ་ཏེ་གནས་སྐབས་དེར་རགས་པ་རྣམས་བཞིན་དུ་རྡུལ་ཕྲ་རབ་རྣམས་ཀྱང་མེད་པར་འགྱུར་ན་ནི་དེའི་ཚེ་རགས་པ་རྣམས་རྒྱུ་མེད་པར་འབྱུང་བར་འགྱུར་རོ། །དེའི་ཡན་ལག་ཅན་གྱི་རྫས་ཀྱི་རྒྱུ་རྡུལ་ཕྲ་རབ་རྣམས་ཡོད་པ་ཁོ་ན་ཡིན་ལ། དེ་རྣམས་ཀྱང་རྟག་པ་ཞིག་སྟེ། ཡོད་ལ་རྒྱུ་དང་མི་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་མི་རིགས་ཏེ། གང་གི་ཕྱིར། འབྲས་བུ་ཡིས་ནི་རྒྱུ་བཤིག་པ། །དེས་ན་རྒྱུ་ནི་རྟག་མ་ཡིན། །གལ་ཏེ་རྡུལ་ཕྲ་རབ་རྣམས་རྒྱུ་ཉིད་དུ་གྱུར་ན་ནི་ས་བོན་གྱིས་མྱུ་གུ་བཞིན་དུ་དེ་རྣམས་རྡུལ་ཕྲ་རབ་གཉིས་ལ་སོགས་པ་ཡན་ལག་ཅན་གྱི་རྫས་ཀྱིས་འཇིག་པར་འགྱུར་རོ། །དེའི་ཕྱིར་འབྲས་བུ་དང་ལྷན་ཅིག་མི་གནས་པའི་ཕྱིར་ན་རྡུལ་ཕྲ་རབ་རྣམས་ས་བོན་ལྟར་མི་རྟག་པར་འགྱུར་རོ། །ཅི་སྟེ་གང་ལས་འདི་མི་རྟག་པ་ཉིད་དུ་འགྱུར་བ་འབྲས་བུས་རྒྱུ་འཇིག་པ་ནི་མ་ཡིན་གྱི། འོན་ཀྱང་རྒྱུ་རང་གི་རང་བཞིན་མི་གཏོང་ཞིང་འབྲས་བུ་དོན་གཞན་དུ་འགྱུར་པ་སྐྱེད་པར་བྱེད་དོ་སྙམ་དུ་སེམས་ན་དེ་ལྟར་ཡིན་ན་ནི་འབྲས་བུ་རྒྱུའི་ཡུལ་ལས་ཐ་དད་པའི་ཕྱིར་རིགས་མི་མཐུན་པ་དག་བཞིན་དུ་ཡུལ་བྱེ་བའི་རྡུལ་ཕྲ་རབ་རྣམས་རྒྱུའི་དངོས་པོར་མི་འགྱུར་རོ། །དེ་ཉིད་ཁོ་ན་ཟོལ་ཐབས་གཞན་གྱི་སྒོ་ནས་བསྟན་པའི་ཕྱིར་རོ། །ཡང་ན་གང་ན་རྒྱུ་ཡོད་པ། །དེ་ན་འབྲས་བུ་ཡོད་མ་ཡིན། །ཞེས་བྱ་བ་སྨོས་སོ། །གང་གི་ཚེ་དེ་ལྟར་རྒྱུ་ཉིད་མི་སྲིད་པ་དེའི་ཚེ། རྡུལ་ཕྲ་རབ་རྟག་པར་བརྟགས་པ་དོན་མེད་པས་ཅི་ཞིག་དགོས་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་རྟག་པ་རྣམས་མེད་དོ། །འདི་ལས་ཀྱང་རྡུལ་ཕྲ་རབ་རྣམས་རྟག་པ་མ་ཡིན་ཏེ། གང་གི་ཕྱིར། ཐོགས་ལྡན་དངོས་པོ་རྟག་པ་ནི། །གང་དུ་སྣང་བ་མ་ཡིན་ཏེ། །འདི་ནི་རྡུལ་ཕྲ་རབ་ལ་རྡུལ་ཕྲ་རབ་གཞན་གྱིས་བདག་ཉིད་ཐམས་ཅད་ཀྱིས་འཇུག་པ་མེད་པའི་ཕྱིར་རྡུལ་ཕྲ་རབ་ཐོགས་པ་དང་བཅས་པ་ཉིད་ཡིན་ལ་ཐོགས་པའི་བུམ་པ་ཉིད་ལ་སོགས་པ་ལྟར་རྟག་པ་ཉིད་དུ་ཡང་མི་རིགས་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་རྟག་པ་ཉིད་མེད་དོ། །གང་གི་ཕྱིར་རྟག་པ་ཉིད་ཡོད་པ་མ་ཡིན་པ། དེས་ན་ནམ་ཡང་སངས་རྒྱས་རྣམས། །རྡུལ་ཕྲན་རྟག་པ་ཉིད་མི་གསུང་། །གང་ཞིག་ཕྱིན་ཅི་མ་ལོག་པར་གཟིགས་པ་དེས་ནི་དོན་གང་ཞིག་ཇི་ལྟར་གནས་པ་དེ་ཁོ་ན་ལྟར་ངེས་པར་བྱ་བ་ཞིག་གོ །རྫས་བརྒྱད་ཀྱི་རྡུལ་ཕྲ་རབ་མི་རྟག་པ་ཡོད་པའི་ཕྱིར་དེ་ཡོད་པ་ཉིད་ཡོད་ལ། དེ་ཡང་བརྟགས་པར་ཡོད་པ་ཞིག་སྟེ། རྫས་བརྒྱད་ལ་བརྟེན་ནས་བུམ་པ་ལྟར་བརྟགས་པའི་ཕྱིར་རོ། །དེ་ལ་རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་གང་དག་ཡིན་པ་དེ་དག་ནི་རེ་རེ་ཞིང་རྡུལ་ཕྲ་རབ་ཀྱི་སྒྲས་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་ལ་སོ་སོ་སོ་སོར་རྡུལ་ཕྲ་རབ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་བྱེ་བྲག་པ་རྣམས་ཀྱི་ལྟར་བདེ་བར་གཤེགས་པ་རྣམས་ལ་རྫས་ཀྱི་རྡུལ་ཕྲ་རབ་ཅེས་བྱ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནམ་ཡང་རྡུལ་ཕྲ་རབ་རྟག་པ་ཉིད་སྟོན་པར་མི་མཛད་དེ། རང་ཉིད་ཀྱིས་དེ་ལྟར་མ་གཟིགས་པའི་ཕྱིར་རོ། །གང་དག་རིགས་པ་བཅུག་ནས་རྫས་བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་ཡོད་པ་ཉིད་སེལ་ཞིང་རྣམ་པར་ཤེས་པ་ཙམ་ཉིད་དུ་རྟོགས་པ་དེ་དག་ནི་རེ་ཞིག་འཇིག་རྟེན་པའི་དངོས་པོ་འཇིག་རྟེན་པའི་དོན་ལ་མཁས་པས་ཉེ་བར་བསྟན་པ་སེལ་བ་ན་འཇིག་རྟེན་དང་ལུང་གི་གནོད་པ་གཉིས་སེལ་བར་བྱེད་པ་དེ་དག་གིས་རྡུལ་ཕྲ་རབ་ཡོད་པ་ཉིད་བསལ་བར་མི་ནུས་ཤིང་རྡུལ་ཕྲ་རབ་ལྟར་རྣམ་པར་ཤེས་པའི་ཡོད་པ་ཉིད་འཐད་པ་དང་འགལ་བ་ཡང་གཞག་པར་མི་ནུས་སོ། །འདི་ལྟར་དེའི་སྐྱེ་བ་དང་གནས་པ་དང་འགག་པ་རྣམས་རིམ་གྱིས་དང་ཅིག་ཅར་མེད་པའི་ཕྱིར་མི་འཇུག་ལ། སྐྱེ་བ་ལ་སོགས་པ་དང་བྲལ་བ་ལ་ནི་ཡོད་པ་ཉིད་ནི་རིགས་པ་མ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་པའི་དངོས་པོ་རྣམས་ནི་འཇིག་རྟེན་ལས་འདས་པ་ལ་ཡོངས་སུ་མཐོང་བའི་རྣམ་པར་དཔྱད་པ་མ་བཅུག་པར་འཇིག་རྟེན་ན་ཇི་ལྟར་ཡིན་པ་དེ་ལྟར་ཁས་བླང་བར་བྱ་ཞིང་། ཇི་ལྟར་རྣམ་པར་ཤེས་པ་འཇིག་རྟེན་པ་ཡིན་པ་དེ་ལྟར་རྡུལ་ཕྲ་རབ་ཀྱང་ཡིན་པས་འདིས་རིགས་པ་བཅུག་ནས་རྡུལ་ཕྲ་རབ་བསལ་བར་མི་ནུས་ཏེ། དེའི་རིགས་པ་ལ་འཇིག་རྟེན་དང་ལུང་གི་གནོད་པས་གནོད་པའི་ཕྱིར་རོ། །དེ་ལྟར་རྡུལ་ཕྲ་རབ་ཏུ་སྨྲ་བ་བཀག་པ་དང་ཡང་རང་གི་སྡེ་པ་འདུས་མ་བྱས་མིང་ཙམ་ཉིད་དུ་མི་རྟོགས་ཤིང་མྱ་ངན་ལས་འདས་པ་རྫས་སུ་ཡོད་པ་རྟག་པ་ཉིད་དུ་རྟོགས་པར་འགྱུར་བ་ཁ་ཅིག་དག་སངས་རྒྱས་རྣམས་རྡུལ་ཕྲ་རབ་དག་རྟག་པ་ཉིད་དུ་མི་གསུང་བ་འདི་ནི་བདེན་མོད་ཀྱི། གང་ཞིག་རྟག་པ་ཉིད་དུ་གསུངས་པ་དེ་ནི་རྟག་པར་གྱུར་ཅིང་ཡོད་པ་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་མ་སྐྱེས་པ་དང་མ་བྱུང་བ་དང་འདུས་མ་བྱས་པ་དེ་ནི་ཡོད་དོ་ཞེས་གསུངས་ལ། ཆོས་འདུས་མ་བྱས་པ་རྣམས་ནི་རྟག་གོ་ཞེས་ཀྱང་གསུངས་སོ། །དེའི་ཕྱིར་མྱ་ངན་ལས་འདས་པ་རྟག་ཅིང་ལམ་གྱི་བདེན་པས་འཐོབ་པར་བྱ་བ་རྟག་ཅིང་འབྱུང་བར་འགྱུར་བའི་ཉོན་མོངས་པ་དང་སྐྱེ་བ་གཉིས་སྐྱེ་བ་ལ་ཆུ་འགོག་པའི་ཆུ་ལོན་ལྟར་གཏན་དུ་གེགས་སུ་གྱུར་པ་ཞིག་ཡོད་དོ། །གལ་ཏེ་དེ་རྟག་པར་མ་གྱུར་ན་ནི་དེའི་ཚེ་ཉོན་མོངས་པ་དང་སྐྱེ་བ་དག་སྐྱེ་བ་ལ་གེགས་བྱེད་པའི་དོན་མེད་པའི་ཕྱིར་དེ་དག་སྐྱེ་བར་འགྱུར་བ་ཞིག་ན། དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་རྟག་པ་དེ་ཡོད་དོ། །གལ་ཏེ་དེ་ཡོད་པར་མ་གྱུར་ན་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པའི་མཇུག་ཐོགས་སུ་འཕགས་པའི་བདེན་པ་གསུམ་པ་ཞེས་བྱ་བར་སྟོན་པར་ཡང་མི་འགྱུར་བ་ཞིག་ན་ཉེ་བར་བསྟན་པ་ཡང་ཡིན་ཏེ། དེའི་ཕྱིར་དེ་ཡོད་དོ་ཞེའོ། །འདི་ལ་བཤད་པར་བྱ་སྟེ། འཆིང་དང་བཅིང་དང་ཐབས་ལས་གཞན། །ཐར་པ་གལ་ཏེ་ཡོད་ན་ནི། །དེ་ལས་ཅི་ཡང་མི་འབྱུང་སྟེ། །དེས་ན་དེ་ཐར་ཞེས་མི་བརྗོད། །དེ་ལ་འཆིང་བ་ནི་ཀུན་འབྱུང་གི་བདེན་པའོ། །འཆིང་བར་བྱ་བ་ལ་རང་དབང་མེད་པར་བྱེད་པས་འཆིང་བར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །བཅིང་བ་ནི་སྡུག་བསྔལ་གྱི་བདེན་པ་སྟེ། ཉོན་མོངས་པའི་གཞན་གྱི་དབང་ཡིན་པའི་ཕྱིར་རོ། །དེ་ལྡོག་པའི་ཐབས་ནི་ལམ་གྱི་བདེན་པ་སྟེ། དེས་ཉོན་མོངས་པ་ལྡོག་པར་བྱེད་པའི་ཕྱིར་རོ། །འཆིང་བ་དང་བཅིང་བར་བྱ་བ་མེད་པར་ནི་འཆིང་བའི་བྱ་བ་མི་སྲིད་པས་འཆིང་བ་དང་བཅིང་བར་བྱ་བ་དག་གི་ཡོད་པ་ཉིད་ནི་དེ་ཡོད་པའི་རྒྱུ་ཅན་ཡིན་ནོ། །དེ་བཞིན་དུ་བཟློག་པར་བྱ་བ་དང་ཟློག་པར་བྱེད་པ་མེད་པར་ནི་ཟློག་པར་ཡོད་པར་མི་འགྱུར་ཞིང་དེ་ཡོད་པ་ལས་བཟློག་པར་བྱ་བ་དང་། ཟློག་པར་བྱེད་པ་གཉིས་ཡོད་པ་ཉིད་དོ། །དེ་ལ་བཟློག་པར་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཡིན་ལ། ཟློག་པར་བྱེད་པ་ནི་ལམ་སྟེ། མུན་པ་ལ་སྒྲོན་མ་བཞིན་ནོ། །ཇི་ལྟར་བདེན་པ་གསུམ་པོ་འདི་ཀུན་ནས་ཉོན་མོངས་པ་དང་དེ་ལས་ལྡོག་པ་ལས་དཔགས་པའི་ཡོད་པ་ཉིད་ཡིན་པ་དེ་ལྟར་ཉོན་མོངས་པ་ཟད་པའི་མཚན་ཉིད་ཅན་གྱི་ཐར་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལས་ཅུང་ཟད་ཀྱང་འབྱུང་བ་མེད་དོ། །འཆིང་བ་དང་ཐར་པ་གཉིས་ཆར་ལ་ཡང་ཡན་ལག་གི་ངོ་བོར་ཉེ་བར་མ་སོན་པའི་ཕྱིར་རོ། །གལ་ཏེ་འདི་འགའ་ཞིག་ཏུ་ཉེ་བར་སྦྱོར་བ་ཉིད་དུ་འགྱུར་ན་ནི་དེའི་ཚེ་འདི་འབྲས་བུ་དེས་སྤངས་པའི་ཡོད་པ་ཉིད་དུ་འགྱུར་ན། འདི་ནི་དེ་ལྟར་ཡོད་མ་ཡིན་ཏེ། དེའི་ཕྱིར་འདི་ལ་ཡོད་པ་ཉིད་མེད་དོ། །ཅི་སྟེ་ཐར་པ་ནི་གྲོལ་བའོ་སྙམ་ན། དེ་ལྟར་ན་ཡང་འདི་གྲོལ་བར་གྱུར་པ་ལས་དོན་གཞན་མ་ཡིན་ཏེ། དེ་ལྟར་མ་ཡིན་ན་དེ་དེ་དང་འབྲེལ་པ་མེད་པ་ཉིད་དང་། ཅི་ཡང་མི་བྱེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་འདི་ཐར་པར་བརྗོད་པར་མི་རིགས་ཏེ། དེས་ན་དེ་ཐར་ཞེས་མི་བརྗོད། །གྲོལ་བའི་བྱ་བ་ནི་གང་ཞིག་འཆིང་བ་བཅད་པས་བཅིང་བར་བྱ་བ་ལས་གྲོལ་བ་ཉིད་བདེན་པ་དངོས་པོ་གྲོལ་བཞིན་པ་བྱ་བ་དང་ལྡན་པ་ཉིད་ཡིན་ལ། དེ་ཡང་དེ་ཉིད་དང་གཞན་ཉིད་དུ་བརྟག་པ་དང་བྲལ་བ་ན་དོན་གཞན་དུ་མ་གྱུར་པ་ཡིན་ན། ཐར་པ་ནི་དོན་གཞན་དུ་གྱུར་པ་ཞིག་ཡིན་པ་འདི་ཡོད་པ་ཉིད་དུ་མི་རིགས་སོ། །དེའི་ཕྱིར་ཉོན་མོངས་པ་དང་སྐྱེ་བ་མི་འབྱུང་བ་དེ་བྱས་སོ་ཞེས་བྱ་བར་བརྟག་པར་མི་རིགས་སོ། །དངོས་པོ་རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་འབྱུང་བ་རྣམས