༄༅། །དབུ་མ་རྣམ་པར་ངེས་པའི་ཆོས་ཀྱི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བའི་ལེའུ་དང་པོ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ། ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ། དཔལ་ལྡན་སྲིད་གསུམ་ཉིན་མོར་བྱེད་པའི་མངའ་མདངས་གང་བའི་ལང་ཚོ་ཅན་དེ་བརྒྱ་བྱིན་གཙུག་གི་ནོར་བུའི་ཁྲི་ལ་ནམ་ཡང་བསྟི། །མེས་པོའི་སྙིང་ལ་ཉེར་སིམ་བྱེད་པའི་གསུང་གི་རྔ་ཆེན་དེས་ནི་འཕྲོག་བྱེད་སྙིང་ལ་རྟག་པར་ཞུགས་པའི་ཟུག་རྔུ་དྲུངས་ནས་ཕྱུང་། །པ་སངས་སློབ་མས་རིང་ནས་མ་ཐོབ་བརྗོད་བྲལ་ཐུགས་ཀྱི་ཉིང་ཁུ་དེ་ཡང་བརྗོད་མེད་གསུང་གིས་ཡང་ཡང་འདོམས་པའི་ཞལ་གྱི་སྒོ། །བདུད་རྩིའི་འབབ་སྟེགས་ཅན་ཁྱོད་རྒྱ་མཚོ་ཇི་བཞིན་རབ་གང་ལྷ་ཡི་རྔ་བཞིན་ལེགས་འདོམས་ཉིན་མོར་བྱེད་པ་ཇི་བཞིན་ངང་གིས་འཆར། །ཀུན་དང་མཐུན་པའི་གསུང་དབྱངས་སྙན་པོ་ཡིས། །འཇིག་རྟེན་ཐམས་ཅད་ཐོག་མར་འདུན་མཛད་ནས། །གཞན་ལ་མེད་པའི་བདུད་རྩིའི་སྒོ་བརྒྱ་པོ། །དབྱེ་མཛད་སྟོན་པ་དེ་ཕྱག་བགྱི་འོ། །ལུས་མེད་ཀྱིས་བསྟན་ལམ་དུ་མི་འཇུག་པ། །དེ་དག་ཀུན་གྱི་སྙིང་ལ་རྗེས་ཞུགས་ནས། །ཆོས་ཀྱི་ཡིན་ལུགས་ཇི་བཞིན་སྟོན་མཁས་པ། །བརྩེ་ཆེན་འཇམ་པའི་དཔལ་གྱིས་བདག་ཟུངས་ཤིག །ཚངས་སོགས་སྨྲ་མཁས་བསྟན་བཅོས་ཀྱི། །རི་མོ་འགོད་མཁས་གཞན་དག་ལ། །མེད་པའི་ཆོས་ཀྱི་ཕྱག་རྒྱ་ནི། །རབ་བཙན་བཞི་པོ་དེར་ཕྱག་བྱ། །སྤྲོས་པའི་ཚོགས་ལ་ཀུན་ནས་མི་གཟིགས་ཤིང་། །མཐར་འཛིན་ལམ་དུ་ནམ་ཡང་མི་གཤེགས་པར། །རྟག་ཏུ་དབུ་མའི་རྒྱ་མཚོར་ངལ་བསོ་བའི། །རྒྱལ་བ་གཉིས་པ་དེ་ལ་ཕྱག་འཚལ་ལོ། །དེ་ལས་བྱོན་པའི་ཕྲིན་ལས་ཆུ་བོ་བརྒྱས། །གང་ཐུགས་འཁོར་ཡུག་ཡངས་པར་གནས་བཅས་ནས། །ས་གསུམ་འགྲོ་བའི་འཕོངས་པ་སེལ་བརྩོན་པ། །བརྒྱུད་པའི་བཤེས་གཉེན་ཀུན་ལ་ཕྱག་བྱ་འོ། །སྙན་གྲགས་ཆུ་བོས་ཕྱོགས་བརྒྱར་དྲངས་གྱུར་ཀྱང་། །ལུང་དང་རྟོགས་པའི་ཆུ་ཆེན་བཞིས་བཏུད་པས། །ཕྲིན་ལས་ཆར་ཆེན་ངང་གིས་འབེབས་གྱུར་པ། །བརྩེ་ཆེན་དགེ་བའི་བཤེས་དེས་མགོན་མཛོད་ཅིག །ཨེ་མ་སྣ་ཚོགས་རྟོག་པའི་ཚོན་བརྒྱས་རྣམ་པར་བཀྲ་བའི་ཡིད་ཀྱི་རོལ་རྩེད་མཁན་གང་དེ། །རང་གི་སྤྲུལ་པའི་ངོ་མཚར་སྒྱུ་མའི་དེ་ཉིད་མ་ཤེས་རྣམ་རོལ་དེ་ལ་ཆེར་སྲེད་པས། །ཉིན་དང་ཉིན་ལ་རྣམ་པར་གཡེངས་ནས་རྟག་ཏུ་ནང་གི་དེ་ཉིད་སེམས་པའི་སྐབས་བྲལ་བ། །ཡང་ཡང་བསམས་ནས་རང་གི་སྙིང་ལ་བག་ཡོད་བྱ་ཕྱིར་བདུད་རྩིའི་སྒོ་བརྒྱ་རྣམ་པར་དབྱེ། །རིག་གནས་གཞན་ལ་བལྟ་བའི་བློ་མིག་གིས། །ངོ་མཚར་ཡིད་འོང་ལྟད་མོས་ཚིམ་བྱས་ནས། །རྒྱལ་བའི་ཐུགས་ལས་གཞན་དུ་མ་འཁྲུངས་པའི་དེ་ཉིད་ཚོལ་ལ་དེང་འདིར་གཞོལ་བར་བྱ། །གང་དག་དངོས་པོར་སྨྲ་བ་ཡིས། །རྣམ་བརྟགས་རྟོག་གེའི་རིགས་པ་ལ། །དམ་པོར་ཞེན་ནས་ཟླ་བའི་ལུགས། །ཐུན་མོང་མིན་པར་འཆད་ཟེར་བ། །དེ་ཡིས་དེ་དོན་མི་ཤེས་པར། །མཐོང་ནས་ལུང་དང་རིགས་པའི་གནས། །གཟུ་བོའི་བློ་ཡིས་འདིར་འཆད་ཀྱི། །ཆགས་དང་སྡང་བས་མ་ཡིན་ནོ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་གང་བཤད་པར་བྱ་བའི་ཆོས་ནི། རང་རེའི་སྟོན་པ་ཐུགས་རྗེ་ཆེན་པོ་ཅན་དེའི་བསྟན་པའི་ཉིང་ཁུ། རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཞབས་ཀྱིས་གང་དུ་བཀྲལ་བ་དེ་ཉིད་ཡིན་ནོ། །བྱེད་པ་པོ་གང་གིས་འཆད་ན། ཡིད་ཆེས་པའི་ལུང་དང་། དཔྱད་པས་རྣམ་པར་དག་པའི་རིགས་པ་དང་། གངས་ཅན་གྱི་ལྗོངས་སུ་སྔོན་བྱོན་པའི་སྐྱེས་ཆེན་དམ་པ་དག་གི་བཤད་སྲོལ་གྱིས་སོ། །གང་ལ་བརྟེན་ནས་འཆད་ན། བདག་ཉིད་ཆེན་པོ་ཡབ་སྲས་གཉིས་ཀྱི་གཞུང་དང་། ཐལ་རང་དུ་གྲགས་པའི་འགྲེལ་པ་དྲི་མ་མེད་པ་དག་ལ་བརྟེན་ནས་སོ། །ཆེད་དུ་བྱ་བ་གང་གི་ཕྱིར་དུ་འཆད་ན། རང་ཉིད་ཟབ་མོའི་དེ་ཁོ་ན་ཉིད་འཚོལ་བ་ལ་སེམས་གཞོལ་བ་དང་། གངས་ཅན་གྱི་ལྗོངས་སུ་ཕྱིས་བྱོན་པའི་ཆེན་པོར་གྲགས་པ་དག་གིས་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་སུ་སྒྲོ་བཏགས་པ་དེ་ཉིད་དེའི་ལུགས་མ་ཡིན་པར་བསྟན་པའི་ཕྱིར་དང་། རང་དང་སྐལ་བ་མཉམ་པའི་ཕྱི་མའི་དུས་ཀྱི་སྐྱེ་བོ་འགའ་ཞིག་ལ་ཕན་པར་གྱུར་ཅིག་པའི་བསམ་པ་ཉེ་བར་བཞག་ནས་སོ། །དེ་ལྟར་བཤད་པའི་མཐར་ཐུག་གི་གྲུབ་དོན་ཤིང་རྟ་ཆེན་པོ་སུ་ཞིག་གི་ལུགས་དང་མཐུན་པར་གྲུབ་ན། མཚན་འཛིན་གྱི་འཁྲུལ་པ་གཏིང་ནས་ཞིག་པས་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་འགྲེལ་པ་ལ་དོ་ཟླ་མེད་པ་མཚན་བརྗོད་པར་དཀའ་བ་བསྙེངས་བྲལ་ཟླ་བ་གྲགས་པའི་ཞབས་ཀྱི་བཞེད་གཞུང་ཇི་ལྟ་བ་བཞིན་དུའོ། །དེ་ལྟ་བུའི་བརྗོད་བྱ་དང་དགོས་པ་དེ་ཡང་འཆད་པར་འགྱུར་བའི་བསྟན་བཅོས་འདི་ལ་གནས་སོ་ཞེས་རྣམ་དབྱེ་བདུན་གྱི་སྒོ་ནས་ཐོག་མར་བྱ་བ་དག་བརྗོད་ཟིན་ནས། དགོས་སོགས་དེ་དང་ལྡན་པའི་བསྟན་བཅོས་དེ་ཡང་དོན་རྣམ་པ་གསུམ་གྱིས་བཤད་པར་བྱ་སྟེ། རྗོད་བྱེད་གཞུང་གི་དབུ་མ་ཇི་ལྟར་གསུངས་པའི་ཚུལ། བརྗོད་བྱ་དོན་གྱི་དབུ་མ་རྒྱས་པར་གཏན་ལ་ཕབ། བརྗོད་བྲལ་གྱི་དབུ་མ་ཤེས་པའི་ཕན་ཡོན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ལ། སྟོན་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཇི་ལྟར་བསྐོར་བའི་ཚུལ། དེ་དག་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་ངེས་པའི་དོན་དུ་བཀྲལ་བའི་དོན་ངོས་བཟུང་། ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བའི་སྲོལ་འབྱེད་ཇི་ལྟར་བྱུང་ཚུལ་ལོ། །དང་པོ་ལ། མདོ་སྡེ་དགོངས་འགྲེལ་ལས་འབྱུང་བ་དང་། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས་འབྱུང་བ་དང་། འཕགས་པ་ཡབ་སྲས་ཀྱི་གཞུང་ལས་གསུངས་པ་རྣམས་སོ། །དང་པོ་ནི། སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་རྣམ་པར་གཏན་ལ་དབབ་པ་བསྡུ་བར་དགོངས་འགྲེལ་གྱི་དོན་དམ་རྣམ་པར་ངེས་པའི་ལེའུ་རྒྱས་པར་དྲངས་ནས་དྲངས་ངེས་ཀྱི་ཚུལ་རྒྱས་པར་གཏན་ལ་ཕབ་པ་དེ་ཉིད་ཡིན་ལ། དེ་ལ་ཡང་། གཞན་གྱིས་བརྟགས་པའི་མཐའ་འགོག་པའི་ཚུལ་དང་། རང་ལུགས་ཀྱི་འཐད་པ་ཇི་ལྟར་འཇོག་པའི་ཚུལ། རྒྱ་ཆེར་གཞན་དུ་བསྟན་ཟིན་པས་ཡང་འདིར་མི་སྤྲོའོ། །གཉིས་པ་ནི། ཇི་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མར། མི་རྟག་སྡུག་བསྔལ་བདག་མེད་དང་། །ཞི་བའི་སྒྲ་ཡི་ཐབས་མཁྱེན་པ། །སེམས་ཅན་སྲིད་གསུམ་སྐྱོ་བསྐྱེད་ནས། །མྱ་ངན་འདས་ལ་རབ་འཇུག་མཛད། །ཞི་བའི་ལམ་ལ་རབ་ཞུགས་པ། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཐབས་དང་ཤེས་རབ་ཡོངས་གཟུང་བས། །ཐེག་པ་མཆོག་ལ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཞེས་གསུངས་པ་དེས་མདོ་དེའི་དགོངས་པ་ཉེ་བར་བསྡུས་ཏེ་བཤད་པ་ཡིན་ལ། དེའི་དོན་ཡང་འཁོར་ལོ་དང་པོར་ཆོས་ཀྱི་སྡོམ་བཞི་དང་། འཁོར་ལོ་གཉིས་པར་རྣམ་པར་ཐར་པའི་སྒོ་གསུམ་དང་། འཁོར་ལོ་གསུམ་པར་བདེ་བར་གཤེགས་པའི་སྙིང་པོ་སྟོན་པར་གསུངས་ཤིང་། འཁོར་ལོ་ཐ་མ་ཉིད་ངེས་དོན་གྱི་འཁོར་ལོ་ཡིན་པར་གསུངས་སོ། །མདོ་དེ་དང་བསྟན་བཅོས་དེའི་དགོངས་པ་ལྟར་ན། འཁོར་ལོ་བར་པར་ནི་སྤྲོས་པའི་མཐའ་ཐམས་ཅད་བཀག་ཙམ་གྱི་མེད་པར་དགག་པ་དེ་ཉིད་བསྟན་ལ། དེ་ཡང་གནས་སྐབས་ཀྱི་ངེས་དོན་ཡིན་ཞིང་། འཁོར་ལོ་ཐ་མར་ནི་དེ་ལྟར་བཀག་པས་ཁྱད་པར་དུ་བྱས་པའི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་བསྟན་བྱའི་གཙོ་བོ་ཡིན་ལ། དེ་ཉིད་ལ་ངེས་པའི་དོན་མཐར་ཐུག་པ་དང་། དེ་བཞིན་གཤེགས་པའི་ཆོས་ཉིད་དང་། བདེ་བར་གཤེགས་པའི་སྙིང་པོ་ཞེས་གསུངས་སོ། །གསུམ་པ་ནི། ཇི་སྐད་དུ། སློབ་དཔོན་འཕགས་པ་ལྷས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་གསུངས་པ་དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་ཇི་ལྟར་བཞེད་པའི་འཁོར་ལོ་གསུམ་གྱི་རིམ་པ་བསྟན་པ་ཡིན་ཏེ། ཇི་སྐད་དུ། རིན་པོ་ཆེ་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏོ། །ཁ་ཅིག་བསོད་ནམས་འགྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བརྟེན་པ། །ཁ་ཅིག་ལ་ནི་གཉིས་མི་བརྟེན། །ཟབ་མོ་འཁུ་འཕྲིགས་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས་པ་དང་། དབུ་མའི་རྩ་བ་ལས། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་དང་། ཡང་དེ་ཉིད་ལས། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་གསུངས་པ་དང་། དེའི་སྔ་འགྲེལ་དུ་ཟླ་བའི་ཞབས་ཀྱིས། འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་བསྟན་པའི་རིམ་པ་ནི། འདི་ཡིན་པར་ཤེས་པར་བྱ་སྟེ། ཞེས་གསུངས་པས་སོ། །དེ་ལྟར་བཤད་པ་རྣམས་ཀྱི་གྲུབ་པའི་དོན་ནི་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་པར་དགག་པ་དེ་ཉིད་ངེས་པའི་དོན་མཐར་ཐུག་པ་དང་། འཁོར་ལོ་ཐ་མའི་བསྟན་བྱའི་གཙོ་བོ་ཡིན་ནོ། །ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ། འཁོར་ལོ་གསུམ་གྱི་རྣམ་པར་བཞག་པ་བཤད་མ་ཐག་པ་དེ་ནི་དགོངས་འགྲེལ་ལས་འབྱུང་བ་དང་མི་མཐུན་པས་ཆོས་འཁོར་གསུམ་གྱི་རྣམ་གཞག་འཆད་པ་མ་ཡིན་གྱི། སྤྱིར་རྒྱལ་བས་ཆོས་སྟོན་པའི་རིམ་པ་གསུམ་བྱུང་བ་དེ་བཤད་པ་ཡིན་ནོ། །སྙམ་དུ་སེམས་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། རྒྱལ་བས་ཆོས་སྟོན་ཚུལ་གྱི་ཐེམ་སྐས་མི་འདྲ་བ་གསུམ་བྱུང་བ་དེ་ཉིད་ལ་འཁོར་ལོ་གསུམ་གྱི་ཐ་སྙད་འདོགས་པ་མ་ཡིན་ན། འཁོར་ལོ་གསུམ་གྱི་འཇོག་མཚམས་མི་རྙེད་པའི་ཕྱིར་དང་། དགོངས་འགྲེལ་ལས་འབྱུང་བ་དང་། མི་མཐུན་པ་ཙམ་གྱིས་རྣམ་གཞག་དེ་འཇོག་པར་ནུས་པ་མ་ཡིན་ན། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོ་ལས། ཁམས་ཀྱི་དྲི་མ་སྦྱོང་ཚུལ་གསུམ་གསུངས་པ་དེས་ཀྱང་། འཁོར་ལོ་གསུམ་གྱི་རྣམ་གཞག་མ་བསྟན་པར་ཐལ་བའི་ཕྱིར་དང་། དེ་ཡང་། དེ་ལྟ་ན། རྒྱུད་བླ་མར། མཆོག་གི་སྤྲུལ་པའི་སྐུས་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའི་ཚུལ་འཆད་པ་ན། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། རབ་ཏུ་སྨིན་དང་ལུང་སྟོན། ཞེས་གསུངས་པ་དེས་དོན་ཅི་ཞིག་བསྟན་པ་ཡིན། ཁྱེད་ཀྱིས་སྨྲ་དགོས་པའི་ཕྱིར་རོ། །དགོངས་འགྲེལ་ལས་གསུངས་པ་ཁོ་ན་དང་། མཐུན་པར་དེའི་རྣམ་གཞག་འཆད་དགོས་ན། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ངེས་དོན་མཐར་ཐུག་མ་གསུངས་པར་ཐལ་བ་དང་། བདེན་བཞིའི་ཆོས་འཁོར་གྱི་ནང་ན་ངེས་དོན་མཐར་ཐུག་མེད་པར་ཐལ་བ་དང་། སྟོན་པས་སྐུ་ཚེའི་སྟོད་ལ་ཐེག་པ་ཆེན་པོའི་ཆོས་མ་གསུངས་པར་ཐལ་བ་རྣམས་འཇུག་ལ། དེ་ཡང་འདོད་ན་ནི། ཟླ་བའི་ཞབས་ཀྱིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པའི་ཤེས་བྱེད་དུ་ལུང་དྲངས་པ་རྣམས་དང་འགལ་བར་ངེས་སོ། །དེའི་འཐད་པ་ཡང་། བདེན་པ་བཞིའི་ཆོས་འཁོར་བསྐོར་བ་ན། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་མངོན་དུ་བྱས་པ་གྲངས་མེད་པ་ཞིག་ཡོད་པར་གསུངས་པ་དང་། ཁྱད་པར་ཀུན་ཤེས་ཀཽ་ཌི་ནྱ་ལ་བདེན་བཞི་ལན་གསུམ་དུ་བཟླས་པས་མཐོང་ལམ་སྐྱེས་པར་བཤད་པ་དེར་ཆོས་ཀྱི་བདག་མེད་བསྟན་པ་མེད་ན། ཟླ་བ་གྲགས་པའི་ལུགས་ཁོ་ནས་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་འཆད་ནུས་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་ཚིག་ཙམ་དུ་ཟད་པ་ཡིན་པས། དེ་བས་ན་འཁོར་ལོ་གསུམ་གྱི་རྣམ་པར་བཞག་པ་བྱེད་པ་དེ་ནི་སྟོན་པའི་སྐུ་ཚེ་སྟོད་སྨད་དང་། འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་མང་ཉུང་གི་བྱེ་བྲག་དང་། གནས་ཝ་ར་ཎ་སི་དང་། བྱ་རྒོད་སྤུངས་པ་ལ་སོགས་པར་བསྐོར་བའི་བྱེ་བྲག་གིས་འབྱེད་པ་མ་ཡིན་གྱིས། གདུལ་བྱ་བློ་མཆོག་ཏུ་གྱུར་པ་མ་ཡིན་པ་རྣམས། དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་རིམ་གྱིས་དྲང་བའི་རིམ་པ་མི་འདྲ་བ་གསུམ་ཡོད་པ་དེ་ལ་འཁོར་ལོ་གསུམ་གྱི་རྣམ་གཞག་མཛད་པ་འདི་ནི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་པར་གདོན་མི་ཟ་བ་ཡིན་ནོ། །དེ་ལ་གཞན་དག་ན་རེ། དེ་ལྟ་ན་ཤེར་ཕྱིན་གྱི་མདོ་འཁོར་ལོ་ཐ་མར་འགྱུར་ལ། དེ་ཡང་དེ་ལྟ་ན། ཡུམ་རྒྱས་པ་ལས། དེའི་ཚེ་ལྷའི་བུ་དུ་མས་ནམ་མཁའ་ལ་སྒྲ་ཕྱུང་སྟེ། ཀྱེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་མཐོང་ངོ་། །ཞེས་སྒྲ་བསྒྲགས་པར་བཤད་པ་དང་འགལ་ལོ། །ཞེས་ཟེར་བ་དེས་ཀྱང་དོན་འདི་ལ་གནོད་པ་མ་ཡིན་ཏེ། ཤེར་མདོ་འཁོར་ལོ་བར་པར་འཆད་པ་མདོ་དགོངས་འགྲེལ་དང་། སྙིང་རྗེ་ཆེན་པོ་བསྟན་པའི་མདོའི་དགོངས་པ་དང་མཐུན་པ་ཡིན་མོད། དེ་དང་ལུགས་འདི་སོ་སོ་བ་ཡིན་པའི་ཕྱིར་དང་། ལུགས་འདི་འཆད་པ་ན་ཡང་། དྲངས་མ་ཐག་པའི་ལུང་དེ་ནི་སྐབས་གསུམ་པར་གཞི་ཤེས་འཆད་པའི་མདོ་ཡིན་ལ། དེའི་དོན་ཡང་སྐབས་དང་པོར་མི་ཡི་གདུལ་བྱ་རྣམས་ལ་རྣམ་མཁྱེན་གྱི་དབང་དུ་བྱས་པའི་ཆོས་ཀྱི་འཁོར་ལོ་དང་པོར་བསྐོར་བའི་རྗེས་སུ། སྐབས་གཉིས་པར་གཙོ་བོར་ལྷའི་གདུལ་བྱ་གསར་དུ་ལྷགས་པ་རྣམས་ལ་ལམ་ཤེས་པ་ཉིད་ཀྱི་དབང་དུ་བྱས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་ངོ་ཞེས་བྱ་བའི་དོན་ཡིན་ལ། དེའི་དུས་ཀྱི་ལྷའི་བུ་དེ་དག་ནི། གཞི་ཤེས་ཀྱི་མཐོང་ལམ་འཆད་པའི་དུས་སུ་སླེབ་པའི་གདུལ་བྱ་ཡིན་པས་མདོའི་དགོངས་པ་དེ་ལྟར་འཆད་ནུས་པའི་ཕྱིར་རོ། །གཉིས་པ་ལ་ངེས་དོན་མཐར་ཐུག་ངོས་བཟུང་། དེ་འཁོར་ལོ་གང་གི་ནང་ནས་འབྱུང་བའི་ཚུལ། འཕགས་པ་ཡབ་སྲས་ཀྱི་བཞེད་པའི་དྲངས་ངེས་ཀྱི་རྣམ་གཞག་བཤད་པའོ། །དང་པོ་ནི། ཇི་སྐད་དུ། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དང་། བརྗོད་པར་བྱ་བ་བཟློག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །ཞེས་དང་། བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་བྱ། །ཞེས་དང་། རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་རྣམས་ལ་རྣམ་པར་བརྟགས་པ་ན། རྗོད་བྱེད་ཀྱི་སྒྲ་དང་རྣམ་པར་རྟོག་པའི་ཡུལ་ལས་འདས་ཤིང་ཡོད་མེད་དང་། ཡིན་མིན་ལ་སོགས་པའི་མཐའ་གང་དུ་ཡང་བསམ་པ་དང་བརྗོད་པར་མི་ནུས་ལ། རྒྱལ་བས་ཀྱང་ཐ་སྙད་ཀྱི་སྒོ་ནས་སྒྲོ་བཏགས་ནས་སྟོན་པ་མ་གཏོགས་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་བསྟན་པར་མི་ནུས་པའི་དབྱིངས་ནམ་མཁའ་ལྟ་བུ་ཞིག་ལ་ངེས་པའི་དོན་དང་དོན་དམ་པའི་བདེན་པ་དང་། དེ་ཁོ་ན་ཉིད་ཅེས་བྱ་བའི་མིང་གིས་བཏགས་ནས་བསྟན་པ་ཡིན་ནོ། །འདི་ཡང་ཡུལ་གྱི་དབང་དུ་བྱས་པ་ཡིན་ལ། ཡུལ་ཅན་གྱི་དབང་དུ་བྱས་ན་དབྱིངས་དེ་དང་ངོ་བོ་ཐ་དད་པ་ལྟ་བཞོག ལྡོག་པའི་ཁྱད་པར་ཙམ་ཡང་ཀུན་མཁྱེན་གྱིས་མ་གཟིགས་པའི་ཡེ་ཤེས་དེ་ཉིད་ཀྱང་ངེས་པའི་དོན་དུ་འཆད་དགོས་པ་ཡིན་ཏེ། ཟླ་བའི་ཞབས་ཀྱིས་དོན་དམ་བདེན་པ་འཇོག་པའི་དུས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་དོན་དམ་པའི་བདེན་པར་བཤད་པ་བཞིན་ནོ། །འདིའི་ལུང་དང་རིགས་པ་ཡང་འོག་ནས་འཆད་པར་འགྱུར་རོ། །གནས་འདི་ལ་གངས་ཅན་དུ་ཕྱིས་བྱོན་པའི་ཆེན་པོ་དག་ན་རེ། དོན་དམ་བདེན་པའི་མཚན་གཞི་ངོས་གཟུང་བར་མི་ནུས་པ་དང་། དེ་སྨྲ་བསམ་བརྗོད་མེད་དུ་ཁས་ལེན་པ་དང་། ཆོས་ཀྱི་དབྱིངས་ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་ཁས་མིན་ལེན་ཞིང་། བསམ་བྱུང་གི་རིགས་པས་ཀྱང་དེ་དང་དེ་དག་ཏུ་ཡིད་ལ་མི་བྱེད་པར་འདོད་པ་དེ་དག་ནི། སྔོན་གངས་ཅན་དུ་ལོག་པའི་ཆོས་དུ་མ་བྱུང་བ་དག་ལས། ཧྭ་ཤང་གིས་བཤད་པའི་ཆོས་དཀར་པོ་ཆིག་ཐུབ་དང་། གཞན་ཡང་ཞི་བྱེད་དང་། རྫོགས་ཆེན་དང་། ཕྱག་རྒྱ་པར་གྲགས་པ་དག་གི་ལུགས་བླ་ན་མེད་པ་ཡིན་པས་དབུ་མའི་ལྟ་བ་རྟོགས་པའི་གོལ་ས་ཆེན་པོ་ཡིན་ནོ། །དེའི་ཕྱིར་གནས་ལུགས་ཀྱི་དོན་མཐར་ཐུག་སེམས་པ་ལ་ཞུགས་པ་དེའི་ཚེ་ན། མྱུ་གུ་བདེན་སྟོང་ལྟ་བུ་དོན་དམ་པའི་མཚན་གཞི་དང་། མྱུ་གུ་ལྟ་བུ་ཡང་བདེན་པས་སྟོང་པར་ཁས་ལེན་གྱི། དེ་དེས་སྟོང་པ་ཡིན་ནོ་ཞེས་བརྗོད་དུ་མི་རུང་བ་དང་། བདེན་སྟོང་དེ་ཡང་ཡོད་པར་ཁས་ལེན་གྱི། དེ་ཡོད་པ་མ་ཡིན་ནོ། །ཞེས་བརྗོད་དུ་རུང་བ་མ་ཡིན་ཏེ། རྩོད་བཟློག་ལས། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་གྲུབ་པར་འགྱུར། །ཞེས་བཤད་པས་སོ། །ཞེས་གསུང་ངོ་། །དེ་ལྟར་འཆད་པ་དེ་དག་ནི། ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་ལ། རྒྱལ་བས་ཆོས་སྟོན་ཚུལ་གྱི་རིམ་པ་གསུམ་འབྱུང་བ་དེའི་ནང་ནས། བར་དུ་བདག་བཟློག་པའི་ལུང་དང་རིགས་པ་གསུངས་པ་རྣམས་ཀྱི་དོན་དང་ཅུང་ཟད་ཉེ་བ་ཡིན་མོད། ཐ་མར་ལྟ་བ་ཀུན་བཟློག་པ་ཞེས་བྱ་བའི་ལུང་དང་རིགས་པ་རྣམས་ལས་ཆེས་ཤིན་ཏུ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་ཡིན་པས། དབུ་མའི་ལྟ་བ་རྒྱུད་ལ་སྐྱེ་བ་ལྟ་ཞོག གོ་ཡུལ་དུ་འཆར་བ་ཙམ་གྱིའང་གོལ་ས་བླ་ན་མེད་པ་ཡིན་ཏེ། ཇི་སྐད་དུ་ཡུམ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་དང་། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཟླ་བའི་ཞབས་ཀྱིས་ཚིག་གསལ་དུ་མདོ་དྲངས་པ་ལས། འོད་སྲུངས་གང་དག་བདག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་བླའི། སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། འཕགས་པ་ཉིད་ཀྱིས། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་དང་། བླུན་པོ་མཁས་པའི་ང་རྒྱལ་ཅན། །སྟོང་ལ་མངོན་པར་ཞེན་མི་བྱ། །ཞེས་དང་། བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་དང་། །གཉིས་མིན་ཞེས་ཀྱང་བྱ་བ་སྟེ། །ནད་ཀྱི་དབང་གིས་ཐམས་ཅད་ཀྱང་། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་ལས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས། གང་ལ་བདག་མེད་དོ་སྙམ་པའི་འཛིན་སྟངས་ཀྱི་ཤུགས་དྲག་པོ་མེད་པ་དེས་ནི། བདག་ཏུ་འཛིན་པའི་བློ་ལ་གནོད་པ་བྱེད་ནུས་པ་མ་ཡིན་ཏེ། དེ་དང་འཛིན་སྟངས་འགལ་བ་མེད་པའི་ཕྱིར་རོ། །གཞན་དུ་ན། གཉིད་འཐུག་པོ་དང་འདུ་ཤེས་མེད་པའི་སྙོམ་འཇུག་གིས་ཀྱང་དེ་ལ་གནོད་པ་ཧ་ཅང་ཐལ་ལོ། །དེ་བས་ན་མཉམ་གཞག་ཏུ་གང་ཟག་གི་བདག་དང་ཆོས་ཀྱི་བདག་གིས་སྟོང་ངོ་། །ཞེས་པའི་རྣམ་པ་ཅན་གྱི་འཛིན་སྟངས་ཀྱི་ཤུགས་དང་མ་བྲལ་བ་བྱ་དགོས་ཏེ། རྗེ་བཙུན་གྱིས། ཇི་སྐད་དུ། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་བསྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་གསུངས་པ་ལས་གསལ་བ་ཡིན་ནོ། །ཞེས་འཆད་དོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཇི་ལྟར། མགོན་པོ་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པའི་གཞུང་ལས། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རིགས་པ་དང་བདེན་མེད་ཀྱི་སྤྲོས་པ་གཅོད་པའི་རིགས་པ་གཉིས་གསུང་པ་དང་། རྗེ་བཙུན་བྱམས་པའི་གཞུང་ལས། རྫས་འཛིན་རྟོག་པའི་གཉེན་པོ་སྒོམ་པའི་རིམ་པ་དང་། བཏགས་འཛིན་རྟོག་པའི་གཉེན་པོ་སྒོམ་པའི་རིམ་པ་གཉིས་གསུངས་པ་ལས། ཁྱེད་ཀྱི་འདོད་པ་དེ་རིམ་པ་དང་པོ་དེ་དང་དེའི་ནང་དུ་ཆུད་པ་ཙམ་ཡིན་ཀྱང་། རིམ་པ་གཉིས་པ་དེ་དང་དེ་ལ་སྐུར་པ་བཏབ་པའི་རྒྱུ་མཚན་གྱིས་ལྟ་བའི་གནད་འཆུགས་པ་ཡིན་པས་སོ། །དེ་ཡང་ཇི་ལྟར་ཞེ་ན། ཇི་སྐད་དུ། སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་བཟློག་པར་འགྱུར། །ཞེས་པའི་གཞུང་གིས་བསྟན་པའི་དོན་ལ། ཁྱེད་ཀྱི་འདོད་པ་དེ་ཅུང་ཟད་ཉེ་བར་མཁོ་ཡང་། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱིས་ནས་སྤོང་བར་འགྱུར། །ཞེས་པའི་གཞུང་གི་དོན་ལ། ཁྱེད་འཆད་པའི་རིགས་པ་དེ་དག་གིས་སྐུར་པ་བཏབ་པའི་ཕྱིར་དང་། དབུ་མའི་རྩ་བ་ལས། སྟོང་ངོ་ཞེས་ཀྱང་མི་བྱ་ཞིང་། །མི་སྟོང་ཞེས་ཀྱང་མི་བྱ་ལ། །གཉིས་དང་གཉིས་མིན་མི་བྱ་སྟེ། །ཞེས་པ་ངེས་དོན་མཐར་ཐུག་གི་དབང་དུ་བྱས་པ་དང་ཐ་སྙད་ཀྱིས་སྟོན་པའི་ཚེ་ཇི་ལྟར་བྱ་སྙམ་པ་ལ། དེ་ཉིད་ལས། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་པ་དེའི་དོན་ཟླ་བའི་ཞབས་ཀྱི་འགྲེལ་པ་ན། སྟོང་ངོ་ཞེས་ཀྱང་བརྗོད་བྱ་ལ། །མི་སྟོང་ཞེས་ཀྱང་བརྗོད་བྱ་སྟེ། །གཉིས་དང་གཉིས་མིན་བརྗོད་པར་བྱ། །ཞེས་བྱ་བའི་དོན་དུ་བཤད་པ་རྣམས་ཀྱིས། ཁྱེད་ཅག་གི་འདོད་པ་དེ་སུན་དབྱུང་བའི་ཕྱིར། བྱམས་པའི་གཞུང་གི་དོན་ཡང་ཁྱེད་ཀྱིས་ལེགས་པར་མ་བཤད་དེ། ཁྱེད་ཀྱིས་དབུ་མའི་ལྟ་བར་བཤད་པ་དེ་ནི་རྗེ་བཙུན་གྱི་བཞེད་པའི་བཏགས་འཛིན་རྟོག་པ་དེ་ཉིད་ལས་མ་འདས་པའི་ཕྱིར་དང་དེའི་གོ་དོན་ཡང་བཏགས་པ་ཙམ་དུ་བདེན་པར་འཛིན་པ་ལ་འཆད་ན། རྫས་འཛིན་རྟོག་པ་དང་ཁྱད་པར་མི་ཕྱེད་པའི་ཕྱིར་དང་། ཇི་སྐད་དུ། མ་མཐོང་སྟོན་པར་མཛད་པ་དང་། །ཞེས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཅིར་ཡང་མ་མཐོང་བ་ལ། དེ་ཁོ་ནའི་དོན་མཐོང་བར་མིང་བཏགས་པ་ཡིན་གྱི། སྟོང་ངོ་སྙམ་དུ་མཐོང་དགོས་པར་མ་བཤད་པའི་ཕྱིར་དང་། ངེས་འབྱེད་ཡན་ལག་ཅེས་སོགས་ཀྱི་དོན་ཡང་སྐབས་དེ་དང་དེར་སྤྲོས་པའི་མཐའ་གང་དུ་ཡང་མ་གཟིགས་པ་དེ་ཉིད་ལ་སེམས་པ་དང་འཇལ་བ་ལ་སོགས་པའི་དོན་ཡིན་གྱི། སྦྱོར་ལམ་དུ་གཟུགས་སོགས་བདེན་པས་སྟོང་པར་ཞེན་པའི་འཛིན་སྟངས་ཀྱི་རྒྱུན་ཡོད་པ་དེ་ཉིད་ལ། མཐོང་སྒོམ་ལམ་གྱིས་མཉམ་པར་འཇོག་དགོས་པར་སྟོན་པ་མ་ཡིན་ཏེ། ཇི་སྐད་དུ། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་སྐབས་དེར་ཡང་བདེན་སྟོང་དུ་ཞེན་པ་འགོག་དགོས་པར་གསུངས་པའི་ཕྱིར་རོ། །འོ་ན་བདེན་མེད་དུ་འཛིན་པའི་སྤྲོས་པ་གང་གིས་གཅོད་ཅེ་ན། ཇི་སྐད་དུ། རྩ་བ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དང་། ཡེ་ཤེས་སྙིང་པོས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང་། སྐྱེ་བ་ལ་སོགས་བཀག་པ་ཡང་། །དམ་པའི་དོན་དང་མཐུན་ཕྱིར་འདོད། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཞེས་དང་། རྒྱན་ལས། ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་སོགས་གསུངས་པའི་རིགས་པ་ལས་སོ། །དེ་ལ་ཡང་འདི་སྐད་ཅེས། སྐྱེ་སོགས་བཀག་པས་ཁྱད་པར་དུ་བྱས་པའི་མ་ཡིན་པར་དགག་པ་དེ་ཉིད་ཀུན་རྫོབ་བདེན་པར་སྟོན་པ་ཡིན་གྱི། སྐྱེ་སོགས་བདེན་གྲུབ་བཀག་པའི་མེད་དགག་དེ་དེར་སྟོན་པ་མ་ཡིན་ནོ། །ཞེས་ཟེར་རོ། །དེ་ཡང་མ་ཡིན་ཏེ། གཞུང་གི་འཕྲོས་དང་མི་མཐུན་པའི་ཕྱིར། ཇི་ལྟར་ཞེ་ན། གཞུང་དེའི་གོང་དུ། གྲུབ་མཐས་སྒྲོ་མ་བཏགས་པའི་སྐྱེ་བ་ཙམ་ཡང་དག་ཀུན་རྫོབ་དང་། དེས་སྒྲོ་བཏགས་པའི་སྐྱེ་བ་ལ་སོགས་པ་ལོག་པའི་ཀུན་རྫོབ་ཏུ་བཤད་པ་ལ་འཕྲོས་ནས་དེ་བཀག་པའི་མེད་པར་དགག་པ་དེ་ཡང་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཏུ་འགྱུར་རོ་སྙམ་པ་ལ། དགག་བྱ་བཀག་ཙམ་གྱི་ཆ་ནས་དོན་དམ་པ་དང་མཐུན་པ་དང་། རིགས་པས་དཔྱད་མི་བཟོད་པའི་ཆ་ནས་ཀུན་རྫོབ་ཡིན་ཞེས་བྱ་བའི་དོན་དུ་གསལ་བར་བཤད་པའི་ཕྱིར་དང་། སྐྱེ་བ་བདེན་གྲུབ་བཀག་པས་ཁྱད་པར་དུ་བྱས་པའི་མྱུ་གུ་ལྟ་བུ་དེ། མཐུན་པའི་དོན་དམ་ཡིན་ཞེས་ཟེར་བ་ཡེ་ཤེས་སྙིང་པོའི་རྨི་ལམ་དུ་ཡང་མི་རྨི་བའི་ཕྱིར་དང་། ཁྱེད་ལྟར་ན། ཇི་སྐད་དུ། ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་པའི་སྐབས་ཀྱི་བཀག་པ་དེ་མྱུ་གུ་ལྟ་བུ་མ་ཡིན་དགག་ཞིག་ལ་འཆད་དགོས་ལ། མེད་པར་གསལ་ཞེས་པའི་དོན་ཡང་། བདེན་པར་མེད་ཅེས་པ་ལ་འཆད་དགོས་པས། དེ་ལྟ་ན། དགག་བྱ་ཡོད་པ་མ་ཡིན་པས། །ཞེས་སོགས་ཀྱི་གཞུང་གི་དོན་བདེན་གྲུབ་བཀག་པས་ཁྱད་པར་དུ་བྱས་པའི་མྱུ་གུ་བདེན་པར་མེད་དེ། དགག་བྱ་བདེན་གྲུབ་བདེན་པར་ཡོད་པ་མ་ཡིན་པའི་ཕྱིར། ཞེས་འཆད་དགོས་པས། བློ་དང་ལྡན་པ་སུ་ཞིག་ཡིད་ཆེས་པར་འགྱུར། གལ་ཏེ་འོ་ན། བདེན་མེད་དུ་འཛིན་པ་དང་། སྤྲོས་བྲལ་དུ་འཛིན་པའི་མཚན་མ་ཡང་གཅོད་པ་དེའི་ཚེ། དོན་དམ་བདེན་པའི་མཚན་གཞི་ངོས་གཟུང་བར་མི་ནུས་པ་དང་། གང་དོན་དམ་པའི་བདེན་པ་ཡིན་ན། བརྗོད་པ་ཐམས་ཅད་དང་བྲལ་དགོས་པ་དང་། ཡོད་མེད་ལ་སོགས་པའི་མཐའ་གང་རུང་མ་ཡིན་དགོས་པ་འདི་ལ། ཡིད་ཆེས་པའི་ལུང་མེད་ན་སུ་ཞིག་མགུ་བར་འགྱུར་ཏེ། དོན་དེ་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་སྙམ་ན། བཤད་པ། ཇི་སྐད་དུ། དབུ་མའི་རྩ་བ་ལས། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ནོ། །ཞེས་དང་། ཡེ་ཤེས་སྙིང་པོས། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་དང་། ཟླ་བའི་ཞབས་ཀྱི་ཚིག་གསལ་དུ། འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ཅི་ཡང་མི་གསུངས་པ་ཡིན་ནོ། །ཞེས་གསུངས་པ་རྣམས་ཀྱི་དོན་ལ་རྣམ་པར་བརྟགས་པས་ཡིད་ཆེས་པར་འགྱུར་རོ། །ཅི་སྟེ་དེ་དག་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་ཤེས་ངོ་ལ་དགོངས་པ་ཡིན་ནོ། །ཞེས་ཟེར་མོད། དེའི་ཚེ་ཁོ་བོ་ཅག་གི་འདོད་པ་གྲུབ་ལ། ཁྱེད་ཅག་གི་གང་མི་འདོད་པ་དེ་ཉིད་ལག་ཏུ་ཐོབ་པར་འགྱུར་ཏེ། ཅི་ཡང་ཡིད་ལ་མི་སེམས་པ་ཞེས་བྱ་བ། ཧྭ་ཤང་གི་འདོད་པར་ཁྱོད་ཀྱིས་བསྒྲུབ་པ་དེ་ཉིད་སླར་འོངས་པའི་ཕྱིར། དོན་འདི་དག་འོག་ནས་རྒྱ་ཆེར་འཆད་པས། འདིར་ནི་རྣམ་པར་སྤྲོས་པའི་ངལ་བ་དེ་ཙམ་གྱིས་ཆོག་གོ །གཉིས་པ་གནས་ལུགས་ཀྱི་དོན་དེ་ཉིད་འཁོར་ལོ་གང་ནས་འབྱུང་བསམ་པ་ལ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་མཚན་གཞིའི་ཁྱད་ནི་འདི་ལྟ་སྟེ། དང་པོར་བསོད་ནམས་མ་ཡིན་པ་བཟློག་པའི་འཁོར་ལ།ོ བར་དུ་བདག་བཟློག་པའི་འཁོར་ལོ། མཐའ་མར་ལྟ་བ་མཐའ་དག་འགོག་པའི་འཁོར་ལོ་ཞེས་བྱ་བའམ། ཡང་ན། དང་པོ་མངོན་པར་མཐོ་བའི་ལམ་སྟོན་པའི་འཁོར་ལོ། བར་པ་ངེས་པར་ལེགས་པའི་ལམ་མཐུན་མོང་སྟོན་པའི་འཁོར་ལོ། ཐ་མ་མི་གནས་པའི་མྱང་འདས་སྟོན་པའི་འཁོར་ལོ། ཞེས་བྱ་བའི་མཚན་འདོགས་པར་གོང་དུ་འཕགས་པ་ཡབ་སྲས་ཀྱི་ལུང་དྲངས་པ་ལས་ཤེས་སོ། །མཚན་གཞི་ནི་ཤེར་ཕྱིན་གྱི་མདོ་ལྟ་བུ་གཅིག་ལ་མཚོན་ན། འཁོར་ལོ་དང་པོ་ནི། སེམས་སྐྱེད་དང་ཕར་ཕྱིན་དང་པོ་གསུམ་སྟོན་པའི་མདོ་ལྟ་བུའོ། །འཁོར་ལོ་གཉིས་པ་ནི། ཕྱི་དང་ནང་དང་གཉིས་ཀ་སྟོང་པ་ཉིད་སྟོན་པའི་མདོ་ལྟ་བུའོ། །འཁོར་ལོ་ཐ་མ་ནི། སྟོང་པ་ཉིད་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་སྟོན་པའི་མདོ་ལྟ་བུའོ། །དེ་ལྟར་ན། གོང་དུ་བཤད་མ་ཐག་པའི་གནས་ལུགས་ཀྱི་དོན་མཐར་ཐུག་པ་དེ་དང་། དེ་རྟོགས་པའི་མཐར་ཐུག་གི་ལྟ་བ་དེ། ཀླུ་སྒྲུབ་ཞབས་ཀྱི་འཁོར་ལོ་ཐ་མ་ཉིད་ལས་ཕྱུང་བ་ཡིན་ཏེ། མཐར་ཐུག་གི་ལྟ་བ་དང་དེའི་ཡུལ་གསལ་བར་སྟོན་པ་ལ་ཆོས་ཀྱི་འཁོར་ལོ་གསུམ་པའི་གོང་ན་ཁྱད་པར་དུ་འཕགས་པ་གཞན་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར། གང་འཁོར་ལོ་གསུམ་པ་ཡིན་ན། ངེས་དོན་མཐར་ཐུག་སྟོན་པའི་འཁོར་ལོ་ཡིན་པས་ཁྱབ། དཔེར་ན། རྣལ་འབྱོར་སྤྱོད་པའི་གཞུང་ལས་འཁོར་ལོ་ཐ་མ་ངེས་དོན་མཐར་ཐུག་གི་འཁོར་ལོར་བཤད་པ་དང་། ཐེག་པ་ཆེན་པོ་རྒྱུད་བླ་མར། འཁོར་ལོ་ཐ་མ་ཁོ་ན་ངེས་དོན་མཐར་ཐུག་གི་འཁོར་ལོར་བཤད་པ་བཞིན། ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལས་ཀྱང་། སྤྲོས་པ་ཐམས་ཅད་འགོག་པའི་འཁོར་ལོ་ལ་འཁོར་ལོ་ཐ་མར་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པའོ། །འོ་ན། དགོངས་འགྲེལ་ལས་འཁོར་ལོ་ཐ་མར་བཤད་པ་དེ། ཀླུ་སྒྲུབ་ཞབས་ཀྱིས་ངེས་པའི་དོན་དུ་ཇི་ལྟར་འགྲེལ་ཞེ་ན། ངོ་བོ་ཉིད་མེད་པར་སྨྲ་བ་རང་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་པར་བཞག་པ་སོ་སོར་ཕྱེ་ནས་སྟོན་པའི་ངེས་པའི་དོན་ནོ། །དེའི་ལུགས་ཀྱི་དེ་གསུམ་གྱི་རྣམ་པར་བཞག་པ་ཡང་། འཇུག་འགྲེལ་ལས། རྟེན་འབྲེལ་གཟུགས་བརྙན་ལྟ་བུ་གཞན་དབང་དང་། དེ་ལ་རང་བཞིན་དུ་སྒྲོ་བཏགས་པ་ཀུན་བཏགས་དང་། དེ་རང་བཞིན་གྱིས་སྟོང་པ་ཡོངས་གྲུབ་ཏུ་བཤད་པ་ལྟར་ཁས་ལེན་དགོས་པ་ཡིན་ནོ། །འོ་ན་མདོ་དེར། འཁོར་ལོ་བར་པ་དྲང་དོན་དུ་བཤད་པ་ཡང་དྲང་དོན་ཁོ་ནར་འགྲེལ་ལམ་སྙམ་ན། དེ་ཡང་འཁོར་ལོ་གསུམ་པ་ལ་ལྟོས་ནས་དེར་བཀྲལ་བས་ཆོག་པ་ཡིན་ཏེ། ཤེས་ཕྱིན་གྱི་མདོ་ལྟ་བུ་ནས་གང་བཤད་ཐམས་ཅད་དྲང་དོན་དུ་ཁས་མི་ལེན་ཀྱང་། དེ་ནས་བཤད་པའི་བདེན་གཉིས་ལྟ་བུའི་ལྡོག་པ་ནས་ཀུན་རྫོབ་བདེན་པར་ཁས་ལེན་དགོས་པའི་ཕྱིར། དེ་ལས་གཞན་དུ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དྲང་དོན་ཡིན་ན། དེ་ལས་གཞན་དྲང་དོན་མ་ཡིན་པ་ཅི་ཞིག་ཡོད་ཅེས་བསམ་དགོས་པ་ཡིན་ལ། ཡང་ན་ནི། ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱིས་དགོངས་འགྲེལ་དང་། སྙིང་རྗེ་ཆེན་པོ་བསྟན་པའི་མདོ་ལས། འཁོར་ལོ་གསུམ་གྱི་རྣམ་པར་བཞག་པ་དེ་དང་། དེ་ལྟར་བཤད་པ་དེ། བཏང་སྙོམས་སུ་འཇོག་པ་ཡིན་ནོ་ཞེས་བཤད་པར་བྱའོ། །གཉིས་པ་ལ། གཞན་གྱིས་བརྟགས་པའི་ལམ་དགག་པ་དང་། རང་གི་འདོད་པ་བཞག་པ། དེ་ལྟར་བཤད་པས་གྲུབ་པའི་དོན་ནོ། །དང་པོ་ནི། དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ཞེས་བྱ་བའི་བསྟན་བཅོས་མཛད་པ་ན་རེ། ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་དྲང་ངེས་ཀྱི་སྲོལ་འབྱེད་ཚུལ་ནི་མི་འདྲ་བ་གཉིས་ཁོ་ན་ཡིན་ཏེ། དེ་ཡང་འདི་ལྟར། ཐོགས་མེད་སྐུ་མཆེད་ཀྱིས་ནི། མདོ་དེ་དང་དེའི་དངོས་བསྟན་གྱི་དོན་དང་དེ་སྒྲ་ཇི་བཞིན་དུ་བཤད་དུ་རུང་བ་དང་མི་རུང་བ་ལ་འཆད་ལ། དེ་ཡང་དགོངས་པ་ངེས་པར་འགྲེལ་བའི་མདོ་ལ་བརྟེན་པའོ། །ཀླུ་སྒྲུབ་ཡབ་སྲས་ཀྱིས་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པ་ལ་དེ་དང་དེའི་དོན་དུ