ཡང་ཇི་ལྟར་ཤིང་ཐོག་པ་ན་ས་དེའི་ཤིང་རྒྱུ་མ་ཡིན་པ་ལས་སྐྱེ་བ་དེ་བཞིན་དུ་ཁམས་གསུམ་ལས་ཀྱང་འགྱུར་རོ། །ཡང་གང་ཞིག་ཨ་མྲ་དང་ལ་ཀུ་རྩ་ལ་སོགས་པ་རྣམས་ཀྱི་སྨིན་པ་ལས་སྐྱེས་པའི་སྐྱེ་བ་དུས་ཚིགས་ལ་ལྟོས་ཤིང་རེས་འགའ་མངོན་པ་དེ་ཡང་དེ་དག་ལ་རྟག་ཏུ་ཁོ་ནར་ཡོད་པ་འགྱུར་ཏེ། དུས་ཚིགས་ཀྱི་ལྟོས་པ་ལ་མི་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་རྨ་བྱ་རྨ་བྱའི་མདོངས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པས་བྱ་རོག་ལ་ཡང་མདོངས་ཀྱི་ཚོགས་ཡོད་པར་འགྱུར་ལ། རྨ་བྱ་ལ་ཡང་དུས་ཐམས་ཅད་ཀྱི་ཚེ་སྟེ་མངལ་གྱི་གནས་སྐབས་ན་ཡང་ནེ་ཙོའི་སྒྲོ་ཡང་ཡོད་པར་འགྱུར་རོ། །དེ་ལྟར་འགྲོ་བའོ་ཅོག་རྟག་ཏུ་སྐྱེ་བར་འགྱུར་ན་དེ་ནི་ཡོད་པ་ཡང་མ་ཡིན་པས་ངོ་བོ་ཉིད་དུ་སྨྲ་བ་མི་རིགས་སོ། །དེ་ལྟར་རིགས་པ་དང་འགལ་བ་བརྗོད་ནས། མཐོང་བ་དང་འགལ་བ་བརྗོད་པའི་ཕྱིར་བཤད་པ། འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར་བ་ཞིག་ན་བྱེད་པ་ཡང་ཡིན་པ་དེའི་ཕྱིར་སྐྱེ་བ་ངོ་བོ་ཉིད་ལས་བྱུང་བ་མ་ཡིན་ནོ། །གཞན་ཡང་། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་འགྱུར་ན་ནམ་མཁའ་ཡི། །ཨུཏྤ་ལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་ཉིད་ན། །ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པའང་ཡིན་པ་དེ་ཡི་ཕྱིར། །རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་ཡིན་པར་ཤེས་པར་གྱིས། །གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་འགྱུར་ན་ནི་ནམ་མཁའི་ཨུཏྤལའི་དྲི་དང་ཁ་དོག་བཞིན་དུ་འཛིན་པའི་ལམ་དུ་མི་འགྱུར་བ་ཉིད་ན་འགྱུར་བ་ཡང་ཡིན་ཏེ། དེའི་ཕྱིར་རང་གི་བློ་ལྟར་འགྲོ་བ་མཐའ་དག་རྒྱུ་ཁོ་ན་ལས་སྐྱེའོ་ཞེས་བྱ་བར་རིག་པར་གྱིས་ཤིག ཁྱོད་ཀྱི་ལྟར་ན་ནི་སྔོན་པོའི་རྣམ་པ་ཅན་གྱི་བློ་ཡུལ་སྔོན་པོ་བསལ་ནས་ཉེ་བར་སྐྱེ་བ་མ་ཡིན་ཏེ། སྔོན་པོའི་རྣམ་པ་ཅན་གྱི་བློ་ནི་སྔོན་པོ་ཁོ་ན་ལས་ཡིན་གྱི་ངོ་བོ་ཉིད་ལས་མ་ཡིན་པས་ངོ་བོ་ཉིད་སྨྲ་བ་ནི་མི་རིགས་སོ། །སེམས་པ་འབྱུང་བ་ལས་གྱུར་པ་དག་ནི་རྒྱུ་དམིགས་བཞིན་པ་ལ་ནི་བསྙོན་པར་མི་ནུས་ཏེ། མཐོང་བའི་ཕྱིར་དང་། ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་འཇིག་རྟེན་ལ་གྲགས་པ་འདི་ནི་ཡོད་པ་ཉིད་དོ། །དེ་ཉིད་ནི་བཞི་ཁོ་ན་སྟེ། འགྲོ་བ་སྣ་ཚོགས་པ་མཐའ་དག་གི་རྒྱུར་གྱུར་པ་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བ་རྣམས་སོ། །དེ་རྣམས་ཀྱི་ཡོངས་སུ་སྨིན་པའི་ཁྱད་པར་ལས་པདྨ་དང་བལ་པོ་སེའུ་ལ་སོགས་པ་དག་དང་རྨ་བྱ་དང་བྱ་གག་གི་ཚོགས་པ་དག་གི་སྣ་ཚོགས་པ་ཇི་ལྟར་མཐོང་བཞིན་པ་འཐད་པ་འབའ་ཞིག་ཏུ་མ་ཟད་ཀྱི། བློ་དངོས་པོའི་དེ་ཁོ་ན་ཉིད་སྣ་ཚོགས་ཡོངས་སུ་གཅོད་པ་པོར་གྱུར་པ་ཡང་དེ་ཁོ་ན་ལས་སྐྱེ་བ་ཡིན་ནོ། །དེ་ལ་ཇི་ལྟར་ཆང་དག་ལས་འབྱུང་བའི་བྱེ་བྲག་ཕྲད་པ་ཡོངས་སུ་འགྱུར་བའི་ཁྱད་པར་ལས་སྲོག་ཆགས་རྣམས་ཀྱི་མྱོས་པ་དང་བརྒྱལ་བའི་རྒྱུ་མྱོས་པར་འགྱུར་བའི་ནུས་པ་སྐྱེ་བ་དེ་བཞིན་དུ། ནུར་ནུར་པོ་ལ་སོགས་པའི་འབྱུང་བ་ཆེན་པོ་ཁྱད་པར་ཅན་ཡོངས་སུ་སྨིན་པ་ལས་བློ་དག་སྐྱེ་ཞིང་དེ་དག་དངོས་པོ་མཐའ་དག་ཡོངས་སུ་གཅོད་པར་བྱེད་པའི་བར་དུ་ཡང་འགྱུར་རོ། །དེའི་ཕྱིར་ཕྱི་རོལ་དང་ནང་གི་དངོས་པོ་རྣམས་ནི་འཇིག་རྟེན་འདིའི་རྒྱུ་ལས་འབྱུང་བ་ཁོ་ན་ཡིན་གྱི། གང་དུ་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་འདིར་རམ་འདིར་བྱས་པའི་རྣམ་པར་སྨིན་པ་འཇིག་རྟེན་གཞན་དུ་འབྱུང་བ་འཇིག་རྟེན་ཕ་རོལ་དག་ཡོད་པ་ཉིད་ནི་མ་ཡིན་ནོ་སྙམ་དུ་སེམས་སོ། །མཛེས་མ་ལེགས་པར་སྤྱོད་ཅིང་བཟའ་བར་གྱིས། །ལུས་མཆོག་འདས་གང་དེ་ཁྱོད་ལ་མི་འབྱུང་། །ལུས་འདི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། །འཇིགས་མ་སོང་བ་ལྡོག་པར་མི་འགྱུར་རོ། །ཞེས་སྨྲས་ཏེ། འདི་ནི་བུ་མོ་ལ་མངོན་པར་བགྲོད་པར་འདོད་ཅིང་བུ་མོས་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པར་འདོད་ནས་སྨྲས་པ་ཡིན་ནོ། །འདི་ལ་བརྗོད་པར་བྱ་སྟེ། ཁྱོད་ཀྱི་འཇིག་རྟེན་ཕ་རོལ་ཡོད་པ་མ་ཡིན་ནོ་སྙམ་པའི་ངེས་པ་འདི་ག་ལས་ཡིན། མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། ཁྱོད་ཀྱི་འཇིག་རྟེན་ཕ་རོལ་མངོན་སུམ་མ་ཡིན་པ་ཉིད་ཅི་མངོན་སུམ་ཞིག་གམ་འོན་ཏེ་མངོན་སུམ་མ་ཡིན་པ་ཞིག་ཡིན་གྲང་། མངོན་སུམ་མོ་ཞེ་ན། འཇིག་རྟེན་ཕ་རོལ་མངོན་སུམ་དུ་གྱུར་པ་ཉིད་མེད་པ་མངོན་སུམ་ཡིན་པས་དངོས་པོ་མེད་པ་ཡང་མངོན་སུམ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པ་ཡང་ཁྱོད་ལ་དངོས་པོར་འགྱུར་ཏེ། མངོན་སུམ་ཡིན་པའི་ཕྱིར་དངོས་པོ་བཞིན་ནོ། །དེའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བ་འགའ་ཡང་མེད་པས་ཟླ་བོ་མེད་པའི་ཕྱིར་དངོས་པོ་ཡང་མེད་པར་འགྱུར་རོ། །དངོས་པོ་དང་དངོས་པོ་མེད་པ་མེད་ན་ཡང་འབྱུང་བ་རྣམས་ཀྱི་ཡོད་པ་ཉིད་དང་། འཇིག་རྟེན་ཕ་རོལ་མེད་པ་ཉིད་ཉམས་པར་འགྱུར་རོ། །ཅི་སྟེ་མངོན་སུམ་མ་ཡིན་ན་ནི་རེ་ཞིག་མངོན་སུམ་མ་ཡིན་པ་དེ་ཉིད་མངོན་སུམ་མ་ཡིན་པའི་ཕྱིར་མ་བཟུང་བས། ཅི་ལྟར་མ་བཟུང་བ་དེའི་སྒོ་ནས་འཇིག་རྟེན་ཕ་རོལ་མེད་པར་རྗེས་སུ་དཔོག་པར་འགྱུར། ཅི་སྟེ་རྗེས་སུ་དཔག་པས་བཟུང་བ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པ་ལས་རབ་ཏུ་གྲུབ་པས་ཀྱང་དོན་སྒྲུབ་པ་ཡིན་ན་འདི་ནི། ཇི་ཙམ་དབང་པོའི་སྤྱོད་ཡུལ་བས། །སྐྱེས་བུ་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་ནི་སྤྱང་ཀིའི་རྗེས་དང་འདྲ། །ཞེས་ཁྱོད་ཀྱིས་ཁས་བླངས་པ་ཡང་ཡིན་ནོ། །དེའི་ཕྱིར་འདི་ཐམས་ཅད་ལ་སྐུར་བ་འདེབས་པར་བྱེད་པ་ནི། སེམས་པ་ཡོད་པ་འབྱུང་བ་ལས་གྱུར་བ་ལ་སུན་འབྱིན་པ་བཤད་ཟིན་པའི་ལམ་གྱི་རྗེས་སུ་འབྲངས་ཏེ་ཐམས་ཅད་དུ་སུན་འབྱིན་པ་བརྗོད་པར་བྱའོ། །གཞན་ཡང་ཇི་ལྟར་རབ་རིབ་ཅན་ཟླ་བ་གཉིས་ལ་སོགས་པའི་ངོ་བོ་ཡོད་པ་མ་ཡིན་པ་ཡོད་དོ་སྙམ་དུ་འཛིན་པའི་མཐོང་བ་སྐྲ་ཤད་དང་སྦྲང་མ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཡུལ་ཅན་དུ་རྣམ་པ་དེ་ལྟ་བུ་གཞན་ཡང་མི་བདེན་པ་ཁོ་ན་ཡིན་པ་དེ་བཞིན་དུ་ཁྱོད་ཀྱི་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པར་ཤེས་པ་གཞན་ཡང་མཐོང་པའི་དངོས་པོ་ཕྱིན་ཅི་ལོག་ཏུ་རྟོག་པའི་སྒོ་ནས་ཕྱིན་ཅི་ལོག་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། འབྱུང་བ་དེ་དག་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི། །ཡུལ་དུ་འགྱུར་བ་དེ་ཡི་བདག་ཉིད་ཅན་ནི་མ་ཡིན་ན། །གང་ལ་ཡིད་ཀྱི་མུན་པ་མཐུག་པོ་འདི་ཉིད་དུ་ཡོད་པ། །དེས་ན་ཇི་ལྟར་འཇིག་རྟེན་ཕ་རོལ་ཡང་དག་རྟོགས་པར་འགྱུར། །ས་ལ་སོགས་པ་དེ་ཁོ་ན་ཉིད་བཞི་པོ་གང་དག་སྨྲས་པ་དེ་དག་ནི་ཇི་ལྟར་ཁྱོད་ཀྱི་ཤེས་པའི་ཡུལ་ཉིད་དུ་འགྱུར་བའི་བདག་ཉིད་དེར་ཡོད་པ་མ་ཡིན་ནོ། །གང་གི་ཚེ་དེ་ལྟར་ཁྱོད་འཇིག་རྟེན་འདི་ཉིད་ལ་ཕྱིན་ཅི་ལོག་ཏུ་མཐོང་བ་ཡིན་པ་དེའི་ཚེ། འཇིག་རྟེན་ཕ་རོལ་ཏེ་པོར་ཕྲ་བ་ལྷའི་མིག་གི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པ་ཇི་ལྟར་རྟོགས་པར་འགྱུར་ཏེ་མི་སྲིད་པ་ཉིད་དོ། །གཞན་ཡང་། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །མཚུངས་པ་ནི་མཉམ་པ་སྟེ་འདྲ་བ་ཞེས་བྱ་བའི་དོན་ཏོ། །རྟེན་ནི་གནས་པའི་རྒྱུའོ། །ལུས་ནི་ཁོག་པའོ། །དེའི་ལྟ་བའི་རྣམ་པ་ནི་འཇིག་རྟེན་ཕ་རོལ་ལ་སྐུར་བ་འདེབས་པ་དེའི་ལྟ་བའི་རྣམ་པའོ། །རྟེན་ཡང་དེ་ཡིན་ལ་མཚུངས་པ་ཡང་དེ་ཡིན་པས་ཞེས་ཁྱད་པར་གྱི་ཚིག་བསྡུའོ། །རྟེན་དུ་མཚུངས་པ་ཉིད་ལུས་ཡིན་པས་ན་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་འདི་ལ་ཡོད་པས་ན་མ་ཏུབ་ཀྱི་རྐྱེན་ནོ། །དེའི་དངོས་པོ་ནི་དེའི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར་ཞེས་བྱ་བ་སྟེ། གཏན་ཚིགས་སོ། །རྟེན་དེ་ནི་ཇི་སྲིད་སེམས་པ་འབྱུང་བ་ལས་གྱུར་པའི་འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ལྟ་བའམ། ཐེ་ཚོམ་གྱི་རྟེན་ཉིད་དུ་མ་གྱུར་པ་དེ་སྲིད་དུ་ལོག་པར་ལྟ་བ་འཇིག་རྟེན་ཕ་རོལ་ལ་སྐུར་བ་འདེབས་པའི་རྟེན་དུ་མཚུངས་པ་ཉིད་དུ་འགྱུར་བས་འབྱུང་བའི་བདག་ཉིད་ཡོད་པ་ཉིད་དུ་རྟོགས་པ་ན་ཡང་འཇིག་རྟེན་རྒྱང་འཕེན་པ་ལ་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཡོད་པ་ཡིན་ཏེ། འདི་ལྟར་དེའི་གནས་སྐབས་ནི་གཉིས་ཏེ། གཅིག་ནི་འབྱུང་བའི་རང་བཞིན་ཁོང་དུ་ཆུད་པའི་གནས་སྐབས་སོ། །གཞན་ནི་འཇིག་རྟེན་གཞན་ལ་སྐུར་བ་འདེབས་པའི་གནས་སྐབས་སོ། །དེ་ལ་གཅིག་ནི་ཕྱོགས་སུ་བྱས་པ་ཉིད་ཀྱིས་ན་གཞན་དཔེ་ཉིད་དུ་བསྟན་པའི་ཕྱིར། གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བ་སྨོས་ཏེ། གནས་སྐབས་དེར་ཡང་དེའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་དང་། ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བ་ཡོད་པ་ཡིན་ནོ། །ཅི་སྟེ་འབྱུང་བའི་བདག་ཉིད་ཡོད་པ་ཉིད་རྟོགས་པའི་གནས་སྐབས་ན་ཡང་བདག་ཕྱིན་ཅི་མ་ལོག་པ་མཐོང་བ་ཡིན་པའི་ཕྱིར་དཔེ་བསྒྲུབ་བྱས་སྟོང་པ་ཉིད་ཡིན་ནོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་རང་བཞིན་ཅན་གྱི་འབྱུང་བ་དག་ལ་སྐྱེ་བ་དང་ཡོད་པ་ཉིད་དུ་རྟོགས་པས་ཕྱིན་ཅི་ལོག་ཏུ་ལྟ་བ་ཉིད་གྲུབ་པའི་ཕྱིར་རོ། །འབྱུང་བ་དག་མ་སྐྱེས་པ་ཉིད་དེ་ཁོ་ན་བསྒྲུབ་པར་བྱ་དགོས་སོ་ཞེ་ན། མ་ཡིན་ཏེ་བསྒྲུབ་ཟིན་པའི་ཕྱིར་རོ་ཞེས་བཤད་པ། འབྱུང་བ་དེ་དག་ཇི་ལྟར་ཡོད་མིན་དེ་ལྟར་བཤད་ཟིན་ཏེ། །གང་གི་ཕྱིར་ན་གོང་དུ་རང་གཞན་ལས་དང་གཉི་ག་ལས། །སྐྱེ་དང་རྒྱུ་མེད་ཐུན་མོང་དུ་ནི་བཀག་ཟིན་དེ་ཡི་ཕྱིར། །མ་བཤད་འབྱུང་བ་འདི་དག་ལྟ་ཞིག་ཡོད་པ་མ་ཡིན་ནོ། །དངོས་པོ་རྣམས་ཐུན་མོང་དུ་རང་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་སྐྱེ་བ་འགོག་པར་བྱེད་པ་ན། འབྱུང་བ་དང་སྐྱེ་བ་ཡང་བདག་གིས་སྤྱིར་བཀག་པ་ཁོ་ན་ལས་སྐྱེ་བ་མེད་པའི་ཕྱིར། འབྱུང་བ་དག་ལ་རང་བཞིན་ཡོད་པ་མ་ཡིན་པས་དཔེ་གྲུབ་པ་ཉིད་དོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་སྐུར་བ་འདེབས་པ་དང་། དངོས་པོ་ཡོད་པ་ཉིད་དུ་སྨྲ་བ་དང་། དངོས་པོ་མེད་པ་ཉིད་དུ་སྨྲ་བ་དང་། དབང་ཕྱུག་དང་དུས་དང་རྡུལ་དང་རང་བཞིན་དང་ངོ་བོ་ཉིད་སྨྲ་བ་རྣམས་དང་། དེ་དག་ལས་གཞན་པ་རྣམས་ལ་ཡང་རང་རང་གི་ཇི་ལྟ་བ་ཡིན་པ་སྨྲ་བ་ན་རྟོགས་པ་ཕྱིན་ཅི་ལོག་ཉིད་སྦྱར་བར་བྱའོ། །འདི་ལྟ་སྟེ། རྫོགས་པའི་སངས་རྒྱས་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱ་སྟེ། ཡོད་པ་དང་མེད་པ་ཉིད་དུ་ལྟ་བ་ཐམས་ཅད་དགག་པར་འདོད་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་གནས་སྐབས་འགར་ཡང་མི་འདོད་པ་ཐོབ་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མཁས་པས་ཡོངས་སུ་བསྒྱུར་ལ་ཚིགས་སུ་བཅད་པ་འདི་ཉིད་ཀྱིས་གཞན་གྱིས་ཡོངས་སུ་བརྟགས་པའི་ཕྱོགས་སྔ་མ་མ་ལུས་པ་བསལ་བར་ངེས་པར་བྱ་སྟེ། རྟོག་པའི་དྲྭ་བ་མ་ལུས་པར་བཀག་པར་དོན་དམ་པའི་ཡེ་ཤེས་གྲུབ་པར་མངོན་པར་འདོད་པའི་ཕྱིར་རོ། །ཅི་སྟེ་ཁྱོད་ལ་ཡང་ཐལ་བར་འགྱུར་བ་འདི་ཙམ་མཚུངས་སོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། ཁོ་བོ་ཅག་ཕྱིན་ཅི་ལོག་པར་སྒྲུབ་པ་ལ་དཔེ་མེད་པའི་ཕྱིར་རོ། །འཇིག་རྟེན་གཞན་རྟོག་ཡོད་པ་ཉིད་དུ་རྟོགས་པའི་དུས་སུ་བདག །ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། །བདག་གི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་གི་ཚེ་ན་བདག་མེད་རྟོགས་པར་ཁས་ལེན་དེ་ཚེ་བཞིན། །ཞེས་བྱ་བར་བརྗོད་པར་ནུས་པ་ཡང་ཡིན་ནོ། །དེ་བཞིན་དུ། འདི་ན་ཐམས་ཅད་མཁྱེན་པ་ཡོད་ཅེས་རྟོགས་པའི་དུས་སུ་བདག ཤེས་བྱའི་རང་བཞིན་དམ་པའི་དོན་ནི་ལྟ་བར་རྟོགས་བྱ་སྟེ། གཏན་ཚིགས་དང་དཔེ་དག་ནི་དེ་གཉིས་ཁོ་ནའོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ངེས་པ་ལ་ཡང་སྦྱར་བར་བྱའོ། །དེའི་ཕྱིར་ཚུལ་འདིས་ནི། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག །གཉི་ག་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །ཅེས་གང་དམ་བཅས་པར་གྱུར་པ་དེ་རབ་ཏུ་བསྒྲུབས་པ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་དངོས་པོ་རྣམས་བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་མི་སྐྱེ་ན། འོ་ན་ཇི་ལྟར་སྐྱེ། བཤད་པ། གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་འགའ་ཞིག་ཡོད་ན་ནི་སྐྱེ་བའི་རྣམ་པར་རྟོག་པ་གཞན་མི་སྲིད་པའི་ཕྱིར་ཐེ་ཚོམ་མེད་པར་དེ་བདག་གམ་གཞན་ནམ་གཉི་གའམ་རྒྱུ་མེད་པ་ཞིག་ལས་སྐྱེ་བའམ་དམིགས་པར་འགྱུར་བ་ཞིག་གོ །གང་དག་དབང་ཕྱུག་ལ་སོགས་པ་དག་ལས་དངོས་པོ་རྣམས་སྐྱེ་བར་མངོན་པར་འདོད་པ་དེ་དག་གི་ལྟར་ན་ཡང་དབང་ཕྱུག་ལ་སོགས་པ་དེ་ག་བདག་ཏུ་གྱུར་པའམ། གཞན་དུ་གྱུར་པའམ། གཉི་གར་གྱུར་པ་ཞིག་ཏུ་འགྱུར་བས་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་བ་དག་ཀྱང་བཤད་ཟིན་པའི་སྐྱོན་ལས་མི་འདའ་སྟེ། དེའི་ཕྱིར་སྐྱེད་པར་བྱེད་པའི་རྒྱུའི་རྣམ་པར་རྟོག་པ་གཞན་ལྔ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཞན་མེད་པའི་ཕྱིར་ལ་རྣམ་པར་རྟོག་པ་བཞིས་སྐྱེ་བ་བཀག་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་དོ་ཞེས་བསྟན་པའི་ཕྱིར། གང་གི་ཕྱིར་ན་བདག་དང་གཞན་དང་གཉི་ག་ལས་སྐྱེ་དང་། །རྒྱུ་ལ་མ་ལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། །ཞེས་བྱ་བ་སྨོས་སོ། །འདིར་སྨྲ་པ་གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ཉིད་ཡིན་ན། འོ་ན་མ་སྐྱེ་པ་སྔོན་པོ་ལ་སོགས་པ་རྣམས་ཅི་ལྟར་བཟུང་། བཤད་པ། སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟར་ཡང་འགའ་ཞིག་གི་ཡུལ་ཉིད་དུ་འགྱུར་བ་མ་ཡིན་པས་སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་བཞིན་ནི་བཟུང་བ་མ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ནི་འོ་ན་གང་ཞིག་ཡང་དང་ཡང་དུ་ཡུལ་གྱི་ངོ་བོ་ཉིད་དུ་མདུན་ན་སྣང་བར་མཐོང་བ་དེ་ཅི་ཞིག་ཏུ་འགྱུར་བར་འོས་ཤེ་ན། བཤད་པ། འདི་ནི་ཕྱིན་ཅི་ལོག་ཉིད་ཀྱིས་ན་རང་བཞིན་མ་ཡིན་ཏེ། མ་རིག་པ་དང་བཅས་པ་རྣམས་ཁོ་ན་བདག་ཉིད་དེར་དམིགས་པའི་ཕྱིར་ལ་མ་རིག་པ་དང་བྲལ་བ་རྣམས་ཀྱིས་ནི་མ་དམིགས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་གི་སྤྲིན་ཚོགས་དང་མཚུངས་གཏི་མུག་སྟུག་པོ་འཇིག་རྟེན་ལ། །ཡོད་པ་དེས་ན་ཡུལ་རྣམས་ལོག་པ་དག་ཏུ་སྣང་བར་འགྱུར། །སྤྲིན་ཚོགས་ནི་ཆར་སྤྲིན་གྱི་ཚོགས་སོ། །གང་གི་ཕྱིར་སྤྲིན་གྱི་ཚོགས་དང་འདྲ་བའི་གཏི་མུག་སྟུག་པོ་སྔོན་པོ་ལ་སོགས་པའི་རང་བཞིན་མཐོང་བ་གཡོགས་ནས་གནས་པ་དེའི་ཕྱིར་བྱིས་པ་རྣམས་ལ་སྔོན་པོ་ལ་སོགས་པའི་རང་བཞིན་མཐོང་བ་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་གནས་སུ་གྱུར་པ་འདི་ནི་བྱིས་པ་བདེན་པར་མངོན་པར་ཞེན་པ་རྣམས་ལ་སྣང་བ་ཡིན་ནོ། །འདིར་སྨྲས་པ། གཏི་མུག་གིས་བཀབ་པའི་ཕྱིར་རྣམ་པ་ཐམས་ཅད་དུ་དེ་ཁོ་ན་ཉིད་མི་མཐོང་བར་ནི་འགྱུར་ལ་རག་ན། ཕྱིན་ཅི་ལོག་ཏུ་མཐོང་བ་ག་ལས་ཤེ་ན། དེ་ལྟ་བུར་གྱུར་པ་མ་ཡིན་པ་རྣམས་མ་རིག་པའི་དབང་གིས་དེ་ལྟ་བུའི་བདག་ཉིད་དུ་སྣང་ངོ་ཞེས་བྱ་བ་འདི་ཉིད་ཕྱི་རོལ་གྱི་དཔེའི་སྒོ་ནས་བསྟན་པའི་ཕྱིར། ཇི་ལྟར་རབ་རིབ་མཐུ་ཡིས་འགའ་ཞིག་སྐྲ་ཤད་ཟླ་གཉིས་དང་། །རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་ལོག་པར་འཛིན་བྱེད་པ། །ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རབ་རིབ་ཀྱི་མཐུས་རབ་རིབ་ཅན་གྱིས་སྐྲ་ཤད་ལ་སོགས་པ་རྣམས་མ་སྐྱེས་པའི་རང་བཞིན་ཡིན་དུ་ཟིན་ཀྱང་དངོས་པོ་ཉིད་འཛིན་པར་བྱེད་པ། དེ་བཞིན་དུ་ནི་གཏི་མུག་སྐྱོན་གྱི་དབང་གིས་མི་མཁས་པས། །འདུས་བྱས་ལྟ་ཞིག་སྣ་ཚོགས་བློ་གྲོས་ཀྱིས་ནི་རྟོགས་པར་འགྱུར། །འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དང་། དེ་བཞིན་དུ་མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་དང་། བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་དང་། མི་གཡོ་བ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་དང་། དེ་བཞིན་དུ་མ་རིག་པ་འགག་པས་འདུ་བྱེད་འགག་ཅེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཚུལ་འདིས། གལ་ཏེ་གཏི་མུག་བརྟེན་ནས་ལས་འབྱུང་གཏི་མུག་མེད་པར་དེ། །མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྟོག་པར་གོར་མ་ཆག །བློ་བཟང་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བ་བཞིན། །མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར། །ཤེས་རབ་ཅན་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ་ཞེས་བྱ་བ་མཐོང་བ་ན་འདུ་བྱེད་རྣམས་རང་བཞིན་མེད་པར་ཁོང་དུ་ཆུད་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་རྟོགས་པ་ལས་མ་རིག་པ་སྤོང་ཞིང་འདུ་བྱེད་དག་ཀྱང་ཉེ་བར་མི་ལེན་ཏེ་དེ་ཉེ་བར་ལེན་པའི་རྒྱུ་སྤངས་པའི་ཕྱིར་རོ། །དེའི་ཕྱིར་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་རོ། །འདིར་སྨྲས་པ། གལ་ཏེ་དེ་ལྟར་གཟུགས་ལ་སོགས་པ་རྣམས་ལ་དོན་དམ་པར་རང་བཞིན་འགའ་ཡང་མེད་ན། འོ་ན་མོ་གཤམ་གྱི་བུ་བཞིན་དུ་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་དེ་དག་གི་རང་བཞིན་ཀུན་རྫོབ་ཏུ་ཡང་ཡོད་པར་མི་འགྱུར་བ་ཞིག་ན། གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་ནི་ཀུན་རྫོབ་ཏུ་ཡོད་པ་ཡང་ཡིན་ནོ། །དེའི་ཕྱིར་དེ་དག་གི་ཡོད་པ་ཉིད་ནི་དོན་དམ་པར་ཡང་ཡོད་པ་ཁོ་ནའོ་ཞེས་སྨྲས་པ། གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། །ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། །དེ་དག་མེད་པ་ཉིད་འགྱུར་དེ་ཡི་ཕྱིར། །དེ་དག་རང་བཞིན་གྱིས་ནི་ཡོད་པ་ཉིད། །འདི་ལ་བརྗོད་པར་བྱ་སྟེ། གང་དག་རབ་རིབ་ཅན་སོགས་ཡུལ་གྱུར་པ། །སྐྲ་ཤད་ལ་སོགས་དེ་དག་མ་སྐྱེས་པས། །རེ་ཞིག་དེ་དག་ཉིད་ལ་བརྩད་བྱ་སྟེ། །ཕྱི་ནས་མ་རིག་རབ་རིབ་རྗེས་འབྲེལ་ལའོ། །དེ་ཅིའི་ཕྱིར་ཁྱེད་ཅག་གིས་ཡོད་པ་མ་ཡིན་པའི་ཡུལ་སྐྲ་ཤད་ལ་སོགས་པ་དག་མཐོང་ལ་མོ་གཤམ་གྱི་བུ་ནི་མ་ཡིན་ཞེས་རེ་ཞིག་གང་དག་རབ་རིབ་ལ་སོགས་པས་ཉམས་པར་བྱེད་པ་དེ་དག་ཁོ་ན་ལ་བརྩད་པར་བྱ་ལ། ཕྱིས་ནི་ཅིའི་ཕྱིར་མ་སྐྱེས་པའི་རང་བཞིན་ཅན་གཟུགས་ལ་སོགས་པ་དག་མཐོང་ལ་མོ་གཤམ་གྱི་བུ་ནི་མ་ཡིན་ཞེས་མ་རིག་པའི་རབ་རིབ་ཀྱིས་བློའི་མིག་བསྒྲིབས་པ་རྣམས་ལ་བརྒལ་ཞིང་བརྟག་པར་བྱ་དགོས་སོ། །ཁོ་བོ་ཅག་ལ་ནི་འདི་བརྒལ་ཞིང་བརྟག་པ་མ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་ནི་རྣལ་འབྱོར་པ་རྣམས་ཀྱིས་དངོས་པོ་དག་འདི་ལྟར་གཟིགས་ཤིང་གཞན་གང་དག་རྣལ་འབྱོར་པའི་ཡེ་ཤེས་ཐོབ་པར་འདོད་པ་དེ་དག་གིས་ཀྱང་ཆོས་ཀྱི་རང་བཞིན་དེ་སྐད་བཤད་པ་ལ་ལྷག་པར་མོས་པར་བྱའོ་ཞེས་ལུང་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པའི་སྒོ་ནས་དངོས་པོ་རང་བཞིན་མེད་པར་འཆད་པར་ཞུགས་པ་ཡིན་གྱི། རང་གི་ཤེས་པ་ལ་ལྟོས་ནས་ནི་མ་ཡིན་ཏེ། ཁོ་བོ་ཅག་ནི་མ་རིག་པའི་རབ་རིབ་ཀྱིས་བློའི་མིག་བསྒྲིབས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཕུང་པོ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །བྱང་ཆུབ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ། །ཡེ་ཤེས་ལྡན་པས་ཤེས་ཀྱི་བྱིས་པས་མིན། །ཡེ་ཤེས་རང་བཞིན་སྟོང་པར་རིག་འགྱུར་ཏེ། །ཤེས་བྱའི་རང་བཞིན་སྟོང་པར་རིག་གྱུར་ནས། །ཤེས་པ་པོ་དང་འདྲ་བར་རྟོགས་གྱུར་ན། །བྱང་ཆུབ་ལམ་ལ་དེ་དག་སྤྱོད་ཅེས་བྱ། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་འདི་ནི་རྣལ་འབྱོར་པ་རྣམས་ལ་བརྒལ་ཞིང་བརྟག་པ་མ་ཡིན་ཏེ། དེ་དག་གིས་ནི་ཀུན་རྫོབ་ཏུ་ཡང་ཆོས་འགའ་ཞིག་གི་རང་བཞིན་མ་གཟིགས་ལ། དོན་དམ་པར་ཡང་མ་ཡིན་ནོ། །རབ་རིབ་ཅན་ལ་བརྒལ་ཞིང་བརྟག་པ་ལྟར་ཕར་འདུག་ཅིག རེ་ཞིག་འདི་ནི་ཁྱོད་ཉིད་ལ་ཆེར་བརྒལ་ཞིང་བརྟག་པར་བྱ་བ་ཡིན་ནོ་ཞེས་བཤད་པ། གལ་ཏེ་རྨི་ལམ་དྲི་ཟའི་གྲོང་ཁྱེར་བཅས། །སྨིག་རྒྱུའི་ཆུ་དང་མིག་འཕྲུལ་གཟུགས་བརྙན་སོགས། །སྐྱེ་མེད་མཐོང་ན་ཡོད་ཉིད་མིན་མཚུངས་ཀྱང་། །ཁྱོད་ལ་ཇི་ལྟར་དེར་འགྱུར་དེ་མི་རིགས། །དཔེར་ན་རྨི་ལམ་དུ་དམིགས་པ་དང་། མོ་གཤམ་གྱི་བུ་ཡོད་པ་མ་ཡིན་པ་ཉིད་དུ་འདྲ་ཡང་རྨི་ལམ་མཐོང་ལ་མོ་གཤམ་གྱི་བུ་མ་ཡིན་པར་འགྱུར། དེ་བཞིན་དུ་དྲི་ཟའི་གྲོང་ཁྱེར་ལ་ཡང་ངོ་། །སྨིག་རྒྱུའི་ཆུ་ཞེས་བྱ་བ་ནི་སྨིག་རྒྱུ་ལ་ཆུ་ཞེས་བྱ་བའི་དོན་ནོ། །དེ་བཞིན་དུ་མིག་འཕྲུལ་ལ་ཡང་ངོ་། །གཟུགས་བརྙན་སོགས་ཞེས་བྱ་བའི་སོགས་པའི་སྒྲས་ནི་བྲག་ཅ་དང་སྤྲུལ་པ་ལ་སོགས་པ་དག་ཡོངས་སུ་བཟུང་ངོ་། །དཔེར་ན་རང་བཞིན་གྱིས་སྟོང་པ་ཡིན་དུ་ཟིན་ཀྱང་། དེ་དག་མཐོང་གི་མོ་གཤམ་གྱི་བུ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་ཉིད་ལ་བརྒལ་ཞིང་བརྟག་པ་གྱིས་དང་། དེ་ནས་ཕྱིས་ང་ལ་བརྒལ་ཞིག་བརྟག་པར་འགྱུར་རོ། །དེ་ཉིད་དུ་འདི་ཇི་ལྟར་སྐྱེ་མེད་ཀྱང་། །མོ་གཤམ་བུ་ལྟར་གང་ཕྱིར་འཇིག་རྟེན་གྱི། །མཐོང་བའི་ཡུལ་དུ་མི་འགྱུར་མ་ཡིན་ན། །དེ་ཡི་ཕྱིར་ན་སྨྲས་འདི་མ་ངེས་པའོ། །ཞེས་བརྗོད་པར་ནུས་པ་ཡང་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འགྲོ་བ་དག་ནི་རྨི་འདྲར་བཤད། །དེ་ཉིད་དུ་ནི་རྣམ་མ་གཞག །རྨི་ལམ་གང་ལའང་དངོས་པོ་མེད། །ལོག་པའི་བློ་ཅན་མངོན་པར་ཞེན། །དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུར་ཀྱང་། །གྲོང་ཁྱེར་ཕྱོགས་བཅུར་ཡོད་མིན་གཞན་ནའང་མེད། །གྲོང་ཁྱེར་མིང་ཙམ་ཞིག་གིས་རབ་ཏུ་བཞག །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །ཆུ་ཡི་འདུ་ཤེས་ཅན་གྱིས་ནི། །མཐོང་ཡང་སྨིག་སྒྱུ་ལ་ཆུ་མེད། །དེ་བཞིན་ཡོངས་སུ་རྟོགས་པས་བཀྲུས། །སྡུག་པ་མིན་པར་སྡུག་པར་རྟོག །མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་པའི་ལུང་ལས་ན་གཟུགས་ལ་སོགས་པ་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཡིན་བཞིན་དུ་འཇིག་རྟེན་གྱི་འཛིན་པའི་ཡུལ་ཉིད་དུ་འགྱུར་ལ། མོ་གཤམ་གྱི་བུ་ནི་མ་ཡིན་པས་འདི་ནི་ཁྱོད་ལ་རང་ཉིད་ལས་མ་ངེས་པ་ཡིན་ནོ། །ཁོ་བོ་ཅག་ལ་ནི་འདི་བརྩད་དུ་མེད་པ་ཉིད་དེ་འདི་ལྟར་ཁོ་བོ་ཅག་གིས་ནི་གཟུགས་ལ་སོགས་པ་རྣམས་ཀུན་རྫོབ་ཏུ་རང་བཞིན་གྱིས་སྐྱེ་བར་ཁས་བླངས་ནས་དོན་དམ་པར་འགོག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར། མོ་གཤམ་བུ་ལ་རང་གི་བདག་ཉིད་ཀྱི། །སྐྱེ་བ་དེ་ཉིད་དུ་མེད་འཇིག་རྟེན་དུའང་། །ཡོད་མིན་དེ་བཞིན་དངོས་འདི་ཀུན་ངོ་བོ། །ཉིད་ཀྱིས་འཇིག་རྟེན་དེ་ཉིད་དུ་མ་སྐྱེ། །གང་གི་ཕྱིར་དེ་ལྟར་ཡིན་པ། དེ་ཕྱིར་འདི་ལྟར་སྟོན་པས་ཆོས་རྣམས་ཀུན། །གདོད་ནས་ཞི་ཞིང་སྐྱེ་བྲལ་རང་བཞིན་གྱིས། །ཡོངས་སུ་མྱ་ངན་འདས་པ་གསུངས་གྱུར་པ། །དེ་ཕྱིར་རྟག་ཏུ་སྐྱེ་བ་ཡོད་མ་ཡིན། །གང་གི་ཕྱིར་དེ་ལྟ་བུའི་ལུང་ཡོད་པ་དེའི་ཕྱིར་རྟག་ཏུ་སྐྱེ་བ་ཡོད་པ་མ་ཡིན་ནོ། །ལུང་བརྗོད་པ་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་སྟོན། །ཞེས་བྱ་བའོ། །དེ་ཡང་ཡེ་ཤེས་ཞི་བའི་ཡུལ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཞི་བའོ། །ཡང་ཅིའི་ཕྱིར་ཡེ་ཤེས་ཞི་བའི་ཡུལ་ཡིན་ཅེ་ན། མ་སྐྱེས་པ་ཞེས་བྱ་བ་སྨོས་ཏེ། མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མ་སྐྱེས་པ་དེའི་ཕྱིར་ཡེ་ཤེས་ཞི་བའི་ཡུལ་ལོ། །ཡང་ཅིའི་ཕྱིར་མ་སྐྱེས་ཤེ་ན། གང་གི་ཕྱིར་རང་བཞིན་མྱ་ངན་འདས་པ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་འགའ་ཞིག་ལ་རང་བཞིན་ཏེ་ངོ་བོ་ཉིད་ཡོད་ན་དེ་སྐྱེ་བར་འགྱུར་བ་ཞིག་ན། རང་བཞིན་དེ་ཡང་ཡོད་པ་མ་ཡིན་པས་ཅི་ཞིག་སྐྱེ་བར་འགྱུར། འདིས་ནི་དུས་ཐམས་ཅད་དུ་མ་སྐྱེས་པར་སྟོན་པ་ཡིན་ཏེ། སྔར་ཡང་མ་བྱུང་བ་ལས་ཕྱིས་འབྱུང་བ་མ་ཡིན་ཞིང་ཕྱིས་བྱུང་ནས་ཀྱང་ཡང་འགྱུར་བ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་བཞིན་ཉིད་ཀྱི་ཡོངས་སུ་མྱ་ངན་ལས་འདས་པའོ། །གདོད་ནས་ཞེས་བྱ་བ་སྨོས་པས་ནི་དེ་དག་རྣལ་འབྱོར་པའི་ཡེ་ཤེས་ཀྱི་གནས་སྐབས་ཁོ་ནར་མ་སྐྱེས་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེའི་གོང་རོལ་འཇིག་རྟེན་པའི་ཐ་སྙད་ཀྱི་གནས་སྐབས་སུ་ཡང་ཆོས་དེ་དག་རང་གི་བདག་ཉིད་ཀྱིས་མ་སྐྱེས་པའོ་ཞེས་བྱ་བ་འདི་སྟོན་པར་བྱེད་དོ། །གདོད་ཀྱི་སྒྲ་ནི་དང་པོའི་སྒྲའི་རྣམ་གྲངས་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱི་གནས་སྐབས་བརྗོད་དོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་ཆོས་རྣམས་ཁྱོད་ཀྱིས་བསྟན་ཏོ་ཞེས་ཡོན་ཏན་ཕུལ་དུ་བྱུང་བ་བརྗོད་པའི་སྒོ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བསྟོད་པ་ཡིན་ནོ། །རང་གི་སྡེ་པ་རྣམས་ཀྱིས་འདི་ནི་བརྒལ་བ་མ་ཡིན་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་དག་གིས་ཁས་བླངས་པ། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །དེ་བཞིན་དངོས་པོ་ཐམས་ཅད་འགྱུར་བས་ན། །མོ་གཤམ་བུ་དང་མཚུངས་པར་ཐལ་མི་འགྱུར། །ཅི་སྟེ་གལ་ཏེ་གདགས་པའི་རྟེན་ས་དང་ཆུ་དང་མེ་དང་རླུང་དང་། གཟུགས་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་རྣམས་ཡོད་པ་དེའི་ཕྱིར་བུམ་པར་བཏགས་པ་ནི་རྒྱུ་དང་བཅས་པ་ཞེས་བྱ་བར་རིགས་ན། གང་གི་ལྟར་ན་ཆོས་ཐམས་ཅད་བཏགས་པ་ཙམ་ཁོ་ན་ཡིན་གྱི། བཏགས་པའི་རྟེན་རྫས་ཅི་ཡང་མེད་པ་དེ་ལ་ནི་མོ་གཤམ་གྱི་བུ་དང་འདྲ་བར་ཐལ་བ་བཟློག་པ་མེད་པ་ཉིད་དོ་སྙམ་ན། དེ་ཡང་མི་རིགས་ཏེ། བཏགས་པའི་རྟེན་རྫས་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ། གཟུགས་ལ་སོགས་པ་མ་གཏོགས་པར། །ཇི་ལྟར་བུམ་པ་ཡོད་མིན་ལྟར། །དེ་བཞིན་རླུང་སོགས་མ་གཏོགས་པར། །གཟུགས་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་དང་། དེ་བཞི་དུ། ས་ཆུ་མེ་དང་རླུང་རྣམས་ནི། །རེ་རེ་ངོ་བོ་ཉིད་དུ་མེད། །གང་གསུམ་མེད་པར་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་དོ། །གལ་ཏེ་གསུམ་མེད་རེ་རེ་མེད། །གཅིག་མེད་པར་ཡང་གསུམ་མེད་ན། །སོ་སོ་རང་ཡོད་མ་ཡིན་ཏེ། །ཅི་ལྟར་འདུས་པ་སྐྱེ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་རྟག་པ་ལས་མི་རྟག་པ་སྐྱེ་བར་མི་འདོད་པ་དེ་བཞིན་དུ་རྫས་སུ་ཡོད་པ་ལས་ཀྱང་རྫས་སུ་མེད་པ་སྐྱེ་བར་མི་རིགས་ཏེ། ཇི་སྐད་དུ། དངོས་པོ་རྟག་པ་ལས་བྱུང་བ། །མི་རྟག་པར་ནི་ཇི་ལྟར་འགྱུར། །རྒྱུ་འབྲས་མཚན་ཉིད་མི་མཐུན་པ། །ནམ་ཡང་མཐོང་བ་མ་ཡིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་དཔེར་ན་བརྟགས་པར་ཡོད་པ་བཞིན་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་མེ་ལོང་ལ་གཟུགས་བརྙན་བརྟགས་པ་ཙམ་དམིགས་པ་དང་། བརྟགས་པར་ཡོད་པ་ཀ་བ་ལ་སོགས་པ་ལ་བརྟེན་ནས་ཁྱིམ་དུ་བཏགས་པ་དང་། དེ་བཞིན་དུ་ཤིང་གི་རྟེན་ཅན་ནགས་བརྟགས་པ་དང་ཇི་ལྟར་རྨི་ལམ་ན་མ་སྐྱེས་པའི་རང་བཞིན་ཅན་གྱི་ས་བོན་ལས་མ་སྐྱེས་པའི་རང་བཞིན་ཅན་གྱི་མྱུ་གུ་སྐྱེ་བར་དམིགས་པ་དེ་བཞིན་དུ། དངོས་པོ་བརྟགས་པར་ཡོད་པ་ཐམས་ཅད་ཀྱི་བརྟགས་པ་ཡང་དངོས་པོ་བརྟགས་པར་ཡོད་པའི་རྟེན་ཅན་དུ་རིགས་ཏེ། ཇི་སྐད་དུ། ཇི་ལྟར་སྟོན་པས་སྤྲུལ་པ་ནི། །ཞེས་བྱ་བ་ལ་སོགས་པ་ནས། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་བྱ་བའི་བར་དུ་གསུངས་སོ། །དེའི་ཕྱིར་འདི་བརྒལ་བ་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་ཁྱོད་ཀྱིས་བདག་དང་གཞན་དང་གཉི་ག་དང་རྒྱུ་མེད་པ་ལས་སྐྱེ་བ་ཕྱོགས་གཉི་གར་ཡང་བཀག་ནས། མ་རིག་པ་དང་འདུ་བྱེད་དང་ས་བོན་ལ་སོགས་པ་དག་ལས་རྣམ་པར་ཤེས་པ་དང་མྱུ་གུ་ལ་སོགས་པ་ཀུན་རྫོབ་ཏུ་སྐྱེ་བ་ཅི་ལྟར་ངེས་པར་བྱ། དེ་བརྗོད་པར་བྱ་སྟེ། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི །རྒྱུ་ལ་སོགས་དང་བདག་གཞན་གཉི་ག་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །གང་གི་ཕྱིར་ཇི་སྐད་བཤད་པའི་ཚུལ་གྱིས་དངོས་པོ་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་ལས་བྱུང་བ་ཡོད་པ་མ་ཡིན་ལ། དབང་ཕྱུག་དང་དུས་དང་རྡུལ་དང་རང་བཞིན་དང་སྐྱེས་བུ་དང་སྲེད་མེད་ཀྱི་བུ་ལ་སོགས་པ་རྣམས་ལས་ཀྱང་མ་ཡིན་ཞིང་། བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་ཡང་མ་ཡིན་པ་དེའི་ཕྱིར། འདི་ལ་བརྟེན་ནས་འདི་འབྱུང་བ་ཞིག་སྟེ། དེ་ཙམ་ཞིག་ལ་འཇིག་རྟེན་གྱི་ཐ་སྙད་མི་བཅད་པའི་དོན་དུ་བརྟེན་ཏོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱི་དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་འབྱུང་བས་འོད་བཞིན་ནོ། །ཞེས་བྱ་བ་དང་། བསྟན་བཅོས་ལས་ཀྱང་། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་བྱ་བ་འདི་ཙམ་ཞིག་ཁོ་ན་གསུངས་སོ། །དེ་ལྟར་རྐྱེན་ཉིད་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་བཤད་པ་ན། རྒྱུ་མེད་པར་སྐྱེ་བ་ལ་སོགས་པའི་རྟོག་པ་འདི་དག་མི་སྲིད་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྟག་པ་དང་ཆད་པ་དང་རྟག་པ་དང་མི་རྟག་པ་དང་དངོས་པོ་དང་དངོས་པོ་མེད་པ་གཉིས་ལ་སོགས་པ་རྟོག་པ་གཞན་དག་ཀྱང་མི་སྲིད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་ཕྱིར་དངོས་པོ་རྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །གང་གི་ཕྱིར་འདི་ལ་བརྟེན་ནས་འདི་འབྱུང་ངོ་ཞེས་བྱ་བའི་རིགས་པ་འདི་ཙམ་ཞིག་གིས་དངོས་པོ་ཀུན་རྫོབ་པ་རྣམས་ཀྱིས་བདག་གི་དངོས་པོ་ཡོད་པ་འཐོབ་ཀྱི། གཞན་དུ་མ་ཡིན་པ་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་གྱིས་རིགས་པ་འདིས་ཇི་སྐད་བཤད་པའི་ལྟ་བ་ངན་པའི་དྲྭ་བ་མཐའ་དག་གཅོད་པ་ཡིན་ནོ། །འདི་ལྟར་རྐྱེན་ཉིད་འདི་པ་ཙམ་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དུ་རྣམ་པར་འཇོག་པས་ནི་དངོས་པོ་འགའ་ཡང་རང་བཞིན་ཁས་མི་བླངས་ཏེ། འདི་སྐད་དུ། དེ་དང་དེ་བརྟེན་གང་འབྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་མ་སྐྱེས་གང་། །དེས་ནི་སྐྱེས་ཞེས་ཇི་སྐད་བྱ། །ཞེས་བྱ་བ་དང་། དེ་བཞིན་དུ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བཅས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །མདོ་སྡེ་ལས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་སོ། །གང་གི་ཚེ་དེ་ལྟར་རང་བཞིན་ཁས་མ་བླངས་པ་དེའི་ཚེ་རང་བཞིན་མེད་པ་ན་ཇི་སྐད་བཤད་པ་རྣམས་གང་ཞིག་ཏུ་འབྱུང་བར་འགྱུར། གལ་ཏེ་རང་བཞིན་འགའ་ཞིག་ཡོད་ན་ནི། དེ་ཡི་ཚེ་སྐྱེ་བའང་ངོ་བོ་ཉིད་ལས་འབྱུང་བར་འགྱུར་བའམ། བདག་དང་གཞན་དང་གཉི་ག་དང་དབང་ཕྱུག་ལ་སོགས་པ་དག་ལས་གྱུར་ཞིང་། སྐྱེས་ཟིན་པ་གནས་པས་རྟག་པ་དང་། འཇིག་པས་ཆད་པ་ལ་སོགས་པ་རྟོག་པ་བྱུང་བ་སྲིད་པ་ཞིག་ན། རྣམ་པ་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་ཡོད་པར་ཡོངས་དཔྱད་ཟིན། །དངོས་པོ་མེད་པར་འདི་རྣམས་མི་འབྱུང་དཔེར། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །གང་གི་ཕྱིར་ཇི་སྐད་བཤད་པའི་རིགས་པས་དངོས་པོ་སྲིད་པ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། རྣལ་འབྱོར་པ་འཕགས་པའི་ལམ་མངོན་དུ་མཛད་པར་གྱུར་པས་མ་གཟིགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་གཟིགས་པ་དག་གི་ཆོས་གང་ལ་ཡང་དངོས་པོ་རྡུལ་ཙམ་ཡང་མི་དམིགས་ཤིང་། གཟུགས་དང་ཚོར་བ་དང་དགེ་བ་དང་མི་དགེ་བ་དང་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་རྟོགས་པའི་འདུ་བྱེད་ཐོག་མ་མེད་པ་ནས་གོམས་པ་རྣམས་ཀྱང་དེ་དག་ལས་ལོག་པར་འགྱུར་ཏེ། དཔེར་ན་མིག་སྨན་བསྐུས་པས་སྐྲ་ཤད་ལ་སོགས་པར་རྟོག་པ་ལོག་པ་ཉིད་རབ་རིབ་ཅན་ལ་འབྲས་བུར་འགྱུར་གྱི་སྐྲ་ཤད་ལ་སོགས་པ་རང་བཞིན་གཞན་གྱི་ཡུལ་ཉིད་དུ་འགྱུར་བ་ནི་མ་ཡིན་པ་བཞིན་ནོ། །དེའི་ཕྱིར། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་འགྱུར་བ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །གང་གི་ཕྱིར་སོ་སོའི་སྐྱེ་བོ་ཆོས་ཉིད་འདི་དེ་ལྟར་མི་ཤེས་པ་རྣམས་རྟོག་པ་ཁོ་ནས་བཅིངས་པ་དེའི་ཕྱིར། ཆོས་ཉིད་འདི་དེ་ལྟར་ཐུགས་སུ་ཆུད་པ་ན་འཕགས་པ་རྣམས་རྣམ་པར་གྲོལ་བར་འགྱུར་ཏེ། དེའི་ཕྱིར་རྟོག་པ་མ་ལུས་པ་བཀག་པ་ཉིད་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ལས་བཤད་པའི་རྣམ་པར་དཔྱད་པའི་འབྲས་བུར་རྣམ་པར་གཞག་གོ །ཇི་སྐད་དུ། དངོས་པོ་རང་བཞིན་གྱིས་ཡོད་ན། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ཉིད་འདིར་ནི་འགོག་པ་ཡིན། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ལས་རྣམ་པར་དཔྱད་པ་ཤིན་ཏུ་ཆེར་མཛད་པ་གང་ཡིན་པ་དེ་ནི་རྩོད་ལ་ཆགས་པ་སྟེ། གཞན་ཟིལ་གྱིས་མནོན་པར་འདོད་པས་མ་མཛད་དོ་ཞེས་བྱ་བར་ཤེས་པར་བྱ་སྟེ། རྣམ་པར་དཔྱོད་པ་མཛད་པ་ན་དབུ་མའི་བསྟན་བཅོས་ལས་དེ་ཁོ་ན་ཉིད་བསྟན་པ་ནི། སེམས་ཅན་གྱིས་དེ་ཁོ་ན་ཉིད་འདི་ལྟ་བུ་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཐར་པ་ཐོབ་པར་གྱུར་ན་ཅི་མ་རུང་ཞེས་སྐྱེ་བོ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་རྒོལ་བ་ཇི་ལྟར་བརྟགས་པ་ཐམས་ཅད་བཀོད་ཅིང་བསྟན་བཅོས་ལས་བཀག་པ་མ་ཡིན་ནམ། དེའི་ཕྱིར་བསྟན་བཅོས་ཀྱི་འཇུག་པ་ནི་རྩོད་པའི་ཕྱིར་ཡིན་པས་རྟོག་པ་ལྡོག་པ་ཙམ་ཞིག་ཁོ་ན་འབྲས་བུར་ཅི་ལྟར་རྣམ་པར་གཞག་ཅེ་ན། བརྗོད་པར་བྱ་སྟེ། རྣམ་པར་དཔྱད་པ་འདི་ནི་རྩོད་པའི་ཕྱིར་མཛད་པ་མ་ཡིན་མོད་ཀྱི། འོན་ཀྱང་དེ་ཁོ་ན་ཉིད་ཉེ་བར་བསྟན་པ་ན་རང་བཞིན་གྱིས་སྟོབས་ཆུང་བས་གཞན་གྱི་གཞུང་ལུགས་རྣམས་བདག་ཉིད་ཐེན་མི་འཛུགས་ཤིང་། སྣང་བ་ཉེ་བ་ན་མུན་པ་ལྟར་རང་ཉིད་འཇིག་པར་འགྱུར་བ་དེས་ན་ཁོ་བོ་ཅག་ལ་སྐྱོན་མེད་པ་ཉིད་དོ་ཞེས་བཤད་པ། གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཇི་སྐད་དུ། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་སྲེག །ཅེས་གསུངས་སོ། །གལ་ཏེ་དེ་ལྟ་མ་ཡིན་ཏེ། རྩོད་པའི་ཕྱིར་ཆོས་ཉེ་བར་བསྟན་པ་གྱུར་ན་ནི། དེའི་ཐེ་ཚོམ་མེད་པར་གཞན་གྱི་ཕྱོགས་སྐྱོན་དང་ལྡན་པ་ལ་སྡང་ཞིང་། རིགས་པ་དང་ལྡན་པའི་རང་གི་ཕྱོགས་ལ་རྗེས་སུ་ཆགས་པར་འགྱུར་བས་རྟོག་པ་ལྡོག་པ་ཉིད་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །དེའི་ཕྱིར་རྟོག་པ་མ་ལོག་པས་བཅིངས་པ་ཉིད་དུ་འགྱུར་གྱི་ཐར་པ་ནི་མ་ཡིན་ནོ། །གང་གི་ཚེ་ཆོས་འདི་རྩོད་པའི་ཕྱིར་བསྟན་པ་མ་ཡིན་པ་དེའི་ཚེ། དེའི་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །རྣམ་དཔྱོད་པ་ན་མྱུར་དུ་གྲོལ་བར་འགྱུར། །ཇི་སྐད་དུ། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་བྱ་བ་དང་། དེ་བཞིན་དུ། རང་གི་ཕྱོགས་ལ་ཆགས་ཡོད་ཅིང་། །གཞན་ཕྱོགས་ལ་ཁྱོད་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་ཡོང་མི་འགྱུར། །ཞེས་གསུངས་སོ། །མདོ་སྡེ་ལས་ཀྱང་། གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བྱེད། །ང་རྒྱལ་རྒྱགས་པས་བཅོམ་པས་ལོག་པ་སྟེ། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་ལུང་དང་རིགས་པ་དག་གིས་ཆོས་ཀྱི་བདག་མེད་པ་བསྟན་ནས་དེའི་འོག་ཏུ་གང་ཟག་གི་བདག་མེད་པ་བསྟན་པའི་ཕྱིར་བཤད་པ། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ངའི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་པ་ཅན་ནོ། །དེ་ལས་བྱུང་བས་ན་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བའོ། །དེ་དག་ཀྱང་གང་དག་གཅིག་ཅེ་ན། ཉོན་མོངས་པ་རྣམས་དང་སྐྱོན་རྣམས་སོ། །དེ་ལ་ཉོན་མོངས་པ་རྣམས་ནི་འདོད་ཆགས་ལ་སོགས་པ་རྣམས་སོ། །སྐྱོན་རྣམས་ནི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་ལ་སོགས་པ་དག་གོ །དེ་དག་ནི་མ་ལུས་པར་འཇིག་ཚོགས་ལ་ལྟ་བ་ལས་འབྱུང་སྟེ། ཉོན་མོངས་པ་ཐམས་ཅད་ནི་མདོ་ལས། འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན། འཇིག་ཚོགས་ལ་ལྟ་བའི་ཀུན་འབྱུང་བ་ཅན་དག་གོ་ཞེས་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཉིད་དུ་གསུངས་ལ། འཇིག་ཚོགས་ལ་ལྟ་བ་མ་སྤངས་པ་རྣམས་ལ་འདུ་བྱེད་མངོན་པར་འགྲུབ་པའི་ཕྱིར་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་བའི་ཕྱིར་ན། མ་ལུས་པ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ནོ། །དེའི་དམིགས་པ་ནི་བདག་ཁོ་ན་ཡིན་ཏེ། ངར་འཛིན་པ་ནི་བདག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འདི་ལ་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ཡོངས་སུ་སྤོང་བར་འདོད་པས་འཇིག་ཚོགས་ལ་ལྟ་བ་ཁོ་ན་སྤང་བར་བྱ་བ་ཡིན་ལ། དེ་ཡང་བདག་གིས་བདག་མེད་པ་ཉིད་ཁོང་དུ་ཆུད་པ་ལས་སྤོང་བར་འགྱུར་བས་ཐོག་མར་རྣལ་འབྱོང་པས་བདག་ཁོ་ན་འགོག་པར་བྱེད་དོ། །དེ་བཀག་པ་ལས་འཇིག་ཚོགས་ལ་ལྟ་བ་ཡང་སྤངས་པར་གྱུར་ན་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ལྡོག་པས་ན་བདག་རྣམ་པར་དཔྱོད་པ་ན་ཐར་པ་སྒྲུབ་པའི་ཐབས་ཡིན་ཏེ། དེའི་ཕྱིར་གང་ཞིག་འཇིག་ཚོགས་ལ་ལྟ་བའི་དམིགས་པར་གྱུར་པ་བདག་ཅེས་བྱ་བ་འདི་ཅི་ཞིག་ཅེས་རྣལ་འབྱོར་པ་དེ་ཐོག་མར་བདག་ཁོ་ན་རྣམ་པར་དཔྱོད་པར་བྱེད་དོ། །འཇིག་ཚོགས་ལ་ལྟ་བའི་དམིགས་པ་བདག་དེ་ཅི་ཞིག་ཅེས་དེ་ཉིད་མི་ཤེས་སོ་ཞེ་ན། དེ་ལ་རེ་ཞིག ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །དེ་ལ་གྲངས་ཅན་པ་དག་ནི། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སྨྲ་བར་བྱེད་དོ། །དེ་ལ་རབ་ཏུ་བྱེད་པས་ན་རང་བཞིན་ནོ། །གནས་སྐབས་གང་ཞིག་ཏུ་རབ་ཏུ་བྱེད་ཅེ་ན། སྐྱེས་བུའི་འདོད་པ་མཐོང་བའི་དུས་སུའོ། །གང་གི་ཚེ་སྐྱེས་བུ་ལ་སྒྲ་ལ་སོགས་པའི་ཡུལ་ཉེ་བར་ལོངས་སྤྱོད་པའི་རྣམ་པ་ཅན་གྱི་འདོད་པ་སྐྱེས་པ་དེའི་ཚེ་སྐྱེས་བུའི་འདོད་པ་ཡོངས་སུ་ཤེས་པའི་རང་བཞིན་དང་སྐྱེས་བུ་སྦྱོར་ཞིང་དེ་ནས་སྒྲ་ལ་སོགས་པ་འབྱིན་པར་བྱེད་དོ། །དེ་ལ་ཚུལ་ནི་འདི་ཡིན་ཏེ། རང་བཞིན་ལས་ནི་ཆེན་པོའོ། །དེ་ལས་ང་རྒྱལ་ལོ། །དེ་ལས་བཅུ་དྲུག་པོའི་ཚོགས་སོ། །བཅུ་དྲུག་པོ་དེ་ལས་ཀྱང་འབྱུང་བ་ལྔ་ནི། ལྔ་ལས་ཏེ་སྒྲ་ལ་སོགས་པ་དག་ལས་འབྱུང་བ་ལྔ་འབྱུང་ངོ་ཞེས་བྱ་བ་འདི་ནི་རིམ་པ་ཡིན་ནོ། །རྣམ་པར་འགྱུར་མིན་ལ་ཞེས་བྱ་བ་ནི་གང་གི་ཕྱིར་རབ་ཏུ་བྱེད་པ་ཁོ་ན་ཡིན་གྱི། ཆེན་པོ་ལ་སོགས་པ་ལྟར་རྣམ་པར་འགྱུར་བ་ཡང་ནི་མ་ཡིན་ནོ། །ཆེན་པོ་ལ་སོགས་པ་དེ་དག་ནི་རབ་ཏུ་བྱེད་པ་ཡང་ཡིན་ལ་རྣམ་པར་འགྱུར་བ་ཡང་ཡིན་ཏེ། དེའི་ཕྱིར་ཆེན་པོ་ལ་སོགས་པ་བདུན་རང་བཞིན་རྣམ་འགྱུར་ཞིང་། ཞེས་བྱ་བ་སྨྲས་ཏེ། ཆེན་པོ་ལ་སོགས་པ་དག་ཀྱང་རང་གི་རྣམ་པར་འགྱུར་བ་ལ་ལྟོས་ནས་རང་བཞིན་ཡིན་ལ། རང་བཞིན་ལ་ལྟོས་ནས་རྣམ་པར་འགྱུར་བ་ཡིན་ནོ། །བློའི་དབང་པོ་ལ་སོགས་པ་བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་ཁོ་ན་སྟེ། དེའི་ཕྱིར་བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། ཞེས་བྱ་བ་སྨྲས་སོ། །ནིའི་སྒྲ་ནི་རྣམ་པར་འགྱུར་བ་ཁོ་ན་སྟེ་ཞེས་ངེས་པར་གཟུང་བའི་དོན་དུའོ། །སྐྱེས་བུ་ནི་རབ་ཏུ་བྱེད་པ་ཡང་མ་ཡིན་ལ་རྣམ་པར་འགྱུར་བ་ཡང་མ་ཡིན་ནོ་ཞེས་སྨྲ་བ་ནི། སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་བྱ་བའོ། །རིམ་པ་འདིས་རྣམ་པར་འགྱུར་བའི་ཚོགས་ཐམས་ཅད་སྐྱེས་པས་འདོད་པ་སྐྱེས་པའི་སྐྱེས་བུ་ཉེ་བར་ཟ་བ་པོར་ཇི་ལྟར་འགྱུར་བ་བརྗོད་པར་བྱ་སྟེ། རྣ་བ་ལ་སོགས་པའི་བློའི་དབང་པོ་ཡིད་ཀྱིས་བྱིན་གྱིས་བརླབས་པ་དག་གིས་ཡོངས་སུ་གཟུང་བའི་ཡུལ་སྒྲ་ལ་སོགས་པ་དག་ལ་བློས་ཞེན་པར་བྱེད་ལ། དེ་ནས་བློས་ཞེན་པར་བྱས་པའི་དོན་ལ་སྐྱེས་བུ་སེམས་པར་བྱེད་དེ། དེ་ལྟར་སྐྱེས་བུ་སེམས་པ་ཡོད་པའི་རང་གི་ངོ་བོ་ཡིན་པའི་ཕྱིར། བདག་ཡུལ་དག་ཉེ་བར་ལོངས་སྤྱོད་དོ་ཞེས་བརྗོད་དོ། །དེ་ལྟར་འདོད་པའི་ཡུལ་ཉེ་བར་ལོངས་སྤྱོད་ཅིང་། གང་གི་ཚེ་ཆགས་པ་ཆུང་བ་ཉིད་ཀྱིས་སྐྱེས་བུ་ཡུལ་དག་ལ་ཆགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་རིམ་གྱིས་བསམ་གཏན་བསྒོམས་ཤིང་ལྷའི་ཤེས་པ་ཡང་དག་པར་བླངས་པས་ལྷའི་མིག་གི་སྒོ་ནས་རང་བཞིན་ལ་ལྟ་བར་བྱེད་ལ། དེས་བལྟས་པ་དང་དེ་གཞན་གྱི་བུད་མེད་ལྟར་ངོ་ཚ་བར་གྱུར་པས་བདག་ལ་མི་ཁྲོ་ཞིང་བྲལ་བར་འགྱུར་རོ། །རྣམ་པར་འགྱུར་བའི་ཚོགས་ཐམས་ཅད་ཀྱང་སྐྱེ་བའི་རིམ་པ་ལས་བཟློག་པའི་སྒོ་ནས་དེ་ཉིད་དུ་རབ་ཏུ་ཞི་བའི་ཕྱིར་མི་གསལ་བའི་ངོ་བོར་གྱུར་པ་དེའི་ཚེ་སྐྱེས་བུ་ཉག་གཅིག་གནས་ཏེ་དེའི་ཕྱིར་གྲོལ་བ་ཞེས་བྱའོ། །དེ་ནི་རྣམ་པར་འགྱུར་བ་ཞར་ཟིན་ཀྱང་ཞ་བར་མི་འགྱུར་བ་ཉིད་ཀྱིས་རྟག་ཏུ་ཡན་གར་བའི་ངོ་བོར་གནས་པའི་ཕྱིར་རྟག་པ་ཞེས་བྱའོ། །རང་བཞིན་ཉིད་བྱེད་པ་པོ་ཡིན་ཞིང་རྣམ་པར་འགྱུར་བ་རྣམས་ལས་ཀྱང་ཁ་ཅིག་བྱེད་པ་པོ་ཡིན་པའི་ཕྱིར་ལ། བདག་ནི་བྱ་བ་ལ་སྙོམས་ལས་ཅན་ཉིད་དུ་གྱུར་པའི་ཕྱིར་ན་བྱེད་པ་པོ་མ་ཡིན་པ་ཉིད་ཅེས་བརྗོད་དོ། །ཉེ་བར་ལོངས་སྤྱོད་པ་པོ་ཉིད་ནི་ཇི་སྐད་སྨྲས་པའི་ཚུལ་གྱིས་བསྟན་ཟིན་པ་ཉིད་དོ། །རྡུལ་དང་མུན་པ་དང་སྙིང་སྟོབས་ཀྱི་རང་བཞིན་མེད་པའི་ཕྱིར་ན་ཡོན་ཏན་མེད་པ་ཉིད་དོ། །ཁྱབ་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་ན་བྱ་བ་མེད་པ་ཉིད་དེ། དེ་ལྟ་བུ་ནི་སྐྱེས་བུའི་ཁྱད་པར་དག་གོ །དེ་ལ་རང་བཞིན་ཉིད་བྱེད་པ་པོ་ཡིན་ཞིང་རྣམ་པ་འགྱུར་བ་རྣམས་ལས་ཀྱང་ཁ་ཅིག་བྱེད་པ་པོ་ཡིན་པའི་ཕྱིར་ལ་ཞེས་གང་སྨྲས་ན། རྣམ་པར་འགྱུར་བ་གང་དག་གཅིག་ནི་བྱེད་པ་པོ་ཉིད་ཡིན་ལ་གང་དག་གཅིག་ནི་བྱེད་པ་པོ་ཉིད་མ་ཡིན་ཞེ་ན། འདི་ལ་བྱེ་བྲག་ཏུ་བཤད་པར་བྱ་བའི་ཕྱིར་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་རྡུལ་དང་མུན་པ་དང་སྙིང་སྟོབས་གསུམ་ནི་ཡོན་ཏན་གསུམ་མོ། །དེ་ལ་རྡུལ་ནི་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་ནོ། །མུན་པ་ནི་ལྕི་བ་དང་གཡོགས་པའི་བདག་ཉིད་ཅན་ནོ། །སྙིང་སྟོབས་ནི་ཡང་བ་དང་རབ་ཏུ་གསལ་བའི་བདག་ཉིད་ཅན་ནོ། །བདེ་བ་དང་སྡུག་བསྔལ་བ་དང་གཏི་མུག་ཅེས་བྱ་བ་ནི་འདི་དག་ཁོ་ནའི་རྣམ་གྲངས་སོ། །འདི་དག་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་སྟེ། འདིར་ཡོན་ཏན་དག་གཙོ་བོར་གྱུར་ཞིང་རབ་ཏུ་ཞ་བར་གྱུར་པའི་ཕྱིར་རོ། །དེ་དག་རྣམ་པར་མི་འགྱུར་བའི་གནས་སྐབས་ནི་རང་བཞིན་ཅན་ནོ། །རང་བཞིན་ལས་ཆེན་པོ་སྟེ་ཆེན་པོ་ཞེས་བྱ་བ་ནི་བློའི་རྣམ་གྲངས་སོ། །ཆེན་པོ་ལས་ནི་ང་རྒྱལ་ལོ། །དེ་ནི་རྣམ་པ་གསུམ་སྟེ། རྣམ་པར་འགྱུར་བ་དང་། སྙིང་སྟོབས་ཅན་དང་། མུན་པ་ཅན་ནོ། །དེ་ལ་རྣམ་པར་འགྱུར་བའི་ང་རྒྱལ་ལས་ནི་དེ་ཙམ་ལྔ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་དག་གོ །དེ་ཙམ་དག་ལས་ནི་འབྱུང་བ་རྣམས་ཏེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞེས་བྱ་བ་དག་གོ །སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་ནི་ལས་ཀྱི་དབང་པོ་ལྔ་པོ་དག་དང་། ལག་པ་དང་རྐང་པ་དང་། རྐུབ་དང་། མདོམས་དང་། བློའི་དབང་པོ་ལྔ་པོ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། པགས་པ་དང་གཉི་གའི་བདག་ཉིད་ཅན་གྱི་ཡིད་དེ་དེ་ལྟར་ན་བཅུ་གཅིག་གོ །མུན་པ་ཅན་གྱི་ང་རྒྱལ་ནི་ང་རྒྱལ་གཉི་གའི་འཇུག་པར་བྱེད་པའོ། །དེ་ལ་ཆེན་པོ་དང་ང་རྒྱལ་དང་དེ་ཙམ་ལྔ་ནི་རང་བཞིན་དང་རྣམ་པར་འགྱུར་བ་ཉིད་ཡིན་ཞིང་། དབང་པོ་བཅུ་དང་ཡིད་དང་འབྱུང་བ་ཆེན་པོ་རྣམས་ནི་རྣམ་པར་འགྱུར་བ་ཉིད་ཁོ་ན་ཡིན་ལ། རང་བཞིན་ནི་རྣམ་པར་མི་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལུགས་སོ། །ཇི་ལྟར་གྲངས་ཅན་པ་དག་གིས་དེ་ལྟར་ཁས་བླངས་པ་དེ་བཞིན་དུ། དེའི་དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཐ་དད་པར་འགྱུར་ཏེ། འདི་ལྟ་སྟེ་བྱེ་བྲག་པ་རྣམས་ནི། བློ་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། སྡང་བ་དང་། འབད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་བྱ་བའི་ཤུགས་ཏེ་བདག་གི་ཡོན་ཏན་དགུ་སྨྲ་བར་བྱེད་དོ། །དེ་ལ་བློ་ནི་ཡུལ་འཛིན་པའོ། །བདེ་བ་ནི་འདོད་པའི་ཡུལ་ཉམས་སུ་མྱོང་བའོ། །སྡུག་བསྔལ་ནི་དེ་ལས་བཟློག་པའོ། །འདོད་པ་ནི་འདོད་པར་འགྱུར་བའི་དངོས་པོ་ལ་རེ་བ་འཆའ་བའོ། །སྡང་བ་ནི་མི་འདོད་པའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་ཉིད་དོ། །འབད་པ་ནི་དོན་བསྒྲུབ་པར་བྱ་བ་ལ་དེའི་མཐར་ཐུག་པར་སེམས་ཀྱི་མཁས་པ་ཉིད་དོ། །གང་ལས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འགྲུབ་པ་དེ་ནི་ཆོས་སོ། །དེ་ལས་བཟློག་པ་ནི་ཆོས་མ་ཡིན་པའོ། །ཤེས་པ་ལས་སྐྱེས་ཤིང་ཤེས་པའི་རྒྱུར་གྱུར་པ་ཉིད་ནི་འདུ་བྱ་བའི་ཤུགས་སོ། །བདག་གི་ཡོན་ཏན་དགུ་པོ་དེ་དག་ཇི་སྲིད་དུ་བདག་ལ་འདུ་ཤིང་ཡོད་པ་དེ་སྲིད་དུ་དེ་དག་གིས་སྦྱར་བའི་དགེ་བ་དང་མི་དགེ་བའི་ལས་སྒྲུབ་པའི་ཕྱིར་འཁོར་བར་འགྱུར་ལ། གང་གི་ཚེ་སྐྱེས་བུ་ཡང་དག་པར་རྟོགས་པའི་ཤེས་པས་བློ་ལ་སོགས་པའི་ཡོན་ཏན་རྣམས་རྩ་བ་དང་བཅས་པ་གཅོད་པ་དེའི་ཚེ་རང་གི་བདག་ཉིད་ལ་གནས་ཤིང་ཐར་བར་འགྱུར་རོ། །བདག་དེ་ཡང་རྟག་པ་དང་། བྱེད་པ་པོ་དང་། ཟ་བ་པོ་དང་། ཡོན་ཏན་དང་བཅས་པ་དང་། ཁྱབ་པའི་ཕྱིར་ན་བྱ་བ་མེད་པར་ཡང་སྨྲའོ། །ཁ་ཅིག་དག་ནི་བསྐུམ་པ་དང་བརྐྱང་བ་ཉིད་ཀྱིས་བྱ་བ་དང་བཅས་པར་ཁས་ལེན་ཏོ། །རིག་བྱེད་དུ་སྨྲ་བ་དག་ནི་བུམ་པ་ལ་སོགས་པའི་ནམ་མཁའ་ལྟར་ལུས་ཐ་དད་པས་གཅིག་སྣ་ཚོགས་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པར་ཁས་ལེན་ཏོ། །དེ་ལྟར་བདག་གི་ཁྱད་པར་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཕན་ཚུན་ཐ་དད་པར་འགྱུར་རོ། །མུ་སྟེགས་ཅན་རྣམས་ཀྱི་གཞུང་ལུགས་རེ་རེ་ལས་བདག་གང་ཞིག་སྨྲས་པ་དེ་ནི། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །རང་ཉིད་ཀྱི་རྗེས་སུ་དཔག་པ་དང་འགལ་བའི་ཕྱིར། ཇི་སྐད་སྨྲས་པའི་བདག་ནི་ཡོད་པ་མ་ཡིན་པ་ཉིད་དེ། མ་སྐྱེས་པའི་ཕྱིར་ཏེ་མོ་གཤམ་གྱི་བུ་བཞིན་ནོ། །འདི་ནི་རང་འཛིན་པའི་ཡུལ་དུ་ཡང་མི་རུང་སྟེ། མ་སྐྱེས་པ་ཉིད་ཀྱིས་ཕྱིར་རོ། །འདི་ནི་དེ་ཁོ་ན་ཉིད་དུ་ཡོད་པ་ཉིད་དང་། ངར་འཛིན་པའི་ཡུལ་ཉིད་དུ་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཀུན་རྫོབ་ཏུ་ཡང་འདི་གཉིས་ཆར་ཡང་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །འདི་ཡོད་པ་ཉིད་དང་ངར་འཛིན་པའི་རྟེན་ཉིད་དུ་མི་རིགས་པར་མ་ཟད་ཀྱི་གཞན་ཡང་། གང་ཕྱིར་བསྟན་བཅོས་བསྟན་བཅོས་ལས་དེའི་ཁྱད། །མུ་སྟེགས་རྣམས་ཀྱིས་གང་བསྟེན་དེ་ཀུན་ལ། །རང་གྲགས་མ་སྐྱེས་གཏན་ཚིགས་ཀྱིས་གནོད་པ། །དེ་ཕྱིར་དེ་ཁྱད་ཀུན་ཀྱང་ཡོད་མ་ཡིན། །དེ་ལ་གྲངས་ཅན་པའི་གཞུང་ལས་ནི་བདག་གི་ཁྱད་པར་རྟག་པ་དང་། བྱེད་པ་པོ་མ་ཡིན་པ་དང་། ཟ་བ་པོ་དང་། ཡོན་ཏན་མེད་པ་དང་བྱ་བ་མེད་པར་འདོད་དོ། །དེ་ལ་བདག་རྟག་པ་མ་ཡིན་ཞིང་བྱེད་པ་པོ་མ་ཡིན་པ་ཡང་མ་ཡིན་པ་ནས་བྱ་བ་མེད་པའི་བར་དུ་ཡང་མ་ཡིན་ཏེ། རང་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ནོ། །དེ་བཞིན་དུ་བདག་ནི་རྟག་པ་ཡང་མ་ཡིན་ཞིང་བྱེད་པ་པོ་ཡང་མ་ཡིན་ཏེ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ཏེ། རང་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་རོ་ཞེས་བྱེ་བྲག་པའི་གཞུང་ལ་ཡང་བརྗོད་པར་བྱའོ། །ཕྱོགས་འདིས་ནི་བདག་ཏུ་སྨྲ་བ་ཐམས་ཅད་དུ་མ་སྐྱེས་པ་ཉིད་ཀྱི་གཏན་ཚིགས་དང་། མོ་གཤམ་གྱི་བུའི་དཔེས་དེའི་རང་གི་ངོ་བོ་དང་ཁྱད་པར་གསལ་བར་རིག་པར་བྱའོ། །དེའི་ཕྱིར་དེ་ལྟར་ན། དེའི་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། དེའི་ཕྱིར་ཕུང་པོ་ལས་ཐ་དད་པར་བདག་ཡོད་པ་མ་ཡིན་ཏེ། དེ་དག་མ་གཏོགས་པར་བདག་མ་གཟུང་བའི་ཕྱིར་རོ། །གལ་ཏེ་ཕུང་པོ་ལས་ཐ་དད་པར་ཡོད་ན་ནི་དེའི་ཚེ་སོ་སོར་གྲུབ་པར་གཟུང་བར་འགྱུར་བ་ཞིག་ན་དེ་ལྟར་ནི་མ་ཡིན་པས་དེའི་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །ཇི་སྐད་དུ། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །ཅེས་བྱ་བ་དང་། དེ་བཞིན་དུ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་གསུངས་སོ། །ཕུང་པོ་ལས་ཐ་དད་པའི་བདག་ཡོད་པ་ཉིད་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་། འཇིག་རྟེན་ངར་འཛིན་བློ་ཡི་བརྟེན་དུ་ཡང་། །མི་འདོད་དེ་རིག་མིན་པའང་བདག་ལྟའི་ཕྱིར། །གང་དག་བདག་དེ་རྣམ་པ་དེ་ལྟ་བུར་མི་འཛིན་པ་དེ་དག་ཀྱང་མངོན་པར་ཞེན་པའི་ཁྱད་པར་ལས་བདག་དང་བདག་གི་ཞེས་བདག་ཏུ་ལྟ་བར་འགྱུར་ཏེ། དེའི་ཕྱིར་བདག་འདི་ཕུང་པོ་ལས་ཐ་དད་པར་ངར་འཛིན་པའི་རྟེན་དུ་མི་རིགས་སོ། །ཅི་སྟེ་གང་དག་ད་ལྟ་རྟག་པ་དང་མ་སྐྱེས་པ་ལ་སོགས་པས་ཁྱད་པར་དུ་གྱུར་པ་དེ་མི་ཤེས་པ་དེ་དག་ལ་ཡང་སྔར་གོམས་པའི་དབང་གིས་དེའི་ཡུལ་ཅན་ངར་འཛིན་པའི་ལྟ་བ་ཡོད་པར་འགྱུར་རོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། ཁ་ཅིག་དག་ཁོ་ན་ལ་དེ་དག་གི་བསྟན་བཅོས་ལ་གོམས་པར་བྱས་པ་ལས་བདག་ཏུ་ལྟ་བ་ཡོད་པ་མ་ཡིན་ནོ། །གང་དག་ལ་སྔར་གོམས་པ་མེད་པ་དེ་དག་ལ་ཡང་འདིར་ངར་འཛིན་པ་འཇུག་པ་མཐོང་སྟེ། འདི་ལྟ་སྟེ། གང་དག་དུད་འགྲོར་བསྐལ་མང་སྐྱེས་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །དེས་ན་ཕུང་པོ་ལས་གཞན་བདག་འགའ་མེད། །སེམས་ཅན་གང་དག་བསྐལ་པ་གྲངས་སུ་ཟིན་ཀྱང་ད་རུང་དུའང་དུད་འགྲོའི་སྐྱེ་གནས་ལས་བཟློག་པར་མི་འགྱུར་བ་དེ་དག་གིས་ཀྱང་རྣམ་པ་དེ་ལྟ་བུའི་བདག་མ་དམིགས་སོ། །ཀྱང་གི་སྒྲས་ནི་དམྱལ་བ་ལ་སོགས་པར་སྐྱེས་པ་རྣམས་སྡུད་པའོ། །རྣམ་པ་དེ་ལྟ་བུའི་བདག་མ་དམིགས་པ་དེ་དག་ལ་ཡང་ངར་འཛིན་པ་འཇུག་པར་མཐོང་ནས་ཤེས་རབ་ཅན་སུ་ཞིག་བདག་རྣམ་པ་དེ་ལྟ་བུའི་ངར་འཛིན་པའི་རྟེན་དུ་ཞེན་པར་བྱེད། དེའི་ཕྱིར་ཕུང་པོ་ལས་ཐ་དད་པའི་བདག་མེད་དོ། །འདིར་རང་གི་སྡེ་པ་དག་ན་རེ། ཕོང་པོ་ལས་གཞན་བདག་གྲུབ་མེད་པའི་ཕྱིར། །བདག་ལྟའི་དམིགས་པ་ཕུང་པོ་ཁོ་ན་འོ། །གང་གི་ཕྱིར་ཇི་སྐད་བཤད་པའི་རིགས་པས་ཕུང་པོ་ལས་ཐ་དད་པའི་བདག་མ་གྲུབ་པ་དེའི་ཕྱིར། ཕུང་པོ་དག་ལས་གཞན་པའི་བདག་གྲུབ་པ་མེད་པའི་ཕྱིར། འཇིག་ཚོགས་ལ་ལྟ་བའི་དམིགས་པ་ནི་ཕུང་པོ་དག་ཁོ་ན་ཡིན་ནོ། །དེའི་ཕྱིར་བདག་ནི་ཕུང་པོ་ཙམ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཕྱོགས་འདི་ནི་རང་གི་སྡེ་པ་འཕགས་པ་མང་པོས་བཀུར་བ་པ་རྣམས་ཀྱི་ཡིན་ནོ། །དེ་ལས་ཀྱང་། ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི། །ལྔ་ཆར་ཡང་འདོད་ཁ་ཅིག་སེམས་གཅིག་འདོད། །ཁ་ཅིག་དག་ནི་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ཕུང་པོ་ལྔ་ཆར་ཡང་འཇིག་ཚོགས་ལ་ལྟ་བའི་དམིགས་པར་འདོད་ཅིང་བདག་ཏུ་མངོན་པར་ཞེན་པ་འདི་ཡང་དེ་ལ་ཡིན་ནོ་ཞེས་སྨྲ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལ་ཁྱེད་ཅག་གི་ལྟ་བ་འདི་ནི་འཇིག་པའི་བདག་ཉིད་ཅན་གྱི་ཚོགས་པ་ལ་ཡིན་གྱི། བདག་གམ་བདག་གི་བ་ལ་ནི་མ་ཡིན་ནོ་ཞེས་གསལ་བར་མཛད་པའི་སླད་དུ་བདག་དང་བདག་གི་བའི་རྣམ་པར་ཞུགས་པའི་ལྟ་བ་ལ་འཇིག་ཚོགས་ལ་ལྟ་བར་གསུངས་སོ་ཞེས་སྨྲས་སོ། །གཞན་དག་ནི་སེམས་ལ་བདག་གོ་ཞེས་འདོད་དེ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་ཚིགས་སུ་བཅད་པ་ལས་སེམས་ཉིད་ལ་བདག་གི་སྒྲ་གསུངས་སོ། །འདི་གང་ལས་ཤེ་ན། ཕུང་པོ་ལས་ཐ་དད་པའི་བདག་མེད་པའི་ཕྱིར་དང་། མདོ་གཞན་དག་ལས་ཀྱང་སེམས་འདུལ་བར་གསུངས་པའི་ཕྱིར་ཏེ། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་ཐུལ་བས་ནི་བདེ་བ་འདྲེན། །ཞེས་བྱ་བ་དེ་ལས་སོ། །དེའི་ཕྱིར་ངར་འཛིན་པའི་གཞི་སེམས་ལ་བདག་ཅེས་གདགས་སོ་ཞེའོ། །འདི་ལ་ལན་བརྗོད་པར་བྱ་སྟེ། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །དེ་ལ་ཕུང་པོ་རྣམས་བདག་ཡིན་ནོ་ཞེས་བྱ་བའི་ཕྱོགས་གང་གི་ཡིན་པ་དེའི་ལྟར་ན་ཕུང་པོ་རྣམས་མང་བའི་ཕྱིར་བདག་ཀྱང་མང་པོར་འགྱུར་རོ། །གང་གི་ལྟར་ན་སེམས་བདག་ཡིན་པ་དེའི་ལྟར་ན་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པའི་དབྱེ་བས་སམ། སྐད་ཅིག་རེ་རེ་ལ་རྣམ་པར་ཤེས་པ་སྐྱེ་བ་དང་འགག་པ་མང་བའི་ཕྱིར་བདག་ཀྱང་མང་པོར་འགྱུར་རོ། །ཡང་ན་ཇི་ལྟར་རིགས་པ་བཞིན་དུ་སྐྱོན་བརྗོད་པར་བྱའོ། །དེ་ལྟར་ཉེས་པ་འདི་ཕུང་པོ་དང་རྣམ་པར་ཤེས་པ་བདག་ཏུ་སྨྲ་བ་ལ་བརྗོད་པར་བྱ་ཞིང་། འཆད་པར་འགྱུར་བའི་ཉེས་པ་གཞན་ཡང་འདི་ལ་འབབ་པ་ཁོ་ན་ཡིན་པས་ཕྱོགས་གཉི་ག་ལ་ཡང་བརྗོད་པར་བྱའོ། །འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེའོ་ཞེས་བྱ་བའི་ལུང་ལས་ན། བདག་ནི་མང་བ་དག་ཏུ་འདོད་པ་ཡང་མ་ཡིན་ནོ། །བདག་ནི་རྫས་སུ་འགྱུར་ཞིང་སྟེ། གཟུགས་ལ་སོགས་པའི་རྫས་འདས་པ་ལ་སོགས་པའི་དབྱེ་བ་ཐ་དད་པར་གྱུར་པ་རྣམས་ཁོ་ན་ལ་ཕུང་པོ་ཉིད་དུ་བརྗོད་པའི་ཕྱིར་དང་། དེ་རྣམས་ཁོ་ན་ལ་བདག་ཏུ་བསྙད་པའི་ཕྱིར་བདག་རྫས་སུ་ཡོད་པར་འགྱུར་ན་དགེ་སློང་དག་ལྔ་པོ་འདི་རྣམས་ནི་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་སྟེ། གང་འདི་ལྟ་སྟེ། འདས་པའི་དུས་དང་མ་འོངས་པའི་དུས་དང་། ནམ་མཁའ་དང་མྱ་ངན་ལས་འདས་པ་དང་། གང་ཟག་གོ་ཞེས་བྱ་བ་དང་། དེ་བཞིན་དུ། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་བྱ་བ་འདི་ལས་ན་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་བདག་རྫས་སུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་ན་ཕུང་པོ་རྣམས་བདག་མ་ཡིན་ནོ། །གཞན་ཡང་འཇིག་ཚོགས་ལ་ལྟ་བ་རྫས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་ན། སྔོན་པོ་དང་སེར་པོ་ལ་སོགས་པའི་ཤེས་པ་ལྟར་ཕྱིན་ཅི་ལོག་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཀུན་ཏུ་འབྱུང་བ་སྤངས་པར་མི་འགྱུར་བའམ་སྔོན་པོ་དང་སེར་པོ་ལ་སོགས་པ་ཙམ་ལ་དམིགས་པའི་མིག་གིས་ཤེས་པ་ལྟར་དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤངས་པ་ཁོ་ནས་སྤང་པར་འགྱུར་རོ། །གཞན་ཡང་། མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །མྱ་ངན་འདས་སྔོན་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་ལས་གཞན་གྱིས་ཟ་བར་འགྱུར། །གལ་ཏེ་བདག་ཕུང་པོ་རང་བཞིན་ཅན་ཡིན་ན་མྱ་ངན་ལས་འདས་པའི་ཚེ་ཕུང་པོ་ལྔ་ཆར་ཡང་རྒྱུན་ཆད་པས་བདག་ཆད་པར་འགྱུར་རོ། །དེའི་ཕྱིར་ཆད་པའི་མཐར་འཛིན་པས་མཐར་ལྟ་བར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ཁྱེད་ཅག་གི་ནི་བདག་དང་བདག་གི་བའི་རྣམ་པ་ཅན་འཇིག་ཚོགས་ལ་ལྟ་བས་བདག་ཉིད་དུ་གང་གཟུང་བ་དེ་ཉིད་ལ་རྟག་པ་དང་ཆད་པར་འཛིན་པས་མཐར་འཛིན་པར་ལྟ་བར་རྣམ་པར་གཞག་པའི་ཕྱིར་རོ། །དེའི་ཕྱིར་བདག་ནི་མྱ་ངན་ལས་འདས་པའི་དུས་སུ་ཡང་རྒྱུན་ཆད་པར་ཁས་བླང་བར་མི་བྱ་སྟེ། མཐར་འཛིན་པར་ལྟ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བདག་ནི་ཕུང་པོའི་བདག་ཉིད་ཅན་མ་ཡིན་ནོ། །མྱ་ངན་ལས་འདས་པར་ཞུགས་པའི་སྔ་རོལ་གྱི་སྐད་ཅིག་དག་ཏུ་ཇི་ལྟར་ཕུང་པོ་རྣམས་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པ་དེ་བཞིན་དུ། བདག་ཀྱང་སྐྱེ་ཞིང་འཇིག་པ་ཅན་དུ་འགྱུར་ཏེ། བདག་ཕུང་པོའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ངའི་ལུས་འདི་བྱུང་བར་གྱུར་ཏོ་ཞེས་བྱ་བ་མ་ཡིན་པ་དེ་བཞིན་དུ་དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ། །ཞེས་བྱ་བ་འདི་ཡང་གསུང་བར་མི་འགྱུར་ཏེ། དེའི་ཚེ་བདག་ཀྱང་ལུས་ལྟར་ཞིག་པའི་ཕྱིར་དང་། འདིར་གཞན་ཉིད་སྐྱེ་བར་ཁས་བླངས་པའི་ཕྱིར་རོ། །བསྟན་བཅོས་ལས་ཀྱང་། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་དག་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླང་པའི་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་གསུངས་སོ། །སྐྱེ་བ་དང་འཇིག་པ་ཉིད་ཡོད་ན་ཡང་བྱེད་པ་པོ་བདག་མེད་པས་དེའི་འབྲས་བུ་མེད་པ་ཉིད་དུ་འགྱུར་ཏེ། གལ་ཏེ་ལས་གང་གིས་བྱས་པ་དེ་མི་རྟག་པ་ཉིད་འགྱུར་ན། དེའི་ཚེ་བྱེད་པ་པོ་མེད་པས་ལས་ལ་ཡང་རྟེན་མེད་པའི་ཕྱིར་མེད་པས་ལས་རྣམས་འབྲས་བུ་དང་འབྲེལ་བ་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་སྐད་ཅིག་སྔ་མས་བྱས་པའི་ལས་ཀྱི་འབྲས་བུ་སྐད་ཅིག་ཕྱི་མ་རྣམས་སུ་ཉེ་བར་ལོངས་སྤྱོད་ན། དེའི་ཚེ་གཞན་གྱིས་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ལོངས་སྤྱོད་པའི་ཕྱིར། གཞན་གྱིས་བསགས་པའི་ལས་གཞན་གྱིས་ཟ་བར་འགྱུར་རོ། །དེའི་ཕྱིར་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པར་འགྱུར་རོ། །བསྟན་བཅོས་ལས་ཀྱང་། གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དུ་ནི་གནས་འགྱུར་ཞིང་། །དེར་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པར་ཐལ་བར་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་ཕུང་པོ་རྣམས་བདག་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །འདིར་སྨྲས་པ། གལ་ཏེ་ཡང་སྐད་ཅིག་སྔ་ཕྱི་དག་གཞན་ཡིན་མོད་ཀྱི། དེ་ལྟ་ན་ཡང་། རྒྱུད་འདི་གཅིག་ཁོ་ན་ཡིན་པས་ཁོ་བོ་ཅག་ལ་ཉེས་པ་འདི་མེད་དོ། །བརྗོད་པར་བྱ་སྟེ། དེ་ཉིད་དུ་རྒྱུད་ཡོད་ན་སྐྱོན་མེད་དེ། །སྔར་རྣམ་དཔྱད་ཚེ་རྒྱུད་ལ་ཉེས་བཤད་ཟིན། །བྱམས་པ་ཉེར་སྦས་ལ་བརྟན་ཆོས་རྣམས་ནི། །ཞེས་བྱ་བ་དེར་རོ། །གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་གསུངས་པའང་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕན་ཚུན་མཚན་ཉིད་ཐ་དད་པ་རྣམས་ལ་རྒྱུད་ཅིག་ཏུ་གཏོགས་པ་ཉིད་མི་རིགས་པ་ཁོ་ན་ཡིན་པས་ཐལ་བར་འགྱུར་བ་ལྡོག་པ་མེད་དོ། །དེའི་ཕྱིར་ཕུང་པོ་རྣམས་བདག་ཉིད་མ་ཡིན་ཞིང་སེམས་ཀྱང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། དེའི་ཕྱིར་ཕུང་པོ་དང་སེམས་བདག་མི་རིགས། །ཇི་སྐད་དུ་བཤད་པའི་ཉེས་པར་ཐལ་བར་འགྱུར་བ་ལས་ཕུང་པོ་རྣམས་དང་སེམས་བདག་ཏུ་མི་འཐད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལས་ཀྱང་སྟེ། འཇིག་རྟེན་མཐའ་ལྡན་ལ་སོགས་མེད་ཕྱིར་རོ། །གང་གི་ཕྱིར་འཇིག་རྟེན་མཐའ་དང་ལྡན་པ་ཉིད་ལ་སོགས་པ་མེད་པར་འདོད་པ་དེའི་ཕྱིར་ཕུང་པོ་རྣམས་དང་སེམས་དག་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །འདི་ནི་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་ནི་སྡེ་པ་ཐམས་ཅད་ཀྱིས་འདོན་པ་ཡིན་ཏེ། འདི་ལྟ་སྟེ། འཇིག་རྟེན་རྟག་གོ་ཞེས་བྱ་བ་དང་། འཇིག་རྟེན་མི་རྟག་གོ་ཞེས་བྱ་བ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ་ཞེས་བྱ་བ་དང་། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ནི་བརྡ་སྤྲད་པར་བྱ་བ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་ལུང་དུ་མ་བསྟན་པའི་དངོས་པོར་རྣམ་པར་གཞག་གོ །དེ་ལྟར་བཀག་པ་དང་། དགེ་སློང་ཞིག་གལ་ཏེ་འཇིག་རྟེན་རྟག་གོ་ཞེས་བྱ་བར་འཛིན་ན། ཤར་གྱི་རི་བོའི་སྡེ་པའི་གཞུང་ལས། འཇིག་རྟེན་རྟག་གོ་ཞེས་བྱ་བ་དེ་ལྟ་བུའི་ལྟ་བ་ཅན་དེ་ལ་ཡང་བསྐྲད་པའི་ལས་བྱའོ། །འཇིག་རྟེན་མི་རྟག་གོ་ཞེས་བྱ་བ་དེ་ལྟ་བུའི་ལྟ་བ་ཅན་དེ་ལ་ཡང་སྐྲད་པའི་ལས་བྱའོ། །འཇིག་རྟེན་རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ་ཞེས་བྱ་བ་དེ་ལྟ་བུའི་ལྟ་བ་ཅན་དེ་ལ་ཡང་སྐྲད་པའི་ལས་བྱའོ། །འཇིག་རྟེན་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་དེ་ལྟ་བུའི་ལྟ་བ་ཅན་དེ་ལ་ཡང་བསྐྲད་པའི་ལས་བྱའོ་ཞེས་བྱ་བ་དེ་དང་མི་འགྲོགས་པ་ཉིད་དུ་བཤད་དོ། །དེ་ལྟར་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་ཆར་བརྗོད་པར་བྱའོ། །དེའི་ཕྱིར་གལ་ཏེ་འཇིག་རྟེན་གྱི་སྒྲས་ཕུང་པོ་རྣམས་འཛིན་ན། དེའི་ཚེ་ཕུང་པོ་རྣམས་སྐྱེ་བ་དང་འཇིག་པ་ཉིད་ཀྱིས་མི་རྟག་པའི་ཕྱིར་འཇིག་རྟེན་མི་རྟག་པ་ཉིད་ཅེས་བྱ་བར་ཡང་ལུང་བསྟན་པར་འགྱུར་རོ། །མྱ་ངན་ལས་འདས་པའི་འོག་རོལ་དུ་ཕུང་པོ་རྣམས་མེད་པས་འཇིག་རྟེན་མཐའ་དང་ལྡན་ནོ་ཞེས་བྱ་བར་ལུང་བསྟན་པར་ཡང་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཡང་ལུང་བསྟན་པར་འགྱུར་རོ། །དེའི་ཕྱིར་འཇིག་རྟེན་མཐའ་དང་ལྡན་པ་ལ་སོགས་པ་བཀག་པའི་ཕྱིར་ཕུང་པོ་རྣམས་ཁོ་ན་བདག་ཡིན་ནོ་ཞེས་བྱ་བར་མི་རིགས་སོ། །གཞན་ཡང་། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ལ། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །གལ་ཏེ་ཕུང་པོ་རྣམས་སམ་སེམས་བདག་ཡིན་ན། གང་གི་ཚེ་རྣལ་འབྱོར་པ་འདིས་བདེན་པ་མཐོང་བའི་དུས་སུ་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བདག་མེད་པའི་རྣམ་པར་སྡུག་བསྔལ་གྱི་བདེན་པ་མཐོང་བ་དེའི་ཚེ་ཕུང་པོ་མེད་པར་མཐོང་བ་བདག་མེད་པར་མཐོང་བར་འགྱུར་ན། དེ་ལྟར་ནི་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཕུང་པོ་རྣམས་བདག་མ་ཡིན་ནོ། །ཅི་སྟེ་གང་གི་ཚེ་ལས་དང་འབྲས་བུ་འབྲེལ་བའི་དུས་སུ་བདག་གི་སྒྲ་སྦྱོར་བ་དེའི་ཚེ་བདག་གཞན་མི་སྲིད་པའི་ཕྱིར། ཕུང་པོ་རྣམས་ཁོ་ན་ལ་འཇུག་པ་གང་གི་ཚེ་བདག་མེད་པར་མཐོང་བ་དེའི་ཚེ་ན་གཞན་གྱིས་ཀུན་བརྟགས་པ་ནང་གི་བྱེད་པའི་སྐྱེས་བུ་ཉིད་ལ་འཇུག་སྟེ། དེའི་ཕྱིར་བདག་མེད་པར་མཐོང་བའི་དུས་སུ་ཡང་ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བ་འདུ་བྱེད་ཙམ་མཐོང་བ་ལ་དངོས་པོ་རྣམས་མེད་པར་མཐོང་བར་ཐལ་བར་མི་འགྱུར་རོ་སྙམ་ན། བརྗོད་པར་བྱ་སྟེ། རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་འགྱུར། །གལ་ཏེ་ཡང་དངོས་པོ་རྣམས་མེད་པར་མཐོང་བར་ཐལ་བར་འགྱུར་བས་འཇིགས་ནས། བདག་གི་སྒྲས་བདག་རྟག་པ་ཉིད་ཡོངས་སུ་འཛིན་ཞིང་ཕུང་པོ་རྣམས་སམ་སེམས་བདག་ཏུ་མི་འདོད་ན། དེ་ལྟ་ན་ནི་འོ་ན་ཕྱོགས་ཉམས་པར་འགྱུར་རོ། །ཅི་སྟེ་རྣམ་པ་དེ་ལྟ་བུའི་ཡུལ་ལ་འདི་འཇུག་པར་མི་འདོད་དེ། དེའི་ཕྱིར་སྐྱོན་མེད་དོ་སྙམ་ན། འདི་ཡང་ཡོད་པ་མ་ཡིན་ཏེ། འདིར་ནི་ནང་གི་བྱེད་པའི་སྐྱེས་བུ་བདག་ཡིན་ལ་གཞན་དུ་ནི་ཕུང་པོ་རྣམས་ཡིན་ནོ་ཞེས་འདོད་དགུར་སྤྱོད་པ་རིགས་པ་མེད་པར་འདི་ཀོ་ག་ལས་རྙེད་པ་ཡིན། མི་སྲིད་པའི་ཕྱིར་རོ་ཞེ་ན། ཕུང་པོ་རྣམས་ལ་ཡང་འདི་འཇུག་པ་སྲིད་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་གལ་ཏེ་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་འདིར་བདག་གི་སྒྲ་ཕུང་པོ་རྣམས་ལ་འཇུག་པར་མི་འདོད་ན་གཞན་དུ་ཡང་མི་འདོད་པར་བྱ་དགོས་སོ། །ཅི་སྟེ་གཞན་དུ་ཕུང་པོ་ལ་འཇུག་པར་འདོད་ན་ནི་དེ་འདིར་ཡང་འདོད་པར་བྱ་དགོས་སོ། །གཞན་ཡང་། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡི། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཟེའུ་འབྲུ་ལ་ཁུ་བྱུག་ཡོད་ཅེས་ཏེ་དེ་ཙམ་གྱིས་ནི་ཟེ་འབྲུའི་མངར་པོ་ཉིད་མ་མྱངས་པར་སུས་ཀྱང་དེའི་མངར་པོ་ཉིད་དམིགས་པ་མ་ཡིན་ལ་དེ་ལ་ཁུ་བྱུག་མེད་ཅེས་ཏེ་རོ་མྱངས་བཞིན་དུ་ཡང་མངར་བ་ཉིད་མ་དམིགས་པ་མ་ཡིན་ཞིང་དེར་གཏོགས་པའི་མངོན་པར་ཞེན་པ་སྤོང་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་གལ་ཏེ་རྣལ་འབྱོར་པས་གཟུགས་ལ་སོགས་པའི་ཆོས་རྣམས་རྟག་པའི་བདག་དང་བྲལ་བ་དེ་ལྟར་མཐོང་ན། དེའི་ཚེ་དེའི་རང་བཞིན་ཡོངས་སུ་མ་ཤེས་པས་དེ་ལ་ཅི་ཞིག་འབྱུང་བར་འགྱུར། ཡང་ན་གཟུགས་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་དམིགས་པས་དེ་ལ་དམིགས་པའི་འདོད་ཆགས་ལ་སོགས་པ་སྤོང་ན་ཡང་བདག་གི་དངོས་པོ་མེད་པ་ལ་ཅི་ཞིག་འབྱུང་བར་འགྱུར་ཏེ། གང་གིས་ན་དེ་མེད་པར་ཡོངས་སུ་ཤེས་པ་ལས་དེ་ཡུལ་དག་ལ་ཆགས་པ་ལ་སོགས་པ་རྣམས་སྤོང་བར་འགྱུར་བ་འགའ་ཡང་ནང་གི་བྱེད་པའི་སྐྱེས་བུ་བདེ་བར་གྱུར་ཅིག་ཅེས་བདེ་བ་མྱོང་བར་འགྱུར་པའི་ཡུལ་བསྟེན་པར་མི་བྱེད་ལ། དེ་སྡུག་བསྔལ་བར་དོགས་པས་མི་འདོད་པའི་ཡུལ་དང་ཕྲད་པ་སྤོང་བར་ཡང་མི་བྱེད་དོ། །དེའི་ཕྱིར་གཟུགས་ལ་དམིགས་ནས་འཇུག་པའི་ཕྱིར་ན་འདོད་ཆགས་ལ་སོགས་པ་རྣམས་སྐྱེ་བར་འགྱུར་ཏེ། དེའི་རང་གི་ངོ་བོ་ཡོངས་སུ་ཤེས་པ་འདོད་ཆགས་ལ་སོགས་པ་སྤོང་བའི་རྒྱུ་མེད་པའི་ཕྱིར་ཏེ། ཕྱི་རོལ་པ་བཞིན་ནོ་སྙམ་དུ་བསམས་པའོ། །ཅི་སྟེ་ཁོ་བོ་ཅག་ལུང་ཚད་མར་བྱེད་པ་ལ་རྟོག་གེའི་ཚད་མས་གནོད་པ་མ་ཡིན་ལ་ལུང་གིས་ཀྱང་ཕུང་པོ་རྣམས་ཁོ་ན་བདག་ཉིད་དུ་སྟོན་པར་བྱེད་དེ། ཇི་སྐད་དུ། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་གཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ། །ཞེས་གསུངས་པ་ལྟ་བུ་སྟེ། དེ་བཞིན་དུ་འདིར་ཡང་ཡིན་ནོ་སྙམ་ན། གང་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས། །གསུངས་པ་དེ་ཕྱིར་ཕུང་པོ་བདག་འདོད་ན། །དེ་ནི་ཕུང་པོ་ལས་གཞན་བདག་འགོག་སྟེ། །གཟུགས་བདག་མིན་སོགས་མདོ་གཞན་གསུངས་ཕྱིར་རོ། །མདོ་འདིས་ནི་གང་ལས་ཕུང་པོ་རྣམས་བདག་ཅེས་བྱ་བར་ཡིད་ཆེས་པར་འགྱུར་བ་ཕུང་པོ་རྣམས་བདག་ཉིད་དུ་གསལ་བར་བྱེད་པ་མ་ཡིན་པ་ཉིད་དེ། འོ་ན་ཅི་ཞེ་ན། བཅོམ་ལྡན་འདས་ཀྱི་དགོངས་པ་ནི་ཕུང་པོ་ལས་ཐ་དད་པའི་བདག་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་མུ་སྟེགས་ཅན་གྱི་གཞུང་དགག་པར་བྱ་བའི་ཕྱིར་དང་ཀུན་རྫོབ་ཀྱི་བདེན་པ་ཕྱིན་ཅི་མ་ལོག་པར་གསལ་བར་བྱ་བའི་ཕྱིར་རོ། །ཡང་འདི་ནི་ཕུང་པོ་རྣམས་ལས་གཞན་པའི་བདག་འགོག་པ་ཡིན་ནོ་ཞེས་བྱ་བ་འདི་དེ་ལྟར་ག་ལས་ངེས་ཤེ་ན། མདོ་གཞན་ལས་གཟུགས་ལ་སོགས་པ་རྣམས་ཀྱང་བདག་ཉིད་ཡིན་པ་བཀག་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། གང་ཕྱིར་གཟུགས་ཚོར་བདག་མིན་འདུ་ཤེས་ཀྱང་། །མ་ཡིན་འདུ་བྱེད་རྣམས་མིན་རྣམ་ཤེས་ཀྱང་། །མིན་པར་མདོ་གཞན་ལས་གསུངས་དེ་ཡི་ཕྱིར། །མདོར་བསྟན་ཕུང་པོ་བདག་ཅེས་བཞེད་མ་ཡིན། །དེའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་བལྟའོ་ཞེས་བྱ་བའི་མདོ་འདི་ལས་ཕུང་པོ་ལས་ཐ་དད་པའི་བདག་བཀག་པ་ཁོ་ནར་ངེས་སོ། །གང་ལས་གཟུགས་ལ་སོགས་པ་རྣམས་ཀྱང་བདག་ཉིད་ཡིན་པ་བཀག་པ་དེ་ལས་ནི་བརྟེན་ནས་གདགས་པའི་འཇིག་ཚོགས་ལ་ལྟ་བའི་ཡུལ་ཕུང་པོའི་ཉེ་བར་ལེན་པ་ཅན་བཀག་གོ་ཞེས་བྱ་བར་རིག་པར་བྱ་སྟེ། དེ་ཁོ་ན་ཉིད་སེམས་པའི་སྐབས་སུ་བབ་པའི་ཕྱིར་རོ། །གང་གི་ཕྱིར་ཉེ་བར་ལེན་པ་པོ་མ་དམིགས་ན་དེའི་ཉེ་བར་ལེན་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་གཟུགས་ལ་སོགས་པ་དག་ལ་ཡང་འདོད་ཆགས་དང་བྲལ་བར་འཐད་པ་ཉིད་དོ། །གང་གི་ཕྱིར་མདོ་གཞན་ལས་དེ་སྐད་དུ་གསུངས་པ་དེའི་ཕྱིར་སྔར་གྱི་མདོར་བསྟན་ཕུང་པོ་བདག་ཅེས་བཞེད་མ་ཡིན། གཞན་ཡང་མདོ་སྡེ་བསྟན་པ་འདི་ནི་སྒྲུབ་པའི་ཚུལ་དུ་ངེས་ཀྱང་ཕུང་པོ་རྣམས་བདག་ཡིན་པ་ཉིད་དུ་སྟོན་པར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི། །ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་མིན། །དཔེར་ན་ཤིང་རྣམས་ནི་ནགས་ཚལ་ལོ་ཞེས་བརྗོད་པ་ན་ཤིང་གི་ཚོགས་པ་ནགས་ཚལ་ཡིན་གྱི། ཤིང་རེ་རེ་དག་ལ་ཡང་ནགས་སུ་ཐལ་བར་འགྱུར་བའི་ཕྱིར། ཤིང་གི་ངོ་བོ་ནི་མ་ཡིན་པ་དེ་བཞིན་དུ་ཕུང་པོ་ཚོགས་པ་ཉིད་བདག་ཏུ་འགྱུར་རོ། །དེའི་ཕྱིར་ཚོགས་པ་ནི་ཅི་ཡང་མ་ཡིན་པ་ཉིད་ཀྱི་ཕྱིར། མགོན་མིན་འདུལ་བའམ་དཔང་པོ་ཉིད་ཀྱང་མིན། །དེ་མེད་ཕྱིར་དེ་ཚོགས་པ་མ་ཡིན་ནོ། །གང་བཅོམ་ལྡན་འདས་ཀྱི་ཇི་སྐད་དུ། བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ངན་པ་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །ཞེས་བྱ་བ་དེ་ལས་མགོན་ཉིད་དང་དཔང་པོ་ཉིད་དུ་གསུངས་ལ། བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་བྱ་བ་འདི་ལས་འདུལ་བར་གསུངས་ནས། ཚོགས་པ་ཙམ་པོ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་ནི་མགོན་ཉིད་དང་འདུལ་བའམ་དཔང་པོ་ཉིད་དུ་རིགས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཚོགས་པ་བདག་མ་ཡིན་ནོ། །ཅི་སྟེ་ཚོགས་པ་ཅན་ལས་ཐ་དད་དུ་མེད་པའི་ཕྱིར་འབྲས་བུ་ནི་ཚོགས་པ་ཅན་རྣམས་ཀྱི་ཡིན་པར་རྟོགས་པར་འགྱུར་རོ། །དེའི་ཕྱིར་མགོན་ཉིད་དང་འདུལ་བ་དང་དཔང་པོ་ཉིད་རིགས་པར་འགྱུར་རོ་སྙམ་ན། འདི་ཡང་ཡོད་པ་མ་ཡིན་ཏེ། འདི་ལ་ཉེས་པ་བཤད་ཟིན་པའི་ཕྱིར་རོ། །གཞན་ཡང་། དེ་ཚེ་དེ་ཡི་ཡན་ལག་ཚོགས་གནས་རྣམས། །ཤིང་རྟ་ཉིད་འགྱུར་ཤིང་རྟ་དང་བདག་མཚུངས། །མདོ་ལས་ཀྱང་། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་གསུངས་སོ། །དེ་ལྟར་ན། མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། །དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། །གང་ཞིག་ལ་བརྟེན་ནས་གང་བཏགས་པ་དེ་ནི་བཏགས་པ་ཉེ་བར་ལེན་པའི་ཡན་ལག་ཚོགས་པ་ཙམ་མ་ཡིན་ཏེ། བརྟེན་ནས་བཏགས་པའི་ཕྱིར་འབྱུང་བ་ལས་གྱུར་པ་བཞིན་ནོ། །ཇི་ལྟར་འབྱུང་བ་དག་རྒྱུར་བྱས་ནས་འབྱུང་བ་ལས་གྱུར་པ་སྔོན་པོ་ལ་སོགས་པ་དང་མིག་ལ་སོགས་པ་བཏགས་མོད་ཀྱི། དེ་གཉིས་འབྱུང་བ་འདུས་པ་ཙམ་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་བདག་ཕུང་པོ་རྒྱུར་བྱས་ནས་བཏགས་པའི་རང་བཞིན་ཅན་ཡང་ཕུང་པོ་ཚོགས་པ་ཙམ་ཡིན་པར་མི་རུང་ངོ་། །བུམ་པ་ལ་སོགས་པ་རྣམས་ཀྱི་མ་ངེས་པ་ཉིད་དོ་ཞེ་ན་དེ་ཡང་ཡོད་པ་མ་ཡིན་ཏེ། བུམ་པ་ལ་སོགས་པ་རྣམས་ཀྱང་གཟུགས་ལ་སོགས་པ་ཚོགས་པ་ཙམ་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་དང་། བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །ཅི་སྟེ་འཕང་ལོ་ལ་སོགས་པ་ཚོགས་པ་ཙམ་ཉིད་ནི་ཤིང་རྟ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། གང་གི་ཚེ་འཕང་ལོ་ལ་སོགས་པ་རྣམས་དབྱིབས་ཁྱད་པར་ཅན་དང་ལྡན་པར་གྱུར་པ་དེའི་ཚེ་ཤིང་རྟའི་མིང་རྙེད་པར་འགྱུར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པ་རྣམས་ཀྱི་བཀོད་པ་ཙམ་བདག་ཡིན་ནོ་སྙམ་ན། དེ་ཡང་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབྱིབས་ཤེ་ན་དེ་གཟུགས་ཅན་ལ་ཡོད་ཕྱིར། །ཁྱོད་ལ་དེ་དག་ཉིད་བདག་ཅེས་འགྱུར་གྱི། །སེམས་སོགས་ཚོགས་ནི་བདག་ཉིད་འགྱུར་མིན་ཏེ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་དེ་དག་ལ་དབྱིབས་ཡོད་མ་ཡིན། །གཟུགས་ཅན་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམ་པའོ། །གཞན་ཡང་། ལེན་པོ་རང་ཉེར་ལེན་གཅིག་རིགས་དངོས་མིན། །ཅིའི་ཕྱིར་ཞེ་ན། དེ་ལྟ་ན་ལས་བྱེད་པོ་གཅིག་ཉིད་འགྱུར། །འདིར་ཉེ་བར་ལེན་པར་བྱེད་པས་ན་ལེན་པོ་སྟེ་བྱེད་པ་པོ་ཡིན་ལ་ཉེ་བར་བླངས་པ་ན་ཉེ་བར་ལེན་པ་སྟེ་ལས་སོ། །འདིར་ཉེ་བར་ལེན་པ་པོ་ནི་བདག་ཡིན་ལ་ཉེ་བར་ལེན་པ་ནི་ཕུང་པོ་ལྔ་རྣམས་ཡིན་ནོ། །དེ་ལ་གལ་ཏེ་གཟུགས་ལ་སོགས་པ་ཚོགས་པ་ཙམ་ཞིག་བདག་ཡིན་ན་ནི། དེའི་ཚེ་བྱེད་པ་པོ་དང་ལས་གཅིག་ཏུ་འགྱུར་ན། འདི་ནི་འདོད་པ་ཡང་མ་ཡིན་ཏེ། འབྱུང་བ་དང་རྒྱུར་བྱས་པའི་གཟུགས་དག་དང་བུམ་པ་དང་རྫ་མཁན་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་བྱ་བ་དང་། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླང་བའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་གསུངས་སོ། །འདིར་ཇི་ལྟར་མེ་དང་བུད་ཤིང་དག་གཅིག་ཉིད་དུ་མི་འདོད་པ་དེ་བཞིན་དུ། བདག་དང་ཉེ་བར་ལེན་པ་དག་ལ་ཡང་མི་འདོད་པར་བྱ་དགོས་སོ། །ཅི་སྟེ་གང་ཞིག་བྱེད་པ་པོ་ཉིད་དུ་འགྱུར་བ་ཉེ་བར་ལེན་པ་པོ་ནི་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་དེ། འདི་ནི་ཉེ་བར་ལེན་པ་འདུས་པ་ཙམ་ཞིག་ཏུ་ཟད་དོ་སྙམ་དུ་སེམས་ན། དེ་ཡང་མི་རིགས་པ་ཉིད་དུ་བཤད་པ། བྱེད་པོ་མེད་ལས་ཡོད་སྙམ་བློ་ཡིན་ན། །མ་ཡིན་གང་ཕྱིར་བྱེད་པོ་མེད་ལས་མེད། །དེ་ནི་དེ་ལྟར་མ་ཡིན་ཏེ། གལ་ཏེ་བྱེད་པ་པོ་མི་འདོད་ན་རྒྱུ་མེད་པའི་ལས་ཀྱང་འདོད་པར་མི་བྱའོ། །བསྟན་བཅོས་ལས་ཀྱང་། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་གསུངས་སོ། །འདིར་དངོས་པོ་ལ་ལཱ་ཊའི་རྐྱེན་བྱས་ནས་ཉེ་བར་ལེན་པས་ན་ཉེ་བར་ལེན་པ་པོ་ཞེས་བྱ་བ་ཡིན་ལ། དངོས་པོ་ཡང་སྒྲུབ་པར་བྱེད་པར་མེད་པར་འབྱུང་བ་མ་ཡིན་པས། རང་གི་སྒྲུབ་པར་བྱེད་པ་ཉེ་བར་བླང་བ་དང་ཉེ་བར་ལེན་པ་པོ་ཉེ་བར་འཇོག་པ་ཡིན་ནོ། །ཉེ་བར་ལེན་པའི་སྒྲས་ནི་ཀྲི་ཏ་དང་ལཱ་ཊ་ནི་ཕལ་ཆེར་རོ་ཞེས་བྱ་བས་ལས་ལ་ལཱ་ཊའི་རྐྱེན་བྱས་ནས་ཉེ་བར་བླང་བར་བྱ་བ་ལས་ཀྱང་བརྗོད་པ་ཉིད་དོ། །དེའི་ཕྱིར་ཇི་ལྟར་བྱེད་པ་པོ་ལ་བརྟེན་ནས་ལས་སུ་གདགས་པར་བྱ་ལ། ལས་ལ་བརྟེན་ནས་ཀྱང་བྱེད་པ་པོ་ཡིན་པ་དེ་བཞིན་དུ་ཉེ་བར་བླང་བ་ལ་བརྟེན་ནས་ཉེ་བར་ལེན་པ་པོར་གདགས་པར་བྱ་ལ། ཉེ་བར་ལེན་པ་པོ་དེ་ཉིད་ལ་བརྟེན་ནས་ཉེ་བར་བླང་བ་ཡིན་ནོ། །ཡང་། དེ་ལྟར་ལེན་པས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་བྱེད་པ་པོ་མེད་པ་ན་ལས་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཡང་གང་ལས་བྱེད་པ་པོ་ནི་མ་དམིགས་ཀྱི་ལས་ཀྱང་ཡོད་ལ་རྣམ་པར་སྨིན་པ་ཡང་ཡོད་དོ་ཞེས་བརྗོད་པ་དེ་ལས་ནི་བྱེད་པ་པོ་རང་བཞིན་དུ་གྱུར་པ་བཀག་པར་ཤེས་པར་བྱའི། བརྟེན་ནས་གདགས་པར་བྱ་བ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་པ་ཡང་བཀག་གོ་ཞེས་བྱ་བར་ནི་ཤེས་པར་མི་བྱའོ། །དེ་སྐད་དུ་ཡང་། མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ་ཞེས་རྒྱ་ཆེར་གསུངས་སོ། །གཞན་ཡང་། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །རླུང་དང་རྣམ་ཤེས་ནམ་མཁའ་ཞེས་བྱ་བ། །ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ནས་ཉེར་བསྟན་ཞིང་། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། །ངེས་གསུངས་དེ་ཕྱིར་དེ་ནི་དེ་རྣམས་དང་། །དེ་ཉིད་མ་ཡིན་ཚོགས་པ་ཙམ་ཉིད་དེ། །དེ་ཕྱིར་ངར་འཛིན་བློ་དེ་རྣམས་ལ་མིན། །མདོ་སྡེ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་དེ་ནི་ཁམས་དྲུག་དང་། རེག་པའི་སྐྱེ་མཆེད་དྲུག་དང་ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་དོ་ཞེས་གསུངས་སོ། །དེ་ལ་ཁམས་དྲུག་ནི་ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་དང་ནམ་མཁའ་སྟེ། དེ་དག་ལ་བརྟེན་ནས་བདག་ཏུ་བཏགས་སོ། །མིག་ལ་སོགས་པ་རེག་པའི་རྟེན་དྲུག་ནི་མིག་གི་འདུས་ཏེ་རེག་པའི་སྐྱེ་མཆེད་ནས་ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་མཆེད་ཀྱི་བར་དུ་སྟེ། དེ་དག་ལ་བརྟེན་ནས་བདག་ཏུ་བཏགས་སོ། །ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་ནི། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ལ་དམིགས་པའི་ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། དེ་བཞིན་དུ་ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དང་དེ་བཞིན་དུ་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་སྟེ། དེ་དག་ལ་བརྟེན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཉེ་བར་གཟུང་ནས་བདག་ཏུ་བཏགས་སོ། །གང་གི་ཕྱིར་ཁམས་ལ་སོགས་པ་དེ་རྣམས་ཀྱི་སྒོ་ནས་བདག་ཏུ་གདགས་སོ་ཞེས་བྱ་བར་གསུངས་པ་དེའི་ཕྱིར་དེ་རྣམས་དང་དེ་ཉིད་མ་ཡིན་ཏེ། གཞན་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཚོགས་པ་ཙམ་ཉིད་དུ་ཡང་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་ཇི་སྐད་བཤད་པའི་ཆོས་དེ་རྣམས་བདག་ཉིད་དུ་མི་རུང་བ་དེའི་ཕྱིར་ན་ཆོས་དེ་རྣམས་ལ་ངར་འཛིན་པའི་བློ་མི་རིགས་སོ། །གང་གི་ཚེ་དེ་ལྟར་ཕུང་པོ་རྣམས་ངར་འཛིན་པའི་ཡུལ་ཡང་མ་ཡིན་ལ། ཕུང་པོ་ལས་ཐ་དད་པ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར། ངར་འཛིན་པའི་ཡུལ་ཉིད་ཡོད་པ་མ་ཡིན་པས། རྣལ་འབྱོར་པས་བདག་མ་དམིགས་པ་ལས་བདག་གི་བ་ཡང་སྙིང་པོ་དང་ལྡན་པ་མ་ཡིན་པ་ཉིད་དུ་ཡོངས་སུ་ཤེས་ཤིང་། འདུས་བྱས་མཐའ་དག་བསལ་ནས་ཉེ་བར་ལེན་པ་མེད་པར་མྱ་ངན་ལས་འདའ་བར་འགྱུར་ཏེ། དེའི་ཕྱིར་རྣམ་པར་དཔྱོད་པ་དེའི་ཆེས་མཛེས་སོ། །ངར་འཛིན་པའི་ཡུལ་ནི་ཕུང་པོ་རྣམས་དང་སེམས་ཡིན་ནོ་ཞེས་བྱ་བ་གང་གི་ཕྱོགས་ཡིན་པ་དེའི་ལྟར་ན་ཇི་སྲིད་དུ་ཕུང་པོ་རྣམས་འབྱུང་བ་དེ་སྲིད་དུ་ངར་འཛིན་པ་འཇུག་པར་འགྱུར་ཏེ། བདག་ཏུ་འཛིན་པའི་གཞི་དངོས་པོ་ཡོད་པའི་ཕྱིར་རོ་ཞེས་བཤད་པ། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེའི་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །ཅིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །གལ་ཏེ་བདག་རྟག་པ་དང་ངར་འཛིན་པའི་ཡུལ་ཡིན་ན་ནི་དེ་མེད་པས་ངར་འཛིན་པ་སྤོང་བར་འགྱུར་བ་ཞིག་ན། ངར་འཛིན་པའི་ཡུལ་ན་ནི་གཞན་ཡིན་ཞིང་གཞན་དངོས་པོ་མེད་པར་མཐོང་བ་ལས་ངར་འཛིན་པ་ལྡོག་གོ་ཞེས་བྱ་བ་ནི་ཀྱེ་མ་མ་ལ་ཁྱོད་ཀྱིས་མཛེས་སོ། །ཕན་ཚུན་འབྲེལ་བ་མེད་པའི་དོན་འདི་ཉིད་དཔེའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་བཤད་པ། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནས་པོར་གྱུར་ཉིད་དོ། །གང་ཞིག་འཇིགས་པའི་རྐྱེན་ཉེར་ཟིན་ཀྱང་དེ་ལ་ཡོད་པའི་འཇིགས་པ་མ་མཐོང་ཞིང་ཕྱིར་འཆོས་པར་མི་བྱེད་པ་སྤོང་པ་ཉིད་ཀྱིས་བདག་ཉིད་འཇིགས་པ་མེད་པ་ཉིད་དུ་མངོན་པར་བྱེད་པ་དེ་ནི་ཕེབས་པ་རྙེད་པ་ཉིད་ཀྱིས་ན་སྦྲུལ་གྱིས་འཛིན་པར་འགྱུར་རོ། །གང་གི་ཕྱིར་གླང་པོ་ཆེ་མེད་པས་ནི་དེའི་སྦྲུལ་གྱིས་འཇིགས་པ་སེལ་བར་མི་ནུས་སོ། །དེ་བཞིན་དུ་ཕུང་པོ་དག་དང་རྣམ་པར་ཤེས་པ་དག་ཏུ་སྨྲ་བ་འདིའི་ལྟར་ན་ཡང་། རྟག་པའི་བདག་མེད་པས་ཕུང་པོའི་ཡུལ་ཅན་གྱི་ངར་འཛིན་པ་བསལ་བར་མི་ནུས་ཏེ། དེའི་ཕྱིར་ངེས་པར་འདིའི་འཁོར་བ་པ་ཉིད་ཉམས་པར་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་བདག་ནི་ཕུང་པོའི་རང་བཞིན་ཅན་མ་ཡིན་ལ། ཕུང་པོ་རྣམས་ལས་གཞན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་ཕྱོགས་གཉིས་ཡང་དག་པར་བསྒྲུབས་ནས་བདག་གི་ཡོད་པ་ཉིད་ནི་རྟེན་དང་བརྟེན་པ་ཉིད་དུ་ཡང་མེད་པར་བརྗོད་པའི་ཕྱིར་བཤད་པ། ཕུང་པོ་བདག་ཡོད་མ་ཡིན་བདག་ལ་ཡང་། །ཕུང་པོ་དེ་རྣམས་ཡོད་མིན་གང་ཕྱིར་འདིར། །གཞན་ཉིད་ཡོད་ན་རྟོག་པ་འདིར་འགྱུར་ན། །གཞན་ཉིད་དེ་མེད་དེ་ཕྱིར་འདི་རྟོག་པའོ། །གཞན་ཉིད་ཡོད་ན་ནི་རྟེན་དང་བརྟེན་པའི་དངོས་པོར་རིགས་པར་འགྱུར་ཏེ། དཔེར་ན་འཁར་གཞོང་ན་ཞོ་ཡོད་དོ་ཞེས་བྱ་བ་ལྟ་བུའོ། །འཁར་གཞོང་དང་ཞོ་གཉིས་ནི་འཇིག་རྟེན་གཞན་ཉིད་ཡིན་པ་ན་རྟེན་དང་བརྟེན་པའི་དངོས་པོར་མཐོང་ངོ་། །ཕུང་པོ་རྣམས་ནི་དེ་ལྟར་བདག་ལས་ཐ་དད་པ་མ་ཡིན་ལ། བདག་ཀྱང་ཕུང་པོ་རྣམས་ལས་ཐ་དད་པ་མ་ཡིན་པས་དེ་གཉིས་ལ་རྟེན་དང་བརྟེན་པའི་དངོས་པོ་ཡོད་པ་མ་ཡིན་ནོ། །ཕུང་པོ་དང་ལྡན་པ་ཉིད་ཀྱང་བདག་ལ་ཇི་ལྟར་ཡོད་པ་མ་ཡིན་པ་དེ་ལྟར་བསྟན་པའི་ཕྱིར་བཤད་པ། བདག་ནི་གཟུགས་ལྡན་མི་འདོད་གང་ཕྱིར་བདག །ཡོད་མིན་དེ་ཕྱིར་ལྡན་དོན་སྦྱོར་བ་མེད། །གཞན་ནི་གནག་ལྡན་གཞན་མིན་གཟུགས་ལྡན་ན། །བདག་ནི་གཟུགས་ལས་དེ་ཉིད་གཞན་ཉིད་མེད། །བདག་ཕུང་པོ་རྣམས་དེ་ཉིད་དང་གཞན་ཉིད་ཡིན་པ་ནི་སྔར་བཀག་ཟིན་ལ། ལྡན་པའི་སྐྱོན་ཡང་ལྷ་སྦྱིན་གཟུགས་དང་ལྡན་ནོ་ཞེས་བྱ་བ་དེ་ནི་ཐ་མི་དད་པ་ཉིད་ལ་དམིགས་ལ། བ་ལང་དང་ལྡན་ནོ་ཞེས་བྱ་བ་ནི་ཐ་དད་པ་ཡིན་ནོ། །དེ་ཉིད་དང་གཞན་ཉིད་དེ་དག་ནི་གཟུགས་དང་བདག་ལ་ཡོད་པ་མ་ཡིན་པས་བདག་གཟུགས་དང་ལྡན་ནོ་ཞེས་བྱ་བ་འདི་ཡང་མི་སྲིད་དོ། །ད་ནི་བཀག་ཟིན་པའི་ཕྱོགས་རྣམས་བསྡོམས་ཏེ་བསྟན་པས་འཇིག་ཚོགས་ལ་ལྟ་བ་དམིགས་པ་དང་རྣམ་པ་ལོག་པ་ལ་འཇུག་པར་གྲངས་ཀྱི་སྒོ་ནས་བསྟན་པའི་ཕྱིར་བཤད་པ། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །གཟུགས་ལ་བདག་མེད་བདག་ལའང་གཟུགས་ཡོད་མིན། །དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ། །དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །ཕུང་པོ་ལྔ་པོ་བདག་དང་བྲལ་བ་དག་ལ་འཇིག་ཚོགས་ལ་ལྟ་བས་རྣམ་པ་བཞིའི་སྒོ་ནས་བདག་ཉིད་དུ་བཟུང་བ་ན་འཇིག་ཚོགས་ལ་ལྟ་བའི་ཆ་ཉི་ཤུར་འགྱུར་རོ། །གལ་ཏེ་རྣམ་པར་དཔྱད་པ་རྣམ་པ་ལྔ་ལ་སྐབས་སུ་བབ་ལ། བསྟན་བཅོས་ལས་ཀྱང་། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་གསུངས་པ་མ་ཡིན་ནམ། དེའི་ཕྱིར་འདི་ཆ་ལྔར་འགྱུར་ན་ཆ་ཉི་ཤུར་ཇི་སྐད་བརྗོད་ཅེ་ན། འཇིག་ཚོགས་ལ་ལྟ་བའི་ཆ་དེ་དག་ནི་མདོ་སྡེ་ལས་རྣམ་པར་གཞག་ལ། དེས་ཀྱང་ཕུང་པོ་རྣམས་མ་བཟུང་བར་བདག་ཏུ་མངོན་པར་ཞེན་པར་མི་ནུས་པས་རྣམ་པ་བཞིའི་སྒོ་ནས་ཕུང་པོ་རྣམས་ལ་དམིགས་ཤིང་འཇུག་གོ །འདི་ལྟར་ཕུང་པོ་མ་གཏོགས་པར་ནི་འགའ་ལ་ཡང་བདག་ཏུ་མངོན་པར་ཞེན་པ་མེད་པས་འཇིག་ཚོགས་ལ་ལྟ་བའི་རྣམ་པ་ལྔ་པ་མི་སྲིད་དོ། དེའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ནི་ཆ་ཉི་ཤུ་ཁོ་ནའོ། །བསྟན་བཅོས་ལས་ལྔ་པ་གཞན་པ་ཉིད་ཀྱི་ཕྱོགས་གསུངས་པ་ནི་མུ་སྟེགས་པའི་ལུགས་དགག་པའི་ཕྱིར་རོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ་ཞེས་གང་ལུང་ལས་གསུངས་པ་ནི། ལྟ་རི་བདག་མེད་རྟོགས་པའི་རྡོ་རྗེ་ཡིས། །བཅོམ་བདག་གང་དང་ལྷན་ཅིག་འཇིག་འགྱུར་བ། །འཇིག་ཚོགས་ལྟ་རི་ལྷུན་སྟུག་ལ་གནས་པའི། །རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ །འཇིག་ཚོགས་ལ་ལྟ་བའི་རི་བོ་འཕགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་མ་བབས་པས་ཉིན་རེ་བཞིན་ཉོན་མོངས་པའི་བྲག་རྡོ་འཕེལ་བ། འཁོར་བ་ཐོག་མ་མེད་པ་ནས་བྱུང་བ། དཔངས་ཁམས་གསུམ་དུ་མཐོ་བ། ཕྱོགས་ཀྱི་ངོས་མ་ལུས་པར་ཁྱབ་པ། མ་རིག་པའི་གསེར་གྱི་ས་གཞི་ལས་མཐོན་པ། བདག་མེད་པ་ཁོང་དུ་ཆུད་པའི་རྡོ་རྗེ་བཤིག་པ་ན། རྩེ་མོ་ཆེས་མཐོ་བ་གང་དག་དང་ལྷན་ཅིག་འཇིག་པར་འགྱུར་བ་དེ་དག་ནི་རྩེ་མོ་ཡིན་པར་ཤེས་པར་བྱའོ། །ད་ནི་འཕགས་པ་མང་པོས་བཀུར་བ་པ་དག་གིས་བརྟགས་པའི་གང་ཟག་རྫས་སུ་ཡོད་པར་སྨྲ་བ་བསལ་བའི་ཕྱིར་བཤད་པ། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། །རྣམ་ཤེས་དྲུག་གི་ཤེས་བྱར་དེ་འདོད་ཅིང་། །དེ་ནི་ངར་འཛིན་གཞིར་ཡང་འདོད་པ་ཡིན། །དེ་ལ་རེ་ཞིག་ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། གང་ཟག་ཕུང་པོ་དག་ལས་གཞན་དུ་ནི་མི་འགྱུར་རོ། །ཕུང་པོའི་རང་བཞིན་ཅན་ཡང་མ་ཡིན་ཏེ། སྐྱེ་བ་དང་འཇིག་པ་དང་ལྡན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་ཕུང་པོ་དག་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་དོ། །ཇི་ལྟར་དེ་ཉིད་དང་གཞན་ཉིད་དུ་མ་ཡིན་པ་དེ་བཞིན་དུ་རྟག་པ་དང་མི་རྟག་པ་ཉིད་དུ་ཡང་བརྗོད་དུ་མེད་དོ། །རྣམ་པར་ཤེས་པ་དྲུག་གིས་ཤེས་པ་ཡང་ཡིན་ནོ། །གང་ཟག་དེ་ནི་རྫས་སུ་ཡོད་པ་ཉིད་དུ་ཡང་རིགས་ཏེ། དེ་ལ་བྱེད་པ་པོ་ཉིད་དང་ཟ་བ་པོ་ཉིད་དུ་བརྗོད་པའི་ཕྱིར་དང་འཁོར་བ་དང་མྱ་ངན་ལས་འདས་པ་དང་། བཅིངས་པ་དང་ཐར་པ་དང་འབྲེལ་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་བདག་ཏུ་འཛིན་པའི་ཡུལ་ཉིད་དུ་ཡང་འདོད་དོ། །སྨྲ་བ་འདི་ཡང་མི་རིགས་པ་ཉིད་དུ་བཤད་པ། གང་ཕྱིར་གཟུགས་ལས་སེམས་བརྗོད་མེད་མི་རྟོགས། །དངོས་ཡོད་བརྗོད་མེད་རྟོགས་པ་མ་ཡིན་ཉིད། །གལ་ཏེ་བདག་འགའ་དངོས་པོར་གྲུབ་འགྱུར་ན། །སེམས་ལྟར་གྲུབ་དངོས་བརྗོད་དུ་མེད་མི་འགྱུར། །དེའི་ཕྱིར་ཚིགས་སུ་བཅད་པ་འདིས་བརྗོད་དུ་མེད་པ་ལ་རྫས་སུ་ཡོད་པ་ཉིད་མི་སྲིད་པར་བསྟན་ནས། བཏགས་པར་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་བཤད་པ། གང་ཕྱིར་ཁྱོད་བུམ་དངོས་པོར་མ་གྲུབ་པའི། །ངོ་བོ་གཟུགས་སོགས་ལས་བརྗོད་མེད་འགྱུར་བས། །བདག་གང་ཕུང་པོ་ལས་བརྗོད་མེད་འགྱུར་ཏེ། །རང་གིས་ཡོད་པར་གྲུབ་པར་རྟོགས་མི་བྱ། །བུམ་པ་གཟུགས་ལ་སོགས་པ་དག་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་ཅིང་བཏགས་པར་ཡོད་པར་འདོད་པ་དེ་བཞིན་དུ། བདག་ཀྱང་བུམ་པ་ལྟར་བཏགས་པར་ཡོད་པར་འགྱུར་རོ་སྙམ་དུ་བསམས་པའོ། །དེའི་ཕྱིར་དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་དགག་པ་དང་སྒྲུབ་པ་ཉེ་བར་བསྟན་ནས། ད་ནི་དེ་ཉིད་དང་གཞན་ཉིད་དག་དངོས་པོའི་རྟེན་ཉིད་དུ་བརྗོད་ནས་དངོས་པོའི་ཆོས་ཀྱི་རྟེན་ཅན་མ་ཡིན་པ་ཉིད་ཀྱིས་བདག་འགོག་པར་རྩོམ་པ། ཁྱོད་ཀྱི་རྣམ་ཤེས་རང་བདག་ལས་གཞན་ནི། །མི་འདོད་གཟུགས་སོགས་ལས་གཞན་དངོས་འདོད་ཅིང་། །དངོས་ལ་རྣམ་པ་དེ་གཉིས་མཐོང་གྱུར་པ། །དེ་ཕྱིར་བདག་མེད་དངོས་ཆོས་དང་བྲལ་ཕྱིར། །གལ་ཏེ་ཁྱོད་ཀྱི་ལྟར་བདག་རྫས་སུ་ཡོད་པར་གྱུར་ན་ནི་དེ་གདོན་མི་ཟ་བར་རྣམ་པར་ཤེས་པ་ལྟར་རང་གི་བདག་ཉིད་ལས་གཞན་མ་ཡིན་པར་འགྱུར་ཞིང་། གཟུགས་ལ་སོགས་པ་དག་ལས་ཐ་དད་པའི་ངོ་བོ་ཞིག་ཏུ་འགྱུར་ན། འདི་ནི་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དངོས་པོའི་ཆོས་དག་གི་རྟེན་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་བུམ་པ་ལྟར་བདག་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་རྣམ་པར་དཔྱད་པ་ན་གང་ཟག་རྫས་སུ་ཡོད་པ་ཉིད་དུ་མི་རིགས་པ། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོ་མིན། །ཕུང་ལས་གཞན་མིན་ཕུང་པོའི་ངོ་བོ་མིན། །ཕུང་པོ་རྟེན་མིན་འདི་ནི་དེ་ལྡན་མིན། །ངར་འཛིན་པའི་ཡུལ་ནི་ངེས་པར་གཞིག་པ་ན་རྫས་སུ་ཡོད་པར་མི་རིགས་ཤིང་། ཕུང་པོ་ལས་ཐ་དད་པར་ཡང་མི་རུང་ལ། ཕུང་པོའི་རང་བཞིན་ཅན་ཡང་མ་ཡིན་ཞིང་། ཕུང་པོ་རྣམས་ཀྱི་རྟེན་ཡང་མ་ཡིན་ནོ། །ཡང་ན་འདི་ལ་རྟེན་ཕུང་པོ་ཡོད་པས་ན་ཕུང་པོ་ལ་རྟེན་ཞེས་བྱ་བ་སྟེ། རྟེན་དང་བརྟེན་པའི་ཕྱོགས་གཉིས་ག་གསལ་བར་བྱ་བའི་ཕྱིར་ཚིག་བསྡུ་བ་གཉིས་ཀ་ལ་བརྟེན་ཏོ། །བདག་ནི་ཕུང་པོ་ལྡན་པ་ཡང་མི་རིགས་སོ། །དེའི་ཕྱིར་བདག་བཏགས་པའམ། མི་དམིགས་པར་འདོད་པས་ཀྱང་རུང་སྟེ། ཇི་སྐད་སྨྲས་པའི་རྣམ་པ་དག་གིས་བདག་ཁས་བླང་བར་མི་བྱའོ་ཞེས་བཤད་པ་ནི། འདི་ནི་ཕུང་པོ་རྣམས་བརྟེན་གྲུབ་པར་འགྱུར། །ཞེས་བྱ་བའོ། །ཇི་ལྟར་འདི་ལ་བརྟེན་ནས་འདི་འབྱུང་ཞེས་བྱ་བ་དེ་ཙམ་ཞིག་ཀུན་རྫོབ་ཀྱི་བདེན་པའི་རྣམ་པར་གཞག་པ་མ་ཆད་པར་བྱ་བའི་ཕྱིར་ཁས་ལེན་གྱི་རྒྱུ་མེད་ལ་སོགས་པ་དག་ལས་སྐྱེ་བ་མ་ཡིན་པ་དེ་བཞིན་དུ། འདིར་ཡང་བརྟེན་ནས་གདགས་པ་ལ་ཡང་དག་པར་བརྟེན་པ་ནི་ཇི་སྐད་བཤད་པའི་སྐྱོན་དང་ལྡན་པའི་རྣམ་པ་བསལ་ནས་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པ་ཞེས་བྱ་འདི་ཙམ་ཞིག་འཇིག་རྟེན་གྱི་ཐ་སྙད་རྣམ་པར་གནས་པར་བྱ་བའི་ཕྱིར་ཁས་བླང་བར་བྱ་སྟེ། བདག་ཏུ་ཐ་སྙད་བཏགས་པ་མཐོང་བའི་ཕྱིར་རོ། །བདག་བཏགས་པ་ཙམ་དུ་གྲུབ་པར་བྱ་བའི་དོན་དུ་ཇི་སྐད་བཤད་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར་ཕྱི་རོལ་གྱི་དཔེ་སྟོན་ཞིང་བཤད་པ། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །དེའི་ཕྱིར་འདིར་དེ་ཉིད་ཀྱི་ཕྱོགས་དང་གཞན་ཉིད་ཀྱི་ཕྱོགས་དང་རྟེན་གྱི་ཕྱོགས་དང་བརྟེན་པའི་ཕྱོགས་དང་། དེ་དང་ལྡན་པའི་ཕྱོགས་ཏེ་ཕྱོགས་ལྔ་པོ་དག་ནི་སྔར་བསྟན་ཟིན་པ་ཉིད་དོ། །ཚོགས་པའི་ཕྱོགས་དང་དབྱིབས་ཀྱི་ཕྱོགས་གཉིས་ནི་བསྒྲུབ་པར་བྱ་དགོས་པས་དེ་དག་སྟོན་པ་བརྩམ་པར་བྱ་སྟེ། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། །སིལ་བུར་གནས་ལ་ཤིང་རྟ་ཉིད་ཡོད་གྱུར། །འདི་ནི་སྔར་བཤད་དུ་ཟིན་ཀྱང་སླར་ཡང་ཉེ་བར་བཀོད་དེ་སྐྱོན་གཞན་བརྗོད་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག །མེད་པས་དབྱིབས་ཙམ་ཤིང་རྟར་རིགས་པའང་མིན། །ཞེས་བྱ་བ་སྨོས་སོ། །གང་གི་ཕྱིར་ཡན་ལག་ཅན་མེད་ན་ཡན་ལག་དག་ཡོད་པ་མ་ཡིན་པའི་ཕྱིར་ཡན་ལག་དག་མེད་པ་ཉིད་དོ། །དེའི་ཕྱིར་གང་དག་གི་ཚོགས་པ་ཞིག་ཤིང་རྟར་འགྱུར། འང་གི་སྒྲ་ནི་བསྡུ་བའི་དོན་ཏེ། དབྱིབས་ཙམ་ཡང་ཤིང་རྟར་མི་རིགས་ལ་ཚོགས་པ་ཙམ་པོ་ཡང་མི་རིགས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །ག་ལས་ཤེ་ན། གང་གི་ཕྱིར་ཡན་ལག་ཅན་མེད་ན་ཡན་ལག་དག་མེད་པས་སོ། །དེའི་ཕྱིར་དབྱིབས་ཙམ་ཞིག་ཤིང་རྟར་མི་རུང་ངོ་། །ཡན་ལག་ཅན་མེད་པ་ཉིད་དུ་ནི་དེ་དག་གི་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །གཞན་ཡང་གལ་ཏེ་དབྱིབས་ཙམ་ཞིག་ཤིང་རྟར་འདོད་ན་དབྱིབས་དེ་ཡན་ལག་དག་གིའམ། ཚོགས་པའི་ཡིན་པར་རྟོག་གྲང་། དེ་ལ་ཡན་ལག་གི་དབྱིབས་ཀྱི་ཁྱད་པར་ཡིན་པར་འདོད་ན་ཡང་སྔར་གྱི་དབྱིབས་ཀྱི་ཁྱད་པར་མ་བཏང་བ་དག་གིའམ། སྔར་གྱི་དབྱིབས་ཀྱི་ཁྱད་པར་བཏང་བ་དག་གི་ཡིན་པར་འགྱུར་གྲང་ན། དེ་ལ་གལ་ཏེ་གོང་མ་ཤོས་འདོད་ན་ནི་དེ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཁྱོད་དབྱིབས་ཡན་ལག་རེ་རེ་སྔར་ཡོད་གྱུར། །ཇི་བཞིན་ཤིང་རྟར་གཏོགས་ལའང་དེ་བཞིན་ན། །བྱེ་བར་གྱུར་པ་དེ་དག་ལ་ཇི་ལྟར། །དེ་ལྟ་ཡང་ནི་ཤིང་རྟ་ཡོད་མ་ཡིན། །གལ་ཏེ་ཤིང་རྟའི་གནས་སྐབས་ཀྱི་གོང་རོལ་ན་འཕང་ལོ་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་ཇི་ལྟར་ཡོད་པར་གྱུར་པ་དེ་ཁོ་ན་ལྟར་ཤིང་རྟ་ཉིད་ཀྱི་དུས་སུའང་འཕང་ལོ་ལ་སོགས་པ་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་ཡིན་ན་ནི་དེའི་ཚེ་ཡན་ལག་བྱེ་བར་གྱུར་པ་དག་ལ་མེད་པ་ལྟར་ཤིང་རྟ་ཉིད་ཀྱི་དུས་ནའང་ཤིང་རྟ་ཡོད་པ་མ་ཡིན་པར་ངེས་པར་བྱ་སྟེ། དེའི་ཡན་ལག་གི་དབྱིབས་ཐ་མི་དད་པའི་ཕྱིར་རོ། །ཅི་སྟེ་ཕྱོགས་གཉིས་པ་སྟེ་དབྱིབས་གཞན་ཁོ་ན་ཤིང་རྟ་ཞེས་བྱ་བར་འགྱུར་ན། དེ་ལྟ་ན་ཡང་། ད་ལྟ་གལ་ཏེ་ཤིང་རྟ་ཉིད་དུས་འདིར། །འཕང་ལོ་སོགས་ལས་དབྱིབས་ཐ་དད་ཡོད་ན། །འདི་གཟུང་འགྱུར་ན་དེ་ཡང་ཡོད་མིན་ཏེ། །དེ་ཕྱིར་དབྱིབས་ཙམ་ཤིང་རྟར་ཡོད་མ་ཡིན། །གལ་ཏེ་འཕང་ལོ་དང་སྲོག་ཤིང་དང་གཟེར་བུ་ལ་སོགས་པ་ཤིང་རྟའི་ཡན་ལག་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་སོ་སོར་ལྷམ་པ་དང་། རིང་བ་དང་ཟླུམ་པོ་ལ་སོགས་པ་གང་ཞིག་སྔར་ཡོད་པར་གྱུར་པ་དེ་ལས་དེ་དག་གི་དབྱིབས་ཀྱི་ཁྱད་པར་གཞན་ཞིག་ཁོ་ན་ཤིང་རྟ་ཉིད་ཀྱི་དུས་སུ་སྐྱེ་བར་འགྱུར་ན་ནི། དེ་གཟུང་དུ་ཡོད་པར་འགྱུར་ན་བཟུང་བ་ཡང་མ་ཡིན་ནོ། །འདི་ལྟར་བརྩིབས་དང་མུ་ཁྱུད་དང་ལྟེ་བ་ལ་སོགས་པའི་ཁྱད་པར་དུ་གྱུར་པའི་དབྱིབས་ཅན་འཕང་ལོ་ལ་ནི་ཤིང་རྟའི་གནས་སྐབས་ན་རང་གི་དབྱིབས་གཞན་དུ་གྱུར་པ་ཉིད་མ་མཐོང་ངོ་། །དེ་བཞིན་དུ་སྲོག་ཤིང་ལ་སོགས་པ་དེ་དག་གི་ལྷམ་པ་ཉིད་ལ་སོགས་པ་ཡང་གཞན་ཉིད་དུ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་ཡན་ལག་རྣམས་ཀྱི་དབྱིབས་ཤིང་རྟའོ་ཞེས་བྱ་བ་མི་རིགས་སོ། །ཅི་སྟེ་འཕང་ལོ་ལ་སོགས་པ་ཚོགས་པ་རྣམས་ཀྱི་དབྱིབས་ཀྱི་ཁྱད་པར་ཤིང་རྟ་ཡིན་ནོ་སྙམ་ན། དེ་ཡང་མི་རིགས་སོ་ཞེས་བཤད་པ། གང་ཕྱིར་ཁྱོད་ཀྱི་ཚོགས་པ་ཅང་མེད་པས། །དབྱིབས་དེ་ཡན་ལག་ཚོགས་ཀྱི་མ་ཡིན་ན། །གང་ཞིག་ཅི་ཡང་མ་ཡིན་དེ་བརྟེན་ནས། །འདིར་ནི་དབྱིབས་སུ་ལྟ་ཞིག་ཇི་ལྟར་འགྱུར། །གལ་ཏེ་ཚོགས་པ་ཞེས་བྱ་བ་དངོས་པོ་ཅུང་ཟད་ཅིག་ཡོད་ན་ནི་དེའི་བརྟེན་ཅན་དབྱིབས་སུ་གདགས་པར་འགྱུར་ན། ཡན་ལག་ཚོགས་པ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་ཞིག་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེའི་རྟེན་ཅན་གྱི་དབྱིབས་སུ་གདགས་པར་ཡང་ཇི་ལྟར་འགྱུར་ཏེ་བཏགས་པ་ནི་རྫས་ཀྱི་རྟེན་ཅན་ཁོ་ནར་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་མི་བདེན་དུ་ཟིན་ཀྱང་ཚོགས་པ་ལ་བརྟེན་ནས་མི་བདེན་པའི་དབྱིབས་སུ་འགྱུར་རོ་ཞེས་བྱ་བར་འདོད་ན་དེ་ལྟ་ཡིན་དང་། ཁྱོད་ཀྱི་འདི་ནི་ཇི་ལྟར་འདོད་དེ་ལྟར། །མི་བདེན་པ་ཡི་རྒྱུ་ལ་བརྟེན་བྱས་ནས། །འབྲས་བུའི་རྣམ་པ་མི་བདེན་རང་བཞིན་ཅན། །ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས། །མ་རིག་པ་མི་བདེན་པ་ལ་བརྟེན་ནས་འདུ་བྱེད་མི་བདེན་པའི་རང་བཞིན་ཅན་ཁོ་ན་སྐྱེ་ལ། མི་བདེན་པའི་རང་བཞིན་ཅན་གྱི་ས་བོན་ལ་བརྟེན་ནས་མྱུ་གུ་མི་བདེན་པའི་རང་བཞིན་ཅན་སྐྱེ་བ་དེ་བཞིན་དུ། རྒྱུ་དང་འབྲས་བུའི་ངོ་བོ་མི་བདེན་པའི་རང་བཞིན་ཅན་མ་ལུས་པ་ཡང་རྟོགས་པར་བྱ་སྟེ། འབད་རྩོལ་བརྒྱ་ཕྲག་དག་གིས་ཀྱང་གང་གིས་ཤ་དག་ཟ་བར་མི་ནུས་པའི་དངོས་པོ་གྲིབ་མའི་རི་དྭགས་ལྟ་བུ་ལ་མངོན་པར་ཞེན་པ་དོན་མེད་པ་འདིས་ཅི་ཞིག་བྱ་སྟེ། འདིས་ནི་གཟུགས་སོགས་དེ་ལྟར་གནས་རྣམས་ལ། །བུམ་བློ་ཞེས་བྱའང་རིགས་པ་མ་ཡིན་ཉིད། །དེ་ལ་ཁ་ཅིག་ན་རེ། གཟུགས་ལ་སོགས་པ་དེ་ལྟར་གནས་པ་རྣམས་ལ་བུམ་པ་ལ་སོགས་པའི་བློར་འགྱུར་རོ་ཞེས་སྨྲ་བ་དེ་ཡང་ཤིང་རྟའི་དཔེ་འདིས་བསལ་བ་ཡིན་ནོ། །གཞན་ཡང་། སྐྱེ་བ་མེད་པས་གཟུགས་སོགས་ཀྱང་ཡོད་མིན། །དེ་ཡི་ཕྱིར་ཡང་དེ་དག་དབྱིབས་མི་རིགས། །ཇི་ལྟར་གཟུགས་ལ་སོགས་པ་རྣམས་ལ་སྐྱེ་བ་ཡོད་པ་མ་ཡིན་པ་དེ་ལྟར་ནི་སྔར་བཤད་ཟིན་ཏོ། །དེའི་ཕྱིར་སྐྱེ་བ་མེད་པའི་ཕྱིར་གཟུགས་ལ་སོགས་པ་དག་ཡོད་པ་མ་ཡིན་ནོ། །ཅི་ལྟར་ཡོད་པ་མ་ཡིན་པ་རྣམས་བུམ་པ་ལ་སོགས་པ་དག་གདགས་པའི་རྒྱུ་མཚན་ཉིད་དུ་རིགས་པར་འགྱུར། དེའི་ཕྱིར་རྫས་ཀྱི་ཉེ་བར་ལེན་པ་ཅན་དུ་འདོད་པ་བུམ་པ་ལ་སོགས་པ་དག་མི་རིགས་པས་བུམ་པ་ལ་སོགས་པ་དག་གཟུགས་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་གྱི་བདག་ཉིད་ཅན་མ་ཡིན་ནོ། །འདིར་སྨྲས་པ། གལ་ཏེ་འོ་ན་ཤིང་རྟ་འདི་ཇི་སྐད་བཤད་པའི་ཚུལ་དུ་རྣམ་པ་བདུན་གྱིས་བཙལ་བ་ན་ཡོད་པ་མ་ཡིན་པ་དེའི་ཚེ་ཤིང་རྟ་མེད་པས་གང་ཞིག་ཤིང་རྟས་འཇིག་རྟེན་ན་ཐ་སྙད་འདོགས་པ་དེ་རྒྱུན་ཆད་པར་འགྱུར་ན། ཤིང་རྟ་འོན་ཅིག ཤིང་རྟ་ཉོས་ཤིག ཤིང་རྟ་ཆོས་ཤིག་ཅེས་བྱ་བ་ལ་སོགས་པ་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ལ་གྲགས་པའི་ཕྱིར་ན་ཤིང་རྟ་ལ་སོགས་པ་དག་ནི་ཡོད་པ་ཉིད་དོ། །བརྗོད་པར་བྱ་སྟེ། ཉེས་པ་འདི་ནི་ཁྱོད་ཁོ་ན་ལ་འགྱུར་ཏེ། འདི་ལྟར་སྔར་བཤད་པའི་ཚུལ་དུ་རྣམ་པ་བདུན་གྱིས་བཙལ་བ་ན་ཤིང་རྟ་མི་འཐད་ཅིང་ཁྱོད་ཀྱིས་ཀྱང་རྣམ་པར་དཔྱད་ནས་དངོས་པོ་གྲུབ་པར་རྣམ་པར་འཇོག་པར་བྱེད་ལ། གྲུབ་པའི་ཐབས་གཞན་ཡང་ཁས་མ་བླངས་པ་དེའི་ཕྱིར་ན་ཤིང་རྟ་འོན་ཅིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་འཇིག་རྟེན་པའི་ཐ་སྙད་ཁྱོད་ལ་ཅི་ལྟར་གྲུབ་པར་འགྱུར། ཁོ་བོ་ཅག་ལ་ནི་ཉེས་པ་འདི་མེད་དེ། གང་གི་ཕྱིར། དེ་ནི་དེ་ཉིད་དུ་འམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །ཞེས་བྱ་བ་ལ་སོགས་པའི་ཚུལ་འདིས་དེ་རྣམ་པ་བདུན་དུ་བཙལ་བ་ན་དོན་དམ་པ་དང་ཀུན་རྫོབ་ཏུ་ཤིང་རྟ་འགྲུབ་པར་མི་འགྱུར་མོད་ཀྱི། དེ་ལྟ་ན་ཡང་འདི་ནི་རྣམ་པར་དཔྱད་པ་སྤངས་ཏེ་སྔོན་པོ་ལ་སོགས་པ་དང་ཚོར་བ་ལ་སོགས་པ་ལྟར་འཇིག་རྟེན་ཉིད་ལས་འཕང་ལོ་ལ་སོགས་པ་ཡན་ལག་རྣམས་ལ་བརྟེན་ནས་འདོགས་པ་ཡིན་ནོ། །དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་ཁས་བླངས་པ་ལྟར་བརྟེན་ནས་བརྟགས་པ་ཁས་བླངས་པའི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་འཇིག་རྟེན་གྱི་ཐ་སྙད་ཆད་པར་ཐལ་བར་མི་འགྱུར་ལ། ཕ་རོལ་པོས་ཀྱང་འདི་ཉིད་ཁས་བླང་བར་འོས་པ་ཡིན་ནོ། །ཕྱོགས་འདིར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཤིང་རྟས་ཐ་སྙད་འདོགས་པ་ཆེས་གསལ་བར་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདིའི་མིང་གི་ཁྱད་པར་གང་དག་ཡིན་པ་དེ་དག་ཀྱང་རྣམ་པར་དཔྱད་པ་མེད་པར་འཇིག་རྟེན་ལ་གྲགས་པའི་སྒོ་ནས་ཁས་བླང་བར་བྱའོ། །འདི་ལྟ་སྟེ། དེ་ཉིད་ཡན་ལག་ཅན་དེ་ཆ་ཤས་ཅན། །ཤིང་རྟ་དེ་ཉིད་བྱེད་པོ་ཞེས་འགྲོར་བསྙད། །སྐྱེ་བོ་རྣམས་ལ་ལེན་པོ་ཉིད་དུ་འགྲུབ། །དེ་ལ་ཤིང་རྟ་ནི་འཕང་ལོ་ལ་སོགས་པ་རང་གི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་ཉིད་དུ་འགྱུར་རོ། །འཕང་ལོ་ལ་སོགས་པ་ཆ་ཤས་ལ་ལྟོས་ནས་ནི་ཆ་ཤས་ཅན་ཉིད་དོ། །འཕང་ལོ་ལ་སོགས་པ་ཉེ་བར་བླང་པ་ཉེ་བར་ལེན་པའི་བྱ་བ་ལ་ལྟོས་ནས་ནི་བྱེད་པ་པོ་ཉིད་དོ། །རང་གི་ཉེ་བར་ལེན་པ་ལ་ལྟོས་ནས་ནི་ཉེ་བར་ལེན་པ་པོ་ཉིད་དོ། །གང་འགའ་ཞིག་གསུང་རབ་ཀྱི་དོན་ཕྱིན་ཅི་ལོག་ཏུ་རྟོགས་པས་ཡན་ལག་ཚོགས་པ་ཙམ་ཞིག་ཡོད་ཀྱི་ཡན་ལག་ཅན་ནི་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ཏེ། དེ་ལས་ཐ་དད་པར་མ་དམིགས་པའི་ཕྱིར་རོ། །དེ་བཞིན་དུ་ཆ་ཤས་ཙམ་ཞིག་ཡོད་ཀྱི་ཆ་ཤས་ཅན་ནི་མེད་དོ། །ལས་འབའ་ཞིག་ཁོ་ན་ཡོད་ཀྱི་བྱེད་པ་པོ་ནི་མེད་དོ། །ཉེ་བར་ལེན་པ་ལས་ཐ་དད་པར་མ་དམིགས་པའི་ཕྱིར་ཉེ་བར་ལེན་པ་ཁོ་ན་ཡོད་ཀྱི་ཉེ་བར་ལེན་པ་པོ་ནི་མེད་དོ་ཞེས་དེ་ལྟ་བུར་རྣམ་པར་གནས་པ་ནི་འཇིག་རྟེན་ཀྱི་ཀུན་རྫོབ་ཕྱིན་ཅི་ལོག་ཏུ་སྨྲ་བ་དེའི་ལྟར་ན་གཏན་ཚིགས་དེ་ཉིད་ཀྱིས་ཡན་ལག་ལ་སོགས་པ་ཙམ་ཡང་མེད་པར་ཐལ་བར་འགྱུར་བས། འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་འདི་ནི་བཟློག་པར་བྱ་བ་ཁོ་ནའོ། །གང་གི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་འདི་དེ་ལྟར་རྣམ་པར་དཔྱད་པ་ན་ཡོད་པར་མི་འགྱུར་ཞིང་། མ་བརྟགས་པར་གྲགས་པས་ཡོད་པ་དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པས་རིམ་པ་འདི་ཉིད་ཀྱིས་འདི་ལ་རྣམ་པར་དཔྱོད་པ་ན་ཆེས་མྱུར་བ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གཏིང་དཔོགས་པར་འགྱུར་རོ། །ཅི་ལྟར་ཞེ་ན། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་མི་རྙེད། །དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་བས། །འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ། །ཉེ་བར་རྟོག་པའི་རྣལ་འབྱོར་པ་ལ་གལ་ཏེ་ཤིང་རྟ་ཞེས་བྱ་བའི་དངོས་པོ་རང་བཞིན་གྱིས་གྲུབ་པ་འགའ་ཞིག་ཡོད་པར་འགྱུར་ན་ནི་ཐེ་ཚོམ་མེད་པར་དེ་རྣམ་པ་བདུན་ལས་རྣམ་པ་གང་ཡང་རུང་བ་ཞིག་གིས་བདག་ཉིད་ཡོད་པ་རྙེད་པར་འགྱུར་བ་ཞིག་ན། རྙེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཤིང་རྟ་ཞེས་བྱ་བ་ནི་མ་རིག་པའི་ལིང་ཐོག་གིས་ཉམས་པར་བྱས་པ་དག་ཁོ་ནས་བརྟགས་པ་ཡིན་གྱི། རང་བཞིན་གྱིས་གྲུབ་པ་ནི་ཡོད་པ་མ་ཡིན་ནོ་སྙམ་དུ་དེ་ལྟར་ངེས་པ་སྐྱེ་བར་འགྱུར་ཞིང་། དེ་ཁོ་ན་ཉིད་ལ་ཡང་རྣལ་འབྱོར་པ་བདེ་བླག་ཏུ་འཇུག་པར་འགྱུར་རོ། །འང་གི་སྒྲས་ནི་ཀུན་རྫོབ་ཉམས་པར་ཡང་མི་འགྱུར་བ་སྟེ། དེའི་ཕྱིར་འདི་ནི་མ་བརྟགས་པར་གྲགས་པར་གྲུབ་པར་འདོད་པར་བྱའོ། །མཁས་པ་དག་གིས་ཕྱོགས་འདི་ནི་སྐྱོན་མེད་ཅིང་ཕན་ཡོན་དང་བཅས་པའོ་སྙམ་དུ་བསམས་ཏེ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །འདིར་སྨྲས་པ། རྣལ་འབྱོར་པས་ཤིང་རྟ་མི་དམིགས་ལ་རག་མོད་དེའི་ཡན་ལག་ཚོགས་པ་ཙམ་ཞིག་དམིགས་པ་ནི་ཡོད་པ་མ་ཡིན་ནོ། །བཤད་པར་བྱ་སྟེ། གང་ཞིག་སྣམ་བུ་ཚིག་ན་ཐལ་བ་ལ་སྣལ་མ་ཚོལ་བ་ཁྱོད་ནི་བཞད་གད་དུ་བྱ་བ་ཞིག་སྟེ། ཤིང་རྟ་ཡོད་ཉིད་མིན་ན་དེ་ཡི་ཚེ། །ཡན་ལག་ཅན་མེད་དེའི་ཡན་ལག་ཀྱང་མེད། །གལ་ཏེ་ཤིང་རྟ་ཞིག་ན་དེའི་ཕང་ལོ་ལ་སོགས་པ་ཚོགས་པ་དམིགས་པ་ཉིད་མ་ཡིན་ནམ། དེའི་ཕྱིར་ཡན་ལག་ཅན་མེད་པར་ཡན་ལག་དག་ཀྱང་མེད་དོ་ཞེས་ཅི་སྟེ་བརྗོད་ཅེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། རྟོགས་པ་པོ་ཤིང་རྟ་དང་འབྲེལ་བར་རིག་པ་ཁོ་ནས་འཕང་ལོ་ལ་སོགས་པ་འདི་དག་ནི་ཤིང་རྟ་ཡིན་ནོ་སྙམ་དུ་རྟོགས་ཀྱི་གཞན་གྱིས་ནི་མ་ཡིན་ཏེ། དེས་ནི་རང་གི་ཆ་ཤས་ལ་ལྟོས་ནས་འཕང་ལོ་ལ་སོགས་པ་དག་ཁོ་ན་ཡན་ལག་ཅན་ཉིད་དུ་རྟོགས་པར་འགྱུར་རོ། །འཕང་ལོ་ལ་སོགས་པ་རྣམས་ཤིང་རྟ་དང་འབྲེལ་བ་ཡང་རྒྱང་རིང་དུ་སྤངས་པ་ཁོ་ན་ཡིན་པས་དེའི་ཚེ་དེ་དག་ཤིང་རྟའི་ཡན་ལག་ཏུ་མི་རྟོགས་སོ། །གཞན་ཡང་དོན་འདི་ནི་དཔེ་འདི་ལས་ཤེས་པར་བྱ་སྟེ། ཤིང་རྟ་ཚིག་ན་ཡན་ལག་མེད་དཔེ་བཞིན། །བློ་མེས་ཡན་ལག་ཅན་བསྲེགས་ཡན་ལག་གོ །དཔེར་ན་ཤིང་རྟ་ཡན་ལག་ཅན་མེས་ཚིག་ན་དེའི་ཡན་ལག་དག་ཀྱང་ངེས་པར་ཚིག་པར་འགྱུར་བ་དེ་བཞིན་དུ་རྣམ་པར་དཔྱོད་པའི་གཙུབས་ཤིང་གཙུབས་པ་ལས་བྱུང་བ་བློའི་མེ་མི་དམིགས་པའི་སྲེག་པར་བྱེད་པ་ཅན་གྱིས་ཤིང་རྟ་ལུས་པ་མེད་པར་བསྲེགས་པས་ན་ཤེས་རབ་ཀྱི་མེའི་བུད་ཤིང་དུ་གྱུར་པ་ཡན་ལག་དག་གིས་ཀྱང་བདག་ཉིད་ཟུག་ཚུགས་པར་མི་བྱེད་དེ་ངེས་པར་བསྲེགས་པའི་ཕྱིར་རོ། །ཇི་ལྟར་ཀུན་རྫོབ་ཀྱི་བདེན་པ་མི་བཅད་པར་བྱ་བའི་ཕྱིར་དང་། རྣལ་འབྱོར་པ་རྣམས་དེ་ཁོ་ན་ཉིད་ལ་བདེ་བླག་ཏུ་འཇུག་པར་བྱ་བའི་ཕྱིར་ཤིང་རྟ་རྣམ་པར་དཔྱད་པའི་ཚུལ་ལ་བསམས་ཏེ་བརྟེན་ནས་གདགས་པ་རྣམ་པར་གཞག་པ། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང་། །ཁམས་དང་དེ་བཞིན་སྐྱེ་མཆེད་དྲུག་བརྟེན་ནས། །བདག་ཀྱང་ཉེ་བར་ལེན་པོ་ཉིད་དུ་འདོད། །ཇི་ལྟར་འཕང་ལོ་ལ་སོགས་པ་དག་ལ་བརྟེན་ནས་ཤིང་རྟར་འདོགས་ཤིང་དེར་འཕང་ལོ་ལ་སོགས་པ་དག་ཉེ་བར་ལེན་པ་ཡིན་ལ་ཤིང་རྟ་ཉེ་བར་ལེན་པ་པོ་ཡིན་པ་དེ་བཞིན་དུ། བདག་ཀྱང་ཀུན་རྫོབ་ཀྱི་བདེན་པར་འཇིག་རྟེན་གྱི་ཐ་སྙད་ཀུན་ཏུ་མི་གཅད་པར་བྱ་བའི་ཕྱིར་ཤིང་རྟ་ལྟར་ཉེ་བར་ལེན་པ་པོར་འདོད་པ་ཡིན་ནོ། །ཕུང་པོ་ལྔ་དང་ཁམས་དྲུག་དང་སྐྱེ་མཆེད་དྲུག་ནི་བདག་དེའི་ཉེ་བར་ལེན་པ་སྟེ། ཕུང་པོ་ལ་སོགས་པ་རྣམས་ལ་བརྟེན་ནས་བདག་ཏུ་བཏགས་པའི་ཕྱིར་རོ། །ཇི་ལྟར་འཕང་ལོ་ལ་སོགས་པ་དག་ཤིང་རྟའི་ཉེ་བར་ལེན་པ་ཡིན་པ་དེ་བཞིན་དུ་ཕུང་པོ་ལ་སོགས་པ་རྣམས་ཀྱང་བདག་གི་ཉེ་བར་ལེན་པའོ་ཞེས་བྱའོ། །ཇི་ལྟར་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོའི་རྣམ་པར་གཞག་པ་འདི་འཇིག་རྟེན་གྱི་ཐ་སྙད་དུ་རྣམ་པར་གཞག་པ་དེ་བཞིན་དུ་འདིའི་ལས་དང་བྱེད་པ་པོའི་རྣམ་པར་གཞག་པ་ཡང་ཤིང་རྟ་ལྟར་ཁས་བླངས་པར་བྱའོ། །ཞེས་བཤད་པ། ཉེར་ལེན་ལས་ཡིན་འདི་ནི་བྱེད་པོའང་ཡིན། །ཉེ་བར་ལེན་པ་ཞེས་བྱ་བ་ཕུང་པོ་ལ་སོགས་པ་དག་ནི་ལས་ཉིད་དང་། བདག་ནི་བྱེད་པ་པོ་ཞེས་བྱ་བར་རྣམ་པར་གཞག་གོ །བརྟེན་ནས་གདགས་པ་ལ་ཡང་དག་པར་བརྟེན་པ་ན་བདག་རྣམ་པ་ཐམས་ཅད་དུ་བརྟན་པ་དང་མི་བརྟན་པ་ལ་སོགས་པའི་རྟོགས་པའི་བརྟེན་མ་ཡིན་པ་ཉིད་པས་རྟག་པ་དང་མི་རྟག་པ་ལ་སོགས་པའི་རྟོག་པ་ཟློག་པ་སླ་བར་འགྱུར་རོ་ཞེས་བཤད་པ། དངོས་ཡོད་མིན་ཕྱིར་འདི་ནི་བརྟན་མིན་ཞིང་། །མི་བརྟན་ཉིད་མིན་འདི་ནི་སྐྱེ་འཇིག་མིན། །འདི་ལ་རྟག་པ་ཉིད་ལ་སོགས་པ་ཡང་། །ཡོད་མིན་དེ་ཉིད་དང་ནི་གཞན་ཉིད་མེད། །ཕུང་པོ་དག་ལ་བརྟེན་ནས་གདགས་པའི་བདག་འདི་ནི་བརྟན་པ་ཉིད་ཀྱང་མ་ཡིན་ཞིང་མི་བརྟན་པ་ཉིད་ཀྱང་མ་ཡིན་ནོ། །དེ་ལ་གལ་ཏེ་བདག་མི་བརྟན་པ་ཡིན་ན་ནི་དེའི་ཚེ། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་དག་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླང་པ་ཅི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། མ་བྱུང་བ་ལས་འབྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་འམ། །འབྱུང་བའང་རྒྱུ་མེད་ཅན་དུ་འགྱུར། །ཞེས་བྱ་བའང་བསྟན་བཅོས་དང་འགལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། གལ་ཏེ་ཕུང་པོ་བདག་ཡིན་ན། སྐྱེ་དང་འཇིག་པ་ཅན་དུ་འགྱུར་ན་སྐྱེ་ཞིང་འཇིག་པ་ཅན་དུ་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཕུང་པོ་བདག་མ་ཡིན་ནོ་ཞེས་བྱ་བའི་ཐལ་བར་འགྱུར་བ་འདི་ཡང་འཐད་པར་འགྱུར་རོ། །དེའི་ཕྱིར་འདི་ནི་མི་བརྟན་པ་ཉིད་དུ་ཡང་མི་འཐད་དོ། །དེ་བཞིན་དུ་བརྟན་པར་ཡང་མི་འཐད་དེ། ཇི་སྐད་དུ། འདས་པའི་དུས་ན་བྱུང་གྱུར་ཞེས། །བྱ་བ་འདི་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་དེ་ནི་མ་ཡིན་ནོ། །དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །ཉེ་བར་ལེན་ལས་མ་གཏོགས་པར། །ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །ཞེས་གསུངས་སོ། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བའི་ཐལ་བར་འགྱུར་བ་འདི་ཉིད་ལས་ན་འདི་ནི་སྐྱེ་འཇིག་མིན་ཞེས་བྱ་བའི་ཁྱད་པར་གཉིས་སློབ་དཔོན་གྱི་བཞེད་པ་ཡིན་ནོ། །འདི་ལ་རྟག་པ་ཉིད་ལ་སོགས་པའང་ཡོད་པ་མིན་ཏེ། ཇི་སྐད་དུ། སློབ་དཔོན་གྱིས་དེ་བཞིན་གཤེགས་པ་བརྟག་པའི་ཐབས་ཀྱིས་བདག་ཡོངས་སུ་རྟོགས་པར་མཛད་པ་ན། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །གང་གིས་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྟུག་པོ་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །རང་བཞིན་གྱིས་ནི་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དོ་ཞེ་འམ་མེད་དོ་ཞེས། །བསམ་པ་འཐད་པ་ཉིད་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འདི་ནི་ཕུང་པོ་དག་ལས་དེ་ཉིད་དང་གཞན་ཉིད་དུ་ཡོད་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ཅིའི་ཕྱིར་མི་བརྟན་པ་ལ་སོགས་པའི་རྟོག་པ་འདི་རྣམས་བདག་ལ་མི་རུང་ཞེ་ན། དངོས་ཡོད་མིན་ཕྱིར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བདག་དངོས་པོའི་རང་བཞིན་ཅན་འགའ་ཞིག་ཡོད་ན་ནི་དེ་ལ་མི་བརྟན་པ་ལ་སོགས་པའི་རྟོག་པ་རྣམས་ཡོད་པར་འགྱུར་བ་ཞིག་ན། བདག་ནི་འགའ་ཡང་མེད་དེ། དེ་མེད་པ་ཁོ་ནའི་ཕྱིར་རོ། །ཇི་སྐད་དུ་མདོ་ལས། མི་ཟད་པ་ཡི་ཆོས་བཞི་ནི། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །སེམས་ཅན་ནམ་མཁའ་བྱང་ཆུབ་སེམས། །དེ་བཞིན་སངས་རྒྱས་ཆོས་རྣམས་སོ། །གལ་ཏེ་དེ་དག་རྫས་ཡོད་ན། །དེ་དག་ཡོངས་སུ་ཟད་འགྱུར་གྲང་། །མེད་པ་དེ་དག་མི་ཟད་དེ། །དེ་ཕྱིར་དེ་དག་ཟད་མེད་གསུངས། །ཞེས་གསུངས་སོ། །གང་ཞིག་རྣམ་པ་བདུན་གྱིས་བཙལ་ན། རྟག་པ་དང་མི་རྟག་པ་ཉིད་དུ་མི་སྲིད་ཅིང་གང་ཞིག་གི་མེད་པ་ཉིད་མ་མཐོང་ཞིང་མ་རིག་པའི་དབང་གིས་ཡོད་པ་ཉིད་དུ་ཞེན་པར་བྱས་ནས་འཇིག་ཚོགས་ལ་ལྟ་བས་འདི་ནི་བདག་གོ་སྙམ་དུ་མངོན་པར་ཞེན་པ་རྣམས་འཁོར་བར་འགྱུར་ལ། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡི་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །གང་ཞིག་ཡོངས་སུ་ཚོལ་བ་ནི་མུ་སྟེགས་པ་དེའི་རིགས་པས་མི་འཐད་པས་དེའི་རང་བཞིན་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཐམས་ཅད་ཕུང་པོ་ལས་ཐ་དད་པར་ཞེན་ཞིང་། རང་གི་སྡེ་པ་རྣམས་ཀྱིས་ཀྱང་ཕུང་པོ་ལས་ཐ་དད་པར་བདག་མེད་དོ་སྙམ་དུ་འཁྲུལ་པས་ཕུང་པོ་ཙམ་ཉིད་བདག་ཏུ་ཁས་བླངས་ལ། དེ་བཞིན་གཤེགས་པས་ཉེ་བར་བསྟན་པ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་རྣམས་ནི་ཡོད་པ་མ་ཡིན་པ་ཉིད་དོ་སྙམ་དུ་རིག་པར་བྱས་ནས་ལན་བརྒྱར་ཡོངས་སུ་གྲོལ་བར་འགྱུར་བ་དེ་ནི་བདག་ཡིན་ཞིང་། འགྲོ་བ་མི་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་འགྲོ་བར་གནས་པ་མི་ཤེས་པ་དང་རྗེས་སུ་འབྲེལ་བ་མཐའ་དག་ལ་རྟག་ཏུ་གང་ཞིག་ལ་ངར་འཛིན་པའི་བློ་འབྱུང་བ་དེ་དག་ཡིན་པར་རིག་པར་བྱ་ལ། གང་དུ་འདི་དབང་བྱེད་པ་ཉིད་དམ་འབྲེལ་བ་འགའ་ཞིག་ཏུ་གྱུར་པ་འདི་གདགས་པའི་རྐྱེན་མིག་ལ་སོགས་པ་ནང་གི་བདག་ཉིད་ཅན་དང་། ཕྱི་རོལ་གང་ཡིན་པ་དེར་བདག་གིར་འཛིན་པའི་བློ་འབྱུང་བ་བདག་དེ་ནི་ཤེས་པ་ལས་གྲུབ་པ་ཡིན་གྱི་རང་གི་ངོ་བོས་གྲུབ་པ་ནི་མ་ཡིན་ནོ། །གང་གི་ཕྱིར་འདི་ཡོད་པ་མ་ཡིན་མོད་ཀྱི་འོན་ཀྱང་གཏི་མུག་ལས་ཐ་སྙད་འདོགས་པ་དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་དག་གིས་རྣམ་པ་ཐམས་ཅད་དུ་མ་དམིགས་ལ། དེ་ལ་དམིགས་ན་ཡང་མིག་ལ་སོགས་པ་དེ་ཡི་ཉེ་བར་ལེན་པ་རྣམས་མི་འབྱུང་བར་འགྱུར་རོ། །འདི་ལྟར་རྣལ་འབྱོར་པས་ནི་དངོས་པོ་འགའ་ལ་ཡང་རང་གི་ངོ་བོ་དམིགས་པ་མེད་དེ། དེའི་ཕྱིར་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཇི་སྐད་དུ། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེས་བ་ཟད། །ཅེས་གསུངས་སོ། །ཇི་ལྟར་བདག་མེད་ན་བདག་གི་བ་ཡང་མེད་ཅེ་ན། བསྟན་པའི་ཕྱིར་བཤད་པ། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་ཞིང་། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཇི་ལྟར་རྫ་མཁན་མེད་པར་བུམ་པ་ཡང་མི་སྲིད་པ་དེ་བཞིན་དུ་བདག་མེད་པར་བདག་གི་བ་ཡང་མ་ཡིན་ནོ། །དེའི་ཕྱིར་བདག་དང་བདག་གི་ཉེ་བར་མ་དམིགས་པས་འཁོར་བ་མ་གཟིགས་པ་ན་རྣལ་འབྱོར་པ་གྲོལ་བར་འགྱུར་རོ། །གཟུགས་ལ་སོགས་པ་མ་དམིགས་ན་ནི་དེ་ལ་དེར་གཏོགས་པའི་འདོད་ཆགས་ལ་སོགས་པ་རྣམས་མི་འབྱུང་བས། ཉན་ཐོས་དང་རང་སངས་རྒྱས་རྣམས་ལེན་པ་མེད་པར་མྱ་ངན་ལས་འདའ་བར་རྣམ་པར་གཞག་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་མེད་པར་མཐོང་དུ་ཟིན་ཀྱང་སྙིང་རྗེའི་གཞན་གྱི་དབང་གིས་བྱང་ཆུབ་ཀྱི་བར་དུ་སྲིད་པའི་རྒྱུན་འཛིན་པར་བྱེད་པས་མཁས་པས་ཇི་སྐད་བཤད་པའི་བདག་མེད་པ་ཡོངས་སུ་བཙལ་བར་བྱའོ། །ཇི་ལྟར་བདག་དང་དེའི་ཉེ་བར་ལེན་པ་གདགས་པ་ཤིང་རྟའི་རྣམ་པར་དཔྱད་པ་དང་མཚུངས་པ་དེ་བཞིན་དུ། དངོས་པོ་གཞན་རྣམས་ཀྱིའང་ཡིན་ནོ་ཞེས་བསྒྲེ་བའི་ཕྱིར། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་། །ཁང་ཁྱིམ་ཤིང་རྟ་ཕྲན་དང་མགྲོན་གནས་ལ་སོགས་དངོས་རྣམས་གང་དག་དང་། །ཞེས་བྱ་བ་སྨོས་ཏེ། དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང་། །དེ་ལས་གཞན་དུ་གྱུར་བར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་བྱ་བ་འདི་དང་སྦྱར་རོ། །གང་ཡང་དེ་ལྟ་བུའི་རིགས་ཅན་གྱི་དངོས་པོ་གཞན། དེ་བཞིན་གང་དག་སྒོ་ནས་སྐྱེ་འདིས་བསྙད་པ་དེ་རྣམས་རྟོགས་བྱ་སྟེ། མ་བརྟགས་པར་གྲགས་པ་ཁོ་ནར་རོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་ལྷན་ཅིག་རྩོད་མི་མཛད་ཕྱིར་རོ། །འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི་ང་ནི་འཇིག་རྟེན་དང་མི་རྩོད་དོ་ཞེས་བྱ་བའི་ལུང་ལས་ན་འཇིག་རྟེན་གྱི་གྲགས་པ་ལ་གནོད་པར་མི་བྱའོ། །ཡང་འཇིག་རྟེན་དངོས་པོ་གང་དག་གིས་ཇི་ལྟར་ཐ་སྙད་འདོགས་ཤེ་ན། དེ་བསྟན་པའི་ཕྱིར་བཤད་པ། ཡོན་ཏན་ཡན་ལག་འདོད་ཆགས་མཚན་ཉིད་དང་ནི་བུད་ཤིང་ལ་སོགས་དང་། །ཡོན་ཏན་ཅན་ཡན་ལག་ཅན་ཆགས་དང་མཚན་གཞི་མེ་ལ་སོགས་དོན་དག །དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང་། །དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཇི་ལྟར་བུམ་པ་ཡན་ལག་ཅན་ཡིན་ལ་གྱོ་མོ་ལ་སོགས་པ་དེ་དག་དེའི་ཡན་ལག་ཡིན་ཞིང་། བུམ་པ་ཡོན་ཏན་ཅན་ཡིན་ལ་མེ་རིས་སྔོ་བསངས་ལ་སོགས་པ་དག་འདིའི་ཡོན་ཏན་ཡིན་ཞིང་བུམ་པ་མཚན་གཞི་ཡིན་ལ་ལྟོ་སྨད་ལྡིར་བ་དང་མཆུ་འཕྱང་བ་དང་མགྲིན་པ་རིང་བ་ཉིད་ལ་སོགས་པ་དག་དེའི་མཚན་ཉིད་ཡིན་པ་དེ་བཞིན་དུ་སྣམ་བུ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །འདོད་ཆགས་ནི་ལྷག་པར་ཞེན་པའོ། །ཆགས་པ་ནི་འདོད་ཆགས་ཀྱི་རྟེན་ནོ། །མེ་ནི་སྲེག་པར་བྱེད་པའོ། །བུད་ཤིང་ནི་བསྲེག་བྱའོ། །དེ་ལ་ཡན་ལག་རྒྱུ་བྱས་ནས་ཡན་ལག་ཅན་དུ་འདོགས་ལ། ཡན་ལག་ཅན་ལ་ལྟོས་ནས་ཡན་ལག་འདོགས་པས་ཤིང་རྟའི་དཔེ་དང་མཚུངས་ཏེ། བུད་ཤིང་ལ་ལྟོས་ནས་མེ་ཡིན་ལ། དེ་ལ་ལྟོས་ནས་བུད་ཤིང་ཡིན་པའི་བར་དུའོ། འདི་ནི་འཇིག་རྟེན་གྱི་ཐ་སྙད་ཡིན་གྱི་འདི་ལ་དཔྱད་པ་མི་གཞུག་གོ །ཡན་ལག་ལ་སོགས་པ་རྣམས་ཕན་ཚུན་ལྟོས་པའི་གྲུབ་པ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྒྱུ་དང་འབྲས་བུ་གཉིས་ཀྱང་ཕན་ཚུན་ལྟོས་པ་ཡིན་ནོ་ཞེས་བཤད་པ། གང་གི་ཕྱིར། གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བསྐྱེད་དེ་ལྟ་ན་དེ་རྒྱུ་ཡིན་ཞིང་། །གལ་ཏེ་འབྲས་བུ་མི་བསྐྱེད་ན་ནི་དེ་མེད་རྒྱུ་མེད་ཅན་དུ་འགྱུར། །འབྲས་བུ་ཡང་ནི་རྒྱུ་ཡོད་གྱུར་ན་སྐྱེ་བར་འགྱུར་བ་དེ་ཡི་ཕྱིར། །རྒྱུ་དང་འབྲས་བུ་འདི་གཉིས་ཀྱང་དེ་ལས་གཞན་ཡོད་ན་ཅིག་ཤོས་ཡོད་པ་ཉིད་ཡིན་ནོ། །ཞེས་ཤེས་པར་བྱའོ། །རྒྱུ་དང་འབྲས་བུ་དག་རང་བཞིན་གྱིས་ཡོད་པ་ཉིད་ནི་མ་ཡིན་ནོ། །ཅི་སྟེ་ཁྱོད་དེ་གཉིས་རང་གི་ངོ་བོས་གྲུབ་པར་སེམས་ན་ཀྱེ། གང་ལས་གང་ཞིག་འགྱུར་བ་གང་ཞིག་ལས་སྔར་གང་ཞིག་འགྱུར་དེ་སྨོས། །ཅི་རྒྱུའམ་འབྲས་བུ་སྔར་གྲུབ་པ་གང་ལས་རྒྱུའམ་འབྲས་བུར་སྐྱེ་བར་འགྱུར་བ་དེ་གཉིས་ལས་དང་པོ་རྒྱུའམ་འོན་ཏེ་འབྲས་བུ་ཞིག་འགྱུར། དེའི་ཕྱིར་རྒྱུ་དང་འབྲས་བུར་གདགས་པ་ཡང་ཤིང་རྟ་ལྟར་རྒྱུར་བྱས་ནས་ཡིན་པར་རིག་པར་བྱའི་རང་བཞིན་ལས་གྲྱུར་པ་ནི་མ་ཡིན་ནོ། །གཞན་ཡང་གལ་ཏེ་རྒྱུས་འབྲས་བུ་རང་བཞིན་གྱིས་སྐྱེད་པར་བྱེད་ན་ཕྲད་ནས་སམ་མ་ཕྲད་པར་སྐྱེད་པར་བྱེད་གྲང་། དེ་ལ་རེ་ཞིག གལ་ཏེ་ཁྱོད་ཀྱི་རྒྱུ་ཡིས་ཕྲད་ནས་འབྲས་བསྐྱེད་བྱེད་ན་དེ་ཡི་ཚེ། །དེ་དག་ནུས་པ་གཅིག་པས་སྐྱེད་བྱེད་འབྲས་བུ་ཐ་དད་མེད་འགྱུར་ཞིང་། །སོ་སོར་ན་ནི་རྒྱུ་འདི་རྒྱུ་མིན་རྣམས་དང་ཁྱད་པར་མེད་འགྱུར་ལ། །གཉིས་པོ་འདི་དག་སྤངས་ནས་རྟོག་པ་གཞན་ཡང་ཡོད་པར་འགྱུར་མ་ཡིན། །དེ་ལ་གལ་ཏེ་རྒྱུས་འབྲས་བུ་ཕྲད་ནས་སྐྱེད་པར་བྱེད་ན་དེའི་ཚེ། ཕྲད་པ་ཡིན་དང་ཀླུང་དང་རྒྱ་མཚོའི་ཆུ་ཕྲད་པ་ཐ་དད་མེད་པ་ལྟར་གཅིག་ཡིན་པས་འདི་ནི་རྒྱུའོ་འདི་ནི་འབྲས་བུའོ་ཞེས་ཁྱད་པར་མེད་པའི་ཕྱིར། གང་ཞིག་གང་གིས་བསྐྱེད་པར་གྱུར། ཅི་སྟེ་མ་ཕྲད་པར་སྐྱེད་པར་བྱེད་ན་ནི། དེའི་ཚེ་ཇི་ལྟར་མ་ཕྲད་པར་འབྲས་བུ་མ་ཡིན་པ་གཞན་མི་བསྐྱེད་པ་དེ་བཞིན་དུ་མ་ཕྲད་པར་འབྲས་བུ་ཡང་བསྐྱེད་པར་མི་འགྱུར་རོ། །འོན་ཏེ་མ་ཕྲད་བཞིན་དུ་སྐྱེད་པར་བྱེད་ན་ནི་རིལ་བསྐྱེད་པར་འགྱུར་རོ། །རྒྱུ་དང་འབྲས་བུ་རང་བཞིན་དུ་སྨྲ་བ་ལ་བསྐྱེད་བྱ་སྐྱེད་པར་བྱེད་པ་ལ་ཕྲད་པ་དང་མ་ཕྲད་པ་དག་ལས་མ་གཏོགས་པའི་རྟོག་པ་གསུམ་པ་གཞན་ཡང་སྲིད་པ་མ་ཡིན་པས། རང་བཞིན་གྱིས་གྲུབ་པའི་རྒྱུས་འབྲས་བུ་སྐྱེད་པར་མ་བྱེད་པ་ཁོ་ནའོ། །དེའི་ཕྱིར། ཅི་སྟེ་ཁྱོད་ཀྱི་རྒྱུ་ཡིས་འབྲས་བུ་སྐྱེད་པར་མི་བྱེད་དེ་ཕྱིར་འབྲས། །ཞེས་བྱ་ཡོད་མིན། གང་གི་ཚེ་རྒྱུས་འབྲས་བུ་མི་སྐྱེད་པ་དེའི་ཚེ་འབྲས་བུ་མེད་པས། འབྲས་བྲལ་རྒྱུ་ནི་རྒྱུ་མེད་ཅན་འགྱུར་ཡོད་པའང་མིན། །རྒྱུ་རྒྱུ་ཉིད་དུ་བྱ་བ་ལ་ནི་འབྲས་བུ་འབྱུང་བ་རྒྱུ་ཡིན་ན། གལ་ཏེ་འབྲས་བུ་མེད་པར་ཡང་རྒྱུ་ཉིད་དུ་འགྱུར་ན་ནི། དེའི་ཚེ་རྒྱུའི་རྒྱུ་ཉིད་རྒྱུ་མེད་པ་ཅན་དུ་འགྱུར་ན་འདི་ནི་འདོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུ་གཉིས་རང་བཞིན་གྱིས་ཡོད་པ་མ་ཡི་ནོ། །ཁྱོད་ཀྱི་ཅི་ལྟར་ཞེ་ན། གང་ཕྱིར་འདི་དག་གཉིས་ཆར་ཡང་ནི་སྒྱུ་མ་དང་འདྲ་དེ་ཡི་ཕྱིར། །བདག་ལ་སྐྱོན་དུ་མི་འགྱུར་འཇིག་རྟེན་པ་ཡི་དངོས་པོ་རྣམས་ཀྱང་ཡོད། །གང་གི་ལྟར་ན་རང་གི་མཚན་ཉིད་བསྐྱེད་པར་བྱ་བ་ཉིད་དང་སྐྱེད་པར་བྱེད་པ་ཉིད་ཡིན་པ་དེ་ལ་རྣམ་པར་དཔྱད་པ་འདིར་འགྱུར་གྱི། གང་གི་ལྟར་ན་དངོས་པོ་རྣམས་ལོག་པར་ཀུན་བརྟགས་པས་བསྐྱེད་པ་ཉིད་ཀྱིས་སྒྱུ་མ་ལྟར་མ་སྐྱེས་པའི་རང་བཞིན་ཡིན་ཞིང་རང་བཞིན་མེད་ཀྱང་རབ་རིབ་ཅན་གྱི། དམིགས་པའི་སྐྲ་ཤད་ལ་སོགས་པ་ལྟར་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བ་དེ་ལ་ནི་བསམ་དུ་མེད་པ་ཉིད་དེ། དེའི་ཕྱིར་བདག་ལ་ཇི་སྐད་བཤད་པའི་སྐྱོན་གྱི་སྐབས་ཡོད་པ་མ་ཡིན་ཞིང་། འཇིག་རྟེན་པའི་དངོས་པོ་མ་བརྟགས་པར་གྲུབ་པ་རྣམས་ཀྱང་ཡོད་པ་ཡིན་པས་ཐམས་ཅད་འགྲུབ་བོ། །འདིར་ཁ་ཅིག་ལན་དུ་འདི་སྐད་དུ་ཅི་རྒྱུས་འབྲས་བུ་ཕྲད་ནས་སྐྱེད་པར་བྱེད་དམ། འོན་ཏེ་མ་ཕྲད་པར་ཡིན་ཞེས་གང་སྨྲས་པ་འདིར་ཁྱོད་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་སོ། །ཅི་ལྟར་ཞེ་ན། སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་ནས་འབྱིན་ནམ་མ་ཕྲད་པར། །ཡིན་ཞེས་ཉེས་པ་འདི་ནི་ཁྱོད་ལའང་འགྱུར་བ་མ་ཡིན་ནམ། །གལ་ཏེ་སུན་འབྱིན་པས་སུན་དབྱུང་བྱ་ཕྲད་ནས་སུན་འབྱིན་པར་བྱེད་ན་ནི་དེའི་ཚེ་ཉེས་པ་དེ་ཉིད་དུ་འགྱུར་རོ། །འོན་ཏེ་མ་ཕྲད་པར་ཡིན་ན་དེ་ལྟ་ན་ཡང་དེ་ཉིད་དུ་འགྱུར་རོ། །གཉིས་པོ་འདི་དག་སྤངས་ནས་རྟོག་པ་གཞན་ཡང་ཡོད་པར་འགྱུར་མ་ཡིན། གང་གི་ཚེ་དེ་ལྟར་ཁྱོད་ཀྱི་སུན་འབྱིན་པ་ལ་སུན་དབྱུང་བྱ་སུན་འབྱིན་པའི་ནུས་པ་ཡོད་པ་མ་ཡིན་པ་དེའི་ཚེ་ཁྱོད་ཀྱི་སུན་འབྱིན་པ་ཉིད་སུན་ཕྱུང་བ་ཡིན་པས་ཤུགས་ཀྱིས་རྒྱུ་དང་འབྲས་བུའི་དངོས་པོ་ཡང་གྲུབ་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་སྨྲས་པ། གང་ཚེ་དེ་སྐད་སྨྲ་ཞིང་རང་ཕྱོགས་ཁོ་ན་རྣམ་འཇོམས་པ། །དེ་ཚེ་ཁྱོད་ཀྱི་སུན་དབྱུང་སུན་ནི་འབྱིན་པར་ནུས་མ་ཡིན། །གཞན་ཡང་། གང་ཕྱིར་རང་གི་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས། །རིགས་པ་མེད་པར་དངོས་མཐའ་དག་ལ་སྐུར་འདེབས་དེ་ཡི་ཕྱིར། །ཁྱོད་ནི་སྐྱེ་བོ་དམ་པས་བཞེད་མི་འགྱུར་ཞིང་གང་གི་ཕྱིར། །ཁྱོད་ལ་རང་ཕྱོགས་མེད་པས་སུན་ཅི་ཕྱིན་དུ་རྒོལ་བའང་ཡིན། །དེ་ལ་རང་གི་ཚིག་ལའང་ཐལ་བར་འགྱུར་བར་མཚུངས་པ་ཉིད་ནི་སྨྲས་ཟིན་ཏོ། །རིགས་པ་མེད་པར་དངོས་མཐའ་དག་ལ་སྐུར་འདེབས་ཞེས་བྱ་བ་འདི་བཤད་པར་བྱའོ། །གང་མ་ཕྲད་པར་མཚུངས་པས་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད། འདི་ལྟར་ཁབ་ལེན་གྱིས་མ་ཕྲད་པ་ཉིད་དུ་རུང་བའི་ཡུལ་ན་གནས་པའི་ལྕགས་འདྲེན་པར་བྱེད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །དེ་བཞིན་དུ་མིག་གིས་མ་ཕྲད་པ་ཁོ་ནར་རུང་བའི་ཡུལ་ན་གནས་པའི་གཟུགས་མཐོང་གི་རིལ་ནི་མ་ཡིན་པ་དེ་བཞིན་དུ་རྒྱུས་ཀྱང་མ་ཕྲད་པར་བསྐྱེད་དུ་ཟིན་ཀྱང་མ་ཕྲད་པར་ཐམས་ཅད་བསྐྱེད་པར་མི་འགྱུར་གྱི། འབྲས་བུ་རུང་བ་ཁོ་ན་སྐྱེད་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་རིགས་པ་མེད་པར་དངོས་པོའོ་ཅོག་ལ་སྐུར་བ་འདེབས་པ་དེའི་ཕྱིར་ཁྱོད་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་རོ། །གཞན་ཡང་ཁྱོད་ནི་སུན་ཅི་ཕྱིན་དུ་རྒོལ་བ་པ་ཉིད་དུ་ཡང་འགྱུར་ཏེ། རང་གི་ཕྱོགས་གཞག་པ་དང་བྲལ་ཞིང་གཞན་གྱི་ཕྱོགས་སེལ་བ་ཙམ་ལ་ཞུགས་པའི་རྒོལ་བ་ནི་སུན་ཅི་ཕྱིན་དུ་རྒོལ་བ་པ་ཞེས་བྱའོ། །ཁྱོད་ལ་ནི་རང་གི་ཕྱོགས་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། ཁྱོད་ཀྱི་རྣམ་པར་དཔྱད་པ་ནི་གཞན་གྱི་ཕྱོགས་སེལ་བ་ཉིད་ཡིན་པའི་ཕྱིར་རོ། །ཞེས་སྨྲས་སོ། །འདི་ལ་བརྗོད་པར་བྱ་སྟེ། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་སུན་ནི་འབྱིན་བྱེད་དམ། །འོན་ཏེ་ཕྲད་ནས་ཡིན་ཞེས་སྨྲས་ཟིན་ཉེས་པ་འདིར་གང་ལ། །ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱི་བདག་ལ་ཕྱོགས་འདི་ནི། །ཡོད་པ་མིན་པས་ཐལ་བར་འགྱུར་བ་འདི་ནི་སྲིད་མ་ཡིན། །དེ་ལ་རང་གི་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས། །ཞེས་གང་སྨྲས་པ་ནི་ཁོ་བོ་ཅག་གི་ཕྱོགས་ལ་མཚུངས་པར་ཐལ་བར་མི་འགྱུར་ཏེ། གང་གི་ཕྱིར་ཁོ་བོ་ཅག་གི་ཕྱོགས་ལ་ནི་སུན་འབྱིན་པས་སུན་དབྱུང་བར་བྱ་བ་ཕྲད་ནས་ཀྱང་སུན་འབྱིན་པར་མི་བྱེད་པ་ཉིད་ལ་སུན་འབྱིན་པས་སུན་དབྱུང་བར་བྱ་བ་མ་ཕྲད་པར་ཡང་སུན་འབྱིན་པར་མི་བྱེད་དེ། སུན་འབྱིན་པ་དང་སུན་དབྱུང་བྱ་གཉི་ག་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཕྲད་པ་དང་མ་ཕྲད་པའི་བསམ་པ་མི་བྱེད་དོ། །ཇི་སྐད་དུ། ཚེ་དང་ལྡན་པ་རབ་འབྱོར་ཅི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་པར་འགྱུར་རམ། འོན་ཏེ་མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་པར་མི་འདོད་ལ། མ་སྐྱེས་པས་ཀྱང་མ་སྐྱེས་པའི་ཐོབ་པ་འཐོབ་པར་མི་འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་ཡང་ཡོད་མངོན་པར་རྟོག་པ་ཡང་ཡོད་མོད་ཀྱི། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་དང་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་ལ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །འདིར་ཇི་ལྟར་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་སྐྱེས་པའམ་མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་འཐོབ་པ་བཀག་ཅིང་གཉིས་ཀྱང་དངོས་པོ་མེད་པ་ལ་མི་རིགས་པའི་ཕྱིར། མ་བརྟགས་པར་འཇིག་རྟེན་གྱི་ཐ་སྙད་དུ་ཐོབ་པར་ཁས་བླངས་པ་དེ་བཞིན་དུ། སུན་དབྱུང་བར་བྱ་བ་དང་སུན་འབྱིན་པ་དག་ཀྱང་ཕྲད་པའམ་མ་ཕྲད་པར་མ་ཡིན་མོད་ཀྱི། འོན་ཀྱང་ཐ་སྙད་དུ་སུན་འབྱིན་པས་སུན་དབྱུང་བ་སུན་འབྱིན་པར་བྱེད་དོ་ཞེས་ཤེས་པར་བྱའོ། །གཞན་ཡང་། ཇི་ལྟར་ཁྱོད་ཀྱིས་ཉི་མའི་དཀྱིལ་འཁོར་ལ་ཡོད་ཁྱད་པར་རྣམས། །གཟུགས་བརྙན་ལ་ཡང་གཟས་གཟུང་ལ་སོགས་རྣམ་འཚེ་མཐོང་འགྱུར་ལ། །ཉི་མ་དང་ནི་གཟུགས་བརྙན་རྣམ་པ་ཕྲད་དང་མ་ཕྲད་པར། །མི་རིགས་མོད་ཀྱི་བརྟེན་ནས་ཐ་སྙད་ཙམ་ཞིག་འབྱུང་འགྱུར་ཞིང་། །མི་བདེན་བཞིན་དུའང་རང་གི་བྱད་བཞིན་མཛེས་པར་སྒྲུབ་པའི་ཕྱིར། །དེ་ནི་ཡོད་པ་ཇི་ལྟར་དེ་བཞིན་འདིར་ཡང་ཤེས་རབ་གདོང་། །སྦྱང་བར་བྱ་ལ་ནུས་པ་མཐོང་བར་གྱུར་པའི་གཏན་ཚིགས་ནི། །འཐད་པ་དང་བྲལ་ལས་ཀྱང་བསྒྲུབ་བྱ་རྟོགས་ཞེས་ཤེས་པར་བྱ། །ཇི་ལྟར་གཟུགས་བརྙན་ཞེས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་ན། ཉི་མའི་དཀྱིལ་འཁོར་དང་ཕྲད་པའམ་མ་ཕྲད་པར་སྐྱེ་ཞེས་བྱ་བའི་རྟོག་པ་རྣམ་པ་ཐམས་ཅད་དུ་མི་སྲིད་མོད་ཀྱི། འོན་ཀྱང་རྐྱེན་གཟུགས་ཉེ་བ་ལས་གཟུགས་བརྙན་དུ་དམིགས་པ་ན་རྟོགས་པར་འདོད་པའི་དོན་ངེས་པར་བྱེད་པ་དེ་བཞིན་དུ་རང་བཞིན་གྱིས་སྟོང་པའི་སུན་འབྱིན་པས་སུན་དབྱུང་བྱ་སུན་འབྱིན་པ་དང་། རང་བཞིན་གྱིས་སྟོང་ཞིང་འཐད་པ་དང་བྲལ་བའི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་སྒྲུབ་པ་ཡིན་ལ། གཉིས་སུ་ཐལ་བར་ཡང་མི་འགྱུར་བས་རང་གི་ཚིག་ལའང་ཐལ་བ་མཚུངས་པར་མི་རིགས་སོ་ཞེས་ཤེས་པར་བྱའོ། །ཤེས་རབ་ཉིད་གདོང་ཡིན་པས་ཤེས་རབ་གདོང་ངོ་། །དེ་སྦྱང་བ་ནི་མ་རིགས་པ་སྤངས་པས་ཡོངས་སུ་དག་པ་ཉིད་དོ། །དེ་ལ་ནུས་པ་མཐོང་བར་གྱུར་པའི་ཞེས་བྱ་བ་ནི་དེར་ནུས་མཐུ་ཅན་དུ་མཐོང་བ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བཏགས་པར་ཡོད་པ་རྣམས་ལ་གཉིས་སུ་སྨྲ་བ་འདི་མི་རིགས་པ་དེ་ཉིད་ཀྱི་ཕྱིར་གཉིས་ལ་བརྟེན་ནས་སུན་འབྱིན་པ་དང་ལན་སྨྲ་བས་དབུ་མ་པ་ལ་རྣམ་པ་ཐམས་ཅད་དུ་གླགས་མི་རྙེད་དོ། །ཇི་སྐད་དུ་འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ལའང་། ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་བྱ་བ་དང་། དེ་བཞིན་དུ། སྟོང་པ་ཉིད་ཀྱིས་བརྩད་བྱས་ཏེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་བྱ་བ་གསུངས་སོ། །འདིས་ནི་སྐྱེད་པར་བྱེད་པའི་རྒྱུ་ཡང་རྣམ་པར་བཤད་པར་བྱའོ། །དེ་ལ་ཁ་ཅིག་དབུ་མ་པའི་བསྟན་བཅོས་འདིར་སྐྱེད་པར་བྱེད་པའི་རྒྱུའི་སྐབས་སུ་བབ་པ་ཡིན་གྱི་གསལ་བར་བྱེད་པ་ནི་མ་ཡིན་ལ། ཕྲད་པ་དང་མ་ཕྲད་པའི་བརྒལ་བ་ཡང་གསལ་བར་བྱེད་པའི་རྒྱུ་ལ་ཡིན་གྱི་སྐྱེད་པར་བྱེད་པ་ལ་ནི་མ་ཡིན་པས་ཁོ་བོ་ཅག་གི་ཚིག་རྣམས་ལ་ལྟག་ཆོད་ཀྱི་སྐབས་མེད་པ་ཉིད་དོ་ཞེས་གང་སྨྲ་བར་བྱེད་པ་དེའི་འདི་ནི་ལན་མ་ཡིན་ཏེ། གང་གི་ཕྱིར་གླགས་དང་བཅས་པའི་དངོས་པོ་བརྗོད་ན་ཕ་རོལ་པོ་མི་བཟོད་པ་ཉིད་ཡིན་ལ། སྐྱེད་པར་བྱེད་པ་ལྟར་གསལ་བར་བྱེད་པ་ལ་ཡང་གླགས་ཡོད་པ་མ་ཡིན་པས་དེའི་ལན་མི་རིགས་པ་ཉིད་དོ། །གཞན་ཡང་འདིས་བསྟན་བཅོས་སུ་དམ་བཅས་པའི་དོན་སྒྲུབ་པའི་ཕྱིར་ཡོངས་སུ་བཟུང་བའི་སྒྲུབ་བྱེད་ཀྱིས་སུན་འབྱིན་པ་རྣམས་ལ་ལྟག་ཆོད་འགོད་པར་བྱེད་པའི་ལན་སྨྲ་བར་བྱེད་པ་དེའི་ཕྱིར། འདི་ནི་གཞན་གྱིས་སུན་དབྱུང་བར་བྱ་བ་ཁོ་ན་ཡིན་པས་ཁོ་བོ་ཅག་གིས་བཏབ་པའི་ལན་ཁོ་ན་ཆེས་མཛེས་སོ། །གཞན་ཡང་། གལ་ཏེ་རང་གི་བསྒྲུབ་བྱ་གོ་བྱེད་གཏན་ཚིགས་དངོས་གྲུབ་དང་། །དངོས་སུ་གོ་བྱ་ཉིད་འགྱུར་བསྒྲུབ་བྱའི་ངོ་བོའང་ཡོད་འགྱུར་ན། །ཕྲད་པ་ལ་སོགས་རིགས་པ་ཉེ་བར་སྦྱོར་བར་འགྱུར་ཞིག་ན། །དེ་ཡང་ཡོད་པ་མིན་པས་ཁྱོད་ཀྱི་ཡི་ཆད་འབའ་ཞིག་ཡིན། །ཡོངས་སུ་དག་པའི་ཕྱོགས་ཀྱི་སྐྱོན་ཡོངས་སུ་མ་དག་པའི་ཕྱོགས་ཀྱི་སྟེང་དུ་དགོད་པ་ཁྱོད་ནི་ཁོ་བོ་ཅག་ལ་དོན་མེད་པར་ཡིད་འབྱུང་བ་ཁོ་ན་ཡིན་པར་རྟོགས་ཏེ། དཔེར་ན་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་རྣམས་ཀྱི་གཅིག་ཉིད་དང་། མང་པོ་ཉིད་དང་། རིང་པོ་ཉིད་དང་། ཟླུམ་པོ་ཉིད་དང་། ནག་པོ་ལ་སོགས་པའི་ཕྱོགས་སུན་འབྱིན་པས་རབ་རིབ་མེད་པ་རྣམས་ལ་མི་གནོད་པ་དེ་བཞིན་དུ། རང་བཞིན་མེད་པའི་རྒྱུ་དང་འབྲས་བུ་རྣམ་པར་དཔྱོད་པ་ན་ཁྱོད་ཀྱིས་གཉིས་ཡོངས་སུ་བཟུང་ནས་སུན་འབྱིན་པ་བཀོད་པས་ཀྱང་མི་གནོད་དོ། །དེ་ཉིད་ཀྱི་ཕྱིར་གང་དག་མིག་དང་ཁབ་ལེན་ལ་སོགས་པ་མ་ཕྲད་པར་རང་གི་བྱ་བ་བྱེད་པར་རྣམ་པར་གཞག་པ་དཔེ་དེ་དག་ཀྱང་བཀག་པར་རིག་པར་བྱ་སྟེ། དེ་དག་ལ་ཡང་ཐལ་བར་འགྱུར་བ་མཚུངས་པའི་ཕྱིར་རོ། །གང་ཞིག་ཁྱོད་རང་བཞིན་མེད་པ་ཉིད་ཀྱི་ལམ་དྲང་པོ་བཏང་ནས་རྟོག་གེ་ངན་པའི་ལམ་ཤིན་ཏུ་འཁྱོག་པ། རང་གི་རྣམ་པར་རྟོག་པའི་བཟོ་བོ་ངན་པས་སྦྱར་བ། ཡང་དག་པའི་ལམ་འགེགས་པར་བྱེད་པར་སྤྲོ་བ། ཏེ་པོར་ཚེགས་ཆེ་བ་འདིས་ཁྱོད་ལ་ཅི་ཞིག་བྱ། གཞན་ཡང་། དངོས་རྣམས་མཐའ་དག་དངོས་པོ་མེད་པར་རྟོགས་སུ་གཞུག་པར་ནི། །ནུས་པ་ཆེ་སླ་ཇི་ལྟ་དེ་ལྟར་རང་བཞིན་གཞན་དག་ལ། །ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ནོ། །རྟོག་གེ་ངན་པའི་དྲྭ་བས་འཇིག་རྟེན་ཅི་སྟེ་འདིར་བཅོལ་བྱེད། །ཇི་ལྟར་རྨི་ལམ་དང་སྒྱུ་མ་ལ་སོགས་པ་རང་གི་ཕྱོགས་ལ་གྲུབ་པའི་དཔེ་རྣམས་ཁོ་ནས། འཇིག་རྟེན་གྱི་དངོས་པོ་རང་བཞིན་མེད་པ་ཉིད་དུ་རྟོགས་སུ་གཞུག་པར་ནུས་པ་དེ་ལྟར། འགའ་ཞིག་དངོས་པོ་རྣམས་རང་བཞིན་དང་བཅས་པར་འཛིན་དུ་གཞུག་པར་ནུས་པར་སླ་བ་མ་ཡིན་ཏེ། གཉི་ག་ལ་གྲགས་པའི་དཔེ་མེད་པའི་ཕྱིར་རོ། །དེ་ལྟར་ཡིན་དང་། ཁོ་བོས་རྩོད་པ་ཐམས་ཅད་བཟློག་པ་ཡིན་ལ་ལན་ཡང་སུས་ཀྱང་བརྗོད་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་འཇིག་རྟེན་ལ་དོན་མ་ཡིན་པ་བྱ་བའི་ཕྱིར་སུ་ཞིག་གིས་སྦེད་ཅིང་ཁྱོད་འཇིག་རྟེན་ཉོན་མོངས་དར་གྱི་སྲིན་བུ་ལྟར་རང་གི་རྟོག་པའི་སྦུབས་ཀྱིས་གཏུམས་པའི་སྟེང་དུ་རྟོག་གེ་ངན་པའི་སྲད་བུས་བྲེས་པའི་རྒྱ་ཤིན་ཏུ་བསྲན་ཏེ་མ་ཀུན་ནས་འཛུགས་པར་ཅི་སྟེ་བྱེད། རྩོད་པ་འདི་ནི་དོར་བར་བྱ་དགོས་ཏེ། དངོས་པོ་གཟུགས་བརྙན་དང་འདྲ་བས་དེ་དག་ཐམས་ཅད་ལ་རང་གི་མཚན་ཉིད་མེད་ཅིང་སྤྱིའི་མཚན་ཉིད་ཀྱང་མེད་ལ་མངོན་སུམ་མམ་རྗེས་སུ་དཔག་པའང་ཅི་ཞིག་ཡོད། འདིར་ནི་མངོན་སུམ་གཅིག་ཉིད་ཁོ་ནར་ཟད་དེ་གང་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །གཞན་ཡང་། སུན་འབྱིན་ལྷག་མ་གོང་དུ་བསྟན་པ་ཡང་ནི་ཤེས་བྱས་ནས། །ཕྲད་པ་ལ་སོགས་ཕྱོགས་ཀྱི་ལན་གྱི་ཆེད་དུ་འདིར་བཏང་བྱ། །སུན་ཅི་ཕྱིན་དུ་རྒོལ་བ་པ་ཡང་ཇི་ལྟར་ཡོད་མིན་པ། །དེ་སྐད་སྔར་བཤད་ལྷག་མ་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་གཞག་པ་དང་བརྟེན་ནས་གདགས་པ་རྣམ་པར་གཞག་པ་གཞན་གྱི་ཕྱོགས་ལ་སུན་འབྱིན་པ་གང་བཤད་པ་དེ་ཉིད་ལས་སུན་འབྱིན་པ་ལྷག་མ་ཤེས་པར་བྱས་ནས། ཅི་རྒྱུས་འབྲས་བུ་ཕྲད་ནས་བསྐྱེད་པར་བྱེད་དམ། འོན་ཏེ་མ་ཕྲད་པར་ཞེས་བྱ་བའི་སུན་འབྱིན་པའི་ལན་གྱི་དོན་དུ་གང་གིས་སྨྲས་པ་དེ་ལ་སུན་འབྱིན་གཏང་བར་བྱའོ། །བསྟན་བཅོས་ལས་ནི་རྟོག་པ་ལྡོག་པ་ཉིད་བརྗོད་པར་འདོད་པ་ཡིན་ལ། དེ་ཡང་ཁོ་བོ་ཅག་གིས་བསྟན་ཟིན་པའི་ཕྱིར་བསྟན་བཅོས་ལས་སུན་ཅི་ཕྱིན་དུ་རྒོལ་བ་ཉིད་ག་ལ་ཡོད། འདིར་བདག་གིས་གཞན་གྱི་ཕྱོགས་བསལ་བར་བྱས་པ་ཡང་མ་ཡིན་ཏེ། བསལ་བར་བྱ་བའི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སུན་ཅི་ཕྱིན་དུ་རྒོལ་བ་པ་ཉིད་ག་ལ་ཡོད། གང་གིས་ན་མཚན་ཉིད་བྱས་པ་འདི་ཡང་དག་པའི་མཚན་ཉིད་དུ་འགྱུར་བ་སུས་རང་གི་ཕྱོགས་གཞག་ཅིང་གཞན་གྱི་ཕྱོགས་བཟློག་པ་སྟེ། དེའི་ཕྱིར་སུན་ཅི་ཕྱིན་དུ་རྒོལ་བའི་མཚན་ཉིད་འདི་ནི་རྣམ་པ་ཐམས་ཅད་དུ་མི་རིགས་སོ། །དེ་ལྟ་བུ་ལ་སོགས་པ་སུན་འབྱིན་ལྷག་མ་ནི་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱའོ། །དེ་ལ་དེ་ཉིད་ལས་འབྱུང་མིན། །ཞེས་བྱ་བ་ནས་བརྩམས་ཏེ། རྣམ་དཔྱོད་པ་ན་མྱུར་དུ་གྲོལ་བར་འགྱུར། །ཞེས་བྱ་བའི་བར་འདིས་ནི་ཆོས་ཀྱི་བདག་མེད་པ་མངོན་པར་གསལ་བར་བྱས་སོ། །ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར། ཞེས་བྱ་བ་ལ་སོགས་པ་ནས་འདི་ཡན་ཆད་ཀྱིས་ནི་གང་ཟག་གི་བདག་མེད་པ་གསལ་བར་བྱས་སོ། །དེའི་ཕྱིར་འདི་སྟོན་ཞིང་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་བརྗོད་པར་འདོད་ནས་བཤད་པ། བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །བདག་མེད་པ་འདི་ནི་མདོར་བསྡུས་ནས་རྣམ་པ་གཉིས་སུ་གསུངས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པའོ། །ཡང་ཅིའི་ཕྱིར་བདག་མེད་པ་རྣམ་པ་གཉིས་ཉེ་བར་བསྟན་ཞེ་ན། བཤད་པ། འགྲོ་བ་རྣམ་དགྲོལ་ཕྱིར་ཏེ། བདག་མེད་པ་རྣམ་པ་གཉིས་པོ་འདི་ནི་བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམ་པར་དགྲོལ་བར་བྱ་བའི་དོན་དུ་ཉེ་བར་བསྟན་ཏོ། །དེ་ལ་གང་ཟག་གི་བདག་མེད་པ་ནི་རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་ནི་གཉིས་ཀ་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་བསྒོམས་པ་མེད་དེ། ཁམས་གསུམ་ན་དཔྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་གཞག་གོ །དེ་ལྟར་སྟོན་པས་སླར་ཡང་འདི་ཉིད་ནི། །གདུལ་བྱ་རྣམས་ལ་ཕྱེ་སྟེ་རྣམ་མང་གསུངས། །བདག་མེད་པ་རྣམ་པ་གཉིས་པོ་འདི་ནི་སླར་བཅོམ་ལྡན་འདས་ཀྱི་གདུལ་བྱའི་བསམ་པ་སྣ་ཚོགས་པ་ཉིད་ཀྱིས་མང་པོར་བསྟན་ཏོ། །དེ་ལ། སྤྲོས་དང་བཅས་པར་སྟོང་པ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཇི་སྐད་དུ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཞེས་གསུངས་སོ། །དེ་སྐད་དུ་སྟོང་པ་ཉིད་བཅུ་དྲུག་བསྟན་ནས། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་ཞེས་སླར་ཡང་སྟོང་པ་ཉིད་བཞི་བསྟན་ཏེ། སྟོང་པ་ཉིད་འདི་རྣམས་ནི་ཐེག་པ་ཆེན་པོ་ཞེས་བྱའོ། །སྟོང་པ་ཉིད་དམ་སྟོང་པ་ཉིད་མ་ཡིན་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུས་གདུལ་བྱའི་སྐྱེ་བོའི་དབང་གིས་གཟུགས་ལ་སོགས་པ་ལྟར་ཀུན་རྫོབ་ཏུ་བསྙད་པར་ཟད་དོ། །ཇི་སྐད་དུ། བསྟན་བཅོས་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་སོ། །དེ་ལ་ནང་སྟོང་པ་ཉིད་ཀྱི་དབང་དུ་བྱས་ནས་བཤད་པ། གང་ཕྱིར་དེ་ཡི་རང་བཞིན་ཏེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང་། །དེ་བཞིན་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱང་བསྙད་པར་བྱ། །ཐེར་ཟུག་གནས་པ་མ་ཡིན་དང་། །འཇིག་པ་མ་ཡིན་ཉིད་ཀྱི་ཕྱིར། །མིག་ལ་སོགས་པ་དྲུག་པོ་ཡི། །རང་བཞིན་མེད་ཉིད་གང་ཡིན་པ། །དེ་ནི་ནང་སྟོང་ཉིད་དུ་འདོད། །ཇི་སྐད་དུ། དེ་ལ་གང་དག་ནང་སྟོང་པ་ཉིད་དུ་འགྱུར་བ་ནང་གི་ཆོས་རྣམས་གང་དག་ཡིན་ཞེ་ན། ནང་གི་ཆོས་རྣམས་ཞེས་བྱ་བ་ནི། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་དེ། དེ་ལ་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར། མིག་ནི་མིག་གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་ཉིད་ནི་རང་བཞིན་མི་འདོར་བ་ལ་བྱའོ། །དེ་ཡང་དུས་ཅུང་ཟད་ཅིག་གནས་ནས་ལྡོག་པར་ཡང་འགྱུར་བས་འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་གསུངས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། དངོས་པོ་གང་ཞིག་རང་བཞིན་དང་བཅས་པ་ཉིད་དེ་ནི་གོར་མ་ཆག་པར་ཐེར་ཟུག་པ་མ་ཡིན་པ་དང་མི་ལྡོག་པ་ཞིག་ཏུ་འགྱུར་དགོས་སོ། །ཇི་སྐད་དུ། རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །རང་བཞིན་བྱས་པ་ཡིན་ནོ་ཞེས། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་ཉིད་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་སོ། །ཡང་ཅི་གང་ཞིག་སློབ་དཔོན་གྱིས་བསྟན་བཅོས་ལས་ཁྱད་པར་དུ་མཛད་པ་རྣམ་པ་དེ་ལྟ་བུའི་རང་བཞིན་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་ཞིག་ཡོད་དམ་ཞེ་ན། གང་གི་དབང་དུ་མཛད་ནས་བཅོས་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་རྒྱས་པར་གསུངས་པ་ཆོས་ཉིད་ཅེས་བྱ་བ་ནི་ཡོད་དོ། །ཆོས་ཉིད་ཅེས་བྱ་བ་འདི་ཡང་ཅི་ཞིག མིག་ལ་སོགས་པ་འདི་དག་གི་རང་བཞིན་ནོ། །དེ་དག་གི་རང་བཞིན་ཡང་གང་ཞིག་ཅེ་ན། འདི་དག་ནི་བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་མེད་པ་གང་ཡིན་པ་སྟེ། མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་རང་གི་ངོ་བོའོ། །ཅི་དེ་ཡོད་དམ་མེད་དོ་ཞེས་དེ་སྐད་དུ་སྨྲ། གལ་ཏེ་དེ་མེད་ན་ནི་ཅིའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པའི་ལམ་བསྒོམ་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཉིད་དེ་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ། །ཇི་སྐད་དུ། རིགས་ཀྱི་བུ་དོན་དམ་པ་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འཇིག་པ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཡི་གེ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་དང་། ཡི་གེ་རྣམས་ཀྱིས་རབ་ཏུ་བསྙད་དུ་མེད་ཅིང་སྤྲོས་པས་རྟོགས་པ་མ་ཡིན་ཏེ། རིགས་ཀྱི་བུ་དོན་དམ་པ་ནི་བརྗོད་དུ་མེད་ཅིང་ཞི་བ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བའོ། །རིགས་ཀྱི་བུ་དོན་དམ་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། གང་གི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་སྐྲ་དང་ཁ་སྤུ་དག་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། རབ་ཏུ་བྱུང་ནས་ཀྱང་ཆོས་དེ་ཉིད་ཐོབ་པར་བྱ་བའི་ཕྱིར། སྐྲའམ་གོས་ལ་མེ་ཤོར་བ་ལྟར་བརྩོན་འགྲུས་རྩོམ་ཞིང་གནས་པ་རྣམ་པར་འཇིག་པ་མེད་པའོ། །རིགས་ཀྱི་བུ་གལ་ཏེ་དོན་དམ་པ་ཡོད་པར་མ་གྱུར་ན་ནི་ཚངས་པར་སྤྱོད་པ་མེད་པར་འགྱུར་ཞིང་དེ་བཞིན་གཤེགས་པ་རྣམས་བྱུང་བ་དོན་མེད་པར་འགྱུར་རོ། །གང་གི་ཕྱིར་དོན་དམ་པ་དེ་ཡོད་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པ་ལ་མཁས་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །འདིར་སྨྲས་པ། ཀྱེ་མ་མ་ལ་གང་ཞིག་དངོས་པོ་ཅུང་ཟད་ཀྱང་མི་འདོད་ཅིང་། གློ་བུར་དུ་བཅོས་མ་མ་ཡིན་པ་དང་། གཞན་ལ་ལྟོས་པ་མེད་པའི་རང་བཞིན་ཡང་འདོད་པ་ཁྱོད་ནི་ཕན་ཚུན་འགལ་བའི་དོན་བརྗོད་པ་ཞིག་གོ །བརྗོད་པར་བྱ་སྟེ། ཁྱོད་ཀྱིས་བསྟན་བཅོས་ཀྱི་དགོངས་པ་མ་རིག་པ་ཞིག་སྟེ། འདིའི་དགོངས་པ་ནི། གལ་ཏེ་མིག་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་རྟེན་ཅིང་འབྲེལ་བར་འབྱུང་བ་བྱིས་པའི་སྐྱེ་བོས་གཟུང་བར་བྱ་བ་གང་ཡིན་པ་དེ་ཉིད་དེ་རྣམས་ཀྱི་རང་བཞིན་ཡིན་ན་ནི། རང་བཞིན་དེ་ཕྱིན་ཅི་ལོག་ཏུ་གྱུར་པས་ཀྱང་རྟོགས་པའི་ཕྱིར་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་ན། གང་གི་ཕྱིར་འདི་ཉིད་རང་བཞིན་མ་ཡིན་པ་དེའི་ཕྱིར། དེའི་ལྟ་བའི་དོན་དུ་ཚངས་པར་སྤྱོད་པ་དོན་དང་བཅས་པར་འགྱུར་རོ། །དེ་ཡང་བདག་གིས་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་བཅོས་མ་མ་ཡིན་པ་ཉིད་དང་གཞན་ལ་མི་ལྟོས་པ་ཉིད་དུ་བརྗོད་དོ། །གང་ཞིག་བྱིས་པའི་སྐྱེ་བོས་བལྟ་བར་བྱ་བ་མ་ཡིན་པ་དེ་ཉིད་ནི་རང་བཞིན་དུ་རིགས་ལ། དེ་ཙམ་གྱིས་དོན་དམ་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་ཡང་མ་ཡིན་ཏེ། དེ་ནི་རང་བཞིན་གྱིས་ཞི་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །རང་བཞིན་འདི་ནི་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་དོན་འདི་ཁས་ལེན་དུ་གཞུག་པར་ནུས་པས་རང་བཞིན་འདི་ནི་གཉིས་ག་ལ་གྲུབ་པ་ཉིད་དུ་ཡང་རྣམ་པར་གཞག་གོ །གང་དག་མེ་ལ་སོགས་པའི་རང་བཞིན་ཚ་བ་ལ་སོགས་པ་ཡིན་པར་སྨྲ་བ་དེ་དག་གི་ལྟར་ན་ནི། རྣམ་པ་ཐམས་ཅད་དུ་མི་རུང་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་བཅོས་མ་ཉིད་ཡིན་པའི་ཕྱིར་དང་ལྟོས་པ་དང་བཅས་པའི་ཕྱིར་རོ། །ཡོད་པ་ཉིད་ཀྱི་ཕྱིར་དེ་ལ་བཅོས་མ་ཉིད་མེད་པ་དང་། གཞན་ལ་ལྟོས་པ་ཉིད་མེད་པ་ཡོད་དོ་ཞེས་བྱ་བར་བརྗོད་པར་ཡང་མི་རིགས་ཏེ། དེ་ལ་ཞེས་བྱ་བ་འདིས་མཆོག་ཏུ་འཛིན་པའི་དངོས་པོ་མེད་པའི་ཕྱིར་ལ། ཀུན་རྫོབ་ཏུ་རྣམ་པ་དེ་ལྟ་བུའི་དོན་བསྟན་པའི་ཕྱིར་ཏེ། རྒྱ་ཆེན་པོས་ཆོག་གོ །དཀྱུས་མ་ཉིད་རྣམ་པར་བཤད་པར་བྱའོ། །དེ་ལ་མིག་ལ་སོགས་པ་རྣམས་མིག་ལ་སོགས་པ་རྣམས་ཉིད་ཀྱིས་སྟོང་པ་ཉིད་དུ་སྨྲས་པ་ནི་རང་བཞིན་སྟོང་པ་ཉིད་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །མིག་ནི་ནང་གི་བྱེད་པ་དང་བྲལ་བའི་ཕྱིར་སྟོང་ཞིང་གཟུང་བ་དང་འཛིན་པའི་བདག་ཉིད་ཀྱིས་སྟོང་ངོ་ཞེས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ནི་མ་ཡིན་ནོ། །དེ་ལ་ཕྱི་སྟོང་པ་ཉིད་ནི། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང་། །སྒྲ་དང་དྲི་རོ་རེག་བྱ་དང་། །ཆོས་རྣམས་ཉིད་ཀྱང་དེ་བཞིན་ནོ། །གཟུགས་སོགས་རང་བཞིན་མེད་པ་ཉིད། །ཕྱི་རོལ་སྟོང་པ་ཉིད་དུ་འདོད། །ཇི་སྐད་དུ། དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱིའི་ཆོས་རྣམས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར། གཟུགས་ནི་གཟུགས་ཀྱིས་སྟོང་སྟེ་དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ་སྔ་མ་བཞིན་ནོ། །གཉིས་ཆར་རང་བཞིན་མེད་ཉིད་ནི། །ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །ཇི་སྐད་དུ། ཕྱི་དང་ནང་གི་ཆོས་རྣམས་ཕྱི་དང་ནང་གི་ཆོས་རྣམས་ཀྱི་རང་བཞིན་མེད་པ་ཉིད་ནི་ཕྱི་དང་ནང་གི་སྟོང་པ་ཉིད་དོ་ཞེས་གསུངས་ཏེ་སྔ་མ་བཞིན་ནོ། །ཆོས་རྣམས་རང་བཞིན་མེད་པ་ཉིད། །མཁས་པས་སྟོང་པ་ཉིད་ཅེས་བསྙད། །སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱི། །ངོ་བོས་སྟོང་པར་འདོད་པ་ཡིན། །སྟོང་ཉིད་ཅེས་བྱའི་སྟོང་ཉིད་གང་། །སྟོང་ཉིད་སྟོང་ཉིད་དུ་འདོད་དེ། །སྟོང་ཉིད་དངོས་པོའི་བློ་ཅན་གྱི། །འཛིན་པ་ཟློག་ཕྱིར་གསུངས་པ་ཡིན། །ཇི་སྐད་དུ། དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་སྟོང་པ་ཉིད་སྟོང་པ་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་སོ། །གང་དག་སྟོང་པ་ཉིད་ལ་ཡང་དངོས་པོར་མངོན་པར་ཞེན་པ་དེ་དག་གི་སྟོང་པ་ཉིད་ལ་དངོས་པོར་འཛིན་པ་བཟློག་པའི་དོན་དུ་ཉེ་བར་བསྟན་ཏེ། ཇི་སྐད་དུ། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ལ་དེ་ལའང་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་གསུངས་སོ། །སེམས་ཅན་སྣོད་ཀྱི་འཇིག་རྟེན་ནི། །མ་ལུས་ཁྱབ་བྱེད་ཉིད་ཕྱིར་དང་། །ཚད་མེད་དཔེ་ཡིས་མུ་མཐའ་ནི། །མེད་ཕྱིར་ཕྱོགས་རྣམས་ཆེན་པོ་ཉིད། །ཕྱོགས་ལས་ལོགས་ཤིག་ཏུ་སེམས་ཅན་གྱི་འཇིག་རྟེན་མེད་ཅིང་སྣོད་ཀྱི་འཇིག་རྟེན་མེད་པས་འགྲོ་བ་མ་ལུས་པ་ལ་ཁྱབ་པར་བྱེད་པ་ཉིད་ཀྱིས་ཕྱོགས་རྣམས་ཆེན་པོ་ཉིད་དོ། །གང་གི་ཕྱིར་བྱམས་པ་ལ་སོགས་སྒོམ་པ་ནི་ཕྱོགས་ཡོངས་སུ་བཅད་ནས་སྒོམ་པས་ན། ཕྱོགས་རྣམས་ཚད་མེད་པའི་དཔེ་ཅན་དུ་གནས་པ་དེའི་ཕྱིར་མུ་མེད་པས་ཀྱང་ཆེན་པོ་ཉིད་དོ། །འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱིས། །སྟོང་པ་ཉིད་ནི་གང་ཡིན་དེ། །ཆེན་པོ་སྟོང་པ་ཉིད་ཡིན་ཏེ། །ཆེན་པོར་འཛིན་པ་བཟློག་ཕྱིར་གསུངས། །ཇི་སྐད་དུ། ཆེན་པོ་སྟོང་པ་ཉིད་གང་ཞེ་ན། ཤར་ཕྱོགས་ནི་ཤར་ཕྱོགས་ཀྱིས་སྟོང་ངོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཆེན་པོ་སྟོང་པ་ཉིད་དེ་ནི་གང་དག་ཕྱོགས་ཚད་མེད་དོ་སྙམ་དུ་ཕྱོགས་རྣམས་ལ་ཆེན་པོར་འཛིན་པ་དེ་དག་གི་འཛིན་པ་དེ་བཟློག་པའི་ཕྱིར་བསྟན་ཏེ། འདི་ལྟར་བྱེ་བྲག་པ་དག་གིས་ཕྱོགས་རྣམས་རྫས་ཉིད་དུ་རྟོགས་སོ། །དེ་ནི་དགོས་པ་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། །དེ་ནི་དེ་ཡིས་སྟོང་ཉིད་གང་། །དེ་ནི་དོན་དམ་སྟོང་ཉིད་དེ། །མྱ་ངན་འདས་དངོས་བློ་ཅན་གྱི། །འཛིན་པ་བཟློག་པར་བྱ་བའི་ཕྱིར། །དོན་དམ་མཁྱེན་པས་དོན་དམ་པ། །སྟོང་པ་ཉིད་ནི་བསྟན་པ་མཛད། །ཇི་སྐད་དུ། དེ་ལ་དོན་དམ་པ་སྟོང་ཉིད་གང་ཞེ་ན། དོན་དམ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར། མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པས་སྟོང་སྟེ་ཞེས་རྒྱ་ཆེར་འབྱུང་ངོ་། །དེ་ཡང་མྱ་ངན་ལས་འདས་པ་ལ་དངོས་པོར་མངོན་པར་ཞེན་པ་རྣམས་ཀྱི་དངོས་པོར་འཛིན་པ་བཟློག་པར་བྱ་བའི་ཕྱིར་གསུངས་སོ། །དོན་གྱི་སྒྲ་ནི་དགོས་པའི་ཚིག་གམ་ཤེས་བྱའི་ཚིག་གོ །རྐྱེན་ལས་བྱུང་ཕྱིར་ཁམས་གསུམ་པོ། །འདུ་བྱས་ཡིན་པར་ངེས་པར་བསྙད། །དེ་ནི་དེ་ཡིས་སྟོང་ཉིད་གང་། །དེ་ནི་འདུས་བྱས་སྟོང་ཉིད་གསུངས། །ཇི་སྐད་དུ། དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་ཁམས་གསུམ་མོ། །དེ་ལ་འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་སྟེ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །གང་ལ་སྐྱེ་གནས་མི་རྟག་ཉིད། །དེ་དག་མེད་པ་འདུས་མ་བྱ། །དེ་ནི་དེ་ཡིས་སྟོང་ཉིད་གང་། །དེ་ནི་འདུས་མ་བྱས་སྟོང་ཉིད། །དེ་ཡིས་ཞེས་བྱ་བ་ནི་འདུས་མ་བྱས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་མ་བྱས་ཞེས་བྱ་བ་ནི། གང་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འཇིག་པ་མེད་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་ཉིད་མེད་པའོ། །དེ་ལ་འདུས་མ་བྱས་ནི་འདུས་མ་བྱས་ཀྱིས་སྟོང་སྟེ་ཞེས་གསུངས་པ་ལྟ་བུ་སྟེ་སྔ་མ་བཞིན་ནོ། །གང་ལ་མཐའ་ནི་ཡོད་མིན་པ། །དེ་ནི་མཐའ་ལས་འདས་པར་བརྗོད། །དེ་དེ་ཁོ་ནས་སྟོང་པ་ཉིད། །མཐའ་ལས་འདས་པ་སྟོང་ཉིད་བསྙད། །ཇི་སྐད་དུ། དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། མཐའ་ཞེས་བྱ་བ་ནི་རྟག་པའི་མཐའ་དང་ཆད་པའི་མཐའ་སྟེ། གང་ལ་མཐའ་ཡོད་པ་མ་ཡིན་པ་དེ་ནི་མཐའ་ལས་འདས་པའོ། །མཐའ་ལས་འདས་པ་ནི་མཐའ་ལས་འདས་པས་སྟོང་སྟེ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཐོག་མ་དང་པོ་ཐ་མ་མཐའ། །དེ་དག་མེད་པས་འཁོར་བ་ནི། །ཐོག་མ་ཐ་མ་མེད་པར་བརྗོད། །འགྲོ་འོང་བྲལ་ཕྱིར་རྨི་ལམ་ལྟའི། །སྲིད་འདི་དེ་ཡིས་དབེན་ཉིད་གང་། །དེ་ནེ་ཐོག་མ་དང་ཐ་མ། །མེད་པ་སྟོང་པ་ཉིད་དོ་ཞེས། །བསྟན་བཅོས་ལས་ནི་ངེས་པར་བསྙད། །ཇི་སྐད་དུ། དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་ཐོག་མ་དང་ཐ་མ་མི་དམིགས་པ་དེ་ལ་དབུས་མེད་ཅིང་། གང་ལ་ཐོག་མ་དང་ཐ་མ་དང་དབུས་མ་དམིགས་པ་དེ་ལ་འོང་བ་དང་འགྲོ་བ་མེད་དོ། །དེ་ལ་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར། ཐོག་མ་དང་ཐ་མ་དང་དབུས་རྣམས་ནི་ཐོག་མ་དང་ཐ་མ་དང་དབུས་རྣམས་ཀྱིས་སྟོང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཐོག་མ་ཞེས་བྱ་བ་ནི་དང་པོ་ལ་བྱའོ། །ཐ་མ་ཞེས་བྱ་བ་ནི་མཐའོ། །དོར་བ་ཞེས་བྱ་འཐོར་བ་དང་། །འབོར་བ་ལ་ནི་ངེས་པར་བརྗོད། །དོར་མེད་སྟོང་པ་མེད་པ་སྟེ། །འགའ་ཡང་འབོར་མེད་གང་ཡིན་པའོ། །དོར་བ་མེད་པ་དེ་ཉིད་ཀྱིས། །དེ་ཉིད་སྟོང་པ་ཉིད་གང་ཡིན། །དེ་དེའི་ཕྱིར་ན་དོར་མེད་པ། །སྟོང་པ་ཉིད་ཅེས་བྱ་བར་བརྗོད། །ཇི་སྐད་དུ། དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན། དོར་བ་ནི་འཐོར་བ་དང་འབོར་བ་དང་གཏོང་བའོ། །དེ་ལ་དོར་བ་མེད་པ་ནི་དོར་བ་མེད་པས་སྟོང་སྟེ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དོར་བ་ནི་གཏོང་བ་ཡིན་ལ་དོར་བ་མེད་པ་ནི་གང་ལ་འགའ་ཡང་གཏོང་བ་མེད་པའོ་ཞེས་བྱ་བའི་དོན་ཏོ། །འདུས་བྱས་ལ་སོགས་ངོ་བོ་ཉིད། །གང་ཕྱིར་སློབ་མ་རང་སངས་རྒྱས། །རྒྱལ་སྲས་དེ་བཞིན་གཤེགས་རྣམས་ཀྱིས། །མ་མཛད་དེ་ཕྱིར་འདུས་བྱས་ལ། །སོགས་པ་རྣམས་ཀྱི་ངོ་བོ་ཉིད། །རང་བཞིན་ཉིད་དུ་བསྙད་པ་སྟེ། །དེ་ཉིད་ཀྱིས་དེ་སྟོང་ཉིད་གང་། །དེ་ནི་རང་བཞིན་སྟོང་པ་ཉིད། །ཇི་སྐད་དུ། དེ་ལ་རང་བཞིན་སྟོང་པ་ཉིད་གང་ཞེ་ན། གང་ཆོས་རྣམས་ཀྱི་རང་བཞིན་མ་བྱས་ཤིང་མངོན་པར་འདུས་མ་བྱས་པ་སྟེ། དེ་ནི་ཉན་ཐོས་རྣམས་ཀྱིས་མ་བྱས་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཁམས་བཅོ་བརྒྱད་དང་རེག་དྲུག་དང་། །དེ་ལས་བྱུང་བའི་ཚོར་བ་དྲུག །གཟུགས་ཅན་གཟུགས་ཅན་མིན་དེ་བཞིན། །འདུས་བྱས་འདུས་མ་བྱས་ཆོས་རྣམས། །ཆོས་དེ་དག་ནི་ཐམས་ཅད་ཀྱི། །དེ་དག་གིས་དབེན་སྟོང་ཉིད་གང་། །ཡིན་པ་འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཇི་སྐད་དུ། དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་རྣམས་དང་། འདུས་མ་བྱས་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ་ཁམས་བཅོ་བརྒྱད་ནི། ནང་གི་སྐྱེ་མཆེད་དྲུག་དང་ཕྱིའི་དྲུག་དང་རྣམ་པར་ཤེས་པའི་ཚོགས་དྲུག་གོ །རེག་པ་དྲུག་ནི་མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བའི་བར་རོ། །རེག་པའི་རྒྱུ་ཅན་གྱི་ཚོར་བ་ཡང་དྲུག་གོ །དེ་ལ་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་ངོ་། །གཟུགས་རུང་ལ་སོགས་དངོས་མེད་གང་། །དེ་ནི་རང་མཚན་སྟོང་པ་ཉིད། །ཡང་གཟུགས་ལ་སོགས་པ་རྣམས་ཀྱི་རང་གི་མཚན་ཉིད་ཅི་ཡིན་ཞེ་ན། རྒྱས་པར་བསྟན་པའི་ཕྱིར་བཤད་པ། གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །ཚོར་བ་མྱོང་བའི་བདག་ཉིད་ཅན། །འདུ་ཤེས་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་པའོ། །ཡུལ་ལ་སོ་སོར་རྣམ་རིག་པ། །རྣམ་ཤེས་རང་གི་མཚན་ཉིད་དེ། །ཕུང་པོ་སྡུག་བསྔལ་རང་མཚན་ཉིད། །ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདོད། །འཛིན་པར་ཆོས་མཐུན་པའི་སྒོ་ནས་ཁམས་རྣམས་ནི་སྦྲུལ་གདུག་པའི་མཚན་ཉིད་ཅན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེ་མཆེད་རྣམས་ནི་སངས་རྒྱས་ཀྱིས། །སྐྱེ་བའི་སྒོར་གྱུར་ཉིད་དུ་གསུངས། །ཏེ་སྡུག་བསྔལ་འབྱུང་ཞིང་སྐྱེ་བའི་སྒོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་འདུ་འཕྲོད་མཚན་ཉིད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད་ཅན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་འདུ་འཕྲོད་ཀྱི་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་རོ། །གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། །ཚུལ་ཁྲིམས་གདུང་མེད་མཚན་ཉིད་བཟོད། །ཁྲོ་མེད་མཚན་ཉིད་བརྩོན་འགྲུས་ཀྱི། །ཁ་ན་མ་ཐོ་མེད་ཉིད་དོ། །བརྩོན་འགྲུས་ནི་དགེ་བ་ཡོངས་སུ་འཛིན་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །བསམ་གཏན་སྡུད་པའི་མཚན་ཉིད་ཅན། །ཏེ་དགེ་བའི་ཆོས་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་ཆགས་མེད་མཚན་ཉིད་དོ། །མྱ་ངན་ལས་འདས་པར་བགྲོད་པའི་ཕྱིར་འགའ་ལ་ཡང་ཆགས་པ་མེད་པའི་ཕྱིར་རོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །མཚན་ཉིད་འདི་དག་ཡིན་པར་བརྗོད། །བསམ་གཏན་རྣམས་དང་ཚད་མེད་དང་། །དེ་བཞིན་གཞན་གང་གཟུགས་མེད་པ། །དེ་དག་ཡང་དག་མཁྱེན་པ་ཡིས། །མི་འཁྲུགས་མཚན་ཉིད་ཅན་དུ་གསུངས། །དེ་དག་ནི་བཅོམ་ལྡན་འདས་ཀྱིས་ཁྲོ་བ་མེད་པའི་མཚན་ཉིད་ཅན་དུ་གསུངས་ཏེ། དེ་དག་ཁོང་ཁྲོ་བ་སྤངས་པས་འཐོབ་པའི་ཕྱིར་རོ། །བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ངེས་པར་འབྱུང་བྱེད་རང་མཚན་ཉིད། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ་ཐར་པའོ་ཞེས་བྱ་བའི་དོན་ཏོ། །འཁོར་བ་ལས་འདའ་བའི་རྒྱུ་ཡིན་པའི་ཕྱིར་ངེས་པར་འབྱུང་བར་བྱེད་པར་ནུས་པས་ངེས་པར་འབྱུང་བར་བྱེད་པ་སྟེ། ཐར་པ་ཐོབ་པར་བྱེད་པའི་མཚན་ཉིད་ཅན་ནོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་ལ་སོགས་པ་དག་ནི་སྔར་བཤད་ཟིན་ཏོ། །སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །དམིགས་པ་མེད་པས་རྣམ་དབེན་ཉིན། །དངོས་པོ་མ་དམིགས་པས་རྣམ་པར་རྟོག་པའི་དྲི་མས་ཉེ་བར་མ་སྦགས་པའི་ཕྱིར་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་རྣམ་པར་དབེན་པའི་མཚན་ཉིད་ཅན་ནོ། །མཚན་མ་མེད་པ་ཞི་ཉིད་དེ། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང་། །གཏི་མུག་མེད། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་མཚན་མ་མ་དམིགས་པའི་སྒོ་ནས་ཞི་བའི་མཚན་ཉིད་ཅན་ནོ། །གསུམ་པའི་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཞེས་བྱ་བའི་དོན་ཏོ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་འདི་ནི་སྡུག་བསྔལ་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ཏེ། འདུ་བྱེད་སྡུག་བསྔལ་གྱི་བདག་ཉིད་ཅན་རྣམས་ལ་ཡང་དག་པར་རྗེས་སུ་ལྟ་ཞིང་ཤེས་རབ་ཀྱིས་འདུ་བྱེད་ཀྱི་རང་བཞིན་ལ་ལྟ་བ་ན་སྨོན་པར་མི་བྱེད་པའི་ཕྱིར་ན། རྣམ་པར་ཐར་པའི་སྒོ་གསུམ་པ་ནི་སྡུག་བསྔལ་དང་གཏི་མུག་མེད་པའི་མཚན་ཉིད་ཅན་ནོ། །རྣམ་ཐར་རྣམས་ཀྱི། །མཚན་ཉིད་རྣམ་པར་གྲོལ་བྱེད་པའོ། །རྣམ་པར་ཐར་པའི་བརྒྱད་ནི་འདི་ལྟ་སྟེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་བསམ་གཏན་བཞི་པའི་བདག་ཉིད་ཅན་ནི་གསུམ་པའོ། །གཟུགས་མེད་པ་བཞི་ནི་ཇི་སྐད་བཤད་པ་བཞིན་ནོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི་བརྒྱད་པ་སྟེ། རྣམ་པར་ཐར་པ་འདི་དག་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་གྲོལ་བར་བྱེད་པའི་ཕྱིར་རྣམ་པར་གྲོལ་བར་བྱེད་པའི་མཚན་ཉིད་ཅན་ནོ། །སྟོབས་རྣམས་ཤིན་ཏུ་རྣམ་པར་ནི། །གཏན་ལ་འབེབས་པའི་རང་བཞིན་གསུངས། །འཆད་པར་འགྱུར་བའི་སྟོབས་བཅུ་ནི་ཤིན་ཏུ་གཏན་ལ་འབེབས་པའི་མཚན་ཉིད་ཅན་དུ་རིག་པར་བྱ་སྟེ། ཤིན་ཏུ་རྣམ་པར་གཏན་ལ་འབེབས་པ་ཉིད་ཀྱིས་ཐོགས་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ན་སྟོབས་རྣམས་ཞེས་བྱའོ། །སྐྱོབ་པའི་མི་འཇིགས་པ་རྣམས་ནི། །ཤིན་ཏུ་བརྟན་པའི་ངོ་བོ་ཡིན། །མི་འཇིགས་པ་ནི་བཞི་ཡིན་ཏེ། །འདི་ལྟ་སྟེ། ང་ཡང་དག་པར་རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་ན། ཀྱེ་མ་དེ་ལ་ཆོས་འདི་རྣམས་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་མཐུན་པར་བདག་ལ་རྒོལ་ལོ་སྙམ་པའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་རྒྱས་པར་འབྱུང་ཞིང་། ཀྱེ་མ་ང་ཟག་པ་ཟད་དོ་ཞེས་དམ་བཅས་ན། ཀྱེ་མ་དེ་ལ་ཟག་པ་འདི་རྣམས་ཟད་པར་མ་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ངས་གང་བར་དུ་གཅོད་པའི་ཆོས་སུ་བསྟན་པ་དེ་དེ་དག་བསྟེན་ན་བར་དུ་གཅོད་པའི་ཆོས་སུ་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གང་ཡང་ངས་ལམ་འཕགས་པའི་ངེས་པར་འབྱིན་པ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་ངེས་པར་འབྱུང་བ་བསྟན་པ་དེ་དག་ལ་ནན་ཏན་བྱས་ན། སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བར་ངེས་པར་མི་འབྱུང་ངོ་ཞེས་བྱ་བ་དེ་ལྟ་བུའི་གནས་མེད་དེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདི་དག་ནི་ཤིན་ཏུ་བརྟན་པའི་མཚན་ཉིད་ཅན་ཏེ་སུས་ཀྱང་གཞན་དུ་འགྱུར་བར་བྱ་བར་མི་ནུས་པའི་ཕྱིར་རོ། །སོ་སོ་ཡང་དག་རིག་རྣམས་ནི། །སྤོབས་སོགས་ཆད་མེད་མཚན་ཉིད་ཅན། །སོ་སོ་ཡང་དག་པར་རིག་པ་རྣམས་ནི། འཆད་པར་འགྱུར་པ་རྣམས་ཏེ་དེ་དག་ནི་ཆད་པ་མེད་པའི་མཚན་ཉིད་ཅན་ནོ། །འགྲོ་ལ་ཕན་པ་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱ་འོ། །བྱམས་པ་ཆེན་པོ་ནི་ཕན་པ་ཉེ་བར་སྒྲུབ་པའི་མཚན་ཉིད་ཅན་ནོ། །སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པ། །ཐུགས་རྗེ་ཆེན་པོའོ། །ཐུགས་རྗེ་ཆེན་པོ་ནི། སེམས་ཅན་སྡུག་བསྔལ་བར་གྱུར་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན་ནོ། །དགའ་བ་ནི། རབ་དགའི་མཚན་ཉིད། དགའ་བ་ཆེན་པོ་ནི། རབ་ཏུ་དགའ་བ་ཉིད་ཀྱི་མཚན་ཉིད་ཅན་ནོ། །བཏང་སྙོམས་ནི། །མ་འདྲེས་མཚན་ཉིད་ཅན་ཞེས་བྱ། །བཏང་སྙོམས་ཆེན་པོ་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་མ་འདྲེས་པའི་མཚན་ཉིད་ཅན་ནོ། །སངས་རྒྱས་ཆོས་ནི་མ་འདྲེས་པ། །བཅུ་དང་བརྒྱད་དུ་གང་འདོད་དག །གང་ཕྱིར་སྟོན་དེས་མི་འཕྲོགས་པ། །དེ་ཕྱིར་མི་འཕྲོགས་རང་མཚན་ཉིད། །དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅོ་བརྒྱད་དེ། འདི་ལྟ་སྟེ། རབ་འབྱོར་གང་གི་ནམ་ལ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དག་དང་། གང་གི་ནམ་ལ་ལེན་པ་མི་མངའ་བར་མྱ་ངན་ལས་འདས་པར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །བསྙེལ་བ་མི་མངའོ། །ཐུགས་མཉམ་པར་མ་གཞག་པ་མི་མངའོ། །དེ་བཞིན་དུ་ཐ་དད་པའི་འདུ་ཤེས་དང་སོ་སོར་མ་བརྟགས་པའི་བཏང་སྙོམས་དང་། འདུན་པ་ཉམས་པ་དང་། བརྩོན་འགྲུས་ཉམས་པ་དང་། དྲན་པ་ཉམས་པ་དང་། ཏིང་ངེ་འཛིན་ཉམས་པ་དང་། ཤེས་རབ་ཉམས་པ་དང་། རྣམ་པར་གྲོལ་བ་ཉམས་པ་མི་མངའོ། །ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག མ་འོངས་པ་དང་ད་ལྟར་བྱུང་བ་ལ་ཡང་དེ་ལྟར་བརྗོད་པར་བྱའོ། །དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་དག་ཡིན་པ་དེ་དག་ནི་མི་འཕྲོགས་པའི་མཚན་ཉིད་ཅན་ཏེ། འཁྲུལ་པ་ལ་སོགས་པ་མི་མངའ་བས་གླགས་མེད་པ་ཉིད་ཀྱིས་ཐུབ་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་དག་གི་བཤད་པ་ནི་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས་རིག་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་གང་གི་ཕྱིར་དེའི་ལུས་འཁྲུལ་པའི་བྱིས་པའམ་མཁས་པས་ཀྱང་རུང་སྟེ། ཆོས་དང་མཐུན་པར་རྩོད་པར་འགྱུར་བའི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལུས་ཀྱི་ལས་འཁྲུལ་པ་མེད་པ་དང་ལྡན་པ་སྟེ། ཀུན་ཏུ་ལྟ་བ་དང་རྣམ་པར་ལྟ་བ་དང་བསྐུམ་པ་དང་རྐྱོང་བ་དང་། ཆོས་གོས་སྦྱར་མ་དང་། ཐང་པ་དང་། ལྷུང་བཟེད་དང་། ཆོས་གོས་ཐོགས་པས་སྤྱོད་ལམ་མཛེས་པར་སྤྱོད་ལམ་བཞི་ཡོད་པ་དང་། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དུ་འཇུག་པ་དང་འབྱུང་བ་ན་རྐང་མཐིལ་ས་ལ་མི་རིག་སྟེ། འཁོར་ལོ་རྩིབས་སྟོང་པ་ས་ལས་འབྱུང་ཞིང་དྲི་ཡིད་དུ་འོང་བའི་པདྨ་མངོན་པར་འབྱུང་སྟེ། དེ་ལ་དེ་བཞིན་གཤེགས་པའི་རྐང་པ་འཇོག་གོ །དེ་ལ་གང་བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་རྐང་པ་ལ་རེག་པ་དེ་དག་ཞག་བདུན་རབ་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ལ་ཆོས་གོས་སོར་བཞི་ཙམ་གྱིས་མི་རེག་མོད་ཀྱིས། རྫི་རླུང་ཡུག་པའི་རླུང་གིས་ཀྱང་བཟློག་པར་མི་ནུས་སོ། །ལུས་ཀྱི་འོད་ཀྱིས་མནར་མེད་པའི་བར་གྱི་སེམས་ཅན་བདེ་བར་བྱེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ལ་འཁྲུལ་པ་མེད་ཅེས་བྱའོ། །བྱིས་པའམ་མཁས་པ་དག་ཀྱང་རུང་སྟེ། ཆོས་དང་མཐུན་པར་རྩོད་པར་འགྱུར་བའི་ངག་གི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་དུས་སུ་སྨྲ་བ། ཚིག་ཏུ་སྨྲ་བ། ཡང་དག་པར་སྨྲ་བ། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པའོ། །ཤིན་ཏུ་ངེས་པའི་ཚིག་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཚིག་དང་ལྡན་པའོ། །མི་ཟློས་པའི་ཚིག་དང་ལྡན་པའོ། །དོན་དང་ཚིག་འབྲུས་བརྒྱན་པའི་ཚིག་དང་ལྡན་པའོ། །སྐད་ཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམ་པར་བྱེད་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ངག་འཁྲུལ་པ་མེད་ཅེས་བྱའོ། །གང་གི་ཕྱིར་དེའི་སེམས་འཁྲུལ་པས་བྱིས་པའམ་མཁས་པས་ཀྱང་རུང་སྟེ། ཆོས་དང་མཐུན་པར་རྩོད་པར་འགྱུར་བའི་སེམས་འཁྲུལ་པ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མཉམ་པར་གཞག་པའི་གནས་མི་འདོར་ཞིང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་ཀྱང་སེམས་དེར་མི་གཏོང་ཞིང་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་འཇུག་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་སེམས་ལ་འཁྲུལ་པ་མེད་ཅེས་བྱའོ། །ཇི་ལྟར་དེའི་སེམས་འཁྲུལ་པ་མེད་པ་དེ་བཞིན་འཁྲུལ་པ་ཐམས་ཅད་སྤངས་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་བཅོ་ལྔ་པའོ། །འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་དང་པོའོ། །རིགས་ཀྱི་བུ་གཞན་ཡང་དེའི་ཅ་ཅོ་གང་ལས་བདུད་དམ་བདུད་ཀྱི་རིས་ཀྱི་ལྷའམ་གཞན་མུ་སྟེགས་ཅན་དག་གིས་གླགས་རྙེད་པར་འགྱུར་བའི་ཅ་ཅོ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་ཅ་ཅོའམ་རྗེས་སུ་ཅ་ཅོ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བ། སེམས་ཅན་ཐམས་ཅད་ཀྱིས་བཀུར་སྟི་བྱས་ཀྱང་མཐོ་བར་མི་སེམས། སེམས་ཅན་ཐམས་ཅད་ཀྱིས་བཀུར་སྟི་མ་བྱས་ཀྱང་སྲོ་ཤི་བར་མི་འགྱུར་རོ། །གང་གི་ཕྱིར་དེ་འགྱོད་པས་རྗེས་སུ་ཅ་ཅོ་འབྱུང་བར་འགྱུར་བ་བྱ་དཀའ་བའི་བྱ་བའམ། མཐར་མ་ཕྱིན་པ་ཅུང་ཟད་ཀྱང་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་བཞིན་གཤེགས་པ་ནི་འཇིག་རྟེན་གང་དང་ཡང་རྩོད་པ་མ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཅ་ཅོ་མེད་དོ། །དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་མེད་པ་ལ་གནས་པ་སྟེ། ང་ཡི་བ་མེད་པ། ཡོངས་སུ་འཛིན་པ་མེད་པ། ལེན་པ་མེད་པ། མདུད་པ་ཐམས་ཅད་དང་བྲལ་བ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་ཅ་ཅོ་མེད་དོ། །ཇི་ལྟར་དེ་ལ་ཅ་ཅོ་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཅ་ཅོ་ཐམས་ཅད་སྤང་པའི་ཕྱིར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་བཅུ་དྲུག་པའོ། །འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་གཉིས་པའོ། །རིགས་ཀྱི་བུ་གཞན་ཡང་བསྙེལ་བ་གང་གིས་ཆོས་གང་ལ་ཡང་རྨོངས་པར་འགྱུར་བའི་བསྙེལ་བ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེན། དེ་བཞིན་གཤེགས་པ་ནི་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་བསྙེལ་བ་མེད་དོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་གཡོ་བ་ལ་རྣམ་པར་ལྟ་ཞིང་སོ་སོ་ཅི་རིགས་པར་ཆོས་སྟོན་པ་ལ་བསྙེལ་བ་མེད་དོ། །དེ་བཞིན་གཤེགས་པ་ནི་དོན་དང་ཆོས་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ལ་བསྙེལ་བ་མེད་དོ། །དེ་བཞིན་གཤེགས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ལ་ཆགས་པ་མེད་པའི་ཡེ་ཤེས་མཐོང་བ་ལ་བསྙེལ་བ་མེད་དོ། །དེ་བཞིན་གཤེགས་པ་ཇི་ལྟར་བདག་ལ་བསྙེལ་བ་མེད་པ་དེ་ལྟར་སེམས་ཅན་ཐམས་ཅད་བརྗེད་པར་མི་འགྱུར་བར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་བཅུ་བདུན་པའོ། །འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་གསུམ་པའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་གཞག་པ་མེད་དེ། དེ་བཞིན་གཤེགས་པ་ནི་འཆག་གམ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྟག་ཏུ་མཉམ་པར་གཞག་པའི་ཏིང་ངེ་འཛིན་ཟབ་མོའི་མཆོག་ཐོབ་པ་སྒྲིབ་པ་མེད་པའི་བསམ་གཏན་ལ་བསམ་གཏན་བྱེད་པ་སྟེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་མ་གཏོགས་པར་སེམས་ཅན་གྱི་རིགས་ན་སེམས་ཅན་གང་མཉམ་པར་གཞག་ཀྱང་རུང་མཉམ་པར་མ་གཞག་ཀྱང་རུང་སྟེ། སུ་ཡང་དེ་བཞིན་གཤེགས་པའི་སེམས་ལ་ལྟ་བར་ནུས་པ་མེད་དོ། །དེ་བཞིན་གཤེགས་པ་ཇི་ལྟར་རྟག་ཏུ་མཉམ་པར་གཞག་པ་དེ་ལྟར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་བཅོ་བརྒྱད་པའོ། །འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཞི་པའོ། །རིགས་ཀྱི་བུ་གཞན་ཡང་ཐ་དད་པའི་འདུ་ཤེས་གང་གིས་སེམས་མི་མཉམ་པར་གནས་པར་འགྱུར་བའི་ཐ་དད་པའི་འདུ་ཤེས་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་བཞིན་དུ་ཞིང་མི་ཟད་པའི་ཕྱིར་དེ་བཞིན་གཤེགས་པ་ཞིང་རྣམས་ལ་ཐ་དད་པའི་འདུ་ཤེས་མེད་དོ། །རང་བཞིན་གྱིས་བདག་མེད་པའི་ཕྱིར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་ཐ་དད་པའི་འདུ་ཤེས་མེད་དོ། །ཆོས་ཀྱི་དབྱིངས་འདྲེས་པ་མེད་ཅིང་མཉམ་པ་ཉིད་དུ་ཤེས་པའི་ཕྱིར། དེ་བཞིན་གཤེགས་པ་སངས་རྒྱས་རྣམས་ལ་ཐ་དད་པའི་འདུ་ཤེས་མེད་དོ། །འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཆོས་རྣམས་ལ་ཐ་དད་པའི་འདུ་ཤེས་མེད་དོ། །དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་རྗེས་སུ་ཆགས་པ་མེད། ངང་ཚུལ་ངན་པ་ཅན་རྣམས་ལ་ཁོང་ཁྲོ་བ་མེད། ཕན་བཏགས་པ་རྣམས་ལ་ལན་དུ་ཕན་འདོགས་པ་མེད། གནོད་པ་བྱས་པ་རྣམས་ལ་ལན་དུ་གནོད་པ་བྱེད་པ་མེད། གདུལ་བར་འོས་པ་རྣམས་ལ་རི་མོར་མ་ཡིན། ལོག་པར་ངེས་པ་རྣམས་ལ་སྨོད་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་གནས་པ་སྟེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་ལྔ་པའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་ལ་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་བཏང་སྙོམས་ནི་ལམ་བསྒོམས་པ་ཡིན་གྱི་ལམ་མ་བསྒོམས་པ་མ་ཡིན་ཏེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་བཏང་སྙོམས་ནི་ཤེས་རབ་བསྒོམས་པ་ཡིན་གྱི་མ་བསྒོམས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་བཏང་སྙོམས་ནི་ཡེ་ཤེས་དང་ལྡན་པ་ཡིན་པ་དང་། འཇིག་རྟེན་ལས་འདས་པ་ཡིན་གྱི་འཇིག་རྟེན་པར་ལྟུང་བ་མ་ཡིན་ནོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་ནི་བཏང་སྙོམས་ཆེན་པོ་དེ་ལྟ་བུ་ཕུན་སུམ་ཚོགས་པ། སེམས་ཅན་རྣམས་ལ་བཏང་སྙོམས་དེ་ལྟ་བུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་ལས་ཉི་ཤུ་པའོ་ཞེས་བྱ་བའི་བར་དུ་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་དྲུག་པའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་འདུན་པ་ཉམས་པ་མེད་པའོ། །དེ་ལ་འདུན་པ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་ལ་འདུན་པའོ། །དེ་ཡང་གང་ཞེ་ན། བྱམས་པ་ཆེན་པོ་ལ་དེ་བཞིན་གཤེགས་པའི་འདུན་པ་ཉམས་པ་མེད་དོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་དང་། ཆོས་སྟོན་པ་དང་། སེམས་ཅན་འདུལ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། རབ་ཏུ་དབེན་པ་དང་། སེམས་ཅན་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ལ་འདུན་པ་ཉམས་པ་མེད་དོ། །དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པ་ལ་འདུན་པ་ཉམས་པ་མེད་དོ། །དེ་བཞིན་གཤེགས་པ་ནི་འདུན་པས་འགྲོ་བ་མ་ཡིན་གྱི། དེ་བཞིན་གཤེགས་པའི་འདུན་པ་ནི་ཡེ་ཤེས་སྔོན་དུ་འགྲོ་བ་ཉིད་དེ་དེའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བདུན་པའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་བརྩོན་འགྲུས་ཉམས་པ་མེད་དོ། །དེ་ལ་དེ་བཞིན་གཤེགས་པའི་བརྩོན་འགྲུས་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདུལ་བའི་སེམས་ཅན་རྣམས་ཡལ་བར་མི་འདོར་བའི་བརྩོན་འགྲུས་དང་། ཆོས་ཉན་པ་རྣམས་ལ་བརྙས་པ་མེད་པའི་བརྩོན་འགྲུས་སོ། །གལ་ཏེ་དེ་བཞིན་གཤེགས་པས་ཆོས་ཀྱི་སྣོད་ཆོས་ཉན་པ་གང་བསྐལ་པར་ཡང་ཆོས་ཉན་པས་སྐྱོ་བར་མི་འགྱུར་བ་རྙེད་ན་དེ་བཞིན་གཤེགས་པ་ཡང་ཆོས་སྟོན་ཞིང་ཁ་ཟས་དང་བྲལ་བའི་རྒྱུད་དུ་གྱུར་ཀྱང་བསྐལ་པར་ཡང་མི་ལྡང་ངོ་། །དེ་བཞིན་གཤེགས་པ་ནི་སེམས་ཅན་ལ་ལྟ་བས་ཐ་ན་གང་ན་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གཅིག་གི་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདའ་ཞིང་འགྲོ་སྟེ། དེ་བཞིན་གཤེགས་པ་ལ་ལུས་ངལ་བའམ་ངག་ངལ་བའམ་སེམས་ངལ་བ་མེད་དོ། །དེ་བཞིན་གཤེགས་པ་ནི་སེམས་ཤིན་ཏུ་སྦྱངས་པ་བརྩོན་འགྲུས་བརྩམས་པ་བརྩོན་འགྲུས་ཀྱི་བསྔགས་པ་སྨྲ་བ་སྟེ། ཡང་དག་པར་སྦྱོར་བའི་བརྩོན་འགྲུས་གང་གིས་སེམས་ཅན་རྣམས་འཕགས་པའི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བའི་བརྩོན་འགྲུས་དེ་སེམས་ཅན་རྣམས་ལ་བསྔགས་པ་བྱེད་དེ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བརྒྱད་པའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་དྲན་པ་ནི་ཡོང་ཡེ་ཉམས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་བསྙེལ་བ་མེད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་རྣམ་པར་བལྟས་ཀྱང་དེ་བཞིན་གཤེགས་པ་ལ་བསྙེལ་བ་ཤིན་ཏུ་མེད་དོ། །སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་ཀྱང་དེ་ལ་དེ་བཞིན་གཤེགས་པས་ཡེ་ཤེས་གཏོང་བ་ཡང་མེད་དོ། །དེ་བཞིན་གཤེགས་པས་ནི་ཕུང་པོ་གསུམ་དུ་རྣམ་པར་དགོད་པ་དང་། སེམས་ཅན་གྱི་དབང་པོ་ལ་འཇུག་པ་དང་། སེམས་ཅན་གྱི་བསམ་པ་ལ་འཇུག་པ་དང་། སེམས་ཅན་གྱི་སྤྱོད་པ་ལ་རྣམ་པར་ལྟ་བས་དྲན་པ་ཉམས་པ་མེད་དེ། དེ་བཞིན་གཤེགས་པ་ནི་དྲན་པར་བྱས་སམ་བསམ་སམ་རྣམ་པར་བརྟགས་ཏེ་སེམས་ཅན་རྣམས་ལ་ཆོས་སྟོན་པ་མེད་དོ། །སྟོན་ཀྱང་ཉམས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་དྲན་པ་ནི་ཇི་ལྟར་ཡང་ཉམས་པ་མེད་དོ། །དེ་ཇི་ལྟར་བདག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་དགུ་པའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་དོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དང་མི་མཉམ་པ་མ་ཡིན་པ་དང་ཇི་ལྟ་བ་བཞིན་ནོ། །ཅིའི་ཕྱིར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པར་མི་འགྱུར་ཞེ་ན། དེ་བཞིན་ཉིད་གང་དང་མཉམ་པ་དེ་དང་ཏིང་ངེ་འཛིན་མཉམ་མོ། །ཏིང་ངེ་འཛིན་གང་དང་མཉམ་པ་དེ་དང་དེ་བཞིན་གཤེགས་པ་མཉམ་པ་སྟེ། དེའི་ཕྱིར་མཉམ་པར་གཞག་པ་ཞེས་བྱའོ་ཞེས་བྱ་བ་ནས་ཁམས་གསུམ་ཆར་ལ་ཡང་མི་གནས་པའི་ཕྱིར་ཉམས་པ་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཉམས་པ་མེད་ཅེས་བྱའོ། །དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱང་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་བར་དུ་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅུ་པའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་ཤེས་རབ་ཉམས་པ་མེད་དོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་རབ་ཏུ་ཤེས་པ་སྟེ་གཞན་གྱི་དྲིང་མི་འཇོག་པའི་ཤེས་པའོ། །སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་ཆོས་ཡང་དག་པར་སྟོན་པའི་ཤེས་པའོ། །སོ་སོ་ཡང་དག་པ་རིགས་པ་ལ་མཁས་པས་ཚིག་རབ་ཏུ་དབྱེ་བ་ཤེས་པའོ། །ཚིག་གཅིག་ལ་འཇུག་པས་བསྐལ་པ་བརྒྱ་སྟོང་དུ་གནས་ཤིང་སྟོན་པ་ཤེས་པའོ། །ཇི་ལྟར་དྲིས་པ་བཞིན་དུ་ཐེ་ཚོམ་གཅོད་པའི་ཤེས་པའོ། །ཐམས་ཅད་དུ་ཆགས་པ་མེད་པའི་ཤེས་པའོ། །ཐེག་པ་གསུམ་རྣམ་པར་དགོད་པར་བསྟན་པ་ཤེས་པའོ། །སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དུ་ཡོངས་སུ་ཤེས་པའི་ཤེས་པའོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སོ་སོ་ཅི་རིགས་པར་སྟོན་པ་ཤེས་པའོ། །འདི་ནི་དེ་བཞིན་གཤེགས་པའི་ཤེས་རབ་མཐའ་ཡས་པ་ཐུག་པ་མེད་པ་ཟད་པ་མེད་པ་ཚད་མེད་པ་བསྟན་པའོ། །ཇི་ལྟར་དེ་བཞིན་གཤེགས་པ་ལ་ཉམས་པ་མེད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་མི་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་ཉི་ཤུ་རྩ་ལྔ་པའོ། །འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅུ་གཅིག་པའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ཉམས་པ་མེད་དོ། །དེ་ལ་རྣམ་པར་གྲོལ་བ་སྟེ། ཉན་ཐོས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་སྒྲའི་རྗེས་སུ་འགྲོ་བའོ། །རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་རྐྱེན་ཁོང་དུ་ཆུད་པའོ། །སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་ནི་ཆགས་པ་དང་འཛིན་པ་ཐམས་ཅད་དང་བྲལ་བས་རྣམ་པར་གྲོལ་བ་ཞེས་བྱ་སྟེ། སྔོན་གྱི་མཐར་ཡང་མ་བཅིངས། ཕྱི་མའི་མཐར་ཡང་མི་འཕོ། ད་ལྟར་བྱུང་བ་ལ་ཡང་མི་གནས་སོ། །མིག་དང་གཟུགས་ལ་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བའོ། །རྣ་བ་ལ་སོགས་པ་ཡིད་དང་ཆོས་ལ་གཉིས་སུ་འཛིན་པ་ལས་རྣམ་པར་གྲོལ་བ་སྟེ། འཛིན་པར་མངོན་པར་ཞེན་པའི་གནས་ལས་རྣམ་པར་གྲོལ་བའོ། །སེམས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་དུ་ཤེས་པ་སྟེ། དེའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱའོ། །ཞེས་བྱ་བ་ནས་ཆོས་སྟོན་ཏོ་ཞེས་བྱ་བའི་བར་དུ་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅུ་གཉིས་པའོ། །རིགས་ཀྱི་བུ་གཞན་ཡང་ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་འབྲང་ངོ་། །དེ་བཞིན་གཤེགས་པའི་ལུས་ཀྱི་ལས་དེ་དང་ལྡན་པས་ལྟ་བས་ཀྱང་སེམས་ཅན་རྣམས་འདུལ། སྨྲ་བ་དང་ཅང་མི་སྨྲ་བ་དང་ཟ་བ་དང་སྤྱོད་ལམ་དང་མཚན་དག་གིས་ཀྱང་སེམས་ཅན་རྣམས་འདུལ་ཞེས་རྒྱས་པར་འབྱུང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ལམ་གང་སེམས་ཅན་འདུལ་བར་མི་འགྱུར་བ་དེ་གང་ཡང་མེད་དོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅུ་གསུམ་པའོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པའི་ངག་གིས་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་འབྲས་བུ་ཡོད་པའི་ཆོས་སྟོན་པའོ། །ཆད་པར་ལུང་སྟོན་པའོ། །ཤིན་ཏུ་ངེས་པའི་ཚིག་སྨྲ་བའོ། །དེ་བཞིན་གཤེགས་པའི་ངག་དེ་ཡང་ཀུན་ཤེས་པར་བྱེད་པའོ། རྣམ་པར་ཤེས་པར་བྱེད་པའོ། །མི་མཐོ་བའོ། །མི་དམའ་བའོ། །མི་གཡོ་བའོ། །ལྡབ་ལྡིབ་ཅན་མ་ཡིན་པའོ་ཞེས་བྱ་བ་ལ་སོགས་པ་ནས་ནམ་མཁའི་ཚད་ནི་རྗེས་སུ་འགྲོ་བའོ། །རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའོ་ཞེས་བྱ་བའི་བར་ཡན་ལག་དྲུག་ཅུ་དང་ལྡན་པར་བརྗོད་པར་བྱ་ཞིང་། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ངག་ནི་དེ་ལྟ་བུ་སྟེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅུ་བཞི་པའོ། །གཞན་ཡང་དེ་བཞིན་གཤེགས་པའི་ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་སེམས་ཀྱིས་བརྗོད་པར་བྱ་བ་མ་ཡིན། ཡིད་ཀྱིས་མ་ཡིན། རྣམ་པར་ཤེས་པས་མ་ཡིན་གྱི། ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་སྟེ། ཡེ་ཤེས་ཀྱི་བདག་པོར་གྱུར་པའོ། །དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་སོང་བའོ་ཞེས་བྱ་བ་ནས་ཆོས་ཐམས་ཅད་ལ་ངེས་པར་བསམ་པའོ། །ལམ་གྱི་ཡན་ལག་ཤིན་ཏུ་བསྒོམ་པའོ། །ཏིང་ངེ་འཛིན་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའོ། །དམིགས་པ་ལས་ཤིན་ཏུ་འདས་པའོ། །རྐྱེན་ལས་སྐྱེ་བ་དང་བྲལ་བའོ། །སྲིད་པ་གསུམ་བསལ་བའོ། །བདུད་ཀྱི་ལས་ཐམས་ཅད་ལས་རྣམ་པར་གྲོལ་བའོ་ཞེས་བྱ་བའི་བར་དང་། ཆོས་ཀྱི་དབྱིངས་དང་དབྱེར་མེད་པ་སྟེ་དེ་བཞིན་གཤེགས་པའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་ནི་དེ་ལྟ་བུའོ། །འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་ཉི་ཤུ་རྩ་དགུ་པའོ་ཞེས་བྱ་བའི་བར་དུ་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅོ་ལྔ་པའོ། །གཞན་ཡང་འདས་པའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་གོ །འདས་པའི་དུས་ཀྱི་སངས་རྒྱས་ཀྱི་ཞིང་འབྱུང་བ་དང་ཞིག་པ་ཇི་སྙེད་པ་དེ་དག་ཐམས་ཅད་བགྲང་བའི་ཚུལ་གྱི་རབ་ཏུ་ཤེས་སོ། །དེ་དག་ན་རྩྭ་དང་ཤིང་གེལ་བ་དང་། སྨན་དང་ནགས་ཚལ་དུ་གྱུར་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་སོ། །དེ་དག་ན་སེམས་ཅན་གྱི་ཚོགས་སེམས་ཅན་དུ་བཏགས་པར་གྱུར་པ་ཇི་སྙེད་པ་དང་། སངས་རྒྱས་འབྱུང་བ་ཇི་སྙེད་པ་དང་། སངས་རྒྱས་རེ་རེས་ཆོས་བསྟན་ཞིང་བརྗོད་པ་ཇི་སྙེད་པ་དང་། ཇི་སྙེད་ཅིག་ཉན་ཐོས་ཀྱི་ཐེག་པ་ལ་བཏུལ་བ་དང་། ཇི་སྙེད་ཅིག་ཐེག་པ་ཆེན་པོ་ལ་བཏུལ་བ་དེ་དག་ཐམས་ཅད་རབ་ཏུ་ཤེས་སོ་ཞེས་བྱ་བ་རྒྱས་པར་འབྱུང་ཞིང་སེམས་ཀྱི་རྒྱུད་ཀྱང་རབ་ཏུ་ཤེས་སོ། །སེམས་གང་གི་འོག་ཏུ་སེམས་གང་བྱུང་བ་དེ་ཐམས་ཅད་ཀྱང་བགྲང་བའི་ཚུལ་གྱིས་རབ་ཏུ་ཤེས་ཏེ། དེ་ཡང་མངོན་སུམ་གྱིས་ཤེས་པ་དང་རྗེས་སུ་འགྲོ་བའི་ཤེས་པས་སོ། །དེ་ཡང་དེ་བཞིན་གཤེགས་པའི་སེམས་ཀྱི་རྒྱུད་འདས་པ་བཏང་བ་རྣམས་ཀྱང་དམིགས་སོ། །དེ་བཞིན་གཤེགས་པ་ནི་ཡེ་ཤེས་དེ་ལྟ་བུ་དང་ལྡན་པས་སེམས་ཅན་རྣམས་ལ་ཕྱད་པར་ཆོས་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ་འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅུ་དྲུག་པའོ། །རིགས་ཀྱི་བུ་གཞན་ཡང་མ་འོངས་པའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་གོ །སེམས་ཅན་ནམ་ཆོས་སམ་ཞིང་གང་དག་ཅིག་མ་འོངས་པ་ན་འབྱུང་བར་འགྱུར་བའམ་འཇིག་པར་འགྱུར་བ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ་ཞེས་བྱ་བ་རྒྱས་པར་འབྱུང་ཞིང་། མ་འོངས་པའི་སེམས་ཀྱི་རྒྱུད་བསྐལ་བར་འགྱུར་བ་མ་ཡིན་པར་མ་འོངས་པ་ལ་ལྟ་བས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་བྱ་བ་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅུ་བདུན་པའོ། །རིགས་ཀྱི་བུ་གཞན་ཡང་ད་ལྟར་བྱུང་བའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་གོ །དེ་བཞིན་གཤེགས་པས་ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་བགྲང་བའི་ཚུལ་གྱིས་རབ་ཏུ་ཤེས་སོ། །ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་རབ་ཏུ་ཤེས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནས་དངོས་པོ་ཐམས་ཅད་དང་། ས་ཡི་ཁམས་རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཆར་བརླགས་པ་ཐམས་ཅད་ཀྱི་བར་དུ་བགྲང་བའི་ཚུལ་གྱིས་རབ་ཏུ་ཤེས་ཤིང་། དེ་བཞིན་དུ་ཆུའི་ཁམས་སྐྲའི་རྩེ་མོས་བླངས་པ་བགྲང་བའི་ཚུལ་དང་། མེའི་ཁམས་ཀྱི་སྐྱེ་བ་དང་འགགས་པ་བགྲང་བའི་ཚུལ་དང་། རླུང་གི་ཁམས་ཐམས་ཅད་གཟུགས་སུ་གྱུར་པ་ལ་བབ་པའི་ཚུལ་དང་། ནམ་མཁའི་ཁམས་ཐམས་ཅད་སྐྲ་ཡི་རྩེ་མོས་རྒྱས་པར་དགང་བའི་ཚུལ་གྱི་བར་གྱིས་རབ་ཏུ་ཤེས་སོ། །དེ་བཞིན་དུ་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བར་སྐྱེ་བའི་སེམས་ཅན་གྱི་ཁམས་དང་། དེ་བཞིན་དུ་ད་ལྟར་བྱུང་བའི་ལྷའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་ཤེས་སོ་ཞེས་རྒྱ་ཆེར་སྦྱར་བར་བྱ་ཞིང་། དེ་བཞིན་གཤེགས་པ་ལ་ནི་གཉིས་ཀྱི་རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་མེད་ཅིང་གཉིས་སུ་མེད་པ་ལ་གཟུང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་སུམ་ཅུ་རྩ་གཉིས་པའོ་ཞེས་བྱ་བ་འབྱུང་སྟེ། འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་བཅོ་བརྒྱད་པའོ། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །གང་ཞིག་འདུས་བྱས་མཚན་ཉིད་དང་། །འདུས་མ་བྱས་ཀྱི་མཚན་ཉིད་གང་། །དེ་དེ་ཁོ་ནས་སྟོང་པ་ཉིད། །དེ་ནི་རང་མཚན་སྟོང་པ་ཉིད། །རང་གི་མཚན་ཉིད་སྟོང་པ་ཉིད་བཤད་ཟིན་ཏོ། །ད་ལྟར་བ་འདི་མི་གནས་ཤིང་། །འདས་དང་མ་འོངས་ཡོད་མ་ཡིན། །གང་དུ་དེ་དག་མི་དམིགས་པ། །དེ་ལ་མི་དམིགས་པ་ཞེས་བརྗོད། །མི་དམིགས་པ་དེ་རང་ངོ་བོ། །དེ་ཡིས་དབེན་པ་ཉིད་གང་དེ། །ཐེར་ཟུག་གནས་མིན་འཇིག་མིན་པས། །མི་དམིགས་ཞེས་བྱའི་སྟོང་ཉིད་དོ། །འདས་པ་དང་མ་འོངས་པ་གཉིས་ཞིག་པ་དང་མ་སྐྱེས་པའི་ཕྱིར་ལ། ད་ལྟར་བ་མི་གནས་པའི་ཕྱིར་དུས་གསུམ་ཆར་ཡང་མེད་དོ། །དེ་ལ་མི་དམིགས་པ་ཞེས་བྱ་བ་ནི་གང་དུ་དུས་གསུམ་མི་དམིགས་པའོ། །ཇི་སྐད་དུ། དེ་ལ་ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། འཇིག་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མི་དམིགས་པ་ནི་མི་དམིགས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་སོ། །རྐྱེན་ལས་བྱུང་ཕྱིར་དངོས་རྣམས་ལ། །འདུས་པ་པ་ཡི་ངོ་བོ་མེད། །འདུས་པ་པ་ནི་དེ་ཉིད་ཀྱིས། །སྟོང་ཉིད་དངོས་མེད་སྟོང་ཉིད་དོ། །འདུས་པ་པ་ནི་འདུས་པ་ལས་བྱུང་བའོ། །རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་ན་འདུས་པ་པ་ཡོད་པ་མ་ཡིན་ནོ། །ངོ་བོ་ཉིད་ནི་དངོས་པོ་མེད་པ་ཉིད་ཡིན་ལ། དེའི་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་བཅུ་དྲུག་པོ་དེ་དག་སྤྲོས་པ་དང་བཅས་པ་བཤད་དོ། །གང་གཞན་བཞི་པོ་དེ་དག་བརྗོད་པར་བྱ་སྟེ། དངོས་པོའི་སྒྲས་ནི་མདོར་བསྡུས་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །དེ་རྣམས་དེ་ཡིས་སྟོང་ཉིད་གང་། །དེ་དངོས་སྟོང་པ་ཉིད་དུ་བཤད། །དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ལྔའོ། །དངོས་པོ་ནི་དངོས་པོས་སྟོང་ཞེས་བྱ་བ་ནི་གོང་མ་བཞིན་ཏེ་འདི་ནི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །མདོར་བསྡུས་ན་ནི་དངོས་མེད་པ། །འདུས་མ་བྱས་ཆོས་རྣམས་ལ་བརྗོད། །དེ་ཉིད་དངོས་མེད་དེས་སྟོང་ཉིད། །དངོས་པོ་མེད་པ་སྟོང་ཉིད་དོ། །དངོས་པོ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་ཆོས་རྣམས་ཏེ་ནམ་མཁའ་དང་མྱ་ངན་ལས་འདས་པ་ལ་སོགས་པ་དག་གོ །དེ་ལ་དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་སྟེ། འདི་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །རང་བཞིན་ངོ་བོ་ཉིད་མེད་ནི། །རང་བཞིན་ཞེས་བྱའི་སྟོང་ཉིད་དེ། །འདི་ལྟར་རང་བཞིན་མ་བྱས་པས། །རང་བཞིན་ཞེས་ནི་བྱ་བར་བསྙད། །རང་བཞིན་ཞེས་བྱ་བ་ནི་རང་བཞིན་ལ་བྱ་སྟེ། ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མ་བྱས་པའི་ཕྱིར་རོ། །རང་བཞིན་ནི་རང་བཞིན་གྱིས་སྟོང་སྟེ། འདི་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །སངས་རྒྱས་རྣམས་ནི་བྱུང་བ་འམ། །མ་བྱུང་ཡང་རུང་དངོས་སུ་ནི། །དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཡང་དག་མཐའ་དང་དེ་བཞིན་ཉིད། །དེ་གཞན་དངོས་པོའི་སྟོང་ཉིད་དོ། །གཞན་གྱི་དངོས་པོ་ནི་མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་དོ། །དེའི་མཆོག་ཏུ་བྱུང་བ་ཉིད་ནི་རྟག་ཏུ་ཡོད་པ་ཉིད་དོ། །རྣམ་པ་གཅིག་ཏུ་ན་གཞན་གྱི་དངོས་པོ་ནི་ཡེ་ཤེས་ཕུལ་དུ་བྱུང་བས་རྟོག་པར་བྱ་བའི་དངོས་པོ་སྟེ། དེ་ནི་དེ་ཉིད་ཀྱིས་སྟོང་ངོ་། །ཡང་ན་ཕ་རོལ་ན་ཡོད་པ་ནི་གཞན་གྱི་དངོས་པོའོ། །འཁོར་བ་ལས་འདས་པའི་ཕྱིར་གཞན་གྱི་དངོས་པོ་ཞེས་བྱ་བ་ནི་ཡང་དག་པའི་མཐའ་སྟེ། རྣམ་པར་འགྱུར་བ་མེད་པས་དོན་དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་དོ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །དེ་དག་དེ་སྐད་རབ་ཏུ་བསྒྲགས། །ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ལྷག་པར་མོས་པའི་བྱ་ང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བ་བརྗོད་པའི་སྒོ་ནས་ཤེས་རབ་ཀྱི་སྐབས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བཤད་པ། དེ་ལྟར་བློ་གྲོས་ཟེར་གྱི་སྣང་བ་གསལ་བྱས་པ། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་དེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །དེ་ལྟར་གྱི་སྒྲ་ནི་ཇི་སྐད་བཤད་པའི་རྣམ་པར་དཔྱད་པ་ཉེ་བར་བསྟན་པའི་དོན་དུའོ། །ཇི་སྐད་བཤད་པའི་རྣམ་པར་དཔྱད་པ་ལས་བྱུང་བའི་བློ་གྲོས་ཀྱི་འོད་ཟེར་གྱིས་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་པའི་མུན་པ་འཇོམས་པའི་སྣང་བ་གསལ་བར་བྱས་པ་གང་ལ་ཡོད་པའི་བྱང་ཆུབ་སེམས་དཔའ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་ཀུན་རྫོབ་ཀྱི་བདེན་པའི་སྟོབས་ཀྱིས་འགོག་པ་ལ་སྙོམས་པར་འཇུག་པར་འགྱུར་རོ། །འགོག་པའི་ངོ་བོས་འགྲོ་བ་ཡོངས་སུ་སྐྱོབ་པའི་བསམ་པ་ཡོངས་སུ་འདོར་བ་ཡང་མ་ཡིན་ནོ་ཞེས་བཤད་པ། རྟག་ཏུ་འགོག་པར་གཏོགས་པའི་བསམ་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །འདིའི་སྦྱོར་བ་ནི་འཁོར་བར་གཏོགས་པ་ཡིན་ལ། ལྷག་པའི་བསམ་པ་ནི་མྱ་ངན་ལས་འདས་པར་གཏོགས་པ་ཡིན་པའི་འགྲོ་བ་མགོན་མེད་པ་ལ་འདིའི་སྙིང་རྗེ་ཆེས་ཤིན་ཏུ་རྣམ་པར་འཕེལ་བར་འགྱུར་རོ། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །སངས་རྒྱས་བར་མ་རྣམས་དང་ལྷན་ཅིག་ཏུ་གྱུར་པ་ནི་སངས་རྒྱས་འབྲིང་བཅས་སོ། །དེ་དག་སུ་ཡིན་ཞེ་ན། བདེ་བར་གཤེགས་པའི་གསུང་ལས་སྐྱེས་པ་རྣམས་ཏེ་ཉན་ཐོས་རྣམས་སོ་ཞེས་བྱ་བའོ་དོན་ཏོ། །དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ས་དྲུག་པ་དེའི་གོང་རོལ་བདུན་པ་ལ་སོགས་པར་ཤེས་རབ་ཀྱིས་ཕམ་པར་བྱེད་དོ། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །དེའི་ཀུན་རྫོབ་ཀྱི་ཡོན་ཏན་རྣམས་ཀྱང་ཆེས་ལྷག་པར་རབ་ཏུ་འབར་བར་འགྱུར་རོ། །གང་གི་ན་འདི་སྐྱེ་བོའི་ངང་པ་ཕུལ་དུ་བྱུང་བ་སྐྱེད་པ་རྣམས་དང་ལྷན་ཅིག་རྒྱལ་བའི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་འགྲོ་བར་འགྱུར་བ་བདེན་པ་གཉིས་པོ་དེ་ནི་འདིའི་གཤོག་པ་ཡངས་པ་གཉིས་ཡིན་ནོ། །སེམས་བསྐྱེད་པ་དྲུག་པ་བཤད་ཟིན་ཏོ། །དབུ་མ་ལ་འཇུག་པའི་བཤད་པ་ལས་སེམས་བསྐྱེད་པ་དྲུག་པའོ།། ༈ །།ད་ནི་སེམས་བསྐྱེད་པ་བདུན་པའི་དབང་དུ་བྱས་ནས་བཤད། རིང་དུ་སོང་བ་འདིར་ནི་སྐད་ཅིག་དང་། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང་། །ཐབས་ཀྱི་ཕ་རོལ་ཕྱིན་ལེགས་འབར་བ་ཐོབ། །འགོག་པ་ལ་སྙོམས་པར་འཇུག་པ་ནི་ཡང་དག་པའི་མཐའ་ལ་སྙོམས་པར་འཇུག་པ་ཡིན་པས། དེ་བཞིན་ཉིད་ལ་འགོག་པ་ཞེས་བརྗོད་དེ་འདིར་སྤྲོས་པ་ཐམས་ཅད་འགག་པར་འགྱུར་བའི་ཕྱིར་རོ། །ས་བདུན་པ་རིང་དུ་སོང་བ་འདིར་ནི་ས་དྲུག་པ་ཐོབ་པའི་འགོག་པ་དེ་ལ་བྱང་ཆུབ་སེམས་དཔའ་སྐད་ཅིག་དང་སྐད་ཅིག་ལ་སྙོམས་པར་འཇུག་པར་འགྱུར་ཏེ། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡན་ཆད་བྱང་ཆུབ་སེམས་དཔའི་འགོག་པ་ལ་སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་དང་སེམས་ཀྱི་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ། འགོག་པ་མངོན་སུམ་དུ་བྱས་ཞེས་ནི་མི་བྱའོ་ཞེས་རྒྱས་པར་གསུངས་སོ། །འདིའི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཆེས་ཡོངས་སུ་དག་པར་ཡང་འགྱུར་རོ། །ཤེས་རབ་ཉིད་རྣམ་པ་ཁྱད་པར་ཅན་དུ་ཞུགས་པ་ལ་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཞེས་ཤེས་པར་བྱ་སྟེ། རབ་ཏུ་རྣམ་པར་འབྱེད་པའི་གནས་སྐབས་ཁོ་ནར་ཤེས་རབ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །དབུ་མ་འཇུག་པའི་བཤད་པ་ལས་སེམས་བསྐྱེད་པ་བདུན་པའོ།། ༈ །།ད་ནི་སེམས་བསྐྱེད་པ་བརྒྱད་པའི་དབང་དུ་བྱས་ནས་བཤད་པ། ཡང་ཡང་སྔར་དགེ་ལས་ལྷག་ཐོབ་བྱའི་ཕྱིར། །གང་དུ་ཕྱིར་མི་ལྡོག་པ་ཉིད་འགྱུར་བ། །མི་གཡོ་དེ་ལ་བདག་ཉིད་ཆེ་དེ་འཇུག །བྱང་ཆུབ་སེམས་དཔའ་དེ་ནི་ཡང་དང་ཡང་དུ་སྔར་གྱི་དགེ་བ་ལས་ལྷག་པ་ཐོབ་པར་བྱ་བའི་ཆེད་དུ་གང་དུ་དེ་ཕྱིར་མི་ལྡོག་པར་འགྱུར་བ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་མི་གཡོ་བ་ལ་འཇུག་པར་འགྱུར་རོ། །དེ་ལ་ཡང་དང་ཡང་དུ་སྔར་གྱི་དགེ་བ་ལས་ལྷག་པ་ཐོབ་པ་ནི། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་བོ་ཆེ་ནི་རྒྱ་མཚོ་ཆེན་པོ་ལ་མ་ཐུག་གི་བར་དུ་ཆེད་དུ་བསྐྱོད་ཅིང་འགྲོ་བར་བྱ་བ་ཡིན་ཏེ། གང་གི་ཚེ་རྒྱ་མཚོ་ཆེན་པོ་ལ་ཕྱིན་མ་ཐག་ཏུ་རླུང་གི་དཀྱིལ་འཁོར་གྱིས་བསྐྱོད་ནས་ཆེད་དུ་འབད་མི་དགོས་པར་འགྲོ་སྟེ། དེས་རྒྱ་མཚོ་ཆེན་པོ་ལ་ཉིན་གཅིག་གིས་ཅི་ཆོད་པ་དེ་ནི་སྔོན་ཆེད་དུ་བསྐྱོད་ཅིང་འགྲོ་བས་ལོ་བརྒྱར་ཡང་དེ་སྲིད་དུ་ཚད་མེད་པར་ཕྱིན་པར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དག དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བའི་ཚོགས་ཤིན་ཏུ་བསགས་པ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབས་པ་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱ་མཚོར་ཕྱིན་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་ཡུད་ཙམ་ཅིག་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅི་ཙམ་གནོན་པ་དེ་ནི་སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱིས་བསྐལ་པ་འབུམ་དུ་ཡང་དེ་སྙེད་དུ་དཔག་ཏུ་མེད་པ་གནོན་པར་མི་ནུས་སོ་ཞེས་གསུངས་པ་ལྟ་བུའོ། །འདི་ཡི་སྨོན་ལམ་ཤིན་ཏུ་དག་འགྱུར་ཞིང་། །རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་བར་མཛད། །འདིས་སེམས་དང་པོ་བསྐྱེད་པར་གྱུར་པ་ན། སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་ཕྲག་བཅུ་གང་དག་མངོན་པར་བཏབ་པ་དེ་དག་འདི་ལ་ཡོངས་སུ་དག་པར་འགྱུར་བས་དེའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ལྷག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་གཡོ་བ་འདི་ནི་གཞོན་ནུའི་སར་རྣམ་པར་གཞག་སྟེ། དགུ་པར་ནི་རྒྱལ་ཚབ་ཐོབ་ལ། བཅུ་པར་ནི་འཁོར་ལོས་བསྒྱུར་བ་ལྟར་རྒྱལ་བ་རྣམས་ཀྱིས་དབང་བསྐུར་རོ། །བྱང་ཆུབ་སེམས་དཔའི་ས་མི་གཡོ་བར་འགོག་པ་ལ་སྙོམས་པར་ཞུགས་པར་གྱུར་པ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འགོག་པ་ལས་སློང་བར་ཡང་མཛད་དོ། །ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང་། ཆོས་ཀྱི་སྒོའི་རྒྱུན་དེ་ལ་གནས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་སྒྲུབ་པར་མཛད་དོ། །དེ་ལ་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ན། འོན་ཀྱང་རིགས་ཀྱི་བུ་གང་ངེད་ཀྱི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱི། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་སྦྱོར་བ་བྱོས་ཤིག་བརྩོན་འགྲུས་རྩོམས་ཤིག བཟོད་པའི་སྒོ་འདི་ཉིད་ཀྱང་མ་འདོར་ཞིག རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ཐོབ་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་རབ་ཏུ་མ་ཞི་བ་ཉོན་མོངས་པ་སྣ་ཚོགས་ཀུན་ཏུ་འབྱུང་བར་འགྱུར་བ་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་ཡིད་གཡེན་སྤྱོ་བ་འདི་དག་ལ་སོམས་ཤིག གཞན་ཡང་རིགས་ཀྱི་བུ་སྔོན་གྱི་སྨོན་ལམ་དང་ཞེས་རྒྱ་ཆེར་འབྱུང་བ་ནས་གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་སྒྲུབ་པའི་སྒོ་རྣམས་སུ་གཞུག་པ་མ་མཛད་དུ་ཟིན་ན། དེ་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ལྟ་བུའོ། །གང་གི་ཕྱིར་འདི་དེ་ལྟར་འགོག་པ་ལས་སློང་བ་དེ་ཉིད་ཀྱི་ཕྱིར་འདིའི། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་གཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང་། །ཉོན་མོངས་ཟད་ཅིང་ཁམས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་ཐོབ་པར་ནུས་མ་ཡིན། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་བས་མུན་པ་ལྟར་ཉོན་མོངས་པ་སྔར་བྱུང་བ་འཁོར་བར་སྐྱེ་བའི་རྒྱུར་གྱུར་པ་ཁམས་གསུམ་ན་སྤྱོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྩ་བ་དང་བཅས་པར་ཞི་བ་ཁོ་ནར་འགྱུར་ལ། དེ་སྤངས་པས་ས་གསུམ་གྱི་བླ་མ་ཉིད་དུ་གྱུར་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་འདིས་གནས་སྐབས་དེར་སངས་རྒྱས་བཅོས་ལྡན་འདས་རྣམས་ཀྱི་འབྱོར་པ་ཐོབ་པར་མི་ནུས་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་འདིས་བསྒྲིམ་པར་བྱ་དགོས་སོ། །དེ་དེ་ཉིད་ཀྱི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ་ཞེས་འབྱུང་བའི་ཕྱིར། འདི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ཉིད་སྲིད་པ་ཡིན་ཏེ། འདོད་ཆགས་དང་མ་བྲལ་བ་ལ་མྱ་ངན་ལས་འདས་པ་ཐོབ་པ་སྲིད་པ་མེད་པའི་ཕྱིར། གལ་ཏེ་འདིས་དེར་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བར་འགྱུར་ན། དེའི་ཚེ་འཁོར་བ་འགག་པས་ཇི་ལྟར་འདི་ཡིས་སངས་རྒྱས་ཀྱི་ཆོས་མ་ལུས་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། བཤད་པ། འཁོར་བ་འགག་ཀྱང་དབང་རྣམས་བཅུ་པོ་ཐོབ་པར་གྱུར་ཞིང་དེ་དག་གིས། །སྲིད་པའི་འགྲོ་བར་རང་གི་བདག་ཉིད་སྣ་ཚོགས་སྟོན་པར་བྱེད་པར་འགྱུར། །འདིར་འཁོར་བ་ནི་འགག་མོད་ཀྱི་དེ་ལྟ་ན་ཡང་འདི་ལ་དབང་བཅུ་པོ་དག་ཉེ་བར་སྐྱེ་ལ། དེ་དག་གིས་འདི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྒོ་ནས་བདག་ཉིད་ཀྱི་དངོས་པོ་སྣ་ཚོགས་པ་སྟོན་པར་བྱེད་དོ། །དེའི་ཕྱིར་འདིའི་ཚོགས་མ་ལུས་པར་ཡོངས་སུ་རྫོགས་པར་མི་འགལ་ལོ། །དེ་ལ་དབང་བཅུ་ནི། ཇི་སྐད་དུ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཚེ་ཚད་བྱིན་གྱིས་རློབས་པས་ཚེ་ལ་དབང་བ་འཐོབ་བོ། །ཏིང་ངེ་འཛིན་ངེས་པར་སེམས་པ་དཔག་ཏུ་མེད་པའི་ཡེ་ཤེས་ཀྱིས་འཇུག་པས་སེམས་ལ་དབང་བ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་བྱིན་གྱིས་རླབས་ཀུན་ཏུ་སྟོན་པས་ཡོ་བྱེད་ལ་དབང་བ་འཐོབ་བོ། །ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱིས་བརླབས་ཀྱིས་དུས་ཇི་ལྟ་བ་བཞིན་དུ་སྟོན་པས་ལས་ལ་དབང་བ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་ཏུ་སྟོན་པས་སྐྱེ་བ་ལ་དབང་བ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་དང་དུས་གང་དུ་ཅི་དགའ་བར་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པས་སྨོན་ལམ་ལ་དབང་བ་འཐོབ་བོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་རབ་ཏུ་གང་བ་ཀུན་ཏུ་སྟོན་པས་མོས་པ་ལ་དབང་བ་འཐོབ་བོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་པས་རྫུ་འཕྲུལ་ལ་དབང་བ་འཐོབ་བོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་དང་དཔེ་བྱེད་བཟང་པོ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པས་ཡེ་ཤེས་ལ་དབང་བ་འཐོབ་བོ། །མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་ཏུ་སྟོན་པས་ཆོས་ལ་དབང་བ་འཐོབ་བོ། །ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །སེམས་བསྐྱེད་པ་བརྒྱད་པ་བཤད་ཟིན་ཏོ། །དབུ་མ་ལ་འཇུག་པའི་བཤད་པ་ལས་སེམས་བསྐྱེད་པ་བརྒྱད་པའོ།། ༈ །།ད་ནི་སེམས་བསྐྱེད་པ་དགུ་པའི་དབང་དུ་བྱས་ནས་བཤད་པ། དགུ་པ་ལ་ནི་དེའི་སྟོབས་ལྟ་ཞིག་མཐའ་དག་རྫོགས་པར་དག་འགྱུར་ཞིང་། །དེ་བཞིན་ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དག་པའང་འཐོབ། །བྱང་ཆུབ་སེམས་དཔའི་དགུ་པར་ནི་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཡོངས་སུ་དག་པར་འགྱུར་ཞིང་སོ་སོ་ཡང་དག་པར་རིག་པ་རང་གི་ཡོན་ཏན་ཡོངས་སུ་དག་པ་བཞི་ཡང་འཐོབ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པས་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་རབ་ཏུ་ཤེས་སོ། །དོན་སོ་སོ་ཡང་དག་པར་རིག་པས་ནི་ཆོས་ཐམས་ཅད་ཀྱི་རྣམ་པར་དབྱེ་བ་རབ་ཏུ་ཤེས་སོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ནི་ཆོས་རྣམས་མ་འདྲེས་པར་སྟོན་པ་རབ་ཏུ་ཤེས་སོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ནི་ཆོས་རྣམས་ཀྱི་མཐུན་པའི་རྒྱུ་རྒྱུན་ཆད་པ་མེད་པ་ཉིད་དུ་རབ་ཏུ་ཤེས་སོ། །སེམས་བསྐྱེད་པ་དགུ་པ་བཤད་ཟིན་ཏོ། །དབུ་མ་ལ་འཇུག་པའི་བཤད་པ་ལས་སེམས་བསྐྱེད་པ་དགུ་པའོ།། ༈ །།ད་ནི་སེམས་བསྐྱེད་པ་བཅུ་པའི་དབང་དུ་བྱས་ནས་བཤད་པ། བཅུ་པའི་ས་ལ་དེ་ཡིས་ཀུན་ནས་སངས་རྒྱས་རྣམས་ལས་དབང་བསྐུར་བ། །དམ་པ་ཐོབ་ཅིང་ཡེ་ཤེས་ལྷག་པར་མཆོག་ཏུ་འབྱུང་བར་འགྱུར་བའང་ཡིན། །ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །དགེ་བའི་ལོ་ཐོག་ཆེད་དུ་རྒྱས་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབབ། །བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དབང་བསྐུར་ཏེ། ཇི་སྐད་དུ། དེ་ལ་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཇི་སྙེད་པའི་ཐ་མ་ལ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པ་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་མངོན་དུ་འགྱུར་ཏེ། མངོན་དུ་གྱུར་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེ་ཆེན་པོའི་པདྨ་རིན་པོ་ཆེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་སྤྲས་པ་ཞེས་བྱ་བ་ནས་རྒྱས་པར་སྟོང་གསུམ་འབུམ་ཕྲག་བཅུར་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པདྨའི་འཁོར་དང་ལྡན་པ་འབྱུང་བ་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱང་དེ་དང་འཚམ་ཞིང་དེའི་རྐྱེན་དུ་འབབ་པར་གནས་སོ། །དེ་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་པདྨ་དེ་ལ་འདུག་པར་ཀུན་ཏུ་སྣང་ངོ་། །དེ་དེ་ལ་འདུག་པ་དང་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཀུན་ནས་གདན་འཛོམ་པ་རྣམས་ཀྱི་མཛོད་སྤུ་ནས་འོད་ཟེར་དག་ཕྱུང་ནས་བྱང་ཆུབ་སེམས་དཔའ་དེ་ལ་དབང་བསྐུར་བར་མཛད་དོ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ། །འདིའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེས་ཡོངས་སུ་དག་པར་ཡང་འགྱུར་ལ། སྤྲིན་ཆེན་པོ་ལྟར་འཇིག་རྟེན་གྱི་དགེ་བའི་ལོ་ཏོག་མངོན་པར་སྤེལ་བའི་ཕྱིར་ལྷུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་ཡང་མངོན་པར་འབེབས་སོ། །སེམས་བསྐྱེད་པ་བཅུ་པ་བཤད་ཟིན་ཏོ། །དབུ་མ་ལ་འཇུག་པའི་བཤད་པ་ལས་སེམས་བསྐྱེད་པ་བཅུ་པའོ།། ༈ །། ད་ནི་སེམས་བསྐྱེད་པ་དང་པོ་ནས་བརྩམས་ཏེ་དེ་དག་གིས་ཡོན་ཏན་གྱི་གྲངས་ཐོབ་པའི་དབང་དུ་བྱས་ནས་བཤད་པ། དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང་། །དེ་དག་བྱིན་གྱིས་བརླབས་ཀྱང་འདི་ཡིས་རྟོགས། །དེ་ཉིད་ཚེ་ནི་བསྐལ་པ་བརྒྱར་གནས་ཤིང་། །སྔོན་དང་ཕྱི་མའི་མཐར་ཡང་ཡང་དག་འཇུག །བློ་ལྡན་ཏིང་འཛིན་བརྒྱ་ཕྲག་སྙོམས་པར་འཇུག་ཅིང་གཏོང་བྱེད་དེ། །འཇིག་རྟེན་ཁམས་བརྒྱ་འདི་ཡིས་ཀུན་ནས་གཡོ་ཞིང་སྣང་བར་ནུས། །དེ་བཞིན་རྫུ་འཕྲུལ་གྱིས་དེ་སེམས་ཅན་བརྒྱ་ཕྲག་སྨིན་བྱེད་ཅིང་། །བརྒྱ་ཕྲག་གྲངས་དང་རྗེས་འབྲེལ་ཞིང་དག་ཏུ་ཡང་འགྲོ་བར་འགྱུར། །དེ་ནི་ཆོས་ཀྱི་སྒོ་རྣམས་ཡང་དག་འབྱེད་བྱེད་ཐུབ་དབང་སྲས། །རང་གི་ལུས་ལ་ལུས་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན། །རང་གི་འཁོར་དང་བཅས་པས་མཛེས་འབྱོར་ལུས་ནི་རེ་རེ་ཞིང་། །རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་བའང་སྟོན། །ཇི་སྐད་དུ། རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་འཐོབ་ཅིང་དེ་དག་ལ་སྙོམ་པར་འཇུག་པ་ཡང་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་གྱིས་བརླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱར་ཡང་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང་། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་ཡང་གནས་པར་བྱེད་པ་དང་། བསྐལ་པ་བརྒྱ་ལ་སྔོན་དང་ཕྱི་མའི་མཐར་ཐུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་ཀུན་ཏུ་སྟོན་པ་དང་། ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པ་ཀུན་ཏུ་སྟོན་པའོ། །ཞེས་གསུངས་པ་ལྟ་བུའོ། བློ་ལྡན་རབ་ཏུ་དགའ་བར་གནས་པས་ཡོན་ཏན་དེ་དག་ནི། །ཐོབ་པར་གྱུར་ནས་དེ་བཞིན་ཁོ་ནར་དྲི་མ་མེད་གནས་པས། །དེ་དག་སྟོང་ནི་ཡང་དག་ཐོབ་པར་འགྱུར་བ་སྟེ། །སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་འདིས་ཡོན་ཏན་གྲངས་བརྒྱ་དང་རྗེས་སུ་འབྲེལ་བ་གང་དག་ཐོབ་པ་དེ་དག་ཁོ་ན་སེམས་གཉིས་པ་བསྐྱེད་པའི་བྱང་ཆུབ་སེམས་དཔས་སྟོང་འཐོབ་པར་འགྱུར་རོ་ཞེས་རྒྱ་ཆེར་བགྲང་བར་བྱའོ། །ཡོན་ཏན་དེ་དག་ཉིད་སེམས་བསྐྱེད་པ་གསུམ་པ་ལ་སོགས་པས་ལྔ་པའོ། །འདི་དག་རྣམས་ལ་བྱང་ཆུབ་སེམས་དཔའ་ཡིས་ནི་འབུམ་ཕྲག་དང་། །བྱེ་བ་ཕྲག་བརྒྱ་འཐོབ་ཅིང་དེ་ཡིས་བྱེ་བ་སྟོང་འགྱུར་ཐོབ། །དེ་ནས་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་ཡང་འཐོབ་བྱེ་བ་ཕྲག །ཁྲགཁྲིག་ཕྲག་བརྒྱ་རྫོགས་པར་བསྒྱུར་དང་སླར་ཡང་སྟོང་ཕྲག་ཏུ། །ཡང་དག་པར་ནི་བསྒྱུར་བ་མཐའ་དག་རབ་ཏུ་འཐོབ་པར་འགྱུར། །དེ་ལ་སེམས་གསུམ་པ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ནི་ཇི་སྐད་བཤད་པའི་ཡོན་ཏན་རྣམས་འབུམ་འཐོབ་བོ། །སེམས་བཞི་པ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ནི་བྱེ་བ་ཕྲག་བརྒྱ་འཐོབ་བོ། །སེམས་ལྔ་པ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ནི་བྱེ་བ་ཕྲག་སྟོང་འཐོབ་བོ། །སེམས་དྲུག་པ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ནི་བྱེ་བ་འབུམ་འཐོབ་བོ། །སེམས་བདུན་པ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ནི་ཡོན་ཏན་དེ་དག་ཉིད་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འཐོབ་པར་ཤེས་པར་བྱའོ། །དེ་ཡན་ཆད་ནི་ཡོན་ཏན་དག་ལ་གྲངས་ཀྱིས་ཡོངས་སུ་བགྲང་བར་མི་སྲིད་པས་རྡུལ་ཕྲ་རབ་རྣམས་ཀྱིས་ཡོངས་སུ་བགྲང་བར་བཤད་པ། མི་གཡོའི་སར་གནས་རྣམ་རྟོག་མེད་པ་དེས། །སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་འཇིག་རྟེན་ན། །རྡུལ་ཚད་ཇི་སྙེད་ཡོད་པ་དེ་རྣམས་དང་། །གྲངས་མཉམ་ཡོན་ཏན་དག་ནི་འཐོབ་པར་འགྱུར། །བྱང་ཆུབ་སེམས་དཔའ་སེམས་བརྒྱད་པ་བསྐྱེད་པས་ནི་ཇི་སྐད་དུ་བསྟན་པའི་ཡོན་ཏན་དག་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འཐོབ་བོ། །ལེགས་པའི་བློ་གྲོས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དེས་སྔར་བསྟན་ཡོན་ཏན་དག །གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང་དག་པར། །བསྡོམས་པ་ཕྲག་བཅུའི་རྡུལ་ཚད་ཐོབ་པར་འགྱུར། །སེམས་དགུ་པ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ནི་སྔར་བསྟན་པའི་ཡོན་ཏན་དག་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པ་འཐོབ་བོ། །རེ་ཞིག་བཅུ་པ་འདིར་དེའི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་གྱུར་ཞིང་། །ངག་གི་སྤྱོད་ཡུལ་མ་ཡིན་བསྡོམས་རྣམས་ནི། །རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་འགྱུར། །བྱང་ཆུབ་སེམས་དཔའ་སེམས་བཅུ་པ་བསྐྱེད་པས་ནི་ཡོན་ཏན་ཇི་སྐད་དུ་བསྟན་པ་དག་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་འཐོབ་པར་འགྱུར་རོ། །རེ་ཞིག་བཅུ་པ་འདིར་དེའི་ཞེས་བྱ་བའི་རེ་ཞིག་གི་སྒྲ་འདིས་ནི་དེ་ཙམ་ཁོ་ནར་ཟད་པ་ནི་མ་ཡིན་ནོ་ཞེས་ཡོན་ཏན་བརྗོད་པར་བྱ་བ་ལ་གོ་རིམ་སྟོན་པར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་འདིས་ནི། བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང་། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་བགྲང་འདས་དང་། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང་། །སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས། །བྱང་ཆུབ་སེམས་དཔའ་སེམས་བཅུ་པ་བསྐྱེད་པ་འདིས་ནི་རྟོགས་པ་ཀུན་ནས་རྒྱུ་བ་མེད་པར་རང་གིས་ལུས་ཀྱི་བ་སྤུའི་བུ་ག་རེ་རེར་སངས་རྒྱས་བཅོམ་ལྡན་འདས་བགྲང་བ་ལས་འདས་པ་རེ་རེ་ཞིང་བྱང་ཆུབ་སེམས་དཔའ་གཞལ་གྱིས་མི་ལང་བའི་འཁོར་མངའ་བ་དག་སྐད་ཅིག་སྐད་ཅིག་ལ་རྣམ་པ་གཞན་དང་གཞན་དུའང་སྟོན་པར་ནུས་ལ། དེ་དག་ལས་གཞན་འགྲོ་བ་ལྔའི་འཁོར་བ་མི་ལ་སོགས་པའི་དབྱེ་བས་ཐ་དད་པས་ཡང་མ་འདྲེས་པར་བ་སྤུའི་ཁུང་བུ་རེ་རེར་སྐད་ཅིག་རེ་རེ་ལ་སྟོན་པར་ནུས་སོ། །ཀྱང་གི་སྒྲ་ནི་མ་སྨོས་པ་བསྡུས་པའི་དོན་དུ་སྟེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མིའི་རྒྱལ་པོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པས་གདུལ་བྱའི་སེམས་ཅན་རྣམས་ལ་བརྒྱ་བྱིན་ལ་སོགས་པའི་གཟུགས་བཟུང་ནས་ལྷུན་གྱིས་གྲུབ་པར་ཆོས་སྟོན་པར་ནུས་སོ་ཞེས་བྱ་བ་ལ་སོགས་པའི་བར་གྱི་དོན་སྡུད་པའོ། །ཡོན་ཏན་གྱི་ཁྱད་པར་རྣམས་རྒྱས་པར་ནི་མདོ་ཉིད་ལས་བཙལ་བར་བྱའོ། །བྱང་ཆུབ་སེམས་དཔའི་སའི་ཡོན་ཏན་བསྟན་པ་བཤད་ཟིན་ཏོ། །དེའི་འོག་ཏུ་སངས་རྒྱས་ཀྱི་སའི་ཡོན་ཏན་ཅུང་ཟད་ཙམ་ཞིག་བརྗོད་པར་འདོད་པས་བསྟོད་པ་སྒྲུབ་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ཏེ་བཤད་པ། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་འགྱུར་བའི་ཕྱིར། །སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཞིང་། །འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་བརྙེས། །དཔེར་ན་ཟླ་བས་ནམ་མཁའ་དྲི་མ་མེད་པ་ཁོ་ན་ལ་འགྲོ་བ་མ་ལུས་པ་གསལ་བར་ནུས་པ་དེ་བཞིན་དུ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པ་ལ་བགེགས་བྱེད་པའི་མུན་པ་སྦྱོང་བ་ཉིད་དུ་མཛད་པ། ཐུགས་བསྐྱེད་པ་བཅུ་པ་བརྙེས་པས་རང་ཉིད་སངས་རྒྱས་ཀྱི་ཆོས་བརྙེས་ནུས་པར་མཁྱེན་ནས་དུས་ཕྱིས་སངས་རྒྱས་ཀྱི་ས་ལ་འབད་པ་བརྩམས་པར་གྱུར་ལ། གང་གི་དོན་དུ་འབད་པ་འདི་བརྩམས་པ་བླ་ན་མེད་པའི་ཡེ་ཤེས་དེ་ཡང་བཅོམ་ལྡན་འདས་ཀྱིས་འོག་མིན་གྱི་གནས་ཁོ་ནར་བརྙེས་པར་གྱུར་ཏོ། །དེ་ནི་ཡོན་ཏན་མཐའ་དག་གི་མཐར་ཐུག་པ་སྟེ་ཡོན་ཏན་མཐའ་དག་འདིར་མཐར་ཐུག་ཅིང་ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་ནི་མཚུངས་པ་མེད་པ་ཡང་ཡིན་ཏེ། དེ་དང་འདྲ་བ་མེད་པའི་ཕྱིར་དང་གོང་ན་མེད་པའི་ཕྱིར་རོ། །དེར་མངོན་པར་རྫོགས་པར་སངས་རྒྱས་པ་ན་བཅོམ་ལྡན་འདས་ཀྱིས་སྐད་ཅིག་གཅིག་ཁོ་ན་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་སོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར་བཤད་པ། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །དཔེར་ན་བུམ་པ་དང་ཁར་གཞོང་ལ་སོགས་པ་ཐ་དད་ཀྱང་སྒྲིབ་པ་མེད་པ་ཉིད་དུ་མཚུངས་པའི་ཕྱིར་དེར་གཏོགས་པའི་ནམ་མཁའ་ལ་ཐ་དད་པ་མེད་པ་དེ་བཞིན་དུ། གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་ཐ་དད་ཀྱང་དེར་གཏོགས་པའི་དེ་ཁོ་ན་ཉིད་སྐྱེ་བ་མེད་པའི་མཚན་ཉིད་ཅན་ལ་ཐ་དད་པ་མེད་པས་དེ་ཁོ་ན་ཉིད་ནི་རོ་གཅིག་ཁོ་ནར་ཤེས་པར་བྱའོ། །དེ་ཡང་མཁྱེན་པའི་སྐད་ཅིག་གཅིག་ཁོ་ནས་ཐུགས་སུ་ཆུད་པས་བཅོམ་ལྡན་འདས་ཀྱིས་མཁྱེན་པའི་སྐད་ཅིག་གཅིག་ཁོ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་སོ། །འདིར་སྨྲས་པ། གང་ཚེ་ཞི་བ་དེ་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་མི་འགྱུར། །བློ་མ་ཞུགས་པར་ཤེས་བྱའི་ཡུལ་ཅན་ངེས་པར་རིག་པའང་མ་ཡིན་ལ། །ཀུན་ནས་ཤེས་མེད་པ་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར། །མཁྱེན་པོ་མེད་པར་ཁྱོད་ཀྱིས་གཞན་ལ་འདི་ལྟ་འོ་ཞེས་སུ་ཞིག་སྟོན། །སྐྱེ་བ་མེད་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་དོ་ཞེས་རྣམ་པར་འཇོག་ཅིང་དེ་ཡང་ཤེས་པ་ཡིན་ནོ་ཞེས་འཇོག་པ་ན། གང་གི་ཚེ་ཞི་བ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་རྣམ་པར་གཞག་པ་དེ་ཉིད་ཀྱི་ཚེ། དེ་ལ་རྣམ་པ་ཐམས་ཅད་དུ་བློ་མི་འཇུག་པར་ཁས་བླང་དགོས་ཏེ། འདི་ལྟར་དེ་ཁོ་ན་ཉིད་སྐྱེ་བ་མེད་པའི་རང་བཞིན་ཅན་ལ་བློ་འཇུག་པ་ན་ཅིའི་རྣམ་པ་ཅན་ཞིག་ཏུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་རྣམ་པ་མེད་པས་དེ་ཁོ་ན་ཉིད་ལ་བློ་མི་འཇུག་པ་ཉིད་དོ། །བློ་མི་འཇུག་ན་ནི། འོ་ན་ཤེས་བྱའི་ཡུལ་ཅན་གྱི་ངེས་པ་ཡང་མི་རིག་པས་དེའི་ཕྱིར་འདི་ཡོངས་སུ་ཤེས་པར་འགྱུར་བར་ཇི་ལྟར་འོས། ཡོངས་སུ་ཤེས་པ་མེད་པ་ཉིད་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའོ་ཞེས་བྱ་བར་ཡང་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། ཀུན་ནས་ཤེས་པ་མེད་པ་ནི་ཤེས་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར། ཀུན་ནས་མི་ཤེས་པ་ཉིད་ཤེས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་བ་ཞིག་སྟེ། གལ་ཏེ་ཀུན་ནས་མི་ཤེས་པ་ཡིན་ན་ཇི་ལྟར་ཤེས་པ་ཡིན། སེམས་བསྐྱེད་པ་མེད་ན་ཡང་མཁྱེན་པ་པོ་མེད་པར་འདི་ལྟ་བུའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ངས་ཐུགས་སུ་ཆུད་དོ་ཞེས་ཁྱེད་ཅག་གི་གཞན་དག་ལ་སུ་ཞིག་གིས་རྟོགས་པར་བྱེད། དེའི་ཕྱིར་འདི་མི་རིགས་སོ། །འདི་ལ་བརྗོད་པར་བྱ་སྟེ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །འདི་ན་དེའི་རྣམ་པའི་རྗེས་སུ་བྱེད་པ་ཉིད་འཛིན་པ་ན་རྣམ་པར་ཤེས་པས་ཡུལ་རིག་གོ་ཞེས་བརྗོད་དོ། །དཔེར་ན་རྣམ་པར་ཤེས་པ་སྔོན་པོའི་རྣམ་པར་བསྲེལ་བ་ཉེ་བར་སྐྱེ་བ་ན་སྔོན་པོ་ཤེས་སོ་ཞེས་བརྗོད་པ་དེ་བཞིན་དུ། ཤེས་པ་དེ་ཁོ་ན་ཉིད་ཀྱི་རྣམ་པའི་རྗེས་སུ་བྱེད་པ་སྐྱེ་བ་ན་དེ་ཁོ་ན་ཉིད་ཤེས་སོ་ཞེས་ཉེ་བར་གདགས་སོ། །ཤེས་པ་དེའི་རྣམ་པའི་རྗེས་སུ་བྱེད་པ་ཉིད་བསྟན་པའི་ཕྱིར། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཞེས་བྱ་བ་སྨོས་ཏེ། དེའི་རྣམ་པ་བརྟེན་པའི་སྒོ་ནས་རྣམ་པར་གཞག་གོ །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་གྲགས་པར་གྱུར་བའི་དཔེ་སྨོས་ཏེ་དེ་ཡང་རྣམ་པར་བཤད་ཟིན་ཏོ། །དེའི་ཕྱིར་བཏགས་པ་ལས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་རྣམ་པར་གཞག་གི དངོས་སུ་ན་འགའ་ཞིག་འགའ་ཞིག་གིས་ཤེས་པ་ནི་མ་ཡིན་ཏེ། ཤེས་པ་དང་ཤེས་བྱ་གཉི་ག་ཡང་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །གང་ཡང་མཁྱེན་པོ་མེད་པར་ཁྱོད་ཀྱིས་གཞན་ལ་འདི་ལྟ་བུའོ་ཞེས་སུ་ཞིག་སྟོན། །ཞེས་སྨྲས་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། ཤེས་པ་འདི་སྐྱེ་བ་མེད་པ་དེ་ཁོ་ན་ཡིན་པ་བདེན་མོད་ཀྱི་འཇིག་རྟེན་ན་དེ་ཉིད་སྟོན་པ་མི་སྲིད་པ་ཡང་མ་ཡིན་ནོ། །ཇི་ལྟར་ཞེ་ན། བརྗོད་པར་བྱ་སྟེ། དེ་ཡི་ལོངས་སྤྱོད་རྫོགས་སྐུ་བསོད་ནམས་ཀྱིས། །ཟིན་དང་སྤྲུལ་པ་མཁའ་གཞན་ལས་དེའི་མཐུས། །སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ། །དེ་ལས་འཇིག་རྟེན་གྱིས་ཀྱང་དེ་ཉིད་རིག །དེ་བཞིན་གཤེགས་པ་རྣམས་ནི་གཟུགས་ཀྱི་སྐུ་གང་ལ་བཞུགས་ནས་ཆོས་ཀྱི་དབྱིངས་མངོན་སུམ་དུ་མཛད་པའི་སྐུ་བསོད་ནམས་བརྒྱས་ཟིན་པ། བསམ་གྱིས་མི་ཁྱབ་ཅིང་སྣ་ཚོགས་པའི་སྐུ་མངའ་བ་དེ་ནི་ངོ་བོ་དེ་དང་དེར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་རྒྱུ་ཉིད་དུ་ཡོངས་སུ་འགྱུར་བ་ཡིན་ཏེ། གང་ལས་ད་དུང་དུ་ཡང་འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུང་རབ་ཀྱི་ཐ་སྙད་སྣ་ཚོགས་པ་དག་རྟོགས་པར་འགྱུར་བ། བསོད་ནམས་བརྒྱ་ལས་བསྐྲུན་པ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་སྒྲ་གང་ཞིག་འབྱུང་བ་དེ་ལས་འཇིག་རྟེན་རྣམ་པ་དེ་ལྟ་བུའི་ཆོས་ཉེ་བར་སྟོན་པའི་སྣོད་དུ་འགྱུར་པས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ངེས་པར་འགྱུར་རོ། །བསོད་ནམས་ཀྱིས་འདུས་བྱས་པའི་སྐུ་ལས་འབྱུང་བ་ལྟ་ཞོག་གི་དེའི་བྱིན་གྱིས་བརླབས་ཀྱིས་སྤྲུལ་པ་དག་ལས་ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲ་གང་ཞིག་འབྱུང་བ་དེ་ལས་ཀྱང་འཇིག་རྟེན་གྱི་དེ་ཁོ་ན་ཉིད་ངེས་པར་འགྱུར་རོ། །སྤྲུལ་པ་དག་ལས་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་དེའི་མཐུས་སེམས་དང་སེམས་ལས་བྱུང་བ་འཇུག་པ་མེད་དུ་ཟིན་ཀྱང་། ནམ་མཁའ་དང་གཞན་རྩྭ་དང་ཤིང་དང་རྩིག་པ་དང་བྲག་ལ་སོགས་པ་ལས་དེའི་མཐུས་སྒྲ་གང་ཞིག་འབྱུང་བ་དེ་ལས་ཀྱང་འཇིག་རྟེན་གྱི་དེ་ཉིད་རིག་པ་ཡིན་ནོ། །ཡང་ཇི་ལྟར་སེམས་དང་སེམས་ལས་བྱུང་བ་མེད་པའི་རང་བཞིན་ཅན་རྣམ་པར་རྟོག་པ་མེད་པ་ནི་བྱ་བ་ད་ལྟར་བ་མི་སྲིད་ཀྱང་ཇི་སྐད་བཤད་པའི་བྱ་བ་འབྱུང་བའི་རྒྱུ་ཉིད་དུ་འགྱུར་ཞེ་ན། དེ་བསྟན་པའི་ཕྱིར་ཕྱི་རོལ་གྱི་དཔེ་ཉེ་བར་བཀོད་པ། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། །ཡུན་རིང་འབད་པས་ཆེས་བསྐོར་འཁོར་ལོ་ནི། །དེ་རྩོལ་ད་ལྟ་སྐྱེས་པ་མེད་བཞིན་དུའང་། །འཁོར་ཞིང་བུམ་པ་ལ་སོགས་རྒྱུར་མཐོང་ལྟར། །དེ་བཞིན་ད་ལྟ་སྐྱེས་རྩོལ་མེད་བཞིན་དུ། །ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་ཞུགས་དེའི། །འཇུག་པ་སྐྱེ་བོའི་དགེ་དང་སྨོན་ལམ་གྱི། །ཁྱད་པར་གྱིས་འཕངས་ལས་ཆེས་བསམ་མི་ཁྱབ། །དེ་ལ་གང་གིས་ན་རྟོག་པ་མེད་པར་གྱུར་དུ་ཟིན་ཀྱང་འདུལ་བའི་བྱ་བ་ཇི་ལྟར་འཚམ་པ་ལྟར་འཇུག་པས་སེམས་ཅན་གྱི་ཁམས་མཐའ་ཡས་པའི་དོན་བྱེད་པར་འགྱུར་བ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་འདི་དག་ད་ལྟར་རྣམ་པར་རྟོག་པ་མི་མངའ་ཞིང་། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དང་འདྲ་བར་ཇི་ལྟར་འཚམ་པར་སེམས་ཅན་གྱི་དོན་སྒྲུབ་པ་ལྷུར་མཛད་ཅིང་ཆོས་ཀྱི་དབྱིངས་ལས་སྐད་ཅིག་ཀྱང་མི་བསྐྱོད་ལ། སེམས་ཅན་འདུལ་བའི་དུས་ལས་ཀྱང་མི་འདའ་བ་དེ་བཞིན་དུ་བདག་ཀྱང་གྱུར་ཅིག་ཅེས་བྱང་ཆུབ་སེམས་དཔས་སྔར་སྨོན་ལམ་གང་བཏབ་པའི་སྨོན་ལམ་དེའི་ཤུགས་དང་། གདུལ་བྱ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་ཆོས་ཉན་པར་འགྱུར་བའི་ལས་ཡོངས་སུ་སྨིན་པ་ལས་བྱ་བའི་ཁྱད་པར་དེ་འདྲ་བ་དག་མངོན་པ་ཡིན་ནོ། །དེ་ལྟར་ན་ད་ལྟར་སྐྱེས་པའི་འབད་རྩོལ་མེད་པར་དེ་ཁོ་ན་ཉིད་ཉེ་བར་སྟོན་པ་དང་། སེམས་ཅན་གྱི་དོན་བྱ་བ་ཡང་འགྲུབ་བོ་ཞེས་བྱ་བར་ཤེས་པར་བྱའོ། །ད་ནི་ཆོས་ཀྱི་སྐུའི་དབང་དུ་བྱས་ནས་བཤད་པ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པས་དེ་སྐུ་ཡིས་མངོན་སུམ་མཛད། །ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པ་ལ་ཤེས་བྱ་སྐྱེ་བ་མེད་པས་སྐྱེ་བ་མེད་པ་དང་ལྡན་པར་འགྱུར་བ་གང་ཡིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །འདི་ཉིད་ཀྱི་དབང་དུ་མཛད་ནས། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱའང་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་སོ། །ཆོས་ཀྱི་སྐུ་འདི་ནི། དེའི་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད་པ་སྟེ། འདི་ཉིད་ཀྱི་དབང་དུ་མཛད་ནས་འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ་ཞེས་གསུངས་སོ། །དེ་ལྟར་ན་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས་སྐུ་ཁོ་ནས་མངོན་སུམ་དུ་མཛད་པར་ཀུན་རྫོབ་ཏུ་རྣམ་པར་གཞག་གོ །འདི་ནི། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཞིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །སྐུ་གང་གིས་དེ་ཁོ་ན་ཉིད་འདི་མངོན་སུམ་དུ་མཛད་པར་བཤད་པ་དེ་ནི་ཞི་བའི་རང་བཞིན་ཅན་དུ་འདོད་དེ། སེམས་དང་སེམས་ལས་བྱུང་བ་དང་བྲལ་བའི་ཕྱིར་རོ། །ཞི་བའི་རང་བཞིན་ཅན་ཡིན་ཡང་སེམས་ཅན་གྱི་དོན་མཛད་པར་སྤྱོད་པ་གསལ་བར་བྱེད་པ་ནི། དཔག་བསམ་ཤིང་ལྟར་གསལ་གྱུར་ཞིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །ཅེས་བྱ་བ་སྟེ། འདི་རྣམ་པར་མི་རྟོག་པ་ཉིད་ཡིན་དུ་ཟིན་ཀྱང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་ལྟར་ཇི་ལྟར་མངོན་པར་འདོད་པའི་དོན་འགྲུབ་པའི་རྒྱུ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །སྐུ་འདི་ནི་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་འབྱོར་བའི་སླད་དུ་གནས་པ་ཡང་ཡིན་ནོ། །རྟག་ཅེས་བྱ་བ་འདིས་ནི་ཡུན་རིང་པོར་གནས་པ་ཉིད་དུ་མཚོན་ཏོ། །དེའི་ཕྱིར་འཇིག་རྟེན་ཇི་སྲིད་པ་དང་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་སངས་རྒྱས་རྣམས་ཚུལ་འདིས་སེམས་ཅན་གྱི་དོན་ཁོ་ན་མཛད་ཅིང་རྣམ་པར་བཞུགས་སོ་ཞེས་བྱ་བར་ཤེས་པར་བྱའོ། །བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་འདི་ནི་བྱང་ཆུབ་སེམས་དཔའ་སྤྲོས་པ་དང་བྲལ་བ་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ཤེས་རབ་དྲི་མ་མེད་པའི་མེ་ལོང་ཐོབ་པ་རྣམས་ཁོ་ན་ལ་ཡོད་པ་ཉིད་དུ་སྣང་གི་སྤྲོས་པ་དང་བཅས་པ་རྣམས་ལ་ནི་མ་ཡིན་ནོ། །ཆོས་ཀྱི་སྐུ་ལས་བྱུང་བའམ་གཟུགས་ཀྱི་སྐུའི་མཐུ་ལས་བྱུང་བ་ཡིན་ཡང་རུང་སྟེ། ཇི་སྐད་བཤད་པའི་སྐུ་ལས་གཞན་དུ་གྱུར་པ་རྒྱུ་མཐུན་པའི་སྐུ་གང་དག་སེམས་ཅན་འདུལ་བའི་རྒྱུས་བྱུང་བ་དེ་དག་ལ་ཡང་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་མངའ་བར་བརྗོད་པའི་ཕྱིར་བཤད་པ། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གནས་སྐབས་ཀྱི་སྔ་རོལ་འཁོར་བ་ཐོག་མ་མེད་པ་རང་ཉིད་སྐྱེ་བའི་གནས་སྐབས་འགགས་ཟིན་པ་བྱུང་མཐའ་དག་མ་ལུས་པར་བསྟན་པའི་ཕྱིར་གསལ་བ་དང་མ་འཆོལ་བར་དེ་ཕན་ཚུན་མ་འདྲེས་པར་བྱུང་ཚུལ་དུ་མས་བཀྲ་བར་གྱུར་པ་དེ་དག་ཐམས་ཅད་ཅིག་ཅར་ཁོ་ནར་མེ་ལོང་གི་དཀྱིལ་འཁོར་ཤིན་ཏུ་ཡོངས་སུ་དག་པ་ལ་བཞིན་གྱི་གཟུགས་བརྙན་ལྟར་རྒྱུ་མཐུན་པའི་སྐུ་གཅིག་ཉིད་ལ་ལྷུན་གྱིས་གྲུབ་པར་སྟོན་པར་མཛད་དོ། །འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་བྱུང་ཚུལ་གང་དང་གང་དུ་ཇི་ལྟར་གང་གི་དོན་དུ་བྱུང་བ་དེ་དག་ཐམས་ཅད་ལྷུན་གྱིས་གྲུབ་པ་སྐུ་གཅིག་ཁོ་ན་ལ་སྟོན་པར་སྤྱོད་པར་བརྗོད་པའི་ཕྱིར་བཤད་པ། སངས་རྒྱས་ཞིང་ཅི་འདྲ་དེར་ཐུབ་དབང་དང་། །དེ་དག་སྐུ་སྤྱོད་མཐུ་སྟོབས་ཅི་འདྲ་དང་། །ཉན་ཐོས་དགེ་འདུན་ཇི་སྙེད་ཇི་ལྟ་དང་། །བྱང་ཆུབ་སེམས་རྣམས་དེར་གཟུགས་ཇི་འདྲ་དང་། །ཇི་འདྲའི་ཆོས་དང་དེ་བདག་ཇི་འདྲ་དང་། །ཆོས་ཐོས་སྤྱོད་པ་གང་ལ་སྤྱད་པ་དང་། །སྦྱིན་གང་ཇི་ཙམ་དེ་དག་ལ་ཕུལ་བ། །དེ་ནི་མ་ལུས་སྐུ་གཅིག་ལ་སྟོན་མཛད། །བཅོམ་ལྡན་འདས་ཀྱིས་སྔོན་སྦྱིན་པའི་ཕ་རོལ་ཏུ་ཕྱི་པ་ལ་སྤྱོད་པ་ན། སངས་རྒྱས་བཅོམ་ལྡན་འདས་གང་རྣམས་ལ་བསྙེན་བཀུར་མཛད་པ་དང་། སངས་རྒྱས་ཀྱི་ཞིང་བཻ་ཌཱུརྻ་དང་། པདྨ་རཱ་ག་དང་། ཨིནྡྲ་ནི་ལ་དང་། ཤེལ་ལ་སོགས་པའི་རང་བཞིན་ཅན། རིན་པོ་ཆེའི་ལྗོན་ཤིང་ལ་སོགས་པས་མཛེས་པར་བྱས་པ་མཆུ་དང་ཞེང་དང་ཀུན་ནས་ཟླུམ་པ་དང་བཅས་པ་དེ་ལ་བརྟེན་པའི་སེམས་ཅན་གྱི་ཁྱད་པར་གྱིས་ཉེ་བར་མཛེས་པ་ཅི་འདྲ་བ་ཞིག་ན། སངས་རྒྱས་བཅོམ་ལྡན་འདས་དག་བལྟམས་པ་ལ་སོགས་པ་སྟོན་པར་མཛད་པ་དེ་མ་ལུས་པར་སྐུ་གཅིག་ལ་སྟོན་པར་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སྐུ་དང་སྤྱོད་པ་དག་གི་མཐུ་ཕུལ་དུ་བྱུང་བ་གང་ཡིན་པ་དང་། དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་འདུས་པར་གྱུར་པ་ཇི་སྙེད་པའམ་ཇི་ལྟ་དང་སྟེ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན་རྣམ་པ་གང་གིས་ཉན་ཐོས་ཀྱི་དགེ་འདུན་དེར་གྱུར་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་ཀྱིས་ལུས་སྤྲས་པ། དབྱིབས་དང་ལྡན་པ་ཆོས་གོས་དང་ཟས་དང་གནས་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པ་ཉེ་བར་ལོངས་སྤྱོད་པ་དང་ལྡན་པ་ཅི་འདྲ་བ་དེ་དག་ཡོད་པར་གྱུར་པ་དང་། ཅི་འདྲ་བའི་ཆོས་དང་སྟེ་ཐེག་པ་གཅིག་དང་གསུམ་གྱི་རྟེན་ཅན་བསྟན་པ་དེ་དག་ཐམས་ཅད་སྐུ་གཅིག་ལ་སྟོན་པར་མཛད་དོ། །དེ་བདག་ཅི་འདྲ་དང་སྟེ་བྲམ་ཟེ་ལ་སོགས་པའི་རིགས་སུ་སྐྱེ་པ་གཟུགས་དང་བློ་དང་ལྡན་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བར་གྱུར་པ་དང་། ཆོས་ཐོས་ནས་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་བསླབ་པ་ཁས་བླངས་ཏེ་སྤྱོད་པ་གང་ལ་སྤྱད་པ་དང་། སྦྱིན་པ་གང་ཅི་ཙམ་དེ་དག་ལ་ཕུལ་བ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་དག་ལ་བཟའ་བ་ལ་སོགས་པ་དང་། ཆོས་གོས་དང་རིན་པོ་ཆེའི་རྒྱན་ལ་སོགས་པ་གང་ཕུལ་བ་དང་། ཇི་ཙམ་སྟེ་དུས་ཇི་ཙམ་དང་ཚད་ཇི་ཙམ་ཕུལ་བ་དེ་མ་ལུས་པར་སྐུ་གཅིག་ལ་སྟོན་པར་མཛད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱུང་མཐའ་འདི་ཇི་ལྟར་སྟོན་པ། དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང་འཛིན་དང་། །ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང་། །མ་ཚང་མེད་དེ་དག མ་ལུས་སྐུ་གཅིག་ལ་སྟོན་མཛད་ཅེས་གོང་མ་དང་སྦྱར་རོ། །སྐུ་གཅིག་ལ་གཅིག་ཅར་གནས་སྐབས་ཐམས་ཅད་སྟོན་པ་ལྟ་ཞོག་གི་འོན་ཀྱང་། ཉིད་སྤྱོད་པ་ཀུན། །སྐུ་ཡི་བ་སྤུའི་ཁུང་བུའང་གསལ་བར་སྟོན། །བདག་ཉིད་ཀྱི་སྤྱོད་པ་ཁོ་ན་སྟོན་པར་མཛད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་། སངས་རྒྱས་གང་དག་འདས་དང་འབྱུང་འགྱུར་གང་། །གང་དག་ད་ལྟར་ནམ་མཁའི་མཐར་ཐུག་པར། །གདངས་མཐོན་ཆོས་སྟོན་སྡུག་བསྔལ་གྱིས་བཟུང་བའི། །འགྲོ་དབུགས་འབྱིན་ཞིང་འཇིག་རྟེན་བཞུགས་པ་དང་། །དང་པོའི་ཐུགས་བཟུང་བྱང་ཆུབ་སྙིང་པོའི་བར། །དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་གྱི། །རང་བཞིན་མཁྱེན་ནས་བདག་བཞིན་བ་སྦུ་ཡི། །ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན། །རེ་ཞིག་མིག་འཕྲུལ་གྱི་ཚུལ་ཤེས་པ་ཐ་མལ་དག་ཀྱང་སྔགས་ཀྱི་མཐུ་རྣམ་པ་དེ་ལྟ་བུ་ཙམ་ཞིག་གིས་རང་གི་ལུས་ལ་དངོས་པོའི་རྣམ་པ་སྣ་ཚོགས་པ་གནས་པར་སྟོན་ནུས་ན། ཅི་འགྲོ་བའི་དབང་ཕྱུག་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དངོས་པོའི་རང་བཞིན་མིག་འཕྲུལ་གྱི་རང་བཞིན་རྣམ་པ་དེ་ལྟ་བུ་དང་ཐ་མི་དད་པ་མཁྱེན་ནས་མི་སྤྱོད་པར་འགྱུར་རམ། དེའི་ཕྱིར་མཁས་པ་གང་ཞིག་མ་རྟོགས་པའམ་སོམ་ཉི་ཟ་བར་འགྱུར། དེའི་ཕྱིར་མཁས་པས་དཔེ་འདིའི་སྒོ་ནས་གསལ་བར་འདི་ལ་ལྷག་པར་མོས་པར་བྱའོ། །ཇི་ལྟར་ཉིད་ཀྱི་སྤྱོད་པ་དང་དེ་བཞིན་གཤེགས་པ་གཞན་གྱི་སྤྱོད་པ་དག་དུས་གཅིག་ཏུ་རང་ཉིད་ཀྱི་བ་སྤུའི་ཁུང་བུར་སྟོན་པར་མཛད་པ། དེ་བཞིན་དུས་གསུམ་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་འཕགས་པ་ཉན་ཐོས་མ་ལུས་ཀྱི། །སྤྱོད་དང་དེ་ལྷག་སྐྱེ་བོའི་གནས་སྐབས་ནི། །ཐམས་ཅད་བ་སྤུའི་ཁུང་བུར་གཅིག་ཚེ་སྟོན། །སྐུ་ཕུན་སུམ་ཚོགས་པ་བརྗོད་ནས་རྣམ་པར་རྟོག་པ་མི་མངའ་བར་ཟིན་ཀྱང་བཞེད་པ་ལ་མངའ་བསྒྱུར་བ་ཉིད་ཕུན་སུམ་ཚོགས་པར་བསྟན་པའི་ཕྱིར་བཤད་པ། དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང་། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་བཞེད་པའི་སྒོ་ནས་ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་རྡུལ་ཕྲ་རབ་གཅིག་གི་ཡུལ་ལ་སྟོན་པར་བྱེད་དེ། འཇིག་རྟེན་ཕྲ་བར་ཡང་མི་འགྱུར་ཞིང་རྡུལ་ཕྲ་རབ་རགས་པར་ཡང་མི་འགྱུར་ལ། བཞེད་པ་ཉིད་ཀྱིས་རང་གི་ངོ་བོ་ཇི་ལྟར་གནས་པ་ཡང་དེ་ལྟར་ཡང་དག་པར་སྟོན་ཏོ། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་ཡང་སྟོན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བཞེད་པ་ཙམ་གྱིས་མཐའ་ཡས་ཕྱོགས་ཏེ་འཇིག་རྟེན་མ་ལུས་པའི་འཇིག་རྟེན་རྡུལ་ཕྲན་རབ་གཅིག་གིས་ཁྱབ་པར་ཡང་སྟོན་པར་མཛད་དོ། །དེ་བཞིན་དུ། རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྲིད་མཐའི་བར། །སྐད་ཅིག་དེ་རེ་རེ་ལ་སྤྱོད་སྣ་ཚོགས། །ཇི་སྙེད་སྟོན་པ་དེ་སྙེད་འཛམ་བུ་གླིང་། །མ་ལུས་རྡུལ་གང་དེ་དག་ལ་གྲངས་མེད། །རྣམ་པར་རྟོག་པ་མི་མངའ་བ་ཁྱོད་འཁོར་བའི་བར་དུ་སྐད་ཅིག་དང་སྐད་ཅིག་ལ་སྤྱོད་པ་སྣ་ཚོགས་སྟོན་པའི་ཚད་གང་ཡིན་པའི་ཚད་དེའི་གྲངས་ནི་ཛམྦུའི་གླིང་མ་ལུས་པ་ན་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་དག་ལ་ཡོད་པ་མ་ཡིན་ནོ་ཞེས་པ་འདི་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕུལ་དུ་བྱུང་བར་བརྗོད་པའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པ་ཡིན་ནོ། །སངས་རྒྱས་ཀྱི་ས་ནི་སྟོབས་བཅུས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་དེའི་རྣམ་པར་དབྱེ་བ་ཆ་ཙམ་ཞིག་བསྟན་པའི་ཕྱིར་བཤད་པ། གནས་དང་གནས་མིན་མཁྱེན་སྟོབས་དང་། །དེ་བཞིན་ལས་རྣམ་སྨིན་བློ་དང་། །མོས་པ་སྣ་ཚོགས་ཐུགས་ཆུད་དང་། །སྣ་ཚོགས་ཁམས་ནི་མཁྱེན་སྟོབས་དང་། །དེ་བཞིན་དབང་མཆོག་མཆོག་མ་ཡིན། །མཁྱེན་དང་ཐམས་ཅད་དུ་འགྲོ་དང་། །བསམ་གཏན་རྣམ་ཐར་ཏིང་འཛིན་དང་། །སྙོམས་པར་འཇུག་སོགས་མཁྱེན་སྟོབས་དང་། །སྔོན་གནས་དྲན་པ་མཁྱེན་པ་དང་། །དེ་བཞིན་འཆི་འཕོ་སྐྱེ་བློ་དང་། །ཟག་རྣམ་ཟད་པ་མཁྱེན་སྟོབས་སྟེ། །སྟོབས་ནི་བཅུ་པོ་འདི་དག་གོ །དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ། རྒྱུ་གང་ཞིག་ལས་གང་ཞིག་ངེས་པར་སྐྱེ་འགྱུར་བ། །དེ་ནི་དེ་ཡི་གནས་སུ་དེ་མཁྱེན་རྣམས་ཀྱིས་གསུངས། །བཤད་པ་ལས་བཟློག་གནས་མིན་ཤེས་བྱ་མཐའ་ཡས་པ། །མཁྱེན་པ་ཐོག་པ་སྤངས་པ་དེ་ནི་སྟོབས་སུ་བཤད། །རྒྱུ་གང་ཞིག་ལས་གང་ཞིག་ཅེས་བྱ་བ་འདི་ནི་ཉེ་བར་མཚོན་པ་སྟེ། དེའི་ཕྱིར་རྒྱུ་གང་ལས་གང་ཞིག་སྐྱེ་བ་འདི་ལྟ་སྟེ། མི་དགེ་བ་དག་ལས་རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་དང་། གང་ལས་གང་ཞིག་འཐོབ་པ་འདི་ལྟ་སྟེ། འཕགས་པའི་ལམ་ལས་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྡུད་པ་འཐད་པར་འགྱུར་རོ། །རྒྱུ་གང་ལས་གང་ཞིག་ངེས་པར་སྐྱེ་བ་ཅན་དེའི་གནས་ཏེ་འདིར་གནས་པ་ན་ཞེས་བྱ་བས་གནས་ཀྱི་སྒྲས་བཏགས་པའི་ཚུལ་གྱིས་རྒྱུ་བརྗོད་དོ། །བཤད་ཟིན་པ་དང་འགལ་བ་ནི་གནས་མ་ཡིན་པར་འགྱུར་རོ། །གང་ཞིག་ལས་གང་མི་འབྱུང་བ་དེ་ནི་དེའི་གནས་མ་ཡིན་ཏེ། དཔེར་ན་དགེ་བ་དག་ལས་འབྲས་བུ་ཡིད་དུ་མི་འོང་བ་མི་འབྱུང་བ་དང་། མཐོང་བའི་ལམ་ཐོབ་པ་ལ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་མི་འབྱུང་བ་བཞིན་ནོ། །དེའི་ཕྱིར་མཁྱེན་པ་མི་མཐུན་པའི་ཕྱོགས་དང་བྲལ་བ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྟོབས་སུ་རྣམ་པར་གཞག་སྟེ། ཇི་སྐད་དུ་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་འདི་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་བླ་ན་མེད་པས་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་ལ་གནས་ནི་གང་གནས་མ་ཡིན་པ་ནི་གང་ཞེ་ན། རིགས་ཀྱི་བུ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང་ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་སྡུག་པ་དང་དགའ་བ་དང་ཡིད་དུ་འོང་བར་འགྱུར་བ་འདི་ནི་གནས་མེད་དོ། །འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་པ་སྟེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བར་འགྱུར་བ་འདོད་པ་སྡུག་པ་དང་། དགའ་བ་དང་། ཡིད་དུ་འོང་བར་འགྱུར་བ་འདི་ནི་གནས་ཡིན་ནོ། །རིགས་ཀྱི་བུ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་སེར་སྣས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དང་། ངང་ཚུལ་ངན་པས་ལྷ་དང་མིར་སྐྱེ་བ་དང་། གནོད་སེམས་ཀྱིས་མཛེས་པར་འགྱུར་བ་དང་། ལེ་ལོས་མངོན་པར་རྟོགས་པ་འཐོབ་པ་དང་། སེམས་གཡེངས་པས་སྐྱོན་མེད་པ་ལ་འཇུག་པ་དང་། འཆལ་བའི་ཤེས་རབ་ཀྱིས་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཀུན་ཏུ་འཇོམས་པར་འགྱུར་བ་དང་། མཚམས་མེད་པ་བྱེད་པས་སེམས་གནས་པར་འགྱུར་བ་དང་། དམིགས་པ་ཅན་གྱིས་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པར་འགྱུར་བ་དང་། འགྱོད་པ་ལ་རབ་ཏུ་གནས་པས་སེམས་ཤིན་ཏུ་སྦྱང་བར་འགྱུར་བ་འདི་ནི་གནས་མེད་དོ། །གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གང་བུད་མེད་ཀྱི་ལུས་དེ་ཉིད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། བརྒྱ་བྱིན་ནམ་ཚངས་པའམ་ཞེས་བྱ་བ་ལ་སོགས་པ་དང་། འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་པ་སྟེ། སྦྱིན་པས་ལོངས་སྤྱོད་ཆེན་པོ་མངོན་པར་འགྲུབ་པ་དང་ཞེས་ཐམས་ཅད་བཟློག་ནས་སྦྱར་བར་བྱ་ཞིང་། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་དང་པོའོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ཏེ་བཤད་པ། འདོད་དང་མི་འདོད་དེ་ལས་བཟློག་དང་ཟད་དངོས་ཀྱིས། །ལས་དང་དེ་ཡི་རྣམ་སྨིན་ཤིན་ཏུ་སྣ་ཚོགས་ལའང་། །མཁྱེན་པ་ནུས་མཐུ་ཐོགས་མེད་སོ་སོར་འཇུག་འགྱུར་བ། །དུས་གསུམ་ཤེས་བྱ་ཁྱབ་མཛད་དེ་ནི་སྟོབས་སུ་འདོད། །ལས་ཡིད་དུ་འོང་བ་དང་། ལས་ཡིད་དུ་མི་འོང་བ་དང་། ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བའི་ལས་དང་། ཟད་པའི་རྒྱུ་ཟག་པ་མེད་པ་དང་རྣམ་པ་གསུམ་པོ་དེའི་རྣམ་པར་སྨིན་པ་ལས་ལྟར་ཤིན་ཏུ་སྣ་ཚོགས་པ་དུས་གསུམ་གྱིས་བསྡུས་པ་འཇིག་རྟེན་མ་ལུས་པར་ཁྱབ་པ་ལ་ཡང་རང་གི་ངོ་བོ་དང་རབ་ཏུ་དབྱེ་བ་ལ་སོགས་པ་ཐམས་ཅད་ཡོངས་སུ་མཁྱེན་པས་ཤེས་བྱ་མ་ལུས་པ་ཁྱབ་པར་མཛད་པའི་མཁྱེན་པ་ཤེས་བྱ་འགར་ཡང་ཐོགས་པ་མི་མངའ་བ་གང་ཡིན་པ་དེ་ནི། བཅོམ་ལྡན་འདས་ཀྱིས་ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་སུ་རྣམ་པར་བཞག་སྟེ། ཇི་སྐད་དུ། གཞན་ཡང་དེ་བཞིན་གཤེགས་པས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་དང་། ལས་ཡང་དག་པར་བླངས་པ་རྣམས་གནས་དང་རྒྱུ་དང་དངོས་པོ་དང་། རྣམ་པར་སྨིན་པ་ལ་མཁས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟར་རབ་ཏུ་ཤེས་ཞེ་ན། རིགས་ཀྱི་བུ་འདི་ལ་འདས་པའི་ལས་ཡང་དག་པར་བླངས་པ་གང་དགེ་བའི་རྒྱུ་ལས་བྱུང་བ་མི་དགེ་བ་དང་བྲལ་བ་གང་མ་འོངས་པའི་དུས་ན། དགེ་བའི་རྒྱུ་འབྱིན་པ་དེ་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ལས་ཡང་དག་པར་བླངས་པ་གང་མི་དགེ་བའི་རྒྱུ་ལས་བྱུང་བ་དགེ་བ་དང་བྲལ་བ་གང་མ་འོངས་པའི་དུས་ན་མི་དགེ་བའི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །དེ་བཞིན་དུ་ལས་ཡང་དག་པར་བླངས་པ་གང་མ་འོངས་པའི་དུས་ན་ཉམས་པའི་ཆ་དང་མཐུན་པར་འགྱུར་བ་དང་། གང་ཁྱད་པར་གྱི་ཆ་དང་མཐུན་པར་འགྱུར་བ་དེ་ཡང་རབ་ཏུ་ཤེས་སོ། །དེ་བཞིན་དུ་ད་ལྟར་བྱུང་བའི་དུས་ན་ཉམས་པའི་ཆ་དང་མཐུན་ལ། མ་འོངས་པའི་དུས་ན་ཁྱད་པར་གྱི་ཆ་དང་མཐུན་པར་འགྱུར་བ་དང་། ད་ལྟར་བྱུང་བའི་དུས་ན་ཁྱད་པར་གྱི་ཆ་དང་མཐུན་ལ། མ་འོངས་པའི་དུས་ན་ཉམས་པའི་ཆ་དང་མཐུན་པར་འགྱུར་བ་དེ་ཡང་རབ་ཏུ་ཤེས་སོ། །དེ་བཞིན་དུ་རེ་རེ་ཞིང་ཕྱོགས་མཐུན་པ་ལ་ཡང་རབ་ཏུ་ཤེས་པར་བྱའོ། །དེ་བཞིན་དུ་ལས་ཡང་དག་པར་བླངས་པ་གང་འདས་པ་ན་སྦྱོར་བ་ཆུང་ལ་དེ་མ་འོངས་པའི་དུས་ན་རྒྱ་ཆེ་ཞིང་སྦྱོར་བ་རྒྱ་ཆེ་བར་འགྱུར་བ་དང་། དེ་བཞིན་དུ་རྩོམ་པ་ཆུང་ལ་ཁྱད་པར་ཆེན་པོར་འགྱུར་བ་དང་། རྩོམ་པ་ཆེན་པོར་འགྱུར་ལ་ཁྱད་པར་དུ་འགྱུར་བ་ཆུང་བ་དང་། ལས་ཡང་དག་པར་བླངས་པ་གང་ཉན་ཐོས་ཉིད་ཀྱི་རྒྱུ་འབྱིན་པ་དང་། གང་རང་སངས་རྒྱས་ཉིད་དང་། གང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །དེ་བཞིན་དུ་ལས་ཡང་དག་པར་བླངས་པ་གང་ད་ལྟར་བྱུང་བ་ན་སྡུག་བསྔལ་ལ་མ་འོངས་པ་ན་རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང་། ད་ལྟར་བྱུང་བ་ན་བདེ་ལ་མ་འོངས་པ་ན་རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །དེ་ལྟར་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་རྣམས་ཀྱི་ལས་གང་ཡིན་པ་དང་། རྒྱུ་གང་ཡིན་པ་དང་། རྣམ་པར་སྨིན་པ་གང་ཡིན་པ་དེ་བཞིན་གཤེགས་པས་དེ་ཁོ་ན་དང་གཞན་མ་ཡིན་པ་ལ་བརྟེན་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤེས་ནས་ཀྱང་དེ་བཞིན་ཉིད་དུ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་གཉིས་པའོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱིས་དབང་དུ་བྱས་ནས་བཤད་པ། འདོད་ཆགས་སོགས་ཀྱིས་འབྱུང་བའི་སྟོབས་ཀྱིས་འདོད་པ་ནི། །ཤིན་ཏུ་སྣ་ཚོགས་དམན་འབྲིང་གང་ཡང་ཁྱད་འཕགས་འདོད། །དེ་ལས་གཞན་རྣམས་ཀྱིས་གཡོགས་མོས་ལའང་མཁྱེན་པ་ནི། །དུས་གསུམ་འགྲོ་བ་མ་ལུས་ཁྱབ་པ་སྟོབས་ཞེས་བྱ། །འདིར་འདོད་ཆགས་ཀྱི་སྒྲ་ནི་ཉོན་མོངས་པའི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ཞེ་སྡང་ལ་སོགས་པ་རྣམས་ཀྱང་འཛིན་པར་བྱེད་དོ། །སོགས་པའི་སྒྲས་ནི་དད་པ་ལ་སོགས་པ་དགེ་བའི་ཆོས་ཡོངས་སུ་བསྡུ་བར་བྱ་བའི་ཕྱིར་རོ། །འབྱུང་བའི་སྒྲས་ནི་འདོད་ཆགས་ལ་སོགས་པ་རྣམས་ཀྱི་ས་བོན་སྨོས་ཏེ། འདི་ལས་འདོད་ཆགས་ལ་སོགས་པ་འབྱུང་བས་ན་ཞེས་བྱ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པའི་ས་བོན་གྱིས་ཡོངས་སུ་བཟུང་བའི་བསམ་པ་ནི་ལྷག་པར་མོས་པ་དང་། ལྷག་པར་བསམས་པ་དང་འདོད་པ་དང་མོས་པ་ཞེས་བྱ་བར་བརྗོད་ལ། མོས་པ་དེ་ལས་གཞན་པའི་ཆོས་ཀུན་ཏུ་སྤྱོད་པའི་བསྒྲིབས་པ་དེ་ལ་ཡང་རང་གི་ངོ་བོའི་ཁྱད་པར་ཡོངས་སུ་གཅོད་པར་མཛད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་འབྱུང་བ་དེ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་སུ་རྣམ་པར་བཞག་སྟེ། ཇི་སྐད་དུ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་མོས་པ་དུ་མ་དང་། མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཇི་ལྟར་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ཀྱི་མོས་པ་དུ་མ་དང་མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེ་ན། གང་ཟག་གང་འདོད་ཆགས་ལ་གནས་ལ་ཞེ་སྡང་ལ་མོས་པ་དང་། གང་ཟག་གང་ཞེ་སྡང་ལ་གནས་ལ་འདོད་ཆགས་ལ་མོས་པ་དང་། གང་ཟག་གང་གཏི་མུག་ལ་གནས་ལ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་ལ་མོས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །གང་ཟག་གང་དགེ་བ་ལ་གནས་ལ་མི་དགེ་བ་ལ་མོས་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །གང་ཟག་གང་དག་སྦྱོར་བ་ཆུང་བ་བསམ་པ་རྒྱ་ཆེན་པོ་ལ་མོས་པ་དང་། གང་དག་སྦྱོར་བ་རྒྱ་ཆེ་ལ་བསམ་པ་ཆུང་ངུ་ལ་མོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །མོས་པ་གང་གིས་སྦྱོར་བ་ཆུང་ལ་ཁྱད་པར་ལ་གནས་པར་འགྱུར་བ་དང་། སྦྱོར་བ་ཁྱད་པར་དུ་འཕགས་ལ་ཆུང་ངུ་ལ་གནས་པར་འགྱུར་བ་དང་། ཡང་དག་པ་ཉིད་དུ་ངེས་ལ་ལོག་པ་ཉིད་དུ་ངེས་པའི་ཁམས་ལ་འཇོག་པར་འགྱུར་བ་དང་། ལོག་པ་ཉིད་དུ་ངེས་ལ་ཡང་དག་ཉིད་དུ་ངེས་པའི་ཁམས་ལ་འཇོག་པར་འགྱུར་བ་དང་། མ་ངེས་ལ་ཡང་དག་པ་ཉིད་དུ་ངེས་པའི་ཁམས་ལ་འཇོག་པར་འགྱུར་བ་དང་། མོས་པ་གང་གིས་འདོད་པའི་ཁམས་ལས་ཤིན་ཏུ་འདའ་བར་འགྱུར་བ་དང་། གང་གིས་གཟུགས་ཀྱི་ཁམས་དང་གང་གིས་གཟུགས་མེད་པའི་ཁམས་དང་། གང་གིས་ཁམས་གསུམ་པ་ལས་ཤིན་ཏུ་འདའ་བར་འགྱུར་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ཤེས་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་གསུམ་པའོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ། སངས་རྒྱས་ཁམས་ཀྱི་རྣམ་པར་དབྱེ་ལ་མཁས་རྣམས་ཀྱིས། །མིག་སོགས་དག་གི་རང་བཞིན་གང་དེ་ཁམས་སུ་གསུངས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའ་ཡས་ཤིང་། །རྣམ་ཀུན་ཁམས་ཀྱི་ཁྱད་པར་ལ་འཇུག་སྟོབས་སུ་འདོད། །རང་བཞིན་དང་ངོ་བོ་དང་སྟོང་པ་ཉིད་ཅེས་བྱ་བ་ནི་རྣམ་གྲངས་དག་གོ །སངས་རྒྱས་ཁམས་མཐའ་དག་གི་རབ་ཏུ་དབྱེ་བ་ལ་མཁས་པ་རྣམས་ཀྱི་མཁྱེན་པ་གང་ཞིག་མིག་ལ་སོགས་པའི་ཁམས་ཀྱི་རང་བཞིན་གང་ནང་སྟོང་པ་ཉིད་ལ་སོགས་པའི་མཚན་ཉིད་ཅན་རབ་ཏུ་དབྱེ་བ་དུ་མར་གྱུར་པ་དེ་ལ་ཐོག་པ་མི་མངའ་བ་དེ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་སུ་རྣམ་པར་གཞག་སྟེ། ཇི་སྐད་དུ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་རབ་ཏུ་ཤེས་སོ། །ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཁམས་བཅོ་བརྒྱད་ཆར་ཡང་སྟོང་པ་ཉིད་གསུམ་གསུམ་དང་སྦྱར་བར་བྱའོ། །ས་ལ་སོགས་པའི་ཁམས་ཀྱང་རབ་ཏུ་ཤེས་སོ། །ཇི་ལྟར་རབ་ཏུ་ཤེས་ཞེ་ན་ནམ་མཁའི་ཁམས་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་དག་ཡོངས་སུ་བརྟགས་པ་ལས་ཡང་དག་པར་བྱུང་བར་རབ་ཏུ་ཤེས་སོ། །འདུས་བྱས་ཀྱི་ཁམས་ནི་མངོན་པར་འདུ་བྱ་བའི་མཚན་ཉིད་དུའོ། །འདུས་མ་བྱས་ཀྱི་ཁམས་ཀྱང་མངོན་པར་འདུ་བྱ་བའི་མཚན་ཉིད་དུའོ། །ཀུན་ནས་ཉོན་མོངས་པའི་ཁམས་ནི་གློ་བུར་གྱི་ཉོན་མོངས་པའི་མཚན་ཉིད་དུའོ། །རྣམ་པར་བྱང་བའི་ཁམས་ནི་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དུའོ། །འཁོར་བའི་ཁམས་ནི་ཚུལ་བཞིན་མ་ཡིན་པའི་མ་རིགས་པའི་མཚན་ཉིད་དུའོ། །མྱ་ངན་ལས་འདས་པའི་དབྱིངས་ནི་ཚུལ་བཞིན་རིག་པའི་མཚན་ཉིད་དུའོ། །དེ་ལྟར་ན་འཇིག་རྟེན་གནས་པའི་ཁམས་གང་ཡིན་པ་དང་། རབ་ཏུ་གནས་པའི་ཁམས་གང་ཡིན་པ་དང་། རྗེས་སུ་ཁྲིད་པའི་ཁམས་གང་ཡིན་པ་དང་། ཐོགས་པའི་ཁམས་གང་ཡིན་པ་དང་། བསམ་པའི་ཁམས་གང་ཡིན་པ་དང་། བརྟེན་པའི་ཁམས་གང་ཡིན་པ་དེ་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤེས་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་བཞི་པའོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ། ཀུན་ཏུ་རྟོག་སོགས་ཆེས་རྣོ་ཉིད་ནི་མཆོག་བཞེད་ལ། །འབྲིང་གནས་སྐབས་དང་རྟུལ་ཉིད་མཆོག་མིན་པར་བཤད་དང་། །མིག་ལ་སོགས་དང་ཕན་ཚུན་སྒྲུབ་ནུས་ཆུབ་པ་ལ། །རྣམ་པ་ཐམས་ཅད་མཁྱེན་པ་ཆགས་མེད་སྟོབས་སུ་གསུངས། །ཀུན་ཏུ་རྟོག་པ་ནི་ཡང་དག་པ་མ་ཡིན་པ་ལྷག་པར་སྒྲོ་འདོགས་པའོ། །ཀུན་ཏུ་རྟོག་པ་ནི་དབང་པོ་ཉིད་ཡིན་ཏེ། འདོད་ཆགས་ལ་སོགས་པ་བསྐྱེད་པ་ལ་མངའ་བདག་ཉིད་དུ་གནས་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་དད་པ་ལ་སོགས་པ་དགེ་བའི་རྒྱུ་ཅན་རྣམས་སྡུད་པར་རྟོགས་པར་བྱའོ། །དེའི་ཕྱིར་མཆོག་གི་སྒྲས་ནི་ཕུལ་དུ་བྱུང་བ་བརྗོད་དེ། ཆུང་ངུ་དང་འབྲིང་གི་གནས་སྐབས་ནི་མཆོག་མ་ཡིན་པའི་སྒྲས་བརྗོད་དོ། །མིག་སོགས་ཞེས་བྱ་བ་འདིས་ནི་མིག་ལ་སོགས་པའི་དབང་པོ་ཉི་ཤུ་རྩ་གཉིས་འཛིན་ཏོ། །དེ་ཕྱིར་འདིར་དབང་པོའི་རང་གི་ངོ་བོ་ཐུགས་སུ་ཆུད་པ་དང་། ཕན་ཚུན་འབྲས་བུ་སྒྲུབ་པར་ནུས་པའི་རང་གི་ངོ་བོ་ཐུགས་སུ་ཆུད་པ་ལ་མཁྱེན་པ་གང་ཞིག་ཐོགས་པ་མི་མངའ་བ་འདི་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་སུ་རྣམ་པར་གཞག་སྟེ། ཇི་སྐད་དུ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོའི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཇི་ལྟར་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོའི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཞེ་ན། རིགས་ཀྱི་བུ་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་དབང་པོ་རྟུལ་པོ་རྣམས་ཀྱང་སེམས་ཅན་དབང་པོ་རྟུལ་པོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་དབང་པོ་འབྲིང་ཡང་རབ་ཏུ་ཤེས་སོ། །དབང་པོ་རྣོན་པོ་ཡང་རབ་ཏུ་ཤེས་སོ། །ཡོངས་སུ་རྟོག་པའི་དབང་པོ་ཅི་འདྲ་བས་མཐར་སོང་བའི་འདོད་ཆགས་སྐྱེ་བ་དང་། མཐར་སོང་བའི་ཞེ་སྡང་དང་། མཐར་སོང་བའི་གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །མཐར་སོང་བ་ཞེས་བྱ་བ་ནི་རབ་ཏུ་གྱུར་པའོ། །ཡོངས་སུ་རྟོག་པའི་དབང་པོ་ཅི་འདྲ་བས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བཅོས་མ་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ཡོངས་སུ་རྟོག་པའི་དབང་པོ་གང་གིས་སྣེལ་ཞིང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་སྐྱེ་བ་དང་། ཡོངས་སུ་རྟོག་པའི་དབང་པོ་གང་གིས་ཚར་གཅད་པའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །དབང་པོ་གང་དག་དགེ་བའི་རྒྱུ་ལས་བྱུང་བ་དང་། དབང་པོ་གང་དག་ངེས་པར་འབྱུང་བའི་རྒྱུ་ལས་བྱུང་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །གཞན་ཡང་དེ་བཞིན་གཤེགས་པས་མིག་གི་དབང་པོ་རབ་ཏུ་ཤེས་པ་ནས་ཀུན་ཤེས་པ་དང་ལྡན་པའི་དབང་པོའི་བར་རབ་ཏུ་ཤེས་སོ། །དབང་པོ་གང་མིག་གི་དབང་པོའི་རྒྱུ་ལས་བྱུང་བ་རྣ་བའི་དབང་པོ་འཇོག་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །དེ་བཞིན་དུ་རྣ་བའི་དབང་པོ་ལ་སོགས་པ་རྣམས་ཀྱང་རིག་པར་བྱའོ། །སེམས་ཅན་གང་སྦྱིན་པའི་དབང་པོ་ཅན་ཡིན་ལ། དེ་ཡང་ཚུལ་ཁྲིམས་ལ་སྦྱོར་བ་དེ་ལ་དེ་བཞིན་གཤེགས་པ་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་སྦྱིན་པའི་གཏམ་བྱེད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་དབང་པོ་ཅན་ཡིན་ལ་དེ་ཡང་སྦྱིན་པ་ལ་སོགས་པ་དེ་ལ་སྦྱོར་བ་དེ་ལ་དེ་ལྟར་ཚུལ་ཁྲིམས་ལ་སོགས་པའི་གཏམ་བྱེད་དོ། །དེ་བཞིན་དུ་གང་ཉན་ཐོས་ཀྱི་ཐེག་པའི་དབང་པོ་ཅན་ཡིན་ལ། དེ་ཡང་རང་སངས་རྒྱས་ཀྱི་ཐེག་པ་ལ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་སྦྱོར་རོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྨིན་པ་རྣམས་ནི་དབང་པོ་ཡོངས་སུ་སྨིན་པ་རྣམས་སོ་ཞེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡོངས་སུ་མ་སྨིན་པ་རྣམས་ཀྱང་ཡོངས་སུ་མ་སྨིན་པ་རྣམས་སོ་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ངེས་པར་འབྱུང་བ་མ་ཡིན་པ་རྣམས་ནི་ངེས་པར་འབྱུང་བ་མ་ཡིན་པ་རྣམས་སོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ངེས་པར་འབྱུང་བ་དང་བཅས་པ་རྣམས་ཀྱང་ངེས་པར་འབྱུང་བ་དང་བཅས་པ་རྣམས་སོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་གྱི་དབང་པོའི་རྣམ་པ་གང་ཡིན་པ་དང་། སྦྱོར་བ་གང་ཡིན་པ་དང་། བསམ་པ་གང་ཡིན་པ་དང་། གང་གི་རྒྱུ་ལས་བྱུང་བ་དང་། རྐྱེན་གང་ཡིན་པ་དང་། དམིགས་པ་གང་ཡིན་པ་དང་། མཐར་ཐུག་པ་གང་ཡིན་པ་དང་། མཐའ་གང་ཡིན་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་ལྔ་པའོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ། ལམ་འགའ་རྒྱལ་བ་ཉིད་དང་འགའ་ཞིག་རང་རྒྱལ་གྱི། །བྱང་ཆུབ་དང་ནི་ཉན་ཐོས་བྱང་ཆུབ་ཡི་དྭགས་དང་། །དུད་འགྲོ་ལྷ་མི་རྣམས་དང་དམྱལ་ལ་སོགས་འགྲོ་བ། །དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད། །དེ་ལ་ལམ་གྱི་སྒྲས་ནི་ལམ་ཤུལ་བརྗོད་དོ། །ལམ་གང་ལ་ལམ་ཐམས་ཅད་དུ་འགྲོ་བའི་ངང་ཚུལ་ཡོད་པ་དེ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མོ། །ལམ་འགའ་ཞིག་ནི་སངས་རྒྱས་ཉིད་དུ་འདོད་དོ། །ལ་ལ་ནི་རང་རྒྱལ་བའི་བྱང་ཆུབ་ཏུའོ། །ལ་ལ་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུའོ། །ལ་ལ་ནི་ལྷ་དག་ཏུ་ཡིན་པ་ནས་དམྱལ་བ་དག་ཏུ་ཡིན་པའི་བར་རོ། །སོགས་པའི་སྒྲ་ནི་རྣམ་པ་སྣ་ཚོགས་བསྟན་པར་མཚོན་པའི་དོན་ཏོ། །དེ་ལ་དེ་བཞིན་གཤེགས་པས་ལམ་གང་ཞིག་གང་དུ་འགྲོ་བའི་ལམ་དེ་ནི་དེར་འགྲོ་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་མཁྱེན་པ་ལམ་ཐམས་ཅད་ཀྱི་ཡུལ་ཅན་ཐོགས་པ་མི་མངའ་བ་འདི་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་སུ་རྣམ་པར་གཞག་སྟེ། ཇི་སྐད་དུ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ཀུན་ཏུ་འགྲོ་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟར་རབ་ཏུ་ཤེས་ཞེ་ན། ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་ཤེས་སོ། །ངེས་པ་དང་བཅས་པའི་སེམས་ཅན་གྱི་ཁམས་ནི་འདི་ལྟར་རབ་ཏུ་ཤེས་སོ། །སེམས་ཅན་གང་དག་རྒྱུའི་སྟོབས་ཅན་སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ། ཟུར་ཙམ་གྱིས་གོ་བ་དབང་པོ་རྣོན་པོའི་སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་། མ་བསྟན་ཀྱང་རུང་སྟེ། རྣམ་པར་གྲོལ་བའི་སྐལ་པ་ཡོད་པ་དེ་དག་དེ་བཞིན་གཤེགས་པས་སྔོན་གྱི་རྒྱུ་དང་སྟོབས་ཤེས་ནས་ཆོས་སྟོན་ཏོ། །མ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་འདི་ལྟར་ཤེས་ཏེ། གང་དག་རྐྱེན་གྱི་སྟོབས་ཅན་ཡོངས་སུ་སྨིན་པར་བྱ་བའི་མཚན་ཉིད་ཅན་གྱི་སེམས་ཅན་དེ་དག་གལ་ཏེ་མཐུན་པར་འདོམས་ཤིང་རྗེས་སུ་སྟོན་པ་དང་ཕྲད་ན་རྣམ་པར་གྲོལ་བར་འགྱུར་གྱི། མ་ཕྲད་ན་རྣམ་པར་གྲོལ་བར་མི་འགྱུར་བ་དེ་དག་ལ་ཡང་དེ་བཞིན་གཤེགས་པ་དེ་ལྟ་དེ་ལྟར་རྒྱུ་དང་རྐྱེན་དང་ལྡན་པའི་གཏམ་ཡང་དག་པར་གསུངས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ལས་དེ་ལྟ་བུའི་ཆོས་ཐོས་ནས་ཚུལ་བཞིན་དུ་རབ་ཏུ་སྦྱོར་བས་འབྲས་བུ་ཐོབ་པར་འགྱུར་བ་དེ་དག་གི་དོན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་ངོ་། །ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་འདི་ལྟར་རབ་ཏུ་ཤེས་སོ། །ཡོངས་སུ་སྦྱང་བ་མ་བྱས་པ། ཁོ་རེ་ཆུང་བ། བླུན་པ་སྣོད་དུ་མ་གྱུར་པའི་སེམས་ཅན་དེ་དག་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཀྱང་རུང་མ་བསྟན་ཀྱང་རུང་སྟེ། སེམས་ཅན་དེ་དག་རྣམ་པར་གྲོལ་བའི་སྐལ་པ་མེད་པས་དེ་དག་དེ་བཞིན་གཤེགས་པས་སྣོད་མ་ཡིན་པར་རིག་ནས་བཏང་སྙོམས་སུ་འཇོག་སྟེ། དེ་དག་གི་ཆེད་དུ་བྱང་ཆུབ་སེམས་དཔའ་རྣམས་གོ་ཆ་གྱོན་ཏོ། །གཞན་ཡང་དེ་བཞིན་གཤེགས་པས་འདོད་ཆགས་ཀྱི་ལམ་རྣམ་པ་གསུམ་རབ་ཏུ་ཤེས་ཏེ། གསུམ་གང་ཞེ་ན། འདོད་ཆགས་ཀྱི་ལམ་གང་སྡུག་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། འདོད་ཆགས་ཀྱི་ལམ་གང་རྗེས་སུ་ཆགས་པའི་རྣམ་པ་ལས་སྐྱེ་བ་ཡང་ཡོད། འདོད་ཆགས་ཀྱི་ལམ་གང་སྔོན་གྱི་བག་ལ་ཉལ་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་དོ། །ཞེ་སྡང་གི་ལམ་རྣམ་པ་གསུམ་ཡང་རབ་ཏུ་ཤེས་ཏེ། ཞེ་སྡང་གི་ལམ་གང་ཁོང་ཁྲོའི་རྒྱུ་ལས་སྐྱེ་བ་ཡང་ཡོད། ཞེ་སྡང་གི་ལམ་གང་བསམ་པ་ཡོངས་སུ་མ་རྫོགས་པ་ལས་སྐྱེ་བ་ཡང་ཡོད། ཞེ་སྡང་གི་ལམ་གང་སྔོན་གྱི་བག་ལ་ཉལ་ལས་སྐྱེ་བ་ཡང་ཡོད་དོ། །གཏི་མུག་གི་ལམ་རྣམ་པ་གསུམ་ཆར་ཡང་རབ་ཏུ་ཤེས་ཏེ། གཏི་མུག་གི་ལམ་གང་མ་རིག་པའི་རྒྱུ་ལས་སྐྱེ་བ་ཡང་ཡོད། གཏི་མུག་གི་ལམ་གང་འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་སྐྱེ་བ་ཡང་ཡོད། གཏི་མུག་གི་ལམ་གང་ཐེ་ཚོམ་གྱི་རྒྱུ་ལས་སྐྱེ་བ་ཡང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ཞེས་བྱ་བ་རྒྱས་པར་འབྱུང་ཞིང་། དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་འཇུག་པའི་རྒྱུ་ལས་བྱུང་བ་དང་། ལྡོག་པའི་རྒྱུ་ལས་བྱུང་བའི་ལམ་གང་ཇི་སྙེད་པ་དེ་དག་ཐམས་ཅད་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཐོགས་པ་མེད་པར་འཇུག་སྟེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་དྲུག་པའོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམ་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ལྡང་བ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ། འཇིག་རྟེན་མཐའ་ཡས་རྣལ་འབྱོར་བྱེ་བྲག་ལ་ཐ་དད། །བསམ་གཏན་རྣམ་ཐར་བརྒྱད་གང་ཞི་གནས་གང་དག་དང་། །སྙོམས་འཇུག་ཁྱད་པར་གང་དག་གཅིག་དང་བརྒྱད་གྱུར་པ། །དེ་ལ་མཁྱེན་པ་ཐོགས་མེད་འདི་ནི་སྟོབས་སུ་བཤད། །དེ་ལ་འཇིག་རྟེན་མཐའ་ཡས་པ་ན། རྣལ་འབྱོར་པའི་ཁྱད་པར་གྱི་རབ་ཏུ་དབྱེ་བ་མཐའ་ཡས་པར་གྱུར་པ་བསམ་གཏན་དག་ནི་བཞིའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཞི་གནས་ནི་ཏིང་ངེ་འཛིན་དག་སྟེ། དགེ་བ་ལ་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དག་ནི་དགུ་སྟེ། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་ནི་མ་རིག་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་དག་གོ །རྣམ་པར་བྱང་བའི་རྒྱུ་ནི་གཞན་ལས་རྗེས་སུ་མཐུན་པའི་སྒྲ་དང་སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དེ་ལྟ་བུ་ལ་སོགས་པ་དག་གོ །དེའི་ཕྱིར་རྣལ་འབྱོར་པའི་དབྱེ་བས་སོ་སོར་རབ་ཏུ་དབྱེ་བ་མཐའ་ཡས་པར་གྱུར་པ་བསམ་གཏན་ལ་སོགས་པ་དེ་ལ་མཁྱེན་པ་གང་ཞིག་ཐོགས་པ་མི་མངའ་བ་དེ་ནི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ལྡང་བ་མཁྱེན་པའི་སྟོབས་སུ་རྣམ་པར་གཞག་སྟེ། ཇི་སྐད་དུ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ལྡང་བ་ཤེས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟར་རབ་ཏུ་ཤེས་ཤེ་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་སྐྱེ་བའི་རྒྱུ་གང་ཡིན་པ་དང་། རྐྱེན་གང་ཡིན་པ་དེ་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །སེམས་ཅན་རྣམས་ཀྱི་རྣམ་པར་དག་པར་འགྱུར་བའི་རྒྱུ་གང་ཡིན་པ་དང་རྐྱེན་གང་ཡིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །དེ་ལ་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྐྱེན་ནི་མ་རིག་པའོ། །མ་རིག་པ་ནི་རྒྱུའོ། །འདུ་བྱེད་རྣམས་ནི་རྐྱེན་ཏོ། །འདུ་བྱེད་ནི་རྒྱུའོ། །རྣམ་པར་ཤེས་པ་ནི་རྐྱེན་ཏོ་ཞེས་བྱ་བ་ནས། ཉོན་མོངས་པ་རྣམས་ནི་རྒྱུའོ། །ལས་རྣམས་ནི་རྐྱེན་ཏོ། ལྟ་བ་ནི་རྒྱུའོ། །སྲེད་པ་ནི་རྐྱེན་ཏོ། །བག་ལ་ཉལ་བ་ནི་རྒྱུའོ། །ཀུན་ནས་ལྡང་བ་ནི་རྐྱེན་ཏེ་ཞེས་བྱ་བའི་བར་དང་། དེ་ལ་སེམས་ཅན་རྣམས་ཀྱི་རྣམ་པར་བྱང་བའི་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། རྒྱུ་གཉིས་དང་རྐྱེན་གཉིས་སོ། །གཉིས་གང་ཞེ་ན། གཞན་ལས་རྗེས་སུ་མཐུན་པའི་སྒྲ་དང་། སོ་སོ་རང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ། །གཞན་ཡང་གཉིས་ཏེ། ཞི་གནས་ལ་རྩེ་གཅིག་པ་དང་། ལྷག་མཐོང་ལ་མཁས་པའོ་ཞེས་རྒྱས་པར་འབྱུང་ཞིང་། འདི་ནི་སེམས་ཅན་རྣམས་ཀྱི་རྣམ་པར་དག་པའི་རྒྱུའོ། །འདི་ནི་རྐྱེན་ཏེ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །དེ་བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་དང་ལྡན་པས་འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྣམ་པར་རྟོག་པ་དང་བཅས་པ་རྣམ་པར་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་འགོག་པ་ལས་ལྡང་ངོ་། །འགོག་པ་ལ་སྙོམས་པར་ཞུགས་ཏེ་བསམ་གཏན་དང་པོ་ལས་ལྡང་ངོ་། རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་པར་ཡང་སྙོམས་པར་འཇུག་གོ །ལུགས་དང་མི་མཐུན་པ་དང་། སྣྲེལ་ཞིར་ཡང་ངོ་། །ཏིང་ངེ་འཛིན་ནི་སྙོམས་པར་འཇུག་པར་སྟོན། སྙོམས་པར་འཇུག་པ་ནི་ཏིང་ངེ་འཛིན་དུ་སྟོན་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ལ་འདྲེས་པ་གང་ཡང་མེད་ཅིང་། དེ་བཞིན་གཤེགས་པ་ལ་ནི་དམིགས་པས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱ་བ་མེད་དོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གཅིག་གིས་ཏིང་ངེ་འཛིན་ཐམས་ཅད་མངོན་པར་འགྲུབ་སྟེ། དེ་བཞིན་གཤེགས་པ་ནི་ཏིང་ངེ་འཛིན་གཅིག་ལས་མ་ལངས་པར་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་ཀྱང་དེ་བཞིན་གཤེགས་པ་ལ་སེམས་གཅིག་ནས་གཅིག་ཏུ་འཇུག་པ་མེད། དེ་བཞིན་གཤེགས་པ་ལ་སེམས་མཉམ་པར་མ་བཞག་པ་མི་དམིགས་སོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་སུས་ཀྱང་བལྟ་བར་མི་ནུས་ཏེ། ཉན་ཐོས་ཀྱི་ཏིང་ངེ་འཛིན་ནི་རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་གནོན་ཏོ། །རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་གནོན་ཏོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ནི་ཟིལ་གྱིས་མི་ནོན་པ་སྟེ། འདི་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཟིལ་གྱིས་མི་གནོན་པར་འཇུག་པའོ། །གདམས་པ་དང་རྗེས་སུ་བསྟན་པ་གང་དང་གང་གིས་ཉན་ཐོས་རྣམས་ཏིང་ངེ་འཛིན་བསྐྱེད་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །གང་གིས་རང་སངས་རྒྱས་རྣམས་དང་། གང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་བསྐྱེད་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ཤེས་ནས་ཀྱང་དེ་བཞིན་དུ་འདོམས་ཤིང་དེ་བཞིན་དུ་རྗེས་སུ་སྟོན་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་བདུན་པའོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ། ཇི་སྲིད་གཏི་མུག་དེ་སྲིད་སྲིད་གནས་འདས་བདག་དང་། །སེམས་ཅན་གཞན་རེ་རེ་ཡི་སྲིད་པ་སེམས་ཅན་ནི། །ཇི་སྙེད་དེ་སྙེད་མཐའ་ཡས་གཞིར་བཅས་ཡུལ་ཕྱོགས་དང་། །བཅས་རྣམས་ལ་བློ་གང་དང་གང་ཡིན་སྟོབས་སུ་བཤད། །ཇི་སྲིད་གཏི་མུག་ཅེས་བྱ་བ་འདིས་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོག་མ་མེད་པ་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་ཡུལ་ཉིད་དུ་བཤད་དོ། །སེམས་ཅན་ཇི་སྙེད་ཅེས་བྱ་བ་འདིས་ནི་སེམས་ཅན་གྱི་ཁམས་མུ་མཐའ་མེད་པ་བསྡུ་བར་བརྗོད་དོ། །གཞིར་བཅས་སྨོས་པས་ནི་རྒྱུ་དང་བཅས་པ་ཉིད་ཀྱི་སྒོ་ནས་དེ་བསྡུ་བ་བཤད་དོ། །ག་གེ་མོ་ཞིག་ནས་བདག་ཁ་དོག་ནི་འདི་འདྲ་བར་གྱུར། རྣམ་པ་ནི་འདི་ལྟ་བུར་གྱུར་ཞེས་བྱ་བ་ལ་སོགས་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །དེ་ལ་ཁ་དོག་ནི་འདི་འདྲ་བར་གྱུར་ཅེས་བྱ་བར་རྗེས་སུ་དྲན་པས་ནི་རྣམ་པ་དང་བཅས་པར་རྗེས་སུ་དྲན་པར་འགྱུར་རོ། །ཆེ་གེ་མོ་ཞིག་ན་བདག་གནས་ནས་དེ་ནས་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས། དེ་ནས་ཤི་འཕོས་ནས་འདིར་སྐྱེས་སོ། །ཞེས་བྱ་བ་དྲན་པས་ནི་ཡུལ་ཕྱོགས་དང་བཅས་པར་རྗེས་སུ་དྲན་པར་འགྱུར་རོ། །ལྷག་མ་ནི་རྒྱུ་དང་བཅས་པར་རྗེས་སུ་དྲན་པའོ། །དེ་ལྟར་སྔོན་གྱི་སྲིད་པ་གཞི་དང་བཅས་པ་དང་། ཡུལ་ཕྱོགས་དང་བཅས་པ་དང་། རྣམ་པ་དང་བཅས་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཁྱེན་པ་གང་ཞིག་ཐོགས་པ་མི་མངའ་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཡིན་ནོ། །སྟོབས་འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་འདས་པ་དག་མ་ལུས་པར་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་དེ། སྐལ་བ་དང་ལྡན་པ་དང་། སྐལ་བ་དང་མི་ལྡན་པའི་ཚུལ་མཁྱེན་པ་ཉིད་ཀྱིས་ཆོས་འབྲས་བུ་ཡོད་པ་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་སྟེ། ཇི་སྐད་དུ། དེ་སེམས་ཅན་དེའི་སྔོན་གྱི་གནས་རྗེས་སུ་དྲན་ནོ། །སྔོན་གྱི་རྒྱུ་ཇི་ལྟ་བུ་དང་། རྒྱུ་གང་གིས་སེམས་ཅན་གང་ཀུན་ཏུ་བྱུང་བ་དེའི་སྔོན་གྱི་རྒྱུ་དེ་བཞིན་གཤེགས་པས་རབ་ཏུ་ཤེས་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་འདས་པ་ཡང་དེ་བཞིན་གཤེགས་པ་རབ་ཏུ་ཤེས་སོ། །སེམས་གང་གི་དམིགས་པ་ཅན་གྱི་འོག་ཏུ་སེམས་གང་གི་དམིགས་པ་ཅན་སྐྱེ་བ་དང་། དམིགས་པ་གང་གིས་སྐྱེ་བ་དང་། དམིགས་པ་གང་དང་བྲལ་ན་འགག་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །དེ་ལྟར་ཇི་ཙམ་དུ་སེམས་ཅན་གཅིག་གི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཇུག་པ་དེ་ལྟ་བུ་ཞིག་གི་འོག་ཏུ་སེམས་འདི་ལྟ་བུ་ཞིག་བྱུང་ལ། དེའི་འོག་ཏུ་ཡང་འདི་ལྟ་བུ་ཞིག་བྱུང་བ་དེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཡང་ཚིག་ཏུ་བསྟན་པས་བསྟན་པར་དཀའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཡང་དེ་ལྟ་བུ་སོ་སོར་སེམས་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ཡོངས་སུ་བཏགས་པ་ཉེ་བར་བཟུང་སྟེ་ཕྱི་མའི་མུར་ཐུག་པར་བསྟན་ཀྱང་དེའི་ཡེ་ཤེས་མཐར་ཐུག་པར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་འདི་ནི་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མེད་ལ། ཚད་མེད་དེ། དེའི་མཐའ་ནི་བསྟན་པར་སླ་བ་མ་ཡིན་ནོ། །སངས་རྒྱས་ཁྱུ་མཆོག་ཏུ་གྱུར་པས་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་ལ། ཀྱེ་སེམས་ཅན་གང་དག་དགེ་བའི་རྩ་བ་སངས་རྒྱས་ལ་བསྐྲུན་པའམ། ཉན་ཐོས་ལ་བསྐྲུན་པའམ། རང་སངས་རྒྱས་ལ་བསྐྲུན་པ་དེ་ལྟ་བུ་དྲན་པར་གྱིས་ཤིག་ཅེས་དྲན་པར་བྱེད་དོ། །འདི་ལྟ་སྟེ། སངས་རྒྱས་ཀྱི་མཐུས་སེམས་ཅན་དེ་དག་གིས་ཀྱང་དྲན་པར་འགྱུར་རོ། །དེ་བཞིན་གཤེགས་པས་དེ་དག་ལ་དགེ་བའི་རྩ་བ་ལ་དམིགས་པ་དེ་དང་དེས་ཅི་ནས་ཐེག་པས་རྣམ་པར་གྲོལ་བ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། །འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་བརྒྱད་པའོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ། སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་དང་། །སྐྱེ་གང་འཇིག་རྟེན་ལ་གནས་ནམ་མཁའི་མཐར་ཐུག་དང་། །བཀྲ་མང་དེ་ལ་མཁྱེན་པ་དུས་དེར་འཇུག་པ་ཡིས། །མ་ཆགས་རྣམ་ཀུན་ཡོངས་དག་མཐའ་ཡས་སྟོབས་སུ་འདོད། །འཆི་འཕོ་བ་ནི་ཕུང་པོ་འཇིག་པའོ། །སྐྱེ་བ་ནི་ཕུང་པོའི་ཉིང་མཚམས་སྦྱོར་བའོ། །འཇིག་རྟེན་མ་ལུས་པའི་འཆི་འཕོ་བ་དང་སྐྱེ་བ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ལས་ཤིན་ཏུ་སྣ་ཚོགས་པའི་བཟོས་སྦྱར་བ་གང་དག་ཡིན་པ་དེ་དག་བཅོམ་ལྡན་འདས་ཀྱིས་སྐད་ཅིག་གཅིག་ཁོ་ན་ལ་ལྷུན་གྱིས་གྲུབ་པར་ཡང་དག་པ་ཇི་ལྟ་བ་བཞིན་ནུ་མཁྱེན་ལ། དེའི་ཡེ་ཤེས་ཡུལ་འགའ་ལ་ཡང་ཆགས་པ་མི་མངའ་སྟེ། རྣམ་པ་ཐམས་ཅད་ཡོངས་སུ་དག་པས་ཐོགས་པ་མི་མངའ་བ་འདི་ནི་བཅོམ་ལྡན་འདས་ཀྱི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་སུ་རྣམ་པར་གཞག་གོ །བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་མཁྱེན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ལྷའི་སྤྱན་གྱིས་འཆགས་པ་དང་འཇིག་པ་ལ་སོགས་པ་སྣ་ཚོགས་པ་མང་པོ་ཐམས་ཅད་ཀྱང་མ་ཚང་བ་མེད་པར་རབ་ཏུ་མཁྱེན་ཏོ་ཞེས་བྱ་བར་རྣམ་པར་གཞག་སྟེ། ཇི་སྐད་དུ། དེ་ལ་དེ་བཞིན་གཤེགས་པའི་ལྷའི་མིག་ནི་འདི་ཡིན་ཏེ། མིག་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཚད་མེད་གྲངས་མེད་པ་བགྲང་བ་ལས་ཤིན་ཏུ་འདས་པའི་སངས་རྒྱས་ཀྱི་ཞིང་དེ་དག་ན་ཞིང་དུ་སྣང་བ་གང་ལ་ལ་སེམས་ཅན་གྱི་རྗེས་སུ་བཟུང་བ་འཇིག་པ་དང་འཆགས་པ་དེ་དག་མཐོང་ངོ་། །གང་ལ་ལ་སེམས་ཅན་དུ་སྣང་བ་འཆི་འཕོ་བ་དང་སྐྱེ་བ་དང་བདེ་འགྲོ་དང་ངན་འགྲོ་དང་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་དེ་དག་ཐམས་ཅད་མཐོང་ངོ་། །གང་ལ་ལ་བྱང་ཆུབ་སེམས་དཔར་སྣང་བ་འཆི་འཕོ་བ་དང་མངལ་དུ་འཇུག་པ་དང་འབྱུང་བ་དེ་དག་ཐམས་ཅད་མཐོང་ངོ་། །གང་ལ་ལ་སངས་རྒྱས་སུ་སྣང་བ་མངོན་པར་རྫོགས་པར་འཚང་རྒྱ་བ། ཆོས་ཀྱི་འཁོར་ལོ་བསྐོར་བ། ཚེའི་འདུ་བྱེད་འདོར་བ། ཡོངས་སུ་མྱ་ངན་ལས་འདའ་བ་དེ་དག་ཐམས་ཅད་མཐོང་ངོ་། །གང་ལ་ལ་ཉན་ཐོས་སུ་སྣང་བ་རྣམ་པར་གྲོལ་བ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་དག་ཐམས་ཅད་མཐོང་ངོ་། །གང་ལ་ལ་རང་སངས་རྒྱས་སུ་སྣང་བ་རྫུ་འཕྲུལ་སྟོན་པ། ཡོན་སྦྱོང་བ་དེ་དག་ཐམས་ཅད་མཐོང་ངོ་། །སེམས་ཅན་གང་དག་སྣང་བར་གྱུར་པ་དག་དང་གང་དག་ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་པོ་རྣམས་ཀྱི་མིག་ལམ་དུ་མ་གྱུར་པ་དང་། ཉན་ཐོས་རྣམས་ཀྱི་མ་ཡིན་པ་དང་། རང་སངས་རྒྱས་རྣམས་ཀྱི་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དག་གི་མ་ཡིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ལྷའི་མིག་ལ་སྣང་བར་འགྱུར་རོ། །ཡང་ཤིང་རྟའི་འཕང་ལོ་ཙམ་གྱི་ས་ཕྱོགས་ན་སྣང་བར་མ་གྱུར་པའི་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ལ་སྣང་བར་གྱུར་པ་དེ་དག་ནི་ཆེས་མང་གི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་དང་མི་རྣམས་ནི་དེ་ལྟ་མ་ཡིན་ནོ། །དེ་བཞིན་དུ་སྣང་བར་མ་གྱུར་པའི་སེམས་ཅན་གྱི་ཁམས་ཚད་མེད་དོ། །དེ་ལྟར་སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གང་ཡིན་ཞེས་དེ་བཞིན་གཤེགས་པའི་ལྷའི་མིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་གྱི་ཁམས་ལ་རྣམ་པར་བལྟའོ། །སངས་རྒྱས་ཀྱིས་འདུལ་བའི་སེམས་ཅན་གྱི་རིས་ཇི་སྙེད་པ་དེ་དག་གི་མདུན་དུ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་བཞུགས་ཤིང་སེམས་ཅན་དེ་དག་འདུལ་ཡང་དེ་མ་ཡིན་པའི་སེམས་ཅན་གཞན་གྱིས་མི་ཤེས་ཏེ། འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་དགུ་པའོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་ཟག་པ་ཟད་པ་མཁྱེན་པ་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ། རྣམ་ཀུན་མཁྱེན་པའི་སྟོབས་ཀྱིས་མྱུར་དུ་རྒྱལ་རྣམས་ཀྱི། །ཉོན་མོངས་དང་ནི་བག་ཆགས་དང་བཅས་འཇིག་འགྱུར་དང་། །སློབ་མ་ལ་སོགས་ཉོན་མོངས་བློ་ཡིས་འགོག་པ་གང་། །དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད། །དེ་ལ་ཉོན་མོངས་པ་དག་ནི་མ་རིག་པ་དང་འདོད་ཆགས་ལ་སོགས་པ་དག་སྟེ། འཇིག་རྟེན་ཁམས་གསུམ་པོ་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །གང་གིས་སེམས་ཀྱི་རྒྱུད་འབག་པར་བྱེད་ཅིང་བསྒོ་བར་བྱེད་ལ་རྗེས་སུ་བགྲོད་པར་བྱེད་པ་དེ་ནི་བག་ཆགས་ཏེ། ཉོན་མོངས་པའི་མུར་ཐུག་པ་དང་གོམས་པ་དང་རྩ་བ་དང་བག་ཆགས་ཞེས་བྱ་བ་ནི་རྣམ་གྲངས་དག་གོ །དེ་ནི་ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པ་སྤངས་སུ་ཟིན་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་སྤངས་བར་མི་ནུས་ཏེ། ཏིལ་མར་དང་མེ་ཏོག་ལ་སོགས་པ་བསལ་དུ་ཟིན་ཀྱང་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་དེ་དག་དང་ཕྲད་པས་ཡོན་ཏན་ཕྲ་མོ་དམིགས་པ་བཞིན་ནོ། །འདི་ལྟར་ཉོན་མོངས་པ་སྤངས་ཀྱང་བག་ཆགས་ཡོད་པས་དགྲ་བཅོམ་པ་སྔོན་སྤྲེའུར་གྱུར་པ་མཆོང་ཞིང་མཆོང་ཞིང་འགྲོ་བ་དང་། སྔོན་བྲམ་ཟེར་གྱུར་པའི་དམངས་མོར་བརྗོད་པའི་ཀུན་ཏུ་སྤྱོད་པ་བཅོམ་ལྡན་འདས་ཀྱིས་བཟློག་ཏུ་ཟིན་ཀྱང་མ་ལོག་པ་དམིགས་པ་ཡིན་ནོ། །དེ་ལ་མ་རིག་པའི་བག་ཆགས་ནི་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་ཡིན་ལ། འདོད་ཆགས་ལ་སོགས་པའི་བག་ཆགས་ཡོད་པ་ནི་ལུས་དང་ངག་གི་འཇུག་པ་རྣམ་པ་དེ་ལྟ་བུའི་རྒྱུ་ཡང་ཡིན་ཏེ། མ་རིག་པ་དང་འདོད་ཆགས་ལ་སོགས་པའི་བག་ཆགས་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་དང་སངས་རྒྱས་ཁོ་ན་ལ་ལྡོག་པར་འགྱུར་གྱི་གཞན་དག་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ཉོན་མོངས་པ་བག་ཆགས་ལྷག་མ་མ་ལུས་པར་སྤངས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་སྤངས་པ་དེ་ལ་སངས་རྒྱས་རྣམས་ཀྱི་མཁྱེན་པ་གང་ཞིག་ཐམས་ཅད་དུ་ཐོགས་པ་མི་མངའ་བ་དེ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་སུ་རྣམ་པར་གཞག་སྟེ། ཇི་སྐད་དུ། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ཟག་པ་ཐམས་ཅད་ཟད་པས་བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྟེན། བྱ་བ་ནི་བྱས་ཏེ་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཏེ། ཟག་པ་མེད་པ་སེམས་རྣམ་པར་གྲོལ་བ་ཤེས་རབ་རྣམ་པར་གྲོལ་བ་རང་གི་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ནས་དེ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ཤེས་པ་དེ་ནི་རྣམ་པར་དག་པ་དྲི་མ་མེད་པ་ཡོངས་སུ་དག་པ་འོད་གསལ་བ་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་བཅོམ་པའོ། །ཉན་ཐོས་རྣམས་ཀྱི་ཟག་པ་ཟད་པ་ནི་ཚད་ཡོད་པ་བག་ཆགས་ཡང་དག་པར་མ་བཅོམ་པའོ། །རང་སངས་རྒྱས་རྣམས་ཀྱི་ཟག་པ་ཟད་པ་ནི་ཚད་ཡོད་པ་སྙིང་རྗེ་ཆེན་པོ་དང་བྲལ་བ་སྤོབས་པ་དང་བྲལ་བའོ། །དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ནི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡང་དག་པར་བཅོམ་པ། ཐུགས་རྗེ་ཆེན་པོས་ཀུན་ཏུ་བཟུང་བ་མི་འཇིགས་པ་དང་སྤོབས་པ་དང་མ་བྲལ་བ། འཇིག་རྟེན་ཐམས་ཅད་ཀྱིས་ཟིལ་གྱིས་མི་གནོན་པ་སྟེ་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་ལས་ཀྱི་བག་ཆགས་མེད། ཉོན་མོངས་པའི་བག་ཆགས་མེད། སྤྱོད་ལམ་འཁྲུལ་བའི་བག་ཆགས་མེད་དོ། །འདི་ལྟ་སྟེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་ཡོངས་སུ་དག་པས་རྡུལ་དང་དུ་བ་དང་ལྷན་ཅིག་མི་གནས་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ཤེས་པ་ཡང་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་དང་ལྷན་ཅིག་མི་གནས་པའོ། །དེ་ཟག་པ་ཟད་པ་དེ་ལྟ་བུ་ལ་རབ་ཏུ་གནས་མ་ཐག་ཏུ་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པའི་སེམས་ཅན་རྣམས་ལ་ཟག་པ་ཟད་པར་བྱ་བ་དང་ཉེ་བར་ལེན་པ་སྤང་བའི་ཕྱིར་ཆོས་སྟོན་ཏོ། །ཀྱེ་མ་སེམས་ཅན་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པ་ལས་བྱུང་བ་དག་ཁྱེད་ཟག་པ་དང་ཉེ་བར་ལེན་པ་དེ་དག་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོགས་ཤིག་ཅེས་དེ་དག་ལ་དེ་བཞིན་གཤེགས་པས་ཅི་ནས་ཀྱང་ཟག་པ་རྣམས་ཡང་དག་པ་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་བ་དང་། རབ་ཏུ་ཤེས་ནས་ཆོས་གང་ཡང་ཉེ་བར་མི་ལེན་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་ལྟ་དེ་ལྟར་ཉེ་བར་བཀོད་པའི་དཔེ་རྣམས་ཀྱིས་ཆོས་སྟོན་ཏོ། །རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པའི་དེ་བཞིན་གཤེགས་པའི་ལས་བཅུ་པའོ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་གང་དག་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པ་ཉིད་ལས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་མངའ་བ། དེ་དག་ལས་གཞན་པའི་ཡོན་ཏན་མཐའ་དག་དང་ལྡན་པ། ཆོས་ཀྱི་སྐུ་དང་ཐ་མི་དད་པར་བཞུགས་པ། ཡོན་ཏན་རྒྱས་པ་རེ་རེ་ཞིང་དཔེ་ནམ་མཁའ་གཅིག་པུས་ཉེ་བར་གཞལ་བ་མངའ་བ་རྣམས། འགྲོ་བ་འདོད་པ་དང་སྲིད་པ་དང་ལྟ་བ་དང་། མ་རིག་པ་ཞེས་བྱ་བ་ཆུ་བོ་ཆེན་པོ་བཞིའི་ནང་དུ་ཆུད་པ་མགོན་མེད་པའི་མགོན་དུ་གྱུར་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོབས་བཅུ་པོ་འདི་དག་ནི་སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དུ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པར་འགྱུར་རོ། །རྒྱ་བསྐྱེད་པས་ཆོག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུའི་བ་སྤུའི་བུ་ག་རེ་རེ་དང་། སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་གཅོད་པར་ནི་སངས་རྒྱས་ཁོ་ནས་སྤྱོད་ལ་གལ་ཏེ་གསུངས་ན་ནི་རང་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པས་བསྐལ་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པར་སྐུ་ཚེའི་ཚད་བྱིན་གྱིས་བརླབས་ཤིང་ཕྲིན་ལས་གཞན་མི་མངའ་བར་སྐྱེན་པ་སྐྱེན་པར་གསུངས་པ་དེ་ལྟ་ན་ཡང་ཡོན་ཏན་དག་ཡོངས་སུ་རྫོགས་པར་མི་འགྱུར་ན། བྱང་ཆུབ་སེམས་དཔས་ལྟ་ཅི་སྨོས་ཏེ་རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་མཐར་ཕྱིན་པར་ཤེས་པའམ་བརྗོད་པར་ནུས་པར་འགྱུར་པ་ལྟ་སྨོས་ཀྱང་ཅི་དགོས། དོན་འདི་ཉིད་དཔེའི་སྒོ་ནས་བཤད་པ། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། །འདི་ལྟར་ནམ་མཁའ་ལྡིང་འདབ་གཤོག་ཡངས་པའི་རླུང་གི་ཤུགས་ཀྱིས་ཕ་རོལ་གནོན་པ་ཐོབ་པ་ཡང་ནམ་མཁའ་ཡོངས་སུ་ཟད་པས་ནམ་མཁའ་ལ་ལྡོག་པ་མ་ཡིན་གྱི་འོན་ཀྱང་རང་གི་སྟོབས་དང་ཕ་རོལ་གནོན་པ་དང་བྲལ་བས་ཡིན་པ་དེ་བཞིན་དུ། རེ་ཞིག་བྱང་ཆུབ་སེམས་དཔའ་གང་དག་ས་བཅུ་པ་ལ་རབ་ཏུ་གནས་པ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བརྙེས་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པར་མི་ནུས་པས་ཡོན་ཏན་ནམ་མཁའ་ལྟར་མུ་མཐའ་མེད་པ་དག་ལས་ལྡོག་གི་ཡོན་ཏན་ཡོངས་སུ་རྫོགས་པས་ནི་མ་ཡིན་ཏེ། རང་གི་བློའི་སྟོབས་ཡོངས་སུ་ཉམས་པས་ལྡོག་པར་གནས་ན། རང་སངས་རྒྱས་སམ་ཉན་ཐོས་རྣམས་ཀྱིས་ཡོན་ཏན་མཐར་ཐུག་པ་རྟོགས་པར་འགྱུར་པ་ལྟ་ཅི་སྨོས། གང་གི་ཚེ་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་ཤེས་པའམ་བརྗོད་པ་ལ་དེ་དག་གི་ལོ་རབས་འདི་ཡིན་པ་དེའི་ཕྱིར་ཁོ་བོ་ཅག་ལྟ་བུ་མ་རིག་པའི་རབ་རིབ་ཀྱིས་ལྡོངས་པ་ཡང་དག་པ་ཇི་ལྟ་བ་བཞིན་ཤིན་ཏུ་ལྐོག་ཏུ་གྱུར་པ་རྣམས་ལ། དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པར་བྱ་བ་ལ་གོ་སྐབས་ཡོད་པར་ག་ལ་འགྱུར་ཏེ། དེའི་ཕྱིར་འདི་ནི་གནས་མ་ཡིན་པ་ཁོ་ནའོ་ཞེས་བཤད་པ། དེའི་ཕྱིར་བདག་འདྲས་ཁྱོད་ཡོན་འདི་དག་ཅི། །ཤེས་པ་དང་ནི་བརྗོད་པར་ནུས་འགྱུར་རམ། །འོན་ཀྱང་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས། །བཤད་ཕྱིར་དོགས་སྤངས་ཅུང་ཟད་ཙམ་ཞིག་སྨྲས། །དེ་ལྟར་བདག་ལ་དེ་བཞིན་གཤེགས་པའི་ཡོན་ཏན་ཤས་ཙམ་ཞིག་ཡོངས་སུ་ཤེས་པ་ཡང་མེད་མོད་ཀྱི། དེ་ལྟ་ན་ཡང་བདག་གིས་ཚམ་ཚོམ་མེད་པར་ཡོན་ཏན་ཕྱོགས་གཅིག་གི་ཆ་ཙམ་ཞིག་གླེངས་པ་ནི་གཞན་ལ་བརྟེན་ནས་ཡིན་ནོ། །དེ་ཉིད་སྨྲས་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་ཕྱིར་ཞེས་བྱའོ། །མདོར་བསྡུ་ན་བསྟན་བཅོས་འདི་ལས་སངས་རྒྱས་ཀྱི་ཡོན་ཏན་ཟབ་པ་སྟེ་ཆོས་ཉིད་དང་རྒྱ་ཆེ་བ་ཉེ་བར་བསྟན་ཏོ། །དེ་ལ། ཟབ་མོ་སྟོང་པ་ཉིད་ཡིན་ཏེ། །ཡོན་ཏན་གཞན་རྣམས་རྒྱ་ཆེ་བའོ། །ཟབ་དང་རྒྱ་ཆེའི་ཚུལ་ཤེས་པས། །ཡོན་ཏན་འདི་དག་འཐོབ་པར་འགྱུར། །ད་ནི་སྤྲུལ་པའི་སྐུ་ཉན་ཐོས་དང་རང་སངས་རྒྱས་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཐུན་མོང་བ་དང་ཐབས་ཐུན་མོང་བ་འབྱུང་བ་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་ཡང་ཅི་རིགས་པར་འབྱུང་ལ། བདེ་འགྲོ་ལ་སོགས་པའི་སྒྲུབ་བྱེད་དུ་གྱུར་པ་ལྷུན་གྱིས་གྲུབ་པར་ངེས་པར་འབྱུང་བའི་དབང་དུ་བྱས་ནས་བཤད་པ། སླར་ཡང་མི་གཡོའི་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །གཤེགས་པ་དང་ནི་བལྟམས་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད། །དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་རེའི་ཞགས་པ་ནི། །མང་པོས་བཅིངས་པ་མ་ལུས་ཐུགས་རྗེས་མྱ་ངན་འདས་པར་བཀྲི་བར་མཛད། །བཅོམ་ལྡན་འདས་ནི་ཁམས་གསུམ་ལས་འདས་སུ་ཟིན་ཀྱང་སྤྲུལ་པའི་སྐུ་རྣམས་ཀྱིས་ཡབ་དང་ཡུམ་དང་སྲས་ལ་སོགས་པ་དང་འབྲེལ་པར་སྟོན་ཞིང་འཇིག་རྟེན་དང་རྗེས་སུ་བསྟུན་ཏེ། ཁམས་གསུམ་དུ་གཤེགས་ནས་ཇི་ལྟར་མཚམས་པའི་ཆོས་བསྟན་པ་འཇུག་པའི་སྒོ་ནས་སེམས་ཅན་གྱི་ཁམས་དང་སྤྱོད་པ་རྣམ་པ་སྣ་ཚོགས་ཅན་མྱ་ངན་ལས་འདས་པ་ལ་འགོད་པར་མཛད་དོ། །ཐུགས་རྗེས་ཏེ་གྲགས་པ་དང་ཕན་ལན་ལ་སོགས་པ་བཞེད་པས་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་གཞག་པ་བྱས་ནས་ཐེག་པ་གཅིག་ལ་ཐེག་པ་གསུམ་བསྟན་པ་དགོངས་པ་ཅན་ཉིད་དུ་བཤད་པ། གང་ཕྱིར་འདི་ནི་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་བའང་བསྟེན་མིན་ཞིང་། །དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །གང་ཞིག་དེ་ཁོ་ན་ཉིད་མི་ཤེས་པ་དེས་ནི་ཉོན་མོངས་པ་རྣམས་མ་ལུས་པར་སྤང་བར་མི་ནུས་ལ་དངོས་པོ་མ་ལུས་པ་ལ་ཡོད་པའི་དེ་ཁོ་ན་ཉིད་སྐྱེ་བ་མེད་པའི་རང་བཞིན་ཅན་ཡང་ཐ་དད་པ་མེད་པར་སྔར་བསྟན་ཟིན་ཏོ། །མཐོང་བ་ཐ་དད་ཀྱང་དེ་ལ་དབྱེ་བ་མེད་པས་དེ་ཁོ་ན་ཉིད་འདི་རྣམ་པར་མི་འགྱུར་བ་ཉིད་ཡིན་ལ། གང་གི་ཕྱིར་དབྱེ་བ་དང་རྣམ་པར་འགྱུར་བ་ཉིད་མེད་པ་དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡེ་ཤེས་ཀྱང་རང་བཞིན་གཅིག་ཡིན་ནོ། །འདི་ལྟར་ཡེ་ཤེས་ཀྱི་རང་བཞིན་དུ་མ་ཉིད་ཡིན་ན་ནི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་ཏེ། རང་བཞིན་ཇི་ལྟར་གནས་པ་བཞིན་མ་གཏོགས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དེ་ཁོ་ན་ཉིད་གཅིག་ཉིད་ཡིན་པས། དེ་ཁོ་ན་ཉིད་ཡུལ་ཅན་ཡེ་ཤེས་ཐ་མི་དད་པ་དེའི་ཕྱིར་ཐེག་པ་གཅིག་ཁོ་ན་བས་ཐེག་པ་གསུམ་ཡོད་པ་མ་ཡིན་ཏེ། འོད་སྲུངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ། དེ་ཡང་གཅིག་ཉིད་ཡིན་གྱི་གཉིས་དང་གསུམ་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ལ་ཆེན་པོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། མ་རིག་པ་མ་ལུས་པ་སྤངས་པས་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་མངའ་བའི་ཕྱིར་རོ། །དེ་རྣམས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོ་སྟེ། པྲེ་ཥོ་ད་ར་ལ་སོགས་པ་ཡིན་པའི་ཕྱིར་ཡི་གེ་ཏ་ཨ་ཉིད་དུ་འགྱུར་རོ། །ཡང་ན་ཐེག་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་ཡིན་པས་ཐེག་པ་ཆེན་པོ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་མངའ་བ་རྣམས་དེ་ལ་བཞུགས་པའི་ཕྱིར་རམ། དངོས་པོའི་རབ་ཏུ་དབྱེ་བ་མཐའ་ཡས་པའི་ཡུལ་ཅན་ཡིན་པའི་ཕྱིར་རམ་མི་ཤེས་པ་མ་ལུས་པ་སྤངས་པའི་ཕྱིར་ན། ཐེག་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་ཐེག་པ་ཆེན་པོའོ། །གལ་ཏེ་མྱ་ངན་ལས་འདས་པ་གཅིག་ཁོ་ན་ཡིན་ན་ཇི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་བསྟན་ཞེ་ན། བསྟན་པ་འདི་དགོངས་པ་ཅན་ཉིད་དུ་བཤད་པ། གང་ཕྱིར་འགྲོ་ལ་ཉེས་པ་སྐྱེད་བྱེད་སྙིགས་མ་འདི་དག་ཡོད་གྱུར་པ། །དེ་ཕྱིར་འཇིག་རྟེན་སངས་རྒྱས་སྤྱོད་ཡུལ་གཏིང་ཟབ་ལ་འཇུག་མི་འགྱུར་ཞིང་། །བདེ་གཤེགས་གང་ཕྱིར་ཁྱོད་ལ་མཁྱེན་རབ་ཐུགས་རྗེའི་ཐབས་དང་ལྷན་ཅིག་པ། །མངའ་དང་གང་ཕྱིར་བདག་གིས་སེམས་ཅན་དགྲོལ་ཞེས་ཁྱོད་ཀྱིས་ཞལ་བཞེས་ཏེ། །ལུས་དང་སེམས་དག་ལས་སུ་མི་རུང་བ་ཉིད་སྒྲུབ་པར་བྱེད་པས་ན་སྙིགས་མ་ལྔ་བསྟན་ཏེ། སེམས་ཅན་དང་། བསྐལ་པ་དང་། ཉོན་མོངས་པ་དང་། ལྟ་བ་དང་། ཚེའི་སྙིགས་མ་རྣམས་སོ། །གང་གི་ཕྱིར་ཉོན་མོངས་པ་རྣམས་འཇུག་པ་ཤས་ཆེ་བའི་རྒྱུར་གྱུར་པ་དེ་དག་ནི་ལྷག་པར་མོས་པ་ཁྱད་པར་དུ་འཕགས་པ་འཇོམས་པར་བྱེད་པ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་བླ་ན་མེད་པ་ལ་འདོད་པ་ཡང་འགོག་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཟབ་པས་གཏིང་དཔག་དཀའ་བ་ལ་འཇིག་རྟེན་འཇུག་པར་མི་འགྱུར་ལ། བཅོམ་ལྡན་འདས་ཀྱང་འགྲོ་བ་རྣམས་སྣོད་མ་ཡིན་པ་འདི་ཙམ་གྱིས་དེ་དག་རྣམ་པར་དགྲོལ་བར་བྱ་བ་ལ་གཡེལ་བ་བསྟེན་པར་མི་མཛད་དེ། གང་གི་ཕྱིར་བཅོམ་ལྡན་འདས་ལ་མཁྱེན་རབ་ཐུགས་རྗེའི་ཐབས་དང་ལྷན་ཅིག་ཏུ་གྱུར་པ་མངའ་བ་དང་། གང་གི་ཕྱིར་བདག་གིས་སེམས་ཅན་རྣམས་དགྲོལ་བར་བྱའོ་ཞེས་བཅོམ་ལྡན་འདས་ཀྱི་སྔར་སྨོན་ལམ་སྩལ་བ་དེའི་ཕྱིར་དེ་དག་རྣམ་པར་དགྲོལ་བ་ལ་སྙོམས་ལས་ལ་བརྟེན་པར་མི་མཛད་ཅིང་དེའི་རྣམ་པར་དགྲོལ་བའི་ཐབས་ཚོལ་བར་མཛད་དེ་ཞལ་གྱིས་འཆེས་པ་རྣམ་པ་གཞན་གྱི་སྒོ་ནས་གདོན་མི་ཟ་བར་བསྒྲུབ་པར་བྱ་དགོས་པའི་ཕྱིར་རོ། །གང་གི་ཕྱིར་འགྲོ་བ་རྣམས་ཐེག་པ་ཆེན་པོ་ལ་འཇུག་པ་ལ་གེགས་བྱེད་པའི་རྐྱེན་མང་པོ་འདི་དག་ཡོད་ཅིང་འཇིག་རྟེན་རྣམས་ཀྱང་གདོན་མི་ཟ་བར་མྱ་ངན་ལས་འདས་པ་ལ་དགོད་པར་བྱ་དགོས་པ། དེ་ཕྱིར་མཁས་པས་རིན་པོ་ཆེའི་གླིང་དུ་ཆས་པའི་སྐྱེ་ཚོགས་ཀྱི། །ངལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། །ཁྱོད་ཀྱི་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞི་བའི་ཚུལ་ལ་ཡིད། །སྦྱར་བར་མཛད་ཅིང་རྣམ་པར་དབེན་ལ་བློ་སྦྱངས་རྣམས་ལ་ལོགས་སུ་གསུངས། །དཔེ་འདི་ནི་འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་ངེས་པར་བྱའོ། །བསྡུས་པའི་དོན་ནི་འདི་ཡིན་ཏེ། ཇི་ལྟར་བསྟི་བའི་ཕྱིར་དེད་དཔོན་དེས་རིན་པོ་ཆེའི་གླིང་དུ་མ་ཕྱིན་པའི་བར་དུ་གྲོང་ཁྱེར་མངོན་པར་སྤྲུལ་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱིས་ཀྱང་ཐབས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་ཚུ་རོལ་ཏུ་དེ་ཐོབ་པའི་ཐབས་སུ་གྱུར་ཞིང་ཞི་བའི་བདེ་བའི་རྟེན་དུ་གྱུར་པ་ཐེག་པ་གཉིས་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གསུངས་པ་ཡིན་ནོ། །དེ་ལ་འཁོར་བའི་ཉོན་མོངས་པ་སྤངས་པ་ཐོབ་པ་རྣམས་ལ་ནི་ཕྱི་ནས་ཐེག་པ་ཆེན་པོ་ཁོ་ན་ཉེ་བར་བསྟན་ལ། དེ་རྣམས་ཀྱིས་ཀྱང་སངས་རྒྱས་རྣམས་ལྟར་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་དགོས་སོ། །ཐེག་པ་གཅིག་བསྟན་པ་འདི་ཡང་མདོ་ཀུན་ལས་བཏུས་པ་ལ་སོགས་པ་དག་ལས་ངེས་པར་བྱའོ། །ད་ནི་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་དང་། བཞུགས་པའི་དུས་ཀྱི་དབང་དུ་བྱས་ནས་བཤད་པ། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་སངས་རྒྱས་ཡུལ་དག་ན། །ཕྲ་རབ་རྡུལ་གྱིས་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ། །བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་སྐལ་པ་དེ་སྙེད་དེ། །འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྲུལ་པའི་སྐུའི་སྒོ་ནས་བལྟམས་པ་དང་མྱ་ངན་ལས་འདའ་བ་ཉེ་བར་སྟོན་མོད་ཀྱི། བཅོམ་ལྡན་འདས་སྤྲུལ་པའི་སྐུ་འབྱུང་བའི་རྒྱུ་གང་ཡིན་པ་དེའི་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཇི་ཙམ་ཡིན་པ་དེའི་ཚད་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐལ་པ་དག་ནི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་ཇི་སྙེད་པ་དེ་ན་རྡུལ་ཕྲ་རབ་ཀྱི་རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་དོ། །འདི་ནི་སྔོན་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱིས་ལྷག་པར་མོས་པར་བྱ་བར་དཀའ་བའི་ཕྱིར་ན་བསྙད་པར་བྱ་བ་མ་ཡིན་ཏེ། འགའ་ཞིག་ཏུ་དེ་ལ་ལྷག་པར་མོས་པར་བྱེད་པ་རྣམས་ལ་བསོད་ནམས་གཞལ་དུ་མེད་པ་བསགས་པར་བྱ་བའི་ཕྱིར་བཤད་དོ། །དེ་ལྟར་རེ་ཞིག་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་བརྗོད་ནས། དེའི་འོག་ཏུ་བཞུགས་པའི་དུས་ཀྱི་དབང་དུ་བྱས་ནས་བཤད་པ། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་དེ་ལ་ཐུགས་བརྩེ་མ་མ་ཡི། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། །བཅོམ་ལྡན་འདས་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་བསྐྲུན་ནས་སྙིང་རྗེ་མ་མ་ལ་གཏད་པས་བཅོམ་ལྡན་འདས་ཀྱི་མ་འོངས་པའི་སྐུ་ཚེའི་ཚད་ནི་ཇི་སྲིད་འཇིག་རྟེན་མཐའ་དག་སངས་རྒྱས་ཉིད་དུ་འགྱུར་བ་མ་ཡིན་པ་དང་། ཇི་སྲིད་ནམ་མཁའ་བརླག་པར་མི་འགྱུར་བ་དེ་སྲིད་ཡིན་པར་རིག་པར་བྱའོ། །གང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་དུས་མུ་མཐར་མེད་པར་འདི་དག་གསོ་བར་བྱེད་པ་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཅི་འདྲ་བ་ཞིག་ཅེ་ན། བཤད་པ། གཏི་མུག་སྐྱོན་གྱིས་འཇིག་རྟེན་ཁ་ཟས་དུག་བཅས་ཟ་བ་ཡི། །སྐྱེ་བོ་ཉིད་ཀྱི་ནང་མི་དེ་ལ་ཁྱོད་བརྩེ་ཇི་ལྟ་བ། །དེ་ལྟར་དུག་ཟོས་ཉེན་པའི་བུ་ལ་མ་ཡི་སྡུག་བསྔལ་མིན། །དེས་ན་མགོན་པོ་མཆོག་ཏུ་རབ་ཞིར་གཤེགས་པར་འགྱུར་མ་ལགས། །འཇིག་རྟེན་ཁ་ཟས་ཀྱི་སྒྲས་ནི་འདོད་པའི་ཡོན་ཏན་ལྔ་བརྗོད་དོ། །དེ་དག་ཀྱང་འདི་ཉིད་དུ་མངོན་པར་ཞེན་པས་ཟོས་ན་དུག་དང་བཅས་པར་འགྱུར་ཏེ། སྡུག་བསྔལ་རྒྱ་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་དག་ལ་འདི་ཉིད་དུ་བདེན་པར་མངོན་པར་ཞེན་པ་ཡང་གཏི་མུག་གི་སྐྱོན་ལས་སྐྱེ་བར་འགྱུར་རོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་ལ་སྐྱེ་བོ་འཁོར་བ་པ་འཇིག་རྟེན་གྱི་ཁ་ཟས་དུག་དང་བཅས་པ་ཟ་བ་ལ་བརྩེ་བ་འཁྲུངས་པ་དེ་ལྟར་མ་ལ་བུ་གཅིག་པ་ཕངས་པ་དེ་ལས་གཞན་པའི་དུག་དང་འདྲེས་པའི་ཁ་ཟས་ཟ་བ་ལ་གདུང་བ་སྐྱེ་བ་མ་ཡིན་ཏེ། དེའི་ཕྱིར་སྙིང་རྗེས་བཙས་པ་ལ་ཡོངས་སུ་མྱ་ངན་ལས་འདའ་བ་ཀོ་ག་ལ་མངའ། ཐུགས་རྗེས་མྱ་ངན་ལས་འདའ་བའི་ཐུགས་ལས་བཟློག་པའི་ཕྱིར་ན། བཅོམ་ལྡན་འདས་འཇིག་རྟེན་སྡུག་བསྔལ་རྣམ་པ་སྣ་ཚོགས་ཉམས་སུ་འབབ་པའི་གཞིར་གྱུར་པ་རྗེས་སུ་གཟིགས་པ་ལ་ཡོངས་སུ་མྱ་ངན་ལས་འདའ་བ་མི་མངའ་འོ་ཞེས་བསྟན་པའི་ཕྱིར་བཤད་པ། གང་གི་ཕྱིར་ན་མི་མཁས་དངོས་དང་དངོས་པོ་མེད་པར་ཞེན་པའི་བློ་ཅན་གྱིས། །སྐྱེ་དང་འཇིག་གནས་སྐབས་དང་སྡུག་དང་མི་སྡུག་བྲལ་ཕྲད་ཀྱིས་བསྐྱེད་སྡུག་བསྔལ་དང་། །སྡིག་ཅན་འགྲོ་བ་ཐོབ་པ་དེ་ཕྱིར་འཇིག་རྟེན་ཐུགས་བརྩེའི་ཡུལ་དུ་རབ་དོང་བས། །བཅོམ་ལྡན་ཐུགས་རྗེས་ཁྱོད་ཐུགས་ཞི་ལས་བཟློག་པས་ཁྱོད་ལ་མྱ་ངན་འདའ་མི་མངའ། །དེ་ལ་གང་གི་ཕྱིར་མི་མཁས་པ་དངོས་པོ་ལ་མངོན་པར་ཞེན་པའི་བློ་ཅན་ལས་དང་འབྲས་བུ་ལ་ཡིད་ཆེས་པ་ཡོད་པས་ལྷ་དང་མི་དག་ཏུ་སྐྱེ་བ་ཡོད་པར་ལྟ་བ་པས་ནི་སྐྱེ་དང་འཆི་བའི་སྡུག་བསྔལ་ངེས་པར་ཐོབ་ཅིང་། ཡུལ་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་ཡུལ་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ཡང་མྱོང་བར་འགྱུར་རོ། །དངོས་པོ་མེད་པར་མངོན་པར་ཞེན་པའི་བློ་ཅན་ལོག་པར་ལྟ་བ་དང་ལྡན་པས་ནི་སྡིག་ཏོ་ཅན་གྱི་འགྲོ་བ་དམྱལ་བ་ལ་སོགས་པ་དག་དང་། གོང་དུ་བཤད་པའི་སྡུག་བསྔལ་ཡང་འཐོབ་པ་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ནི་སྐྱེ་བོ་སྡུག་བསྔལ་བ་ལ་དམིགས་ནས་ཐུགས་མྱ་ངན་འདས་པ་ལས་བཟློག་ཏེ་གནས་སོ། །ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །དབུ་མའི་བསྟན་བཅོས་ལས་བཏུས་ནས། །ལུང་ཇི་བཞིན་དང་མན་ངག་ནི། །ཇི་ལྟ་བ་བཞིན་བརྗོད་པ་ཡིན། །འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཇི་ལྟར་དབུ་མའི་བསྟན་བཅོས་མ་གཏོགས་པར་བསྟན་བཅོས་གཞན་ལས་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ཕྱིན་ཅི་མ་ལོག་པར་མི་བརྗོད་པ་དེ་བཞིན་དུ། ཁོ་བོ་ཅག་གིས་འདིར་ལུགས་གང་ཞིག་བརྒལ་ལན་དང་བཅས་པར་བསྙད་པའི་ལུགས་འདི་ནས་འབྱུང་བ་དེ་ཡང་སྟོང་པ་ཉིད་ཀྱི་ཆོས་ལྟར་བསྟན་བཅོས་གཞན་ན་མེད་དོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དུ་གསོལ་ལོ། །དེའི་ཕྱིར་ཁ་ཅིག་གིས་མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཡང་གང་དག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གང་དོན་དམ་པར་སྨྲས་པ་དེ་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ཀྱང་བསྟན་བཅོས་ཀྱི་དོན་གྱི་དེ་ཉིད་ཡོངས་སུ་མ་ཤེས་པ་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་དང་ཆོས་མཚུངས་པར་མི་རིགས་པའི་ཕྱིར་ཏེ། ལུགས་འདི་ནི་ཐུན་མོང་མ་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཐུགས་དགོངས་མི་ཤེས་ཤིང་དོན་གྱི་དེ་ཁོ་ན་ཉིད་ངེས་པར་ཟིན་པ་མེད་པར་ཡི་གེ་ཙམ་ངེས་པས་འཇིགས་པར་འགྱུར་བ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་འདི་ཡོངས་སུ་སྤངས་པས་དེའི་ཕྱིར་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། དབུ་མའི་བསྟན་བཅོས་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ་ཞེས་བཤད་པ། ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །སྐྱེ་བོ་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག །ལེ་འུར་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་བྱེ་བའི་ཆུས། །ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། །གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཡང་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། བཤད་པར་བྱ་སྟེ། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །དེ་ཕྱིར་ཚུལ་ལུགས་རང་བློས་སྦྱར་བ་དེ་དག་མཐོང་ནས་བདག་ཏུ་བརྗོད་པ་ཡི། །གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་དགའ་བློ་དོར་བར་བྱ། །ཇི་ལྟར་མུ་སྟེགས་ཅན་སྔོན་སེམས་ཀྱི་རྒྱུད་ལ་སྟོང་པ་ཉིད་ལ་ལྷག་པར་མོས་པའི་བག་ཆགས་མ་གཞག་པ་རྣམས་ཀྱི་ཁམས་གསུམ་པོ་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཉོན་མོངས་པ་སྤངས་ཤིང་གྲུབ་པའི་མཐའ་གཞན་ཉེ་བར་སྦྱོར་ནུས་པར་མཐོང་དུ་ཟིན་ཀྱང་ཐུབ་པའི་དབང་པོའི་དོན་དམ་པ་ཉེ་བར་བསྟན་པ་ལ་ལྷག་པར་མོས་པར་མི་ནུས་པ་དེ་བཞིན་དུ། དེ་དག་གིས་ཀྱང་མང་དུ་གསན་པ་རྣམ་པ་དེ་ལྟ་བུ་མངའ་ཟིན་ཀྱང་སྟོང་པ་ཉིད་ལ་ལྷག་པར་མོས་པའི་ས་བོན་དང་བྲལ་བས་སྟོང་པ་ཉིད་ཐུགས་སུ་ཆུད་པར་མི་སྤྱོད་དོ་ཞེས་བྱ་བར་ཤེས་པར་བྱའོ། །འདི་ལྟར་དེང་སང་ཉིད་ནའང་ཚེ་རབས་གཞན་དུ་སྟོང་པ་ཉིད་ལ་ལྷག་པར་མོས་པའི་བག་ཆགས་གཞག་པ་ཁ་ཅིག་གིས་རྒྱུའི་སྟོབས་ཁོ་ན་ལས་སྟོང་པ་ཉིད་ཀྱི་གཏིང་རྟོགས་པར་སྣང་ལ་རྒྱུའི་སྟོབས་ཁོ་ན་ལས་མུ་སྟེགས་ཀྱི་གཞུང་ལུགས་རྣམས་ལ་འདི་བདེན་པར་མཐོང་བ་རྣམ་པར་ཉམས་པ་རྣམས་ཀྱིས་ཀྱང་སྟོང་པ་ཉིད་ཀྱི་གཏིང་དཔོགས་པར་མཐོང་ངོ་། །དེའི་ཕྱིར་དབུ་མའི་གཞུང་ལུགས་ལས་གཞན་པའི་གཞུང་ལ་ཚུལ་ལུགས་རང་གི་བློས་སྦྱར་བ་དེ་དག་བལྟས་ནས་ཀྱང་བདག་གསལ་བར་བྱེད་པའི་གཞུང་ལུགས་རྣམས་ལ་བྱ་བ་ལྟར་དགའ་བའི་བློ་གྲོས་དོར་བར་བྱ་སྟེ། ལུགས་གཞན་པོ་རང་གི་བློས་སྦྱར་བ་ལ་ཡ་མཚན་པར་རྟོགས་པར་མི་བྱའི། རང་གི་སྟོང་པ་ཉིད་ཀྱི་ལྟ་བ་ལ་ལྷག་པར་མོས་པ་ཁོ་ན་ལ་ཡ་མཚན་རྟོགས་པར་བྱའོ། །སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གིས་བསོད་ནམས་ཕྱོགས་ཀྱི་མཐར། །ཁྱབ་ཅིང་ཡིད་མཁའ་ཉོན་མོངས་ཀྱིས་སྔོན་སྟོན་ཀའི་རྒྱུ་སྐར་ལྟར་དཀར་བའམ། །སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་གང་ཞིག་ཐོབ་པ་དེས། །འཇིག་རྟེན་མ་ལུས་དེ་ཉིད་རྟོགས་ནས་མྱུར་དུ་བདེ་གཤེགས་སར་བགྲོད་ཤོག །དབུ་མ་ལ་འཇུག་པའི་བཤད་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོགས་སོ།། །།ཁུངས་རྣམས་ཕལ་ཆེར་མདོ་བཞིན་བྲིས། །ཕྱིན་ཆད་སྐད་གཉིས་འབྱུང་སྲིད་ན། །རྩ་འགྲེལ་སྒྲ་དོན་བཞིན་བསྒྱུར་ལ། །གཟུ་བོར་བྱོས་ལ་དཔྱད་པར་གྱིས། །ཁ་ཆེའི་ཡུལ་གྱི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་རིན་ཆེན་སྦས་པའི་གཙུག་ལག་ཁང་དུ། ཁ་ཆེའི་རྒྱལ་པོ་དཔལ་འཕགས་པ་ལྷའི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་ཏི་ལཀྐ་ལ་ཤ་དང་། བོད་ཀྱི་ལོ་ཙྭ་བ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་དཔེ་དང་མཐུན་པ་ལྟར་བསྒྱུར། ཕྱིས་ར་ས་ར་མོ་ཆེར་རྒྱ་གར་གྱི་མཁན་པོ་ཀནྐ་ཝརྨ་དང་། བོད་ཀྱི་ལོ་ཙྭ་བ་དེ་ཉིད་ཀྱིས་ཉི་འོག་ཤར་ཕྱོགས་པའི་དཔེ་དང་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པའོ། །གཞུང་འདིའི་ཚད་ནི་བམ་པོ་བཅུ་གཅིག་དང་བམ་པོ་གསུམ་གཉིས་སོ། །དགེ་ལེགས་འཕེལ།། །། ༈ །བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་སྤེལ།། །།
|