་ནི་དེ་མེད་པའི་ཕྱིར་ས་བོན་ཚིག་པ་ལས་མྱུ་གུ་ལ་སོགས་པ་ལྟར་ནམ་ཡང་སྐྱེ་བར་མི་འགྱུར་ཏེ། དེའི་ཕྱིར་དེའི་དོན་དུ་དོན་གཞན་བརྟག་པ་ཆེས་མི་ལེགས་སོ། །བདེན་པ་གསུམ་པའི་སྒྲ་བརྗོད་པར་བྱ་བ་ཉིད་ཀྱང་མི་འགལ་ཏེ། ཉོན་མོངས་པ་དང་སྐྱེ་བ་གཉིས་སླར་མི་འབྱུང་བ་ཙམ་ཞིག་བདེན་པ་གསུམ་པའི་སྒྲའི་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པར་གྱུར་པ་ལ་གྲངས་ཀྱིས་ཡོངས་སུ་བགྲང་བ་ཡོད་པ་མ་ཡིན་པ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལྔ་པོ་འདི་དག་ནི་མིང་ཙམ་སྟེ། ཁས་འཆེས་པ་ཙམ་ཐ་སྙད་ཙམ་ཀུན་རྫོབ་ཙམ་སྟེ། འདི་ལྟ་སྟེ། འདས་པའི་དུས་དང་། མ་འོངས་པའི་དུས་དང་། ནམ་མཁའ་དང་མྱ་ངན་ལས་འདས་པ་དང་། གང་ཟག་གོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པའི་ཕྱིར་རོ། །གཞན་དག་ནི། འཆིང་དང་བཅིང་དང་ཐབས་ལས་གཞན། །ཐར་པ་གལ་ཏེ་ཡོད་ན་ནི། །དེ་ལས་ཅི་ཡང་མི་འབྱུང་སྟེ། །དེས་ན་དེ་ཐར་མི་བརྗོད་དོ། །ཞེས་བྱ་བ་ལ་གཏན་ཚིགས་དེ་ལས་ཐར་པ་ཞེས་བྱ་བ་ཅུང་ཟད་ཀྱང་མི་སྐྱེ་སྟེ་འཆིང་བ་ལ་སོགས་པ་གསུམ་ལས་རྣམ་པར་གྲོལ་བའི་ཕྱིར་བརྗོད་དུ་མེད་པ་བཞིན་ནོ། །དེས་ན་རང་བཞིན་ལོག་པས་དེ་ལ་འགའ་ཞིག་གིས་ཀྱང་ཐར་པ་ཞེས་མི་བརྗོད་དོ། །དམ་མི་འཆའོ་ཞེས་བྱ་བའི་དོན་ཏོ་ཞེས་འཆད་དོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གང་སྡུག་བསྔལ་འདི་མ་ལུས་པར་རབ་ཏུ་སྤངས་ཤིང་། སྤངས་པ་བསལ་བ། ཟད་པ་འདོད་ཆགས་དང་བྲལ་བ་འགག་པ་ཉེ་བར་ཞི་བ། ནུབ་པ་སྡུག་བསྔལ་གཞན་ཡང་ཉིང་མཚམས་མི་སྦྱོར་བ་དང་། ཉེ་བར་མི་ལེན་པ་འདི་ནི་ཞི་བ། གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཕུང་པོ་ཀུན་སྤངས་པ། སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པའོ་ཞེས་གསུངས་ཏེ། ལུང་འདི་ལས་ན་རྣམ་པ་ཐམས་ཅད་དུ། །མྱ་ངན་འདས་ལ་ཕུང་པོ་རྣམས། །ཡོད་མིན་གང་ཟག་སྲིད་མ་ཡིན། །གལ་ཏེ་མྱ་ངན་ལས་འདས་པ་ལ་ཕུང་པོ་རྣམས་ཡོད་ཅིང་གང་ཟག་ཀྱང་ཡོད་ན་ནི་དེའི་ཚེ་དེ་དག་ཡོད་པའི་ཕྱིར་མྱ་ངན་ལས་འདས་པར་གྱུར་པ་དམིགས་པ་དང་མདོ་དང་འགལ་བ་དང་མྱ་ངན་ལས་འདས་པ་འཁོར་བ་ལས་མི་འདའ་བར་འགྱུར་རོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དེ་ལ་མྱ་ངན་ལས་འདས་པར་གྱུར་པ་འགའ་ཡང་མི་དམིགས་སོ། །དེའི་ཕྱིར། གང་དུ་མྱ་ངན་འདས་གྱུར་པ། །མ་མཐོང་དེར་མྱང་འདས་གང་ཞིག །མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པ་སྟེ་དེ་ཡང་དངོས་པོའི་ངོ་བོ་ཡིན་པའི་ཕྱིར་རྟེན་ལ་རག་ལས་སོ། །འདིའི་རྟེན་ཡང་མྱ་ངན་ལས་འདས་པར་གྱུར་པ་ཞིག་ལ། དེ་ཡང་ཕུང་པོ་རྣམས་སམ། གང་ཟག་ཡིན་ན། དེ་མེད་པས་རྟེན་མེད་པར་འགྱུར་ཏེ། ཕྱོགས་དེ་ལས་མྱ་ངན་ལས་འདས་པ་དེ་གང་ཞིག་ཡིན་པར་འགྱུར། རྣམ་པ་གཅིག་ཏུ་ན་མྱ་ངན་ལས་འདས་པ་དངོས་པོ་བདེན་པར་སྨྲ་བས་མྱ་ངན་ལས་འདས་པ་རྟོག་པ་ན་རྟེན་དུ་གྱུར་པ་ཞིག་གམ། བརྟེན་པར་གྱུར་པ་ཞིག་རྟོག་གྲང་། དེ་ལ་རེ་ཞིག་རྟེན་དུ་གྱུར་པ་ནི་མི་རུང་སྟེ། འདི་ལྟར། མྱ་ངན་འདས་པ་ཕུང་པོ་རྣམས། །ཡོད་མིན་གང་ཟག་སྲིད་མ་ཡིན། །དེ་དག་མེད་པས་གང་དུ་མྱ་ངན་ལས་འདས་པར་འགྱུར་བ་འགའ་ཞིག་ཀྱང་མ་དམིགས་པ་དེར་མྱ་ངན་ལས་འདས་པ་གང་ཞིག་ཏུ་འགྱུར། དེ་ལྟར་ན་རེ་ཞིག་མྱ་ངན་ལས་འདས་པ་རྟེན་དུ་གྱུར་པ་མི་སྲིད་དོ། །ཡང་གང་དུ་བརྟེན་པར་གྱུར་པ་ཡིན་པ་དེར་ཡང་ཉེས་པ་དེ་ཉིད་ཡིན་ཏེ། གང་གི་ཕྱིར། མྱ་ངན་འདས་ལ་ཕུང་པོ་རྣམས། །ཡོད་མིན་གང་ཟག་སྲིད་མ་ཡིན། །གང་དུ་མྱ་ངན་འདས་གྱུར་པ། །མ་མཐོང་དེ་མྱང་འདས་གང་ཞིག །རྟེན་མེད་པའི་བརྟེན་པ་མི་སྲིད་པའི་ཕྱིར་དེར་མྱ་ངན་ལས་འདས་པ་གང་ཞིག་ཏུ་འགྱུར། ཡོད་པ་མ་ཡིན་པ་ལ་ནི་རྟག་པ་ཉིད་རིགས་པ་མ་ཡིན་པས་དངོས་པོ་རྟག་པ་རྣམས་ཡོད་པ་མ་ཡིན་ནོ། །གྲངས་ཅན་པ་རྣམས་ནི་ཡོན་ཏན་དང་སྐྱེས་བུ་ཐ་དད་པར་ཤེས་པ་ལས་ཆེན་པོ་ལ་སོགས་པའི་འཇུག་པའི་རིམ་པ་ལོག་པས་རྣམ་པར་འགྱུར་བའི་ཚོགས་རྣམ་པ་ཐམས་ཅད་དུ་ཞི་བས་ཐར་པའི་གནས་སྐབས་ན་སྐྱེས་བུ་ཤེས་པ་ཡོད་པ་ཉིད་གནས་པའི་ཕྱིར་བདག་གྲོལ་བ་ཡོད་པ་མ་ཡིན་དང་། ཇི་སྐད་བརྗོད་པའི་ཉེས་པ་སྤངས་པས་ཐར་པར་རྟོག་པར་བྱེད་དོ། །དེ་དག་གི་དེ་ཡང་། སྲེད་དང་བྲལ་ལ་ཐར་བའི་ཚེ། །ཤེས་ཡོད་ཡོན་ཏན་ཅི་ཞིག་ཡོད། །གྲོལ་བར་གྱུར་པའི་སྐྱེས་བུ་ལ་ནི་ཐར་པའི་གནས་སྐབས་ན་ཤེས་པ་ཡོད་པ་ཉིད་ཡོད་པར་བརྟག་པར་མི་རིགས་སོ། །དེ་དག་གི་ལྟར་ན་བློས་ལྷག་པར་ཞེན་པའི་དོན་ལ་སྐྱེས་བུས་ཤེས་པར་བྱེད་ཅིང་། ཤེས་པ་ཡོད་པ་ཉིད་ཀྱང་མེའི་ཚ་བ་ཉིད་ཇི་ལྟ་བ་བཞིན་དུ་དེའི་རང་གི་ངོ་བོའོ་ཞེས་བྱ་བར་མངོན་པར་འདོད་ལ། དེ་ཡང་ཡུལ་ཇི་ལྟར་བསྟན་པ་ཡོངས་སུ་གཅོད་པའི་བདག་ཉིད་ཅན་ཡིན་ནོ། །རང་བཞིན་ནི་ཡུལ་ཉེ་བར་ལོངས་སྤྱོད་པའི་འདོད་པ་རིག་ཅིང་སྐྱེས་བུ་དང་ཐ་མི་དད་པར་རྟོགས་ནས་རིམ་གྱིས་དབང་པོའི་ཚོགས་འབྱུང་བ་ན་སྐྱེས་བུའི་ཡུལ་ཉེ་བར་ལོངས་སྤྱོད་པའི་རྒྱུ་ཡིན་ནོ། །གང་གི་ཚེ་ཡུལ་ཉེ་བར་ལོངས་སྤྱོད་པའི་སྐྱེས་བུ་ལ་འདོད་པ་ལོག་པ་དེའི་ཚེ་དེ་ལ་སྲེད་པ་ལྡོག་གོ །སྲེད་པ་ནི་འདོད་པ་ཡིན་ལ། སྲེད་པ་དང་བྲལ་བ་དེ་ལ་ནི་ཤེས་པ་ཡོད་པ་ཉིད་ཀྱིས་ཡོན་ཏན་འགའ་ཞིག་ཡོད་པ་ཡང་མ་ཡིན་ནོ། །དེས་ནི་དེའི་ཚེ་དོན་འགའ་ཡང་ཡང་དག་པར་མི་མྱོང་སྟེ། རྣམ་པར་འགྱུར་བའི་ཚོགས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་མཐའ་དག་རབ་ཏུ་ཞི་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གྲོལ་བའི་བདག་ལ་ཐར་པ་ཤེས་པ་ཡོད་པ་ཉིད་མི་རིགས་སོ། །འོ་ན་ནི་དེའི་ཚེ་སྐྱེས་བུ་ཤེས་པ་ཡོད་པ་མ་ཡིན་པར་འགྱུར་ལ་རག་གོ་ཞེ་ན། དེ་ལྟར་ན་ཡང་ཤེས་པ་མེད་པའི་ཡོད་པ་ཡང་། །གསལ་བར་ཡོད་པ་མིན་དང་མཚུངས་པ་མ་ཡིན་ནམ། ཤེས་པ་ཡོད་པ་ལས་ཐ་དད་མེད་པའི་རང་གི་ངོ་བོ་ཅན་གྱི་སྐྱེས་བུ་ལ་ཤེས་པ་ཡོད་པ་ཉིད་མེད་ན་ཤེས་པ་མེད་པ་ལ་གང་ཞིག་བདེན་པ་ཡོད་པར་བརྟགས་པ་དེ་ནི་ཆེས་གསལ་བར་ཡོད་པ་མ་ཡིན་པ་མོ་གཤམ་གྱི་བུ་ལ་སོགས་པ་དང་འདྲ་བ་ཞིག་གོ །ཅི་སྟེ་གྲོལ་བའི་གནས་སྐབས་ཅན་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཡོད་པའི་ཕྱིར་བདག་ཡོད་དོ་སྙམ་དུ་སེམས་ན་འདི་ཡང་སྙིང་པོ་མེད་པ་ཞིག་སྟེ། གང་གི་ཕྱིར། ཐར་པ་བདག་གཅིག་ཡོད་ན་ནི། །ཤེས་ཡོད་ས་བོན་སྲིད་པ་ཡོད། །གལ་ཏེ་གྲོལ་བའི་གནས་སྐབས་སུ་བདག་བརྟག་པར་ནུས་ན་ནི་དེའི་ཚེ་བདག་ཡོད་དང་དེའི་རྟེན་ཅན་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཡོད་པར་འགྱུར་བ་ཞིག་ན། དེའི་ཤེས་པ་ཡོད་པ་ཉིད་ཀྱི་རང་གི་ངོ་བོ་ཅན་ཡིན་པ་ཉིད་ཀྱི་ཕྱིར་དེ་མེད་པར་ཡོད་པ་མ་ཡིན་པས་རྟེན་མེད་པའི་ནུས་པ་ཡང་མི་སྲིད་དོ། །གཞན་ཡང་འབྱུང་བར་འགྱུར་བའི་དོན་ད་ལྟ་མི་ཉེ་བའི་ཕྱིར་འགའ་ཡང་ནུས་པའི་ཁྱད་པར་ཡོད་པ་ཉིད་དུ་བརྟག་པ་མཛེས་པར་མི་འགྱུར་ལ་གྲོལ་བའི་བདག་ལ་གང་ཤེས་པ་ཡོད་པ་ཉིད་ཀྱི་འཇུག་པ་རང་འབྱུང་བར་འགྱུར་བ་ནི་སྲིད་པ་ཡང་མ་ཡིན་ནོ། །འདིའི་ཕྱིར་ཡང་སེམས་པ་ཅན་གྱི་ས་བོན་ཡོད་པ་མ་ཡིན་པས་བདག་མེད་དོ། །གལ་ཏེ་ཐར་པར་གྲོལ་བར་གྱུར་པ་འགའ་ཡང་མེད་པས་ཐར་པ་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་སྲིད་པ་འདི་མི་འཇིག་པར་འགྱུར་རོ་ཞེས་མི་འདོད་པ་མང་པོ་ཞིག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ཤེས་པ་ཡོད་པའི་འཇུག་པ་དང་། དེའི་ནུས་པ་གཉིས་དངོས་པོ་བདེན་པར་ཡོད་ན་ནི་ཇི་སྲིད་འཇུག་པ་ཡོད་པ་ཞིག་གམ་འོན་ཏེ་མེད་པ་ཞིག་སྙམ་དུ་ཐེ་ཚོམ་ཟ་བར་འགྱུར་བ་ཞིག་ན། གང་གི་ཚེ་རྟེན་མེད་པས་དེ་དག་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པ་དེའི་ཚེ། དེ་མེད་ན་ནི་སྲིད་པ་ལ། བསམ་པའམ་ཡོད་པ་མ་ཡིན་ནོ། །མྱུ་གུ་ལ་སོགས་པའི་ནུས་པའི་རྟེན་ས་བོན་ཚིག་པར་གྱུར་ན་མྱུ་གུ་ལ་སོགས་པའི་རྒྱུན་མི་འཇུག་པ་བཞིན་དུ་རྣམ་པ་ཐམས་ཅད་དུ་བདག་གི་རྒྱུན་ཙམ་ཞིག་ཀྱང་མི་འཇུག་པས་ཐར་པར་རིགས་སོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ་དེའི་ཕྱིར། སྡུག་བསྔལ་ལས་ཐར་མི་རྣམས་ལ། །གཞན་ལས་ཡོད་པ་མིན་པར་ངེས། །དེའི་ཕྱིར་རྣམ་པ་ཀུན་ཏུའང་བདག །ཟད་པ་ལེགས་ཞེས་བྱ་བར་བརྗོད། །སྡུག་བསྔལ་ལས་གྲོལ་བ་ནི་སྡུག་བསྔལ་ཡང་མི་འབྱུང་བ་ཡིན་ནོ། སྡུག་བསྔལ་ཡང་སྐྱེ་བ་དང་འགག་པའི་ཆོས་ཅན་གྱི་འདུ་བྱེད་ལས་དང་ཉོན་མོངས་པས་བསྐྱེད་པ་རྣམས་ཡིན་ལ། དེ་རྣམས་ལ་བརྟེན་ནས་ཀྱང་གང་ཟག་ཏུ་འདོགས་ཏེ། དེ་ནི་བདག་ཡིན་ནོ། །སྡུག་བསྔལ་འགགས་ན་ནི་དེ་དང་གྲུབ་པ་དང་བདེ་བ་གཅིག་པའི་ཉེ་བར་ལེན་པ་བ་བདག་རྣམ་པ་ཐམས་ཅད་དུ་ཕྱིས་མི་འབྱུང་བའི་བདག་ཉིད་ཀྱིས་ཟད་པ་གང་ཡིན་པ་དེ་ཉིད་ལེགས་པའོ་ཞེས་བྱ་བ་གྲོལ་བའི་བདག་ཡོད་པ་ནི་མ་ཡིན་ནོ། །དེ་ནི་རེ་ཞིག་རྒྱུ་མེད་པ་ཅན་ཉིད་ཀྱི་ཕྱིར་རང་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །དེའི་རང་གི་ངོ་བོ་ཡོད་ན་ཡང་དེ་རྟག་པ་ཉིད་ཀྱིས་རྣམ་པར་མི་འགྱུར་བའི་ཕྱིར་བཅིངས་པ་དང་། ཐར་པ་གཉིས་ལ་ཁྱད་པར་མེད་པས་སྔ་མ་བཞིན་དུ་འཁོར་བ་ལྡོག་པར་མི་འགྱུར་རོ། །ཁྱད་པར་ཁས་ལེན་ན་ཡང་རྣམ་པར་འགྱུར་བ་ཡོད་པའི་ཕྱིར་མི་རྟག་པར་འགྱུར་ལ། དེའི་ཕྱིར་རྒྱུ་དང་ལྡན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་སྡུག་བསྔལ་གྱི་རྒྱུ་དང་འདྲ་བ་ཉིད་དང་རང་གི་རྩོད་པ་བཏང་བར་འགྱུར་རོ། །དེའི་ཕྱིར་འདིས་བདག་ཁས་བླངས་པར་མི་རིགས་སོ། །གང་ཞིག་གཞན་ལ་བསྟན་པར་མི་ནུས་པ་དང་། བཤད་ཟིན་པའི་སྐྱོན་གྱིས་ཁས་བླངས་ནས་ཀྱང་ཡོངས་སུ་དོར་བར་བྱ་བ་ཡིན་པ་དེ་ནི་ཁས་བླངས་པ་ཅི་ཞིག་དགོས་དེའི་ཕྱིར་བདག་ཏུ་སྨྲ་བ་དོར་བར་བྱའོ། །གལ་ཏེ་དེ་ལྟར་གྲོལ་བའི་གནས་སྐབས་ན་གྲོལ་བའི་བདག་ཀྱང་ཡོད་པ་མ་ཡིན་ལ། དོན་དམ་པའི་མིང་ཅན་མྱ་ངན་ལས་འདས་པ་ན་ཡང་འདུ་བྱེད་རྣམས་སླར་མི་འབྱུང་བས་གཏན་ཡོངས་སུ་ཟད་པའི་ངོ་བོར་སྨྲ་ན་ནི་དེའི་ཕྱིར་དེ་དང་འདྲ་བའི་དམ་པའི་དོན་འདི་དོན་དུ་གཉེར་བས་ཅི་ཞིག་བྱ། དེའི་ཕྱིར་བདག་ལེགས་སུ་འདོད་པ་ལ། འཇིག་རྟེན་པ་འདི་ཉིད་བླ་ཡི། །དོན་དམ་རྣམ་ཀུན་མ་ཡིན་ཏེ། །འཇིག་རྟེན་པ་ལ་ཅུང་ཟད་ཡོད། །དམ་པའི་དོན་ལ་ཡོད་མ་ཡིན། །བདག་ལེགས་སུ་འདོད་པ་ནི་མིག་ནད་བྱུང་དུ་དོགས་པས་མིག་འབྱིན་པ་རྗེས་སུ་མི་སྒྲུབ་ཀྱི། ནད་སེལ་བ་ཁོ་ན་བྱེད་པ་དེ་བཞིན་དུ་འཁོར་བའི་སྡུག་བསྔལ་ལ་ཡིད་བྱུང་བས་ཀྱང་སྡུག་བསྔལ་ཙམ་བཏང་བ་ཁོ་ན་ཆོག་གི་ཐམས་ཅད་མེད་པ་མ་ཡིན་ནོ། །ཐམས་ཅད་མེད་པར་གྱུར་ན་ནི་བདེ་བ་ཡང་རྣམ་པ་ཐམས་ཅད་དུ་གཅད་པས་འདིས་བདག་ལ་ཕན་ཅུང་ཟད་ཀྱང་བཏགས་པར་མི་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་པ་འདི་ཉིད་བླའི། འཇིག་རྟེན་པ་དེར་ནི་ཁྱོད་ཀྱིས་ཅུང་ཟད་ཅིག་ཁས་ལེན་ཏེ་གང་མིག་ལ་སོགས་པ་དང་། མྱུ་གུ་ལ་སོགས་པའམ་བརྟེན་ནས་བཏགས་པ་བུམ་པ་དང་། སྣམ་བུ་དང་། རེ་ལྡེ་དང་། ཁྱིམ་དང་། ནགས་དང་། དམག་དང་། ཀུན་དགའ་ར་བ་དང་། གཞོན་པ་དང་། གྲུ་ལ་སོགས་པ་རྣམས་སོ། །ཅུང་ཟད་ཅིག་ནི་ཁས་མི་ལེན་ཏེ། གང་མུ་སྟེགས་ཅན་རྣམས་ཀྱིས་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པ་དང་། དངོས་པོ་རྣམས་རང་བཞིན་དང་བཅས་པའོ། །ཡང་ན་གང་དགེ་བ་དང་མི་དགེ་བ་ལ་སོགས་པའི་ལས་འདས་པ་འབྲས་བུ་མ་བྱུང་བ་དང་། བདེ་བའི་འབྲས་བུ་མ་འོངས་པའམ། འདུ་བྱེད་ད་ལྟར་བྱུང་བ་རྣམས་ཏེ། དེ་ལྟ་བུ་འདི་ནི་ཁྱོད་འཇིག་རྟེན་པ་ལ་ཡོད་ལ། དེ་ལས་ལྷག་མར་གྱུར་པ་ནི་ཡོད་པ་མ་ཡིན་པས་གང་དུ་ཐམས་ཅད་མེད་པ་མ་ཡིན་པ་འཇིག་རྟེན་པ་འདི་བླའི་དོན་དམ་པ་ནི་མཆོག་མ་ཡིན་ཏེ། གཏན་དུ་ཡང་བདག་ཡོད་པ་མ་ཡིན་པའི་ཕྱིར་རོ། །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་ཀྱིས་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དངོས་པོ་རྟག་པ་དགག་པ་བསྒོམ་པའི་ཏིང་ངེ་འཛིན་བསྟན་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་དགུ་པའི་འགྲེལ་པའོ།།    །།བཤད་པར་བྱ་སྟེ། གལ་ཏེ་བདག་ཅེས་བྱ་བ་འགའ་ཞིག་རང་གི་ངོ་བོས་ཡོད་ན་ནི་དེ་མྱ་ངན་ལས་འདས་པར་ཐམས་ཅད་དུ་ཆད་པ་མཐོང་བའི་ཕྱིར་བདག་མེད་དོ། །འབྱུང་བར་ཡང་མི་འགྱུར་རོ། །བདག་གི་བ་མེད་དོ། །འབྱུང་བར་མི་འགྱུར་རོ་སྙམ་དུ་དོགས་པ་ལ། འཇིག་རྟེན་པ་ཉིད་འདི་བླའི་ཞེས་བྱ་བ་ལ་སོགས་པ་འདི་དེ་ལྟར་འགྱུར་བ་ཞིག་ན། བདག་ནི་རང་གི་ངོ་བོས་སྲིད་པ་ཡང་མ་ཡིན་ནོ། །གལ་ཏེ་ཡོད་ན་ནི་དེ་ངེས་པར་བུད་མེད་ཉིད་དམ། སྐྱེས་པ་ཉིད་དམ། མ་ནིང་ཞིག་ཏུ་འགྱུར་གྲང་སྟེ། དེ་ལས་གཞན་པའི་རྟོག་པ་མེད་པའི་ཕྱིར་རོ། །མུ་སྟེགས་ཅན་རྣམས་ནི་བདག་རྣམ་པ་གཉིས་སྨྲ་བར་བྱེད་དེ། འདི་ལྟ་སྟེ། ནང་གི་བདག་དང་། ཕྱིའི་བདག་གོ །དེ་ལ་ནང་གི་བདག་ཅེས་བྱ་བ་ནི་གང་ཞིག་ལུས་ཀྱི་ཁོང་ན་རྣམ་པར་གནས་ཤིང་། དེའི་དབང་པོའི་ཚོགས་དེ་དང་དེར་རབ་ཏུ་འཇུག་པར་བྱེད་པའོ། །ནང་གི་བྱེད་པའི་སྐྱེས་བུ་འགྲོ་བའི་ངར་འཛིན་པའི་རྒྱུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ལས་ཀྱི་འབྲས་བུའི་ཟ་བ་པོ་རྒྱུད་རེ་རེ་ཞིང་རྣམ་པར་རྟོག་པ་དུ་མའི་དབྱེ་བས་ཕྱེ་བའོ། །ཕྱིའི་བདག་ནི་ལུས་དང་དབང་པོ་འདུས་པའི་ངོ་བོ་ཅན་ནང་གི་བདག་ལ་ཕན་འདོགས་པའོ། །དེ་ལ་རེ་ཞིག་ནང་གི་བདག་གང་ཡིན་པ་དེ་གལ་ཏེ་བུད་མེད་ཉིད་དུ་རྟོག་ན་ནི་དེའི་ཚེ་རང་གི་ངོ་བོ་མི་འདོར་བའི་ངོ་བོ་ཅན་ཡིན་པའི་ཕྱིར་ཚེ་གཞན་དུ་བརྗེས་ཀྱང་རྟགས་གཞན་ལ་མི་བརྟེན་པས་རྟག་ཏུ་བུད་མེད་ཉིད་དུ་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ། འཆོལ་བ་དམིགས་པའི་ཕྱིར་དང་། བུད་མེད་ཉིད་ལ་སོགས་པ་རྣམས་བདག་གི་ཡོན་ཏན་ཉིད་དུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། འདོད་ཆགས་ཤིན་ཏུ་འབར་བའི་སེམས་དང་ནི། །ལུས་ངག་དབང་པོའི་བློ་དང་ལས་རྣམས་ཀྱིས། །བུད་མེད་བཞིན་དུ་འཁྲིག་པའི་ནང་འཇུག་པ། །མི་མཁས་དེ་ནི་གཞན་དུ་བུད་མེད་འགྱུར། །དེ་ནི་སྐྱེས་དངོས་ཕུན་ཚོགས་ཕན་བསམ་པས། །དེ་བཞིན་གཤེགས་པའི་སྐུ་དང་རྣམ་པ་བརྒྱར། །བུད་མེད་ཉིད་ལ་ཡང་དག་སྨད་བྱས་ནས། །ཕ་རོལ་ཏུ་ནི་མི་ཉིད་མཆོག་ཏུ་འགྱུར། །ཞེས་བཤད་དོ། །དེ་བཞིན་དུ་སྐྱེས་པ་ཉིད་དང་མ་ནིང་ཉིད་ལ་ཡང་བརྗོད་པར་བྱའོ། །དེའི་ཕྱིར་དེ་ལྟར། གང་ཚེ་ནང་བདག་བུད་མེད་ཡིན། །སྐྱེས་མིན་མ་ནིང་མ་ཡིན་པ། །དེ་ཚེ་མི་ཤེས་འགའ་ཞིག་ལས། །ཁྱོད་བདག་ཕོ་བོ་སྙམ་དུ་སེམས། །ཕོ་བོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་བདག་ནི་བུད་མེད་དོ། །བདག་ནི་མ་ནིང་ངོ་སྙམ་པས་འདི་ཐམས་ཅད་མི་ཤེས་པ་ལས་འགྱུར་རོ། །རྣམ་པར་དཔྱད་པ་ན་དངོས་པོ་ཡོད་པ་ལ་དེ་ལྟར་གྲུབ་པ་མེད་པའི་ཕྱིར་དེ་ལྟར་ཡོངས་སུ་རྟོགས་པ་ལ་མི་ཤེས་པ་ལས་མ་རྟོགས་པའི་རྒྱུ་གཞན་མི་རིགས་ཏེ། ཐག་པའི་རང་གི་ངོ་བོ་ཡོངས་སུ་མི་ཤེས་ན་སྦྲུལ་དུ་ལྷག་པར་སྒྲོ་འདོགས་པ་ཡིན་ནོ་སྙམ་དུ་དགོངས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མི་རྟག་སྐྱེ་ཞིང་འཆི། །ཞེས་གསུངས་སོ། །ཅི་སྟེ་སྐྱེས་པ་དང་བུད་མེད་དང་མ་ནིང་ཉིད་འདི་དག་ནི་ཕྱིའི་བདག་གི་རྟག་ཡིན་ཏེ། དེ་དང་འབྲེལ་པ་ལས་ནང་གི་བདག་ཀྱང་རྟག་གོ་སྙམ་དུ་སེམས་ན། འདི་ནི་དེ་ལྟ་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདིར་ནམ་མཁའ་ལ་འབྱུང་བ་ཆེན་པོ་ཉིད་མི་རིགས་པའི་ཕྱིར་འབྱུང་བ་ཆེན་པོ་དག་ནི་བཞི་ཁོ་ནའོ། །ཡང་གང་གི་ལྟར་ན་འབྱུང་བ་ཆེན་པོ་དག་ནི་ལྔ་ཡིན་པ་དེ་ཡང་དེའི་ནམ་མཁའ་ལས་རྩོམ་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་འབྱུང་བ་ཆེན་པོ་བཞི་ཁོ་ན་རྒྱུའི་དངོས་པོར་འགྱུར་ན། དེ་དག་ལ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་རྣམས་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་ནི་དེའི་ཚེ་དེ་དག་གི་རང་བཞིན་གྱིས་རྗེས་སུ་བྱེད་པའི་ཕྱིར་ལུས་ཐམས་ཅད་རྟགས་ངེས་པ་ཉིད་དུ་འགྱུར་ལ། ནུར་ནུར་པོ་ལ་སོགས་པ་ཡང་རྟགས་དམིགས་པར་འགྱུར་ན། འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར། གང་ཚེ་འབྱུང་བ་ཐམས་ཅད་ལ། །ཕོ་མོ་མ་ནིང་ཡོད་མིན་པ། །དེ་ཚེ་ཅི་སྟེ་དེ་དག་ཉིད། །བརྟེན་ནས་ཕོ་མོ་མ་ནིང་ཡིན། །གང་རང་གི་ངོ་བོས་རྟགས་དང་བྲལ་བའི་འབྱུང་བ་ཆེན་པོ་དག་ལ་བརྟེན་ནས་ལུས་རྣམས་ལ་བུད་མེད་ཉིད་ལ་སོགས་པ་འབྱུང་བར་འགྱུར་བ་འདི་ལ་རྒྱུ་ཅི་ཞིག་ཡོད། དེ་ཕྱིར་དེ་ལྟར་ཕྱིའི་བདག་ལ་ཡང་བུད་མེད་དང་སྐྱེས་པ་དང་མ་ནིང་ཉིད་རྣམས་མི་རིགས་པའི་ཕྱིར་ཁྱོད་ཀྱིས་བདག་ནི་སྐྱེས་པའོ། །བདག་ནི་བུད་མེད་དོ། །བདག་ནི་མ་ནིང་ངོ་སྙམ་པའི་བསམ་པ་འདི་ནི་མི་ཤེས་པ་ལས་ཡིན་པ་འབའ་ཞིག་ཏུ་ཟད་དོ། །གང་དག་ཁྲི་དང་ལྗོན་ཤིང་དག་ལ་ནུ་མ་ལ་སོགས་པ་དང་སྤུ་མང་བ་ཉིད་ལ་སོགས་པ་རྒྱུ་མཚན་མེད་པས་རྣམ་པ་གཞན་དུ་བུད་མེད་ཉིད་ལ་སོགས་པ་རྣམས་སུ་རྟོག་པར་བྱེད་པ་དེ་དག་གི་ཡང་རྟོག་པ་ཙམ་བཟློག་པར་བྱ་བ་མ་ཡིན་ནོ་ཁྱོད་ལ་ཡང་ཐལ་བར་འགྱུར་བ་མཚུངས་སོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། ཁོ་བོའི་ལྟར་ན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་ལ། རང་བཞིན་མེད་པ་ལ་ནི་རི་མོ་དང་ལྡེར་སོ་དང་། འཁྲུལ་འཁོར་དང་། སྒྱུ་མའི་བུད་མེད་ལ་སོགས་པའི་གཟུགས་ལྟར་རྐྱེན་ཇི་ལྟ་བ་བཞིན་དུ་རྣམ་པ་གཞན་དུ་འགྱུར་བར་མི་རིགས་པ་ཡང་མ་ཡིན་པས་ཉེས་པ་མེད་དོ། །བཅོམ་ལྡན་འདས་ཀྱིས། བརྟན་པ་མོ་ཞེས་མི་སྤྱོད་ཅིང་། །ཕོར་ཡང་རྟོག་པ་མི་བྱེད་དེ། །ཆོས་ཀུན་སྐྱེ་བ་མེད་པའི་ཕྱིར། །བཙལ་ན་མཐོང་བར་མི་འགྱུར་རོ། །ཞེས་གསུངས་སོ། །རང་བཞིན་དང་བཅས་པར་སྨྲ་བའི་ལྟར་ན་ནི་རང་བཞིན་ལ་གཞན་དུ་འགྱུར་བ་ཉིད་མི་སྲིད་པའི་ཕྱིར་རང་བཞིན་ཇི་ལྟ་བ་བཞིན་དུ་རྟག་པར་ངེས་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་བདག་ནི་སྐྱེས་པའོ་སྙམ་པ་དེ་ལྟ་བུ་ལ་སོགས་པའི་རྟོག་པ་རྣམས་གཏི་མུག་ཙམ་ལས་འབྱུང་བའི་ཕྱིར་རྟགས་དང་ལྡན་པའི་བདག་རང་བཞིན་ཡོད་པ་ཉིད་མི་རིགས་སོ། །འདི་ལས་ཀྱང་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་བདག་རང་གི་ངོ་བོས་ཡོད་ན་ནི་དེ་ཇི་ལྟར་གཅིག་གི་ངར་འཛིན་པའི་རྒྱུར་དམིགས་པ་ཡིན་པ་དེ་བཞིན་དུ་ཐམས་ཅད་ཀྱི་ཡང་ངར་འཛིན་པའི་རྒྱུ་དམིགས་པར་འགྱུར་ཏེ། འཇིག་རྟེན་ནི་མེའི་རང་བཞིན་ཚ་བ་འགའ་ཞིག་ལ་མི་ཚ་བར་མི་འགྱུར་རོ། །དེ་བཞིན་དུ་བདག་གལ་ཏེ་རང་གི་ངོ་བོས་ཡོད་པར་འགྱུར་ན་ནི་དེ་ཐམས་ཅད་ཀྱི་བདག་དང་ངར་འཛིན་པའི་ཡུལ་དུ་འགྱུར་ན་འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །འདི་ལྟར། ཁྱོད་ཀྱི་བདག་གང་ང་བདག་མིན། །དེས་དེ་བདག་མིན་མ་ངེས་ཕྱིར། །ཁྱོད་ཀྱི་བདག་དང་ཁྱོད་ཀྱི་ངར་འཛིན་པའི་ཡུལ་དང་བདག་ཏུ་ཆགས་པའི་ཡུལ་གང་ཡིན་པ་དེ་ཉིད་ནི་ཁོ་བོའི་བདག་ཏུ་མི་འགྱུར་ཏེ། ཁོ་བོ་ཅག་གི་ངར་འཛིན་པའི་ཡུལ་མ་ཡིན་པའི་ཕྱིར་དང་། བདག་ཏུ་ཆགས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེས་དེ་བདག་མིན་མ་ངེས་ཕྱིར། །གང་ཞིག་ངེས་པར་བདག་གི་བདག་ཏུ་མི་འགྱུར་བ་དེ་ན་རང་བཞིན་གྱིས་ཡོད་པ་མ་ཡིན་པས་ཡོད་པ་མ་ཡིན་པའི་དོན་ཅན་བདག་ཏུ་ལྷག་པར་སྒྲོ་བཏགས་པ་འདི་དོར་བར་བྱའོ། །གལ་ཏེ་བདག་མེད་ན་ནི་འོ་ན་ངར་འཛིན་པ་དང་བདག་ལ་ཆགས་པ་འདི་གཉིས་གང་ཞིག་ལ་འགྱུར་ཞེ་ན། བཤད་པ། དངོས་པོ་མི་རྟག་པ་རྣམས་ལ། །རྟོག་པ་སྐྱེས་པར་འགྱུར་མིན་ནམ། །ཇི་སྐད་བཤད་པའི་ཚུལ་གྱིས་ཕུང་པོ་ལས་ཐ་དད་པའི་བདག་རང་གི་ངོ་བོས་གྲུབ་པ་རྣམ་པ་ཐམས་ཅད་དུ་མ་དམིགས་པའི་ཕྱིར་དངོས་པོ་མི་རྟག་པ་གཟུགས་ལ་སོགས་པའི་མིང་ཅན་རང་བཞིན་མེད་པ་རྣམས་ལ་བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། ཤེད་ལས་སྐྱེས་དང་། བྱེད་པ་པོ་དང་། ཚོར་བ་པོ་ཞེས་བྱ་བ་ལ་སོགས་པ་བདག་གོ་སྙམ་དུ་ལོག་པར་རྟོག་པར་བྱེད་དོ། །ཇི་ལྟར་བུད་ཤིང་ལ་བརྟེན་ནས་མེ་ཡིན་པ་དེ་བཞིན་དུ་ཕུང་པོ་རྣམས་ལ་བརྟེན་ནས་བདག་ཏུ་འདོགས་ལ། དེ་ཡང་ཕུང་པོ་རྣམས་ལས་དེ་ཉིད་དང་། གཞན་ཉིད་དུ་རྣམ་པ་ལྔར་ངེས་པར་དཔྱད་པ་ན་རང་གི་ངོ་བོས་ཡོད་པ་མ་ཡིན་པས་བརྟེན་ནས་ཡོངས་སུ་བརྟགས་པ་ཞིག་སྟེ། དེ་ལྟར་ན་འདུ་བྱེད་ནི་མི་རྟག་པ་རྣམས་ལ་བདག་ཏུ་རྟོགས་པར་འགྱུར་རོ་ཞེས་བྱ་བར་གནས་སོ། །འདིར་བདག་ནི་རང་བཞིན་གྱིས་ཡོད་པ་ཁོ་ན་སྟེ་འཇུག་པ་དང་ལྡོག་པའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་མེད་ན་ནི་སུ་ཞིག་དགེ་བའམ་མི་དགེ་བའམ་མི་གཡོ་བའི་ལས་བྱས་ནས་དེའི་འབྲས་བུ་མྱོང་བར་བྱེད། དེས་ནི་དགེ་བའམ་མི་དགེ་བའམ་མི་གཡོ་བའི་ལས་བྱས་ནས་རིགས་དང་འགྲོ་བ་དང་སྐྱེ་གནས་ལ་སོགས་པའི་དབྱེ་བས་ཕྱེ་བའི་ཁམས་གསུམ་དུ་ལས་དང་རྗེས་སུ་མཐུན་པའི་སྐྱེ་བའི་རྒྱུན་རབ་ཏུ་དབྱེ་བ་མཐའ་ཡས་ཤིང་བདེ་བ་དང་སྡུག་བསྔལ་བའི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་རྒྱུར་གྱུར་པ་ཐོབ་ལ། དེ་ནི་མངོན་པར་འདུ་བྱེད་པ་པོ་དང་། སོ་སོར་མྱོང་བར་བྱེད་པ་པོ་ཡང་ཡིན་ཞིང་། དེ་ནི་གསོད་པ་དང་། གནོད་པ་དང་། རེག་པ་དང་། བཅིང་བ་དང་། གྲོལ་བར་ཡང་འགྱུར་རོ། །དེའི་ཕྱིར་བདག་རང་གི་ངོ་བོས་ཡོད་དོ་ཞེས་འཛེར་ཏོ། །ཡང་ཅི་བདག་འདི་ཚེ་རབས་གཞན་དུ་ལུས་ཀྱི་ཁྱད་པར་གྱི་རྣམ་པར་འགྱུར་བའི་རྗེས་སུ་བྱེད་དམ། འོན་ཏེ་མ་ཡིན། གལ་ཏེ་རྗེས་སུ་མི་བྱེད་ན་ནི་དེའི་ཚེ་ཅུང་ཟད་ཀྱང་མི་བྱེད་པའི་བདག་ཏུ་ཡོངས་སུ་བརྟགས་པ་འདིས་ཅི་དགོས་ཏེ། ཅི་སྟེ་རྗེས་སུ་བྱེད་ན་ནི་དེའི་ཚེ་ངེས་པར་ཁྱོད་ལ། སྐྱེས་དང་སྐྱེ་བ་སྐྱེས་བུ་ནི། །ལུས་བཞིན་རྣམ་པར་འགྱུར་བར་འགྱུར། །དེའི་ཕྱིར། ཁྱོད་ཀྱི་དེ་ལ་ལུས་ལས་གཞན། །ཉིད་དང་རྟག་ཉིད་མི་རིགས་སོ། །འདི་ནི་ལུས་ལས་གཞན་མ་ཡིན་ཏེ། ལུས་ཀྱི་རྣམ་པར་འགྱུར་བའི་རྗེས་སུ་བྱེད་པའི་ཕྱིར་ཏེ། ལུས་ཀྱི་ཕྱོགས་གཅིག་བཞིན་ནོ། །རྟག་པ་ཡང་མ་ཡིན་ཏེ། ལུས་ལས་གཞན་མ་ཡིན་པའི་ཕྱིར་ལུས་ཀྱི་རང་གི་བདག་ཉིད་བཞིན་ནོ། །དེའི་ཕྱིར་བདག་ཏུ་སྒྲོ་འདོགས་པར་མི་རིགས་ཏེ། དེས་ནི་འདུ་བྱེད་སྐད་ཅིག་རེ་རེར་འཇིག་པའི་ངང་ཅན་རྣམས་ལ་གནས་པ་མེད་པས། ལས་ཀྱི་འབྲས་བུ་མྱོང་བར་བྱ་བའི་ཕྱིར་བདག་རྟག་པར་རྟོགས་སོ། །གང་གི་ཚེ་བདག་རྟག་པ་དེ་མི་རིགས་པ་དེའི་ཚེ་ངེས་པར་འདིས་འདུ་བྱེད་ཀྱི་རྒྱུན་སྐད་ཅིག་རེ་རེར་འཇིག་པ་ཁོ་ན་ལ་ལས་དང་འབྲས་བུ་ལ་སོགས་པ་ཐམས་ཅད་ཁས་བླང་བར་བྱའོ། །འདིར་སྨྲས་པ། གལ་ཏེ་བདག་རང་གི་ངོ་བོས་གྲུབ་པར་མི་འགྱུར་ན་ནི་དེའི་ཚེ་ལུས་ཀྱི་གཡོ་བ་བསྐུམ་པ་དང་བརྐྱང་བ་ལ་སོགས་པ་རྣམས་ཀྱི་འཇུག་པ་པོ་གང་ཞིག་འགྱུར། སྐུལ་བ་པོ་མེད་པའི་ཤིང་རྟ་ནི་རྒྱུ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་གདོན་མི་ཟ་བར་ཤིང་རྟའི་སྐུལ་བ་པོ་ལྷ་སྦྱིན་ལྟར་ལུས་ཀྱི་གཡོ་བའི་རྒྱུ་ནང་གི་བྱེད་པའི་སྐྱེས་བུ་འགའ་ཞིག་ཁས་བླང་བར་བྱའོ། །འདི་ལ་ཡང་མི་རིགས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། རེག་དང་མི་ལྡན་དངོས་པོ་ལས། །བསྐུལ་བ་ཞེས་བྱ་མི་སྐྱེ་སྟེ། །དེ་ཕྱིར་ལུས་ཀྱི་བྱ་བ་ལ། །སྲོག་ནི་བྱེད་པ་པོར་མི་འགྱུར། །ཤིང་རྟ་ནི་རིག་པ་དང་མི་ལྡན་པའི་དོན་འགས་ཀྱང་བསྐུལ་བར་མི་ནུས་ཏེ། རེག་པ་དང་ལྡན་པ་དེ་ཁོ་ནས་དེ་བསྐུལ་བའི་ཕྱིར་རོ། །ཁྱེད་ཅག་གིས་ཡོངས་སུ་བརྟགས་པའི་བདག་ཀྱང་རེག་པ་དང་མི་ལྡན་པ་ཞིག་སྟེ། དུས་ལྟར་ལུས་མེད་པའི་ཕྱིར་ཅི་ལ་ཡང་མི་རིག་ཅིང་དོན་འགའ་ཞིག་གིས་རེག་པ་ཡང་མ་ཡིན་ནོ། །གང་གི་ཚེ་འདི་དེ་ལྟར་ཡིན་པ་དེའི་ཚེ། གང་ལ་ལུས་ཀྱི་གཡོ་བའི་རྒྱུ་ཉིད་ཀྱིས་འདི་ཡོད་པ་ཉིད་དུ་རྗེས་སུ་དཔོག་པར་འགྱུར་བར་རེག་པ་དང་མི་ལྡན་པའི་དངོས་པོ་འདི་ལས་བསྐུལ་བ་སྟེ། སྦོད་པ་འབྱུང་བར་ཇི་ལྟར་འགྱུར། །གཞན་ཡང་བདག་འདི་ནི་ཕྱོགས་མེད་པའི་ཕྱིར་རེག་པ་དང་མི་ལྡན་ནོ། །གང་ཞིག་ཕྱོགས་དང་མི་ལྡན་པ་དེ་ལ་ནི་སྦྱོར་བ་ཡོད་པ་མ་ཡིན་ལ། སྦྱོར་བ་དང་བྲལ་བ་ལ་ནི་བསྐུལ་བ་ཡོད་པ་མ་ཡིན་པས་བྱ་བ་དེ་དང་ལྡན་པ་ཉིད་ཀྱིས་དེ་ཡོད་པ་ཉིད་དུ་ཁས་བླང་བར་མི་རིགས་སོ། །གལ་ཏེ་དེ་ཁོ་ན་ལྟར་སེམས་ལ་ཡང་ལུས་ཀྱི་གཡོ་བའི་རྒྱུ་ཉིད་མི་རིགས་པའི་ཕྱིར་ཁྱོད་ལ་ཡང་ཉེས་པ་འདིར་འགྱུར་བ་མ་ཡིན་ནམ། སེམས་མ་གཏོགས་པར་འགྲོ་སོགས་ལ། །གང་ཕྱིར་བསོད་ནམས་ལ་སོགས་པ། །མ་མཐོང་དེ་ཕྱིར་ལས་ཀུན་ལ། །ཡིད་ནི་དོན་པོར་བརྗོད་པར་བྱ། །ཞེས་གོང་དུ་སྨྲས་པ་ཡང་ཡིན་ནོ། །དེའི་ཕྱིར་སྐྱོན་མཚུངས་པར་ཐལ་བར་འགྱུར་བའི་ཕྱིར་སུན་འབྱིན་པ་འདི་ནི་མི་རིགས་སོ་ཞེ་ན་བཤད་པར་བྱ་སྟེ། ཁོ་བོས་ནི་སེམས་རེག་པ་དང་མི་ལྡན་པ་ཉིད་དུ་ཁས་མ་བླངས་སོ། །འདི་ལྟར། ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་རེག་པའི་མཚན་ཉིད་ཅན་སེམས་ལས་བྱུང་བའི་ཆོས་ཡོད་པའི་ཕྱིར་རྣམ་པར་ཤེས་པ་ལུས་དང་ལྡན་པ་ཁོ་ན་ཡིན་ཞིང་ལུས་ཀྱི་གཡོ་བའི་རྒྱུ་ཡིན་ནོ། །ཁྱོད་ཀྱིས་ནི་དེ་ལྟར་བདག་རེག་པ་དང་ལྡན་པར་ཁས་མ་བླངས་པས་མི་མཚུངས་སོ། །ཡང་ན་ཁོ་བོས་སེམས་དངོས་པོ་མཐའ་དག་སྐྱེ་བའི་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་དེས་ཀུན་ནས་བསླང་བའི་རླུང་གི་ཁམས་རེག་པ་དང་ལྡན་པ་ཡིན་ལ། དེས་བསྐུལ་བ་ན་ལུས་དེ་ལྟ་དེ་ལྟར་སྐྱེས་པས་གཡོ་བ་ཡིན་ནོ་ཞེས་བྱ་བར་རིགས་སོ། །འདིར། འདུན་པའི་རྩོལ་བའི་འདུ་བྱེད་ལས། །སྐྱེས་པའི་རླུང་ཅན་ཡུལ་གཞན་དུ། །རྣམ་ཆད་མེད་པར་སྐྱེ་བ་ནི། །འགྲོ་བ་པོ་ཡི་མར་མེ་བཞིན། །ཞེས་ཀྱང་བཤད་དོ། །ཅིས་ཏེ་ཁྱད་པར་འདིས་བདག་ལ་ཡང་རྟོག་ན་ནི་དེའི་ཚེ་འདི་སྐད་ཅིག་མ་ཉིད་དུ་ཁས་བླང་བར་བྱ་སྟེ། རྟག་པ་ལ་རྣམ་པར་འགྱུར་བ་མེད་པ་ཉིད་ཀྱིས་ཁྱད་པར་རྣམ་པ་དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཁོ་ན་བདག་ཅེས་བྱ་བར་འགྱུར་བས་བདག་རྟག་པ་མ་ཡིན་ནོ། །ཡང་གལ་ཏེ་བདག་འདི་རྟག་པར་འགྱུར་ན་ནི་དེ་ཡོངས་སུ་བསྲུང་བར་བྱ་བའི་ཕྱིར་མི་འཚེ་བའི་བདག་ཉིད་ཅན་གྱི་ཆོས་ཉེ་བར་སྟོན་པར་མི་འགྱུར་ཏེ་ནམ་མཁའ་བཞིན་ནོ། །མཚོན་རྣོན་པོ་དང་མེ་དང་དུག་དང་། ཐོག་བབས་པ་རྣམས་ཀྱིས་ནི་དེའི་སྤུ་ཡང་འགུལ་བར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་བཤད་པ། མི་འཚེ་བ་དང་བདག་རྟག་པ། །འདི་ལ་རྒྱུ་ནི་ཅི་ཡོད་སྙམ། །རྣམ་པ་ཀུན་ཏུའང་ཤིང་སྲིན་ལས། །རྡོ་རྗེ་བསྲུང་བྱར་མི་འགྱུར་རོ། །གནོད་པར་དོགས་པ་མེད་པའི་རྡོ་རྗེ་ནི་ཤིང་གི་སྲིན་བུ་ལས་ཡོངས་སུ་བསྲུང་བར་མི་རྩམ་མོ། །དེ་བཞིན་དུ་བདག་རྟག་པར་ཡོད་ན་ནི་འཚེ་བའི་བདག་ཉིད་ཅན་གྱི་ཆོས་མི་རིགས་ན་མི་འཚེ་བའི་བདག་ཉིད་ཅན་གྱི་ཆོས་འདི་ནི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རྟག་པའི་བདག་ཁས་མི་བླང་བའམ། ཡང་ན་རྒྱུ་གཞན་ཞིག་བརྗོད་པར་བྱ་དགོས་ན་དེ་ཡང་མ་བརྗོད་པས་འདི་ནི་མི་རིགས་སོ། །འདིར་སྨྲས་པ། བདག་ནི་རྟག་པ་ཁོ་ན་སྟེ། སྐྱེ་བ་དྲན་པ་ཡོད་པའི་ཕྱིར་རོ། །འདུ་བྱེད་སྐྱེས་མ་ཐག་ཏུ་འཇིག་པའི་ངང་ཅན་རྣམས་ལ་ནི་ཚེ་རབས་གཞན་དྲན་པར་མི་རིགས་སོ། །སྐྱེ་བ་གཞན་གྱི་འདུ་བྱེད་རྣམས་ན་གང་དུ་སྐྱེས་པ་དེ་ཉིད་དུ་འཇིག་ལ། འདི་ནི་གཞན་དག་ཅིག་ཁོ་ན་སྐྱེ་བ་ཡིན་ནོ། །དེའི་ཕྱིར། བདག་འདས་པའི་དུས་ན་སྐྱེ་བ་འདི་ལྟ་བུ་དང་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ་ཞེས་སྐྱེ་བ་དྲན་པར་མི་རིགས་སོ། །བདག་རྟག་པ་ཡོད་ན་ནི་དེ་ཉིད་ཚེ་རབས་གཞན་དུ་རྒྱུ་བའི་ཕྱིར་རྗེས་སུ་དྲན་པར་རིགས་སོ། །འདི་ཡང་མ་ངེས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། སྐྱེ་བ་དྲན་པ་ཡོད་པའི་ཕྱིར། །གལ་ཏེ་ཁྱོད་ཀྱི་བདག་རྟག་ན། །སྔོན་བྱས་པ་ཡི་རྨ་མཐོང་ནས། །ཁྱོད་ཀྱི་ལུས་ཀོ་ཅིས་མི་རྟག །འདི་ན་ཚེ་རབས་གཞན་དག་ཏུ་མཚོན་ལ་སོགས་པས་བསྣུན་པ་ལས་བྱུང་བའི་རྨའི་སྲོལ་རྣམས་དེ་ལྟ་བུས་ཉེ་བར་མཚོན་པའི་ལུས་ཅན་ལ་ལ་དག་རྣམ་པར་མི་འཇིག་ཅིང་། དེ་ལྟར་མངོན་པར་མཚོན་པའི་ལུས་དང་ལྡན་པ་ཁོ་ནར་འགྱུར་ཏེ། སྐྱེ་བ་དང་རྗེས་སུ་དྲན་པ་ནི་ཇི་ལྟར་ཉམས་སུ་མྱོང་བ་ལྟར་ཚེ་རབས་གཞན་གྱི་བྱུང་མཐའ་སྟོན་པ་ལྷུར་བྱེད་པ་དམིགས་སོ། །དེའི་ཕྱིར་སྐྱེ་བ་དྲན་པ་ཡོད་པས་བྱས་པའི་བདག་རྟག་པ་ཉིད་དུ་ཡོངས་སུ་བརྟགས་པ་ལྟར་དེ་དག་གིས་ལུས་རྟག་པ་ཉིད་དུ་ཡང་བརྟག་པར་བྱ་དགོས་ན་འདི་ནི་དེ་ལྟར་ཡང་མ་ཡིན་པས་དེ་ཡོད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུ་དག་དེ་ཉིད་དང་གཞན་ཉིད་དུ་རྟོག་པ་སྤངས་ཤིང་། རྒྱུའི་ཁྱད་པར་གྱིས་གསལ་བར་གྱུར་པ་འདུ་བྱེད་གྱི་རྒྱུན་ནི་མི་རྟག་པ་ཁོ་ནར་ཡོད་ན་ནི་དེའི་ཉེ་བར་ལེན་པ་ཅན་བཏགས་པར་ཡོད་པའི་བདག་གི་སྐྱེ་བ་རྗེས་སུ་དྲན་ནོ་ཞེས་བྱ་བར་རིགས་སོ། །དངོས་པོ་རྣམས་ནི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་སྟེ་དེ་རྣམས་ལ་རྣམ་པ་དེ་ལྟ་བུའི་རྐྱེན་ཉེ་བར་ལྷགས་པ་ཡོད་དང་གཞན་དུ་གྱུར་པ་ཉིད་མི་རིགས་པ་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་རྒྱུ་ཅན་བྱ་བའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བརྟག་པར་བྱའོ། །འདི་ལྟར་འདམ་བཞིན་དུ་ཞོའི་སྣོད་ཁང་པའི་ནང་ན་གནས་པ་དག་ལ་ཐོག་རྩྭ་ཆེས་མང་པོས་གཡོགས་པའི་སྟེང་ན་གནས་པའི་ཕུ་རོན་སྐྱ་བོའི་རྐང་རྗེས་དམིགས་མོད་ཀྱི། དེའི་རྐང་པ་ཞུགས་པ་ནི་ཅི་ནས་ཀྱང་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་བཤད་པ་དང་འཆད་པར་འགྱུར་བའི་རིགས་པས་མི་འཐད་པའི་འདུས་བྱས་རང་བཞིན་མེད་ཅིང་མིག་འཕྲུལ་དང་འདྲ་བ་འདིའི་སྙིང་པོ་དང་མི་ལྡན་པ་ཉིད་ཀྱིས་ཆོག་གོ །འདི་ལ་སྙིང་པོ་དང་མི་ལྡན་པ་ཉིད་ཁས་བླངས་པ་ལྟར་དངོས་པོ་ཡོད་པ་ཉིད་དུ་ཁས་བླང་བར་བྱ་བར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་གདོན་མི་ཟ་བར་འཐད་པ་ལ་ལྟོས་པའི་ཕྱིར་རོ། །དེ་ནི་ཇི་ལྟའམ་དེ་ལྟའང་རུང་སྟེ་ཁས་བླང་བར་བྱ་བར་ནུས་པ་མ་ཡིན་ཏེ། གཞན་དག་གིས་དེ་མི་སླུ་བ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་དྲན་པ་ལྟར་རྨ་དང་བཅས་པའི་ལུས་གཞན་གྱི་རྒྱུ་ཅན་གྱི་ལུས་སྔོན་བྱས་པའི་རྨས་ཉེ་བར་མཚོན་པ་རྣམ་པ་དེ་ལྟ་བུའི་ལས་ཀྱི་བྱེ་བྲག་གི་རྐྱེན་ཅན་ཉེ་བར་སྐྱེའོ་ཞེས་བྱ་བ་མི་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་དྲན་པ་ཡོད་པ་འདི་ལས་བདག་རྟག་པ་ཉིད་དུ་མི་རིགས་ཏེ། ལུས་ཀྱང་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཇི་ལྟར་བདག་འདིས་སྐྱེ་བ་དྲན་ནོ་ཞེས་བྱ་བར་རྟོག་པ་གལ་ཏེ་རང་གི་ངོ་བོ་ཁོ་ནས་ཡིན་ན་ནི་དེ་མི་རིགས་ཏེ། དེ་ནི་མི་རྟོག་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ། །ཅི་སྟེ་སེམས་པ་ཅན་དང་ལྡན་པ་ལས་ཡིན་ནོ་སྙམ་དུ་རྟོག་པ་ན་དེ་ཡང་མི་རིགས་ཏེ། རང་གི་ངོ་བོ་བཏང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ། སེམས་པ་ཅན་དང་ལྡན་པ་དག །གལ་ཏེ་ཤེས་པ་ཉིད་ཡིན་ན། །དེ་ཡིས་སེམས་པ་ཅན་སེམས་པ། །མིན་ཞིང་སྐྱེས་བུ་རྟག་མི་འགྱུར། །གལ་ཏེ་བློ་ལ་སོགས་པ་རྣམས་ནི་བདག་གི་ཡོན་ཏན་ཡིན་ཞིང་དེ་རྣམས་དང་ལྡན་པས་བདག་ཡོན་ཏན་གྱི་རྗེས་སུ་མཐུན་པར་འཇུག་ཅིང་དངོས་པོ་རྣམས་ཀྱང་རང་བཞིན་མི་འདོར་བ་ཡིན་ལ། དེ་རྣམས་དོན་གཞན་དང་འབྲེལ་པ་ལས་བྱ་བའི་ཁྱད་པར་དང་ལྡན་པར་གྱུར་ན་ནི་འོན་ཏེ་དེ་རྣམས་ལ་ཁྱད་པར་སྔར་ཡོད་པ་མ་ཡིན་པར་རྣམ་པར་འགྱུར་རོ། །རྣམ་པར་འགྱུར་བ་དང་ལྡན་པ་རྣམས་ལ་ནི་རང་གི་ངོ་བོ་ཡོད་པ་ཡང་མ་ཡིན་པས་ཁྱོད་ཀྱི་བདག་རང་བཞིན་མེད་དེ། རི་མོ་ལ་སོགས་པ་བཞིན་དུ་རྣམ་པར་འགྱུར་བ་དང་ལྡན་པའི་ཕྱིར་རོ། །གཞན་ཡང་ཇི་ལྟར་སེམས་པ་ཅན་ཉིད་དང་ལྡན་པས་བདག་སེམས་ཅན་དུ་འགྱུར་བ་དེ་བཞིན་དུ་སེམས་པ་ཅན་མ་ཡིན་པའི་བདག་དང་ལྡན་པས་སེམས་ཅན་ཡང་སེམས་པ་ཅན་མ་ཡིན་པར་ཅིའི་ཕྱིར་མི་འགྱུར། དེའི་ཕྱིར་འདི་ལ་སྐྱེ་བ་དྲན་པ་ཉིད་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་སེམས་པ་ཅན་ཉིད་ཀྱང་མི་རིགས་པའི་ཕྱིར་རྟག་པ་ཡང་མ་ཡིན་པས་བདག་ལ་རྟག་པ་ཉིད་ཡོད་པ་མ་ཡིན་ནོ། །གཞན་ཡང་བདག་འདི་ཇི་ལྟར་སེམས་པ་ཅན་ཉིད་དང་ལྡན་པས་སེམས་པ་དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དང་ལྡན་པས་སྔར་གྱི་རང་གི་ངོ་བོ་ཉམས་པའི་ཕྱིར་ཁྱད་པར་དེ་དང་དེ་འཐོབ་པར་འགྱུར་ཏེ། དེའི་ཕྱིར་འདི་མི་རྟག་པ་ཉིད་དུ་འགྱུར་ཞེས་བསྟན་པའི་ཕྱིར་བཤད་པ། བདེ་བ་ལ་སོགས་དང་ལྡན་སྲོག །བདེ་སོགས་བཞིན་དུ་སྣ་ཚོགས་མཐོང་། །དེ་ཕྱིར་བདེ་ལ་སོགས་བཞིན་ཏེ། །རྟག་པ་ཉིད་དུའང་མི་རུང་ངོ་། །གལ་ཏེ་བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་དག་ཏུ་འདི་ལ་ཁྱད་པར་འགའ་ཡང་མེད་ན་ནི་དེ་དག་ཕན་ཚུན་ཐ་དད་པར་མི་འགྱུར་ཏེ། དེའི་ཕྱིར་བདག་གི་ཡོན་ཏན་འདི་རྣམས་ཐ་དད་པར་བགྲང་བར་མི་འགྱུར་རོ། །དེའི་ཕྱིར་གདོན་མི་ཟ་བར་བདག་འདིས་བདེ་བ་ལ་སོགས་པ་སྣ་ཚོགས་པའི་རྗེས་སུ་བྱེད་པར་བྱ་དགོས་ལ། དེའི་རྗེས་སུ་བྱེད་པ་ཉིད་ཀྱང་བདེ་བ་ལ་སོགས་པ་ཁོ་ན་ལྟར་འདི་རྟག་པ་ཉིད་དུ་ཡང་མི་རིགས་སོ། །འང་གི་སྒྲས་ནི་བྱེད་པ་པོ་ཉིད་དང་བྱ་བ་པོ་ཉིད་དང་གཅིག་ཉིད་ལ་སོགས་པ་ཐམས་ཅད་སེལ་བར་བྱེད་དོ། །ཡང་གཞན་དག་ནི་གང་གི་ལྟར་ན་སྐྱེས་བུ་སེམས་པ་ཅན་མ་ཡིན་པ་དེ་ལ་ཉེས་པ་འདིར་འགྱུར་གྱི། ཁོ་བོ་ཅག་གི་ལྟར་ན་ནི་སྐྱེས་བུ་ཤེས་པ་ཡོད་པའི་རང་བཞིན་ཡིན་པའི་ཕྱིར་མི་འདོད་པ་ཅི་ཡང་མེད་དོ་ཞེས་སྨྲའོ། །དེའི་ལུགས་ཀྱང་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གལ་ཏེ་ཤེས་པ་ཡོད་རྟག་ན། །བྱེད་པ་ལོག་པར་འགྱུར་བ་སྟེ། །གལ་ཏེ་མེ་ནི་རྟག་འགྱུར་ན། །བུད་ཤིང་གིས་དོན་ཡོད་མི་འགྱུར། །འདི་གང་གི་ཚེ་མིག་ལ་སོགས་པ་བྱེད་པར་འགྱུར་བ་རྣམས་ཀྱི་འཇུག་པ་དག་གཟུགས་ལ་སོགས་པའི་དོན་རྣམས་ལ་འབབ་པ་དེའི་ཚེ་གཟུགས་ལ་སོགས་པའི་བློ་གཟུགས་ལ་སོགས་པའི་རྣམ་པས་རྗེས་སུ་བསྒྱུར་བ་རྣམས་ཉེ་བར་སྐྱེ་ཞིང་བློས་ཞན་པར་བྱས་པའི་དོན་དེ་ཡང་སྐྱེས་བུས་སེམས་པར་བྱེད་དོ། །ཤེས་པ་ཡོད་པ་ཉིད་ཀྱང་ཡུལ་རྟོགས་པའི་རང་གི་ངོ་བོ་ཡིན་ལ་སྐྱེས་བུ་དེ་ཡང་དེ་ལས་ཐ་མི་དད་པའི་རང་གི་ངོ་བོ་དང་། རྟག་པ་ཡང་ཡིན་ཏེ་རྟག་ཏུ་ཉེ་བའི་ཕྱིར་རོ། །སྐྱེས་བུའི་རང་གི་ངོ་བོ་ལས་ཐ་མི་དད་པར་གནས་པའི་ཕྱིར་ཤེས་པ་ཡོད་པ་ཉིད་ཀྱང་རྟག་ཏུ་ཉེ་བ་ཡིན་ནོ། །དེའི་ཕྱིར་འདི་ལ་མིག་ལ་སོགས་པའི་བྱེད་པ་དགོས་པ་མེད་པའི་ཕྱིར་དོན་མེད་པར་འགྱུར་རོ། །གལ་ཏེ་མིག་ལ་སོགས་པ་རྣམས་མེད་ན་དེ་རྣམས་ཀྱི་འཇུག་པ་དག་མེད་པར་འགྱུར་ལ། དེ་མེད་པས་ཀྱང་བློ་མེད་ཅིང་བློ་མེད་པས་ཀྱང་ཤེས་པ་ཉིད་མེད་པར་འགྱུར་ན་ནི་དེའི་ཚེ་དགོས་པ་དང་བཅས་པའི་ཕྱིར་དེ་ལས་བཟློག་པའི་སྒོ་ནས་མིག་ལ་སོགས་པ་བྱེད་པར་རིགས་པར་འགྱུར་ན། གང་གི་ཚེ་ཇི་སྐད་སྨྲས་པའི་ཚུལ་ལ་ལྟོས་པ་མེད་པ་ཁོ་ནས་ཤེས་པ་ཡོད་པ་ཉིད་རྟག་པ་ཡོད་པ་དེའི་ཚེ་ནི་བྱེད་པ་ལོག་པར་འགྱུར་བ་སྟེ། གང་གི་ལྟར་ན་བུད་ཤིང་མེད་པར་མེ་མི་འབྱུང་ཞིང་། ཡོད་ན་ནི་འབྱུང་བ་དེའི་ལྟར་ན་ནི་བུད་ཤིང་ཚོལ་བར་རིགས་ན་གང་གི་ལྟར་ན་མེ་རྟག་པར་ཡོད་དོ་ཞེས་བྱ་བ་ཁས་ལེན་པ་དེ་ལྟ་ན་བུད་ཤིང་ཉེ་བར་སོག་དགོས་པ་མེད་པ་ཁོ་ན་སྟེ་འདི་ནི་དེ་དང་འདྲའོ། །དེའི་ཕྱིར་འདི་ནི་ཆེན་པོ་ལ་སོགས་པ་རྣམ་པར་འགྱུར་བའི་ཚོགས་ཀྱིས་འཇུག་པའི་འབྲས་བུ་མེད་པ་ཉིད་ཀྱིས་འདིའི་བསྟན་བཅོས་སུ་ལོ་རྒྱུས་བྱེད་པའི་ངལ་བ་དོན་མེད་པ་ཁོ་ནར་རྟོགས་སོ། །ཅི་སྟེ་སྐྱེས་བུ་ནི་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པའི་ངོ་བོ་ཡིན་ལ། དེ་མིག་ལ་སོགས་པ་བྱེད་པའི་བྱ་བའི་རྒྱུ་ཅན་བློ་མངོན་པར་གསལ་བ་ལས་ཤེས་པ་ཡོད་པ་ཉིད་འཇུག་པས་མངོན་པར་གསལ་བར་འགྱུར་རོ། །སྐྱེས་བུ་ནི་ཉེ་བར་ལོངས་སྤྱོད་པ་པོ་ཡིན་ལ། དེ་ཡུལ་ཉེ་བར་ལོངས་སྤྱོད་པའི་བྱ་བ་མངོན་པར་གྲུབ་པས་ཡུལ་ལ་སེམས་པར་བྱེད་དོ། །དེའི་ཡུལ་ཉེ་བར་ལོངས་སྤྱོད་པའི་བྱ་བ་དེ་ནི་ཤེས་པ་ཡོད་པ་ཉིད་འཇུག་པའི་བདག་ཉིད་ཅན་གྱི་བྱ་བ་ཡིན་ལ་དེ་ཡང་མིག་ལ་སོགས་པ་བྱེད་པའི་ཚོགས་མེད་པར་མི་འབྱུང་བའི་ཕྱིར་རྣམ་པར་འགྱུར་བའི་ཚོགས་འདི་དོན་མེད་པ་ཉིད་དུ་ག་ལ་འགྱུར་སྙམ་ན་བཤད་པར་བྱ་སྟེ། གལ་ཏེ་ཤེས་པ་ཡོད་པ་ཤེས་པ་ཡོད་པ་ཉིད་ཀྱི་འཇུག་པའི་རང་གི་ངོ་བོ་ཡིན་ལ་དེ་ཡང་བྱ་བའི་རང་བཞིན་ཅན་ཡིན་ན་ནི་དེའི་ཚེ་འདིའི་བྱ་བའི་ཆོས་ལས་མི་འདའ་བར་འགྱུར་དགོས་སོ། །བྱ་བ་རྣམས་ཀྱི་ཆོས་ཀྱང་གང་ཡིན་ཅེ་ན། རྫས་ལ་བརྟེན་པ་ཉིད་དང་གཡོ་བ་ཉིད་དོ། །འདི་ལྟར། རྫས་ནི་བྱ་བ་ཇི་བཞིན་དུ། །འཇིག་པའི་བར་དུ་གཡོ་བ་མེད། །བྱ་བ་ནི་རྫས་ཀྱི་བྱེད་པའི་རང་བཞིན་ཡིན་ཏེ། དེ་ནི་སྐྱེས་པ་ནས་བཟུང་སྟེ་འཇིག་པའི་བར་དུ་གཡོ་བ་ཡིན་ནོ། །འདི་ལྟར་ཤིང་ལ་སོགས་པ་རླུང་ལ་སོགས་པ་ཉེ་བར་ལྷགས་པ་མེད་པར་བྱ་བ་མི་རྩོམ་པ་རྣམས་སྐྱེས་ནས་འཇིག་པའི་བར་ནི་རྣམ་པར་མི་གཡོ་བར་སྡོད་ལ། འདི་རྣམས་ཀྱི་འགུལ་བའི་བྱ་བ་རླུང་ལ་སོགས་པའི་རྐྱེན་ལས་བྱུང་བ་ནི་མ་ཞིག་པར་དུ་གཡོ་བ་ཉིད་ལས་མི་འདའོ། །གང་གི་ཕྱིར་འདི་དེ་ལྟར་ཡིན་པ། དེས་ན་སྐྱེས་བུ་ཡོད་ཅེས་པ། །ཡོད་པ་མེད་ཅེས་བྱར་མི་རིགས། །ཇི་ལྟར་ཤིང་ལ་སོགས་པ་རྣམས་གཡོ་བའི་བྱ་བ་རྩོམ་པའི་སྔ་རོལ་གྱི་གནས་སྐབས་ན་རྫས་ཀྱི་རང་བཞིན་ཤིང་ལ་སོགས་པའི་མཚན་ཉིད་དུ་དམིགས་པ་དེ་བཞིན་དུ་སྐྱེས་བུ་ནི་མ་ཡིན་ནོ། །དེ་ནི་ཤེས་པ་ཡོད་པ་ཉིད་ཀྱང་རང་བཞིན་ཡིན་པའི་ཕྱིར་དང་། དེ་ལས་ཐ་དད་པའི་རྫས་ཀྱི་རང་བཞིན་མེད་པའི་ཕྱིར་ཤེས་པ་ཡོད་པ་དང་བྲལ་བའི་བདག་ཉིད་དུ་ཡང་ཡོད་པ་ཡིན་ནོ་ཞེས་བྱ་བར་བརྟག་པར་མི་ནུས་སོ། །དེའི་ཕྱིར་སྐྱེས་བུ་ཡོད་ཀྱི་ཤེས་པ་ཡོད་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །གང་ཡང་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཡོད་པའི་ཕྱིར་དེའི་ཚེ་སྐྱེས་བུ་ཡོད་པ་ཉིད་དུ་རྟོག་པ་དེ་ཡང་མི་རིགས་ཏེ། རྟེན་མེད་པའི་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཤེས་པ་ཡོད་པ་ཉིད་འཇུག་པའི་གནས་སྐབས་ན་ཤེས་པ་ཡོད་པ་ཉིད་ལས་ཐ་དད་པའི་སྐྱེས་བུ་ནི་མི་སྲིད་པ་དེ་བཞིན་དུ་ནུས་པའི་གནས་སྐབས་ན་ཡང་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཙམ་ལས་ཐ་དད་པའི་སྐྱེས་བུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྟེན་མེད་པའི་ནུས་པ་མེད་ལ། ནུས་པ་མེད་པ་ལས་ཀྱང་ནུས་པ་གསལ་བའི་རང་བཞིན་གྱི་དངོས་པོར་འགྱུར་བ་ལ་ཉེ་བར་མཁོ་བ་ཉིད་ཀྱིས་མིག་ལ་སོགས་པ་རྣམས་ཉེ་བར་མཁོ་བ་དང་བཅས་པ་ཉིད་དུ་བརྟགས་པ་གང་ཡིན་པ་དེ་མི་རིགས་པ་ཁོ་ན་སྟེ། དེའི་ཕྱིར། གལ་ཏེ་ཤེས་པ་ཡོད་རྟག་ན། །བྱེད་པ་ལོག་པར་འགྱུར་བ་སྟེ། །ཞེས་བྱ་བ་འདི་མི་འཇུག་གོ །གཞན་ཡང་གལ་ཏེ་སྐྱེས་བུ་འདི་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་གསལ་བ་ལས། སྔར་ཤེས་པ་འདིའི་སྔ་རོལ་ན་ཤེས་པ་ཡོད་པའི་ནུས་པའི་ངོ་བོར་འགྱུར་ན་ནི་དེའི་ཚེ། གཞན་དུ་ཤེས་པ་ཡོད་པའི་ཁམས། །མཐོང་ཞིང་གཞན་དུ་ཤེས་ཡོད་དེ། །ཤེས་པ་ཡོད་པ་ལ་ཚུལ་གཉིས་རྟོག་ན་ཁྱོད་ཀྱིས་ཤེས་པ་ཡོད་པ་ལས་གཞན་དུ་སྟེ་ཐ་དད་པ་ཉིད་དུ་ཤེས་པ་ཡོད་པའི་ཁམས་ཏེ། ཤེས་པ་ཡོད་པའི་ས་བོན་ཤེས་པ་ཡོད་པའི་ནུས་པ་དང་ཤེས་པ་ཡོད་པའི་ནུས་པ་ལས་ཀྱང་གཞན་དུ་སྟེ་ཐ་དད་པར་ཤེས་པ་ཡོད་པ་མཐོང་སྟེ་དེའི་ཕྱིར་ཤེས་པ་ཡོད་པའི་ཁམས་ལས་ཤེས་པ་ཡོད་པ་འབྱུང་ན་ཁམས་དང་ཡུལ་མཚུངས་པར་འགྱུར་བ་ཞིག་གོ །དཔེ་བཤད་པ། ལྕགས་ཀྱི་ཞུ་ཉིད་བཞིན་དེའི་ཕྱིར། །ཞེས་བྱ་བའོ། །འདིར་དཔེར་ན་ལྕགས་ཞུ་བ་ཉིད་དུ་འགྱུར་བ་ན་ལྕགས་ཀྱི་ཡུལ་ལས་ཐ་མི་དད་པའི་ཡུལ་ཅན་དུ་འགྱུར་བ་དེ་དང་འདྲའོ། །ས་བོན་དང་མྱུ་གུ་དག་ནི་མངོན་པར་མི་འབྱུང་བ་མཐོང་བའི་ཕྱིར་ཡུལ་མཚུངས་པ་ཉིད་མ་ཡིན་ཏེ། སྐྱེས་བུ་ལས་ནི་མངོན་པར་འབྱུང་བ་དང་མི་མངོན་པར་གྱུར་པ་གཉིས་མེད་པས་ཡུལ་མཚུངས་པ་ཉིད་ཡོད་དོ། །དེ་ཉིད་ཀྱི་ཕྱིར་ལྕགས་ཀྱི་ཞུ་ཉིད་བཞིན་ཞེས་ལྕགས་ཀྱི་ཞུ་བ་ཉིད་དཔེ་གཞན་སྨོས་སོ། །ཤེས་པ་ཡོད་པའི་ནུས་པའི་ངོ་བོ་ལས་ཐ་དད་པར་སྐྱེས་བུའི་ནུས་པ་གསལ་བར་ཡོད་པ་ཡང་མ་ཡིན་ཏེ། དེ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ནུས་པའི་ངོ་བོར་གྱུར་པ་འདི་གསལ་བའི་ངོ་བོར་གྱུར་པ་ན། ལྕགས་ཀྱི་ཞུ་ཉིད་བཞིན་དེའི་ཕྱིར། །སྐྱེས་བུ་རྣམ་པར་འགྱུར་བར་འགྱུར། །རྣམ་པར་འགྱུར་བ་ཉིད་ལས་ཀྱང་ལྕགས་ཁོ་ན་བཞིན་དུ་བདག་ལ་རྟག་པ་ཉིད་མེད་དོ་ཞེས་བྱ་བར་གྲུབ་བོ། །ཡང་གཞན་དག་ནི་ཁོ་བོ་ཅག་ནི་སྐྱེས་བུ་ཤེས་པ་ཡོད་པའི་ངོ་བོ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཤེས་ཡོད་ཡིད་ཙམ་ཞིག་ལ་སྟེ། །སྐྱེས་བུ་ནམ་མཁའ་བཞིན་དུ་ཆེ། །སྲོག་ཆགས་ཐམས་ཅད་ལ་ལུས་རེ་རེ་ཞིང་ཡོད་པའི་བདག་ཉིད་ནི་ནམ་མཁའ་ལྟར་ཁྱབ་པ་ཡིན་ལ། དེའི་ཡིད་ཙམ་དང་ལྡན་པ་ཤེས་པ་ཡོད་པ་ནི་ཐམས་ཅད་ལ་ཁྱབ་པ་མ་ཡིན་ནོ། །ཡོད་ཀྱང་བདག་གི་ཕྱོགས་རྡུལ་ཕྲ་རབ་ཙམ་ཉིད་ལ་ལྡན་པ་ཞིག་སྟེ། དེས་ན་ཡིད་དང་སྦྱར་ནས་སྐྱེས་བུས་དེ་དང་ཡུལ་ཐ་མི་དད་པ་ཅན་གྱི་ཤེས་པ་ཡོད་པ་སྐྱེད་པར་བྱེད་དེ་དེའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་སྨྲས་པའི་སྐྱོན་གྱི་སྐབས་མེད་དོ་ཞེས་སྨྲའོ། །བཤད་པར་བྱ་སྟེ། གང་གི་ཕྱིར་ཁྱོད་ཀྱིས་སྐྱེས་བུ་ནམ་མཁའ་ལྟར་ཤིན་ཏུ་ཆེ་བ་འདིའི་ཤེས་པ་ཡོད་པ་ཡིད་ཙམ་ཁས་ལེན་ལ། དེའི་ཕྱིར་དེ་ཡི་ངོ་བོ་ནི། །ཤེས་པ་ཡོད་ཉིད་མིན་ལྟར་མཐོང་། །དེ་ལྟར་ཡིན་དང་སྐྱེས་བུ་ཤེས་པ་ཡོད་པ་མ་ཡིན་པ་ཁོ་ནར་འགྱུར་ཏེ། རྡུལ་ཕྲ་རབ་ཙམ་གྱི་ཕྱོགས་དང་ཤེས་པ་ཡོད་པ་དང་འབྲེལ་པས་སྐྱེས་བུ་ཤེས་པ་ཡོད་པ་དང་བཅས་པ་ཡིན་ནོ་ཞེས་བརྗོད་པར་མི་ནུས་སོ། །རྡུལ་ཕྲ་རབ་ཙམ་གྱི་ལན་ཚྭ་དང་འབྲེལ་པས་གངྒཱའི་ཀླུང་གི་ཆུ་ལན་ཚྭ་དང་བཅས་སོ་སྙམ་དུ་བསམ་པར་ནུས་པ་ནི་མ་ཡིན་ཏེ། འདི་ནི་དེ་དང་འདྲའོ། །བདག་ནི་རྫས་ཡིན་ཞིང་ཤེས་པ་ཡོད་པ་ནི་ཡོན་ཏན་གྱི་ངོ་བོ་ཡིན་ཏེ། དེ་གཉིས་ཕན་ཚུན་ཐ་དད་པས་སྐྱེས་བུ་ནི་ཤེས་པ་ཡོད་པ་མ་ཡིན་པའི་ངོ་བོ་ཁོ་ན་ཞིག་གོ །ཤེས་པ་ཡོད་པ་མ་ཡིན་པ་དེ་ལ་ནི་བུམ་པ་ལྟར་བདག་ཉིད་དུ་རྟག་པར་རིགས་པ་ཡང་མ་ཡིན་པས་བདག་རྟག་པར་མི་འཐད་དོ། །ཡང་གལ་ཏེ་བདག་འདི་སེམས་ཅན་རེ་རེ་ཞིང་ཐམས་ཅད་དུ་ཡོད་པར་འགྱུར་ན་ནི་དེའི་ཚེ། གལ་ཏེ་བདག་ཀུན་ལ་ཡོད་ན། །གཞན་གྱིས་དེ་དེར་ཅིས་མི་རྟོགས། །གལ་ཏེ་ཁྱོད་ཀྱི་ལུགས་ཀྱིས་ན་བདག་ནམ་མཁའ་ལྟར་ཐམས་ཅད་དུ་འགྲོ་ཞིང་ཐམས་ཅད་དུ་ཁྱབ་པར་འགྱུར་ན་ནི་དེའི་ཚེ་སེམས་ཅན་གཞན་ལ་ཡང་བདག་གི་བདག་ཡོད་པས་བདག་ཉིད་ཀྱི་བཞིན་དུ་དེར་དེ་ལ་ངར་འཛིན་པ་ཅི་སྟེ་མི་འབྱུང་། གལ་ཏེ་བདག་ལྟར་གཞན་ཡང་བདག་གི་བདག་ལ་ངར་འཛིན་པར་འགྱུར་ན་ནི། དེ་ལྟར་ན་དེ་ཐམས་ཅད་ན་ཡོད་པ་ཉིད་དུ་རིགས་པ་ཞིག་གོ །གཞན་གྱི་ལུས་ལ་གཞན་གྱི་བདག་གིས་བདག་གི་བདག་བསྒྲིབས་པར་རིགས་པ་ཡང་མ་ཡིན་ནོ། །གཞན་གྱི་བདག་གི་ཡུལ་ནི་བདག་གི་བདག་མེད་པ་ནི་མ་ཡིན་ཏེ། བདག་ཉིད་ཐམས་ཅད་ཀྱི་ཁྱབ་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གང་གི་ཚེ་ཡུལ་མཚུངས་པ་ཉིད་ཡིན་པ་དེའི་ཚེ་དེས་དེ་ལ་སྒྲིབ་པར་བརྗོད་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར་བཤད་པ། དེ་ཉིད་ཀྱིས་ནི་དེ་ཉིད་ལ། །སྒྲིབ་ཅེས་བྱ་བར་མི་འཐད་དོ། །ཡུལ་མཚུངས་པའི་ཕྱིར་རང་གི་བདག་གི་ངོ་བོ་ལྟར་རང་གི་བདག་གིས་གཞན་གྱི་བདག་ལ་སྒྲིབ་པ་ཡོད་པ་མ་ཡིན་པས་གཞན་གྱི་བདག་ཀྱང་ངར་འཛིན་པའི་ཡུལ་ཉིད་དུ་ཐལ་བར་འགྱུར་ན། དེ་ལྟར་ཡང་མ་ཡིན་པས་བདག་ཐམས་ཅད་ན་ཡོད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ལུགས་གཉི་ག་ལྟར་ཡང་བདག་ཡོད་པ་ཉིད་དུ་མི་རིགས་སོ་ཞེས་བསྟན་ནས་ཡོན་ཏན་རྣམས་ཀྱང་འགྲོ་བ་མཐའ་དག་གི་བྱེད་པ་པོ་ཉིད་དུ་མི་སྲིད་པས་མི་རིགས་པ་ཉིད་དུ་བརྗོད་པའི་ཕྱིར་བཤད་པ། གང་ཕྱིར་ཡོན་ཏན་བྱེད་པོ་དང་། །རྣམ་ཀུན་ཤེས་ཡོད་མ་ཡིན་པ། །དེ་དག་དང་ནི་སྨྱོན་པ་ལ། །ཁྱད་པར་ཅི་ཡང་ཡོད་མ་ཡིན། །རྡུལ་དང་མུན་པ་དང་སྙིང་སྟོབས་རྣམས་ནི་ཡོན་ཏན་གསུམ་མོ། །དེ་དག་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་ཡིན་ལ་སྐྱེ་བའི་གནས་སྐབས་ནི་རང་བཞིན་ཡིན་ནོ། །ཡོན་ཏན་གསུམ་གྱི་བདག་ཉིད་ཅན་གྱི་རང་བཞིན་སྐྱེས་བུ་ཡུལ་ཉེ་བར་ལོངས་སྤྱོད་པར་འདོད་པ་རིགས་པ་དེ་ནི་དེའི་ཚེ་སེམས་པ་ཅན་མ་ཡིན་པར་གྱུར་ཀྱང་སྐྱེས་བུ་དང་ཐ་མི་དད་པར་རྟོགས་པར་བྱས་ནས་རྣམ་པར་འགྱུར་བའི་ཚོགས་མཐའ་དག་སྐྱེད་པར་བྱེད་དོ། །དེ་ལ་ཚུལ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། རང་བཞིན་ལས་ནི་ཆེན་པོའོ། །ཆེན་པོ་ཞེས་བྱ་བ་ནི་བློའི་རྣམ་གྲངས་སོ། །ཆེན་པོ་ལས་ནི་ང་རྒྱལ་ལོ། །དེ་ནི་རྣམ་པ་གསུམ་སྟེ། སྙིང་སྟོབས་ཅན་དང་། རྡུལ་ཅན་དང་། མུན་པ་ཅན་ཞེས་བྱའོ། །དེ་ལ་སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། པགས་པ་ཞེས་བྱ་བའི་བློའི་དབང་པོ་ལྔ་དང་། ངག་དང་། ལག་པ་དང་། རྐང་པ་དང་། རྐུབ་དང་། མདོམས་ཞེས་བྱ་བ་ལས་ཀྱི་དབང་པོ་ལྔ་དང་། གཉི་གའི་བདག་ཉིད་ཅན་གྱི་ཡིད་དེ་དེ་ལྟར་ན་བཅུ་གཅིག་འབྱུང་ངོ་། །རྡུལ་ཅན་གྱི་ང་རྒྱལ་ལས་ནི་དེ་ཙམ་ལྔ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་དག་གོ །དེ་ཙམ་ལས་ནི་འབྱུང་བ་རྣམས་ཏེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ཞེས་བྱ་བའོ། །མུན་པ་ཅན་གྱི་ང་རྒྱལ་ནི། །གཉི་གའི་འཇུག་པར་བྱེད་པ་འོ། །དེ་ལྟར་ན་རང་བཞིན་གྱི་རྣམ་པར་འགྱུར་བའི་ངོ་བོ་ཡིན་པའི་ཕྱིར་རྣམ་པར་འགྱུར་བ་མཐའ་དག་གི་འཇུག་པར་བྱེད་པ་ནི་ཡོན་ཏན་གསུམ་ཡིན་ནོ། །དེ་ལྟར་ཡོན་ཏན་རྣམས་བྱེད་པ་པོ་ཉིད་དང་། ཤེས་པ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་རྒོལ་བ་མཐའ་དག་གི་བསམ་པ་ཡིན་པ་དེ་དག་དང་སྨྱོན་པ་རྣམས་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་དངོས་པོའི་དེ་ཉིད་ལ་མཁས་པ་རྣམས་ཀྱིས་མཐོང་ངོ་། །སྨྱོན་པ་ནི་རྒྱུད་ལས་ཤེས་པ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །དེ་ནི་ཕྱིན་ཅི་ལོག་གི་རྣམ་པར་ཤེས་པ་དེ་དོན་ཇི་ལྟ་བ་བཞིན་མི་རྟོགས་ཤིང་ཕྱིན་ཅི་ལོག་ཏུའང་ངེས་པར་འཛིན་པར་བྱེད་ལ། ཡོད་པ་མ་ཡིན་པའི་དོན་ཡང་རྡོལ་བར་བྱེད་དེ་གྲངས་ཅན་འདི་ཡང་དེ་བཞིན་དུ་ཡོན་ཏན་ཤེས་པ་ཡོད་པ་མ་ཡིན་པ་རྣམས་བསྟན་བཅོས་ཀྱི་སྒོ་ནས་བྱེད་པ་པོ་ཉིད་དུ་སྟོན་པ་ན་དོན་ཇི་ལྟར་རྣམ་པར་གནས་པ་དེ་ལྟར་མི་རྟོགས་ཤིང་ཕྱིན་ཅི་ལོག་ཏུ་ཡང་ངེས་པར་འཛིན་པར་བྱེད་ལ། ཡོད་པ་མ་ཡིན་པའི་དོན་གཏམ་པར་ཡང་བྱེད་པས་སྨྱོན་པ་རྣམས་དང་མཚུངས་པ་ཁོ་ན་ཞིག་གོ་སྙམ་མོ། །གཞན་ཡང་འདིའི་སྐྱེས་བུ་འདི་ནི་རྣམ་པར་འགྱུར་བའི་ཚོགས་ཀྱི་བྱེད་པ་པོ་མ་ཡིན་ཞིང་ཟ་བ་པོ་ཡིན་ལ་ཡོན་ཏན་རྣམས་ནི་བྱེད་པ་པོ་ཡིན་གྱི་ཟ་བ་པོ་མ་ཡིན་ཏེ། དེའི་ཕྱིར་འདིའི་ཡོན་ཏན་རྣམས་རིགས་པ་མེད་པའི་བྱེད་པ་པོ་ཉིད་དང་ཟ་བ་པོ་མ་ཡིན་པ་ཉིད་དུ་སྟོན་པ་ན་བདག་ཉིད་ཤིན་ཏུ་མི་རིགས་པ་སྨྲ་བ་ཉིད་གསལ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། ཡོན་ཏན་རྣམས་ཀྱིས་རྣམ་ཀུན་ཏུ། །ཁྱིམ་ལ་སོགས་དག་བྱེད་ཤེས་ཀྱི། །ཟ་བར་རྣམ་པར་མི་ཤེས་པ། །འདི་ལས་མི་རིགས་གཞན་ཅི་ཡོད། །སྨྲ་བ་འདི་ནི་རིགས་པ་དང་འགལ་བའི་ཕྱིར་དང་། འཇིག་རྟེན་གྱིས་མི་འདོད་པའི་ཕྱིར་འདི་ལས་མི་རིགས་པ་གཞན་ཡོད་པ་ཡང་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ལྟར་ན་རེ་ཞིག་ཡོན་ཏན་རྣམས་བྱེད་པ་པོ་ཉིད་དུ་མི་རིགས་སོ། །གང་གི་ལྟར་བདག་ཁོ་ན་ཆོས་དང་ཆོས་མ་ཡིན་པ་གཉིས་ཀྱི་བྱེད་པ་པོ་དང་། དེ་དག་འབྲས་བུའི་ཟ་བ་པོ་ཡིན་ནོ་ཞེས་བྱ་བར་འདོད་པ་དེའི་བདག་ཀྱང་རྟག་པ་ཉིད་དུ་མི་རིགས་ཏེ། འདི་ལྟར། བྱ་བ་དང་ལྡན་རྟག་པ་མེད། །འདི་ན་བྱེད་པས་ན་བྱེད་པ་པོ་ཡིན་ལ་དེའི་བྱེད་པ་པོ་ཉིད་ནི་བྱ་བའི་རྒྱུ་ཅན་ཡིན་ནོ། །ཅུང་ཟད་ཀྱང་མི་བྱེད་ཅིང་རྒྱུ་མེད་པ་ན་འགའ་ཡང་བྱེད་པ་པོ་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །བྱ་བ་དང་ལྡན་པ་ཉིད་དུ་ཡོད་ན་ཡང་ངེས་པར་བྱ་བ་རྩོམ་པའི་དུས་ན་འདི་ལ་བྱ་བ་དེའི་སྔར་གྱི་གནས་སྐབས་ལས་ཁྱད་པར་ཁས་བླང་བར་བྱའོ། །སྔ་ཕྱིའི་གནས་སྐབས་དག་ཏུ་ཁྱད་པར་མེད་པའི་བདག་ནི་སྔར་གྱི་གནས་སྐབས་བཞིན་དུ་བྱ་བ་དང་ལྡན་པ་ཉིད་དུ་མི་འགྱུར་རོ། །རགས་པ་མེ་དང་རླུང་ལ་སོགས་པ་བྱ་བ་དང་ལྡན་པ་རྣམས་ལ་ནི་རྟག་པ་ཉིད་ཡོད་པ་མ་ཡིན་ཏེ། དེ་བཞིན་དུ་འདི་ལ་ཡང་ཡོད་པར་མི་འགྱུར་རོ། །གཞན་ཡང་བདག་འདིའི་བྱ་བ་དང་ལྡན་པ་ཉིད་མི་རིགས་ཏེ། ཐམས་ཅད་ན་ཡོད་པ་ཉིད་དུ་ཁས་བླངས་བའི་ཕྱིར་རོ། །བྱ་བ་ཞེས་བྱ་བ་ནི་བྱེད་པ་པོ་བརྟེན་པའམ་ལམ་ལ་བརྟེན་པར་འགྱུར་བ་ཞིག་གོ །དེ་ཡང་རྣམ་པ་གཉིས་ཏེ། བྱེད་པའི་ངོ་བོ་དང་། དངོས་པོའི་ངོ་བོའོ། །དེ་ལ་བྱེད་པ་པོ་ལ་བརྟེན་པ་བྱེད་པའི་ངོ་བོ་ནི་འདི་ལྟ་སྟེ་འགྲོ་བའི་བྱ་བའོ། །དེ་ནི་འགྲོ་བ་པོ་ལྷ་སྦྱིན་ལ་གནས་ཏེ། དེ་དང་འབྲེལ་པ་ལས་ལྷ་སྦྱིན་འགྲོ་ཞེས་བྱ་བར་བརྗོད་དོ། །དེ་ནི་ཐམས་ཅད་དུ་སོང་བ་མ་ཡིན་པའི་ཕྱིར་རྐང་པ་འདེགས་པ་དང་འཇོག་པའི་མཚན་ཉིད་ཅན་གྱི་བྱ་བས་ཡུལ་སྔ་ཕྱི་གཉིས་གཏོང་བ་དང་ལེན་པའི་ཕྱིར་བྱ་བ་དང་བཅས་པར་རིགས་སོ། །གལ་ཏེ་འདི་ཐམས་ཅད་དུ་སོང་བ་ཉིད་དུ་རྟོག་ན་དེའི་ཚེ་གང་དུ་འགྲོ་བར་གྱུར་པ་འདི་ཉེ་བར་མི་གནས་པ་གང་ཞིག་ན་ཡོད། གང་གི་ཕྱིར་འདི། དེ་ལྟར་ཡིན་པ་དེ་ཡི་ཕྱིར། །ཀུན་ཏུ་སོང་ལ་བྱ་བ་མེད། །ལྷ་སྦྱིན་འདུག་གོ་ཞེས་བྱ་བ་ལ་སོགས་པ་བྱེད་པ་པོ་ལ་གནས་པ་མི་འགུལ་བའི་མཚན་ཉིད་ཅན་གྱི་བྱ་བ་དངོས་པོའི་བདག་ཉིད་ཅན་གང་ཡིན་པ་དེ་ཡང་སྔར་གྱི་བྱ་བ་བཅོམ་ནས་རྩོམ་པ་ན་སྔར་བདག་ཉིད་དེས་ལུས་བཀོད་པ་མི་སྲིད་པའི་ཕྱིར། ས་ཕྱོགས་དང་ལྡན་པའི་ལྷ་སྦྱིན་ལ་ཁྱབ་བདག་མ་ཡིན་པ་ཉིད་ཡོད་དང་རིགས་པར་འགྱུར་གྱི་ཐམས་ཅད་དུ་སོང་བ་ལ་ནི་མ་མནན་པའི་ཕྱོགས་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་ནས་བྱ་བ་དང་ལྡན་པ་ཉིད་མི་རིགས་སོ། །དེ་བཞིན་དུ་ལས་ལ་གནས་པའི་བྱ་བ་འགུལ་བའི་བདག་ཉིད་ཅན་སྦྱོང་ལ་སོགས་པ་ནས་ཕྱེ་བའི་ངོ་བོ་གང་ཡིན་པ་དང་། འཚེད་པ་ལ་སོགས་པ་མི་འགུལ་བའི་བདག་ཉིད་ཅན་གང་ཡིན་པ་དེ་ཡང་བྱེད་པ་པོ་ལ་གནས་པའི་བྱེད་པ་དང་དངོས་པོ་གཉིས་དང་མཚུངས་པར་རིག་པར་བྱའོ། །དེའི་ཕྱིར་དེ་ལྟར་ན། བྱ་བ་དང་ལྡན་རྟག་པ་མེད། །ཀུན་ཏུ་སོང་ལ་བྱ་བ་མེད། །ཅེས་བྱ་བ་གནས་པ་ཡིན་ནོ། །འོ་ན་ནི་བདག་བྱ་བ་དང་བྲལ་བར་འགྱུར་རོ་ཞེ་ན། དེ་ལྟར་ན་ཡང་། བྱ་བ་མེད་པ་མེད་དང་མཚུངས། །མ་ཡིན་ནམ་དངོས་པོ་བྱ་བ་མེད་པས་ནི་ཡོད་པ་མ་ཡིན་པ་ནམ་མཁའི་མེ་ཏོག་ལ་སོགས་པ་དང་མཚུངས་པར་འགྱུར་རོ། །བདག་ཉིད་ཀྱི་རྒྱུ་དང་རྐྱེན་ཇི་ལྟ་བ་ལ་རག་ལས་ཏེ་འབྱུང་བའི་སྐྱེ་བའི་བྱ་བ་བསྐྱེད་པའི་དངོས་པོ་རྣམས་ནི་རེ་ཞིག་ཆེས་ཐོག་མར་བདག་ཉིད་ཡོད་པར་སྒྲུབ་པར་བྱེད་ལ་དེ་ནས་བདག་གི་དངོས་པོ་ཐོབ་པར་འགྱུར་ཞིང་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་རྣམ་པར་མ་ཆད་པར་འབྱུང་བ་ན་བྱ་བའི་ཁྱད་པར་དེ་དང་དེའི་སྐྱེ་བའི་རྒྱུར་འགྱུར་བར་བྱ་བ་དང་བཅས་པའི་དོན་ཁོ་ན་ཡོད་པ་ཉིད་དུ་གཞག་པར་ནུས་སོ། །རང་གི་སྡེ་པ་གང་དག་བྱ་བ་མེད་པའི་ཆོས་ཙམ་ཞིག་རྟོག་པ་དེ་དག་གི་ལྟར་ན་དེ་ལྟ་ཡིན་དང་ཆོས་ཙམ་གྱིས་ཡང་ཡོད་པ་ཉིད་ཉམས་པར་འགྱུར་ཏེ། བོང་བུའི་རྭ་བཞིན་བྱ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་ཆོས་བྱ་བ་མེད་པ་ཙམ་ཞིག་ཡོད་པ་ཉིད་དུ་འདོན་པ་ལས་ན་འདི་ཉེས་པ་མེད་དོ་སྙམ་ན། དེ་ཡང་མི་རིགས་ཏེ། གསུང་རབ་ཀྱི་དོན་རྣམ་པ་གཞན་དུ་ངེས་པའི་ཕྱིར་རོ། །དེ་ལས་ནི་བྱེད་པ་པོར་རང་དབང་བ་རྣམ་པ་ཐམས་ཅད་དུ་མེད་པས་དེའི་བྱེད་པའི་ངོ་བོའི་བྱ་བ་བཀག་པས་ཆོས་རྣམས་བྱ་བ་མེད་པ་ཉིད་དུ་སྟོན་གྱི། དངོས་པོ་བྱས་པའི་རྒྱུ་ཅན་གྱི་བྱ་བ་བཀག་པས་ཀྱང་མ་ཡིན་ནོ། །དེ་མེད་ན་རྟེན་ཅིང་འབྲེལ་བར་འབྱུང་བ་འགལ་བ་ཉིད་དུ་འགྱུར་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་འགལ་བ་ལས་ཀྱང་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་རྟེན་པར་བྱེད་པ་པོ་དང་ལས་བྱེད་པ་དང་ཡང་དག་པར་སྦྱིན་པ་ལ་སོགས་པ་བྱེད་པའི་ཚོགས་དེ་མེད་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་དང་། དེ་དག་གི་འབྲས་བུ་མེད་པ་ཡིན་དང་། འགྲོ་བ་ཐམས་ཅད་བོང་བུའི་རྭ་དང་འདྲ་བར་འགྱུར་བས་དེ་སངས་རྒྱས་པ་མ་ཡིན་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དེ་ལྟར་བྱ་བ་དང་ལྡན་པ་ལ་ཡོད་པ་ཉིད་མཐོང་བའི་ཕྱིར་ཟློག་པའི་སྒོ་ནས་བྱ་བ་མེད་པ་ཉིད་དང་མཚུངས་ཤིང་། བདག་ཀྱང་བྱ་བ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པས། བདག་མེད་ལ་ཁྱོད་ཀྱིས་མི་དགའ། གལ་ཏེ་བདག་རྟག་པ་ཡོད་པ་མ་ཡིན་ན་རྒྱུ་གང་གིས་ཁྱོད་བདག་མེད་པ་ལ་མི་དགའ་སྟེ། དམ་པ་མ་ཡིན་པའི་ལྟ་བ་མཐའ་དག་ལྡོག་པའི་རྒྱུ་ཡིན་པའི་ཕྱིར་དགའ་བ་ཁོ་ནར་འགྱུར་དགོས་སོ། །ཡང་གལ་ཏེ་བདག་ཅེས་བྱ་བ་འདི་འགའ་ཞིག་མེའི་ཚ་བ་ཉིད་ལྟར་རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་དེ་རང་གི་ངོ་བོ་དེས་ཡོད་པའི་ཕྱིར་ངེས་པར་དམིགས་པ་ཞིག་ན་དེ་ལྟར་ཡང་མ་ཡིན་ནོ། །འདི་ལྟར་དེའི་རྒོལ་བ་དག་གིས། ལ་ལར་ཀུན་ཏུ་སོང་བར་མཐོང་། །ལ་ལས་སྐྱེས་བུ་ལུས་ཙམ་ཞིག །ལ་ལར་རྡུལ་ཙམ་ཞིག་མཐོང་སྟེ། །ཤེས་རབ་ཅན་གྱིས་མེད་ཅེས་མཐོང་། །དེ་ལ་ཁ་ཅིག་དག་གིས་ནི་ལུས་རེ་རེ་ཞིང་ཐ་མི་དད་པའི་བདག་ཐམས་ཅད་དུ་སོང་བར་རྟོགས་སོ། །གཞན་དག་གིས་ནི་འགྲོ་བ་མཐའ་དག་གི་བདག་ཟླ་བ་ལྟར་གཅིག་ཁོ་ནར་རྟོགས་སོ། །དེའི་འཐད་པ་ནི་ལུས་ཐ་དད་པ་ལས་བཏགས་པ་སྟེ། འབྲུ་མར་དང་ཆུ་ལ་སོགས་པའི་སྣོད་ཐ་དད་པས་ཟླ་བའི་གཟུགས་བརྙན་ཐ་དད་པ་བཞིན་ནོ། །དེ་ཡང་ཐམས་ཅད་དུ་སོང་བ་ཞིག་སྟེ་དེ་ལྟར་ན་ལ་ལར་ཀུན་ཏུ་སོང་བར་མཐོང་ངོ་། །ལ་ལས་སྐྱེས་བུ་ལུས་ཙམ་ཞིག་སྟེ། འདི་ལྟར་ལ་ལ་དག་གིས་ནི་སྦྲང་བུ་མཆུ་རིངས་དང་གྲོག་མ་དང་གླང་པོ་ཆེ་ལ་སོགས་པ་རྣམས་ལ་བདག་ལུས་ཙམ་ཞིག་ཡིན་པའི་ཕྱིར་ཞུམ་པ་དང་རྒྱས་པ་ཉིད་དུ་རྟོགས་སོ། །གཞན་དག་གིས་ནི་འདི་ཞུམ་པ་དང་རྒྱས་པའི་ཆོས་ཉིད་དུ་མི་བཟོད་པ་ན་བདག་རྡུལ་ཕྲ་རབ་ཙམ་ཞིག་ཏུ་རྟོགས་སོ། །དེ་བཞིན་གཤེགས་པའི་གསུང་ལ་བརྟེན་ཏེ་ཡང་དག་པའི་ཤེས་པ་སྐྱེ་ཞིང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་མངོན་པར་ཤེས་པ་ཤེས་རབ་ཅན་དག་གིས་ནི་ཡོད་པ་མ་ཡིན་པ་ཁོ་ནར་དམིགས་སོ། །གལ་ཏེ་དེ་རང་གི་ངོ་བོས་ཡོད་ན་ནི་དེའི་ཚེ་ངེས་པར་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་སངས་རྒྱས་པ་དག་གིས་བདག་ཉིད་དེས་དམིགས་པར་འགྱུར་ཞིང་། མུ་སྟེགས་ཅན་རྣམས་ལ་ཡང་དེ་ལྟར་ལྟ་བ་ཐ་དད་པར་མི་འགྱུར་བ་ཞིག་ན་འདི་ཐམས་ཅད་ཡོད་པ་ཡང་མ་ཡིན་པས་བདག་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །ཡང་གལ་ཏེ་བདག་རང་གི་ངོ་བོས་ཡོད་ན་ནི། དེའི་ཚེ་དེ་ཡོད་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་གྲོལ་བར་མི་འགྱུར་རོ། །ཉེ་བར་འཚེ་བ་དང་བཅས་ཤིང་དེ་ལ་རྒྱབ་ཀྱིས་ཕྱོགས་པའི་སྐྱེས་བུ་ལ་ནི་དེ་ལྡོག་པ་བདེ་བར་འགྱུར་སྲིད་ཀྱི། བདག་རྟག་པའི་ཉེ་བར་འཚེ་བ་མེད་པ་ལ་ནི་མ་ཡིན་ནོ། །རྟག་ལ་གནོད་པ་ག་ལ་ཞིག །གནོད་མེད་ཐར་པ་ག་ལ་ཡོད། །དེ་ན་གང་གི་བདག་རྟག་པ། །དེ་ལ་ཐར་པ་མི་རིགས་སོ། །ཕན་པ་དང་གནོད་པ་དག་ལས་ཁྱད་པར་མེད་པའི་ཕྱིར་ན་གང་ཞིག་ཐར་པའི་གནས་སྐབས་སུ་ཡོད་པར་འགྱུར་བ། འདི་ལ་ད་ལྟར་མེད་པ་ནི་ཅི་ཞིག་ཡོད། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་པར་ཕྱིར་བདག་རྟག་པར་སྨྲ་ལ་ཐར་པ་མི་རིགས་སོ། །ཐར་པར་འདོད་པས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ན་ཁས་བླང་བར་བྱ་བའི་བདག་རྟག་པ་ནི་མ་ཡིན་ནོ། །དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ལ་ནི་སྐད་ཅིག་མ་ཡིན་ལ། དེ་རྣམས་ནི་རྒྱུ་དང་རྐྱེན་དག་རྣམ་པར་ཆད་པ་མེད་པས་རྒྱུན་ཆགས་སུ་འབྱུང་བ་ན་རྒྱུ་དང་རྐྱེན་མ་ཚང་བ་ལས་མི་འབྱུང་བས་ཐར་པར་རིགས་སོ། །གཞན་ཡང་ཡ་མཚན་ཅན་ཐམས་ཅད་ཀྱིས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པར་བྱ་བའི་ཕྱིར་གྲོལ་བ་ཁས་བླངས་ཏེ། དེའི་ཕྱིར་དེ་དག་ལ་གྲོལ་བའི་གནས་སྐབས་ན། གལ་ཏེ་བདག་ཅེས་བྱ་ཡོད་ན། །བདག་མེད་སྙམ་སྟེ་མི་རིགས་ཤིང་། །དེ་ཉིད་རིག་པ་ངེས་སྡོམ་ལས། །མྱ་ངན་འདས་འགྱུར་ཞེས་བྱའང་བརྫུན། །གལ་ཏེ་བདག་གི་ངོ་བོས་ཡོད་ན་ནི་དེའི་ཚེ་རང་གི་ངོ་བོ་ལ་ལྡོག་པ་མེད་པའི་ཕྱིར་ཐར་པའི་གནས་སྐབས་ན་ཡང་ཡོད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཐར་པའི་གནས་སྐབས་ན་ཡང་བདག་ཏུ་འཛིན་པའི་རྒྱུ་བོགས་དབྱུང་དུ་མེད་པའི་བདག་ཡོད་པའི་ཕྱིར་བདག་མེད་དོ་ཞེས་དེ་ལྟར་བདག་ཏུ་འཛིན་པ་སྤངས་པ་མི་རིགས་སོ། །དེའི་ཕྱིར་བདག་གི་དེ་ཁོ་ན་ཉིད་རིག་པ་ངེས་པས་བདག་ཏུ་འཛིན་པ་སྤངས་པ་ལས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་བྱ་བ་ཡང་བརྫུན་ཏེ་དེ་ཡང་ངར་འཛིན་པ་ཡོད་པའི་ཕྱིར་རོ། །ཡང་ན་གྲོལ་བར་འདོད་པས་བདག་མེད་པ་ཁོ་ན་ཁས་བླང་བར་བྱ་སྟེ། བདག་མེད་པ་ཡོད་པ་དང་བདག་ཏུ་འཛིན་པ་སྤོང་ལ་བདག་ཏུ་འཛིན་པ་སྤངས་པ་ལས་ཐར་པ་གྲུབ་པར་འགྱུར་རོ། །ཅི་སྟེ་བདག་ཡོད་ན་ཐར་པའི་གནས་སྐབས་ན་བདག་ཏུ་འཛིན་པ་འཇུག་པར་ཐལ་བར་འཇིགས་ནས་གྲོལ་བའི་གནས་སྐབས་ན་བདག་ཡོད་པ་ཉིད་ཁས་མི་ལེན་ན། དེ་ལྟར་ཡིན་དང་། གལ་ཏེ་གྲོལ་བ་ཉིད་ཡོད་ན། །དེ་ནི་སྔར་ཡང་མེད་པ་མེད། །མི་ལྡན་པ་ལ་གང་མཐོང་བ། །དེ་ནི་རང་བཞིན་ཞེས་བྱར་བཤད། །མ་ཡིན་ནམ། འབྲེལ་པ་ཅན་གྱི་ཆོས་དང་མི་ལྡན་ཞིང་རྐྱང་པར་རང་གི་ངོ་བོ་ཙམ་ལ་གནས་པའི་དངོས་པོ་ཙམ་ལ་ཆ་ཇི་ཙམ་ཞིག་དམིགས་པ་དེ་ནི་དེའི་རང་བཞིན་ནོ་ཞེས་བྱ་བར་རྣམ་པར་གཞག་སྟེ། དེ་ལས་གཞན་པའི་ཆོས་དང་མ་འདྲེས་པའི་ཕྱིར་རོ། །དཔེར་ན་ཟད་མི་ཤེས་པའི་གསེར་གྱི་དེ་ལས་གཞན་པའི་འབྲེལ་པ་ཅན་ལྕགས་ཡོངས་སུ་ཟད་པ་ལས་རྣམ་པར་བྱང་བའི་གནས་སྐབས་གང་ཡིན་པ་དེ་དེའི་རང་བཞིན་དུ་རྣམ་པར་གཞག་པ་དེ་བཞིན་དུ་གྲོལ་བའི་བདག་གི་ཤེས་པ་རྣམ་པར་བྱང་བའི་གནས་སྐབས་སུ་ཤེས་པའི་ཁྱད་པར་གྱི་ངོ་བོ་ཅི་འདྲ་བ་ཞིག་སྣང་བ་དེ་ཡང་དེའི་རང་བཞིན་ཡིན་ནོ་ཞེས་བྱ་བར་རིགས་ན་ཅུང་ཟད་ཅིག་སྣང་བ་ཡང་མ་ཡིན་ཏེ། བདག་ཏུ་འཛིན་པ་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཐལ་བའི་སྔ་རོལ་གྱི་གནས་སྐབས་ན་ཡང་དེའི་རང་བཞིན་དེ་ཁོ་ན་ཡིན་པར་རིགས་སོ། །སྔར་གྱི་གནས་སྐབས་སུ་ཕྱིན་ཅི་ལོག་གིས་དྲི་མ་ཅན་དུ་གྱུར་ཅིང་དོན་ཇི་ལྟ་བ་བཞིན་དངོས་པོའི་རང་གི་ངོ་བོ་མ་རྟོགས་པའི་བློ་ཚད་མ་ཉིད་དུ་ཁས་བླང་བར་ནུས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དོན་འདི་མཐོང་བ་ཕྱིན་ཅི་ལོག་གི་དམིགས་སུ་ཟིན་ཀྱང་དེ་ལྟར་ཁས་བླང་བར་མི་ནུས་སོ། །རབ་རིབ་ཅན་གྱིས་མཐོང་བ་ཡོད་པ་མ་ཡིན་པའི་སྐྲ་ཤད་དང་སྦྲང་བུ་ལ་སོགས་པའི་དོན་སྒྲོ་འདོགས་པ་ཡང་དེ་ལྟར་ཁས་བླངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བདག་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །འདིར་སྨྲས་པ། གལ་ཏེ་བདག་མེད་ན་དེའི་ཚེ་སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཅན་གྱི་འདུ་བྱེད་རྣམས་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་ཆད་པར་ལྟ་བར་འགྱུར་ལ། དངོས་པོ་སྐད་ཅིག་མའི་རྟེན་བདག་སྐད་ཅིག་མ་མ་ཡིན་པ་ཡོད་པས་རྣམ་པ་ཐམས་ཅད་དུ་མེད་པར་ཁས་མ་བླངས་པ་ལས་ཆད་པར་ལྟ་བ་ཡོད་པ་མ་ཡིན་ནོ། །བཤད་པར་བྱ་སྟེ། གལ་ཏེ་མི་རྟག་ཆད་ཡིན་ན། །ད་དུང་རྩྭ་སོགས་རྣམས་ཅིས་ཡོད། །འདི་ནི་གལ་ཏེ་བདེན་གྱུར་ན། །སུ་ལའང་གཏི་མུག་ཀྱང་མི་འབྱུང་། །འཇིག་རྟེན་ན་ནི་མི་རྟག་པའི་དོན་ཆད་པས་རྟོག་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་བསྐལ་པ་དང་པོ་ནས་ཞུགས་པ་རྩྭ་དང་ལྕུག་མ་དང་། ལྗོན་ཤིང་ལ་སོགས་པ་རྣམས་རྒྱུ་དང་འབྲས་བུའི་འབྲེལ་པ་འཇུག་པའི་རིམ་པ་རྣམ་པར་ཆད་པ་མེད་པར་ད་རུང་དུ་ཡང་འབྱུང་བར་རིགས་སོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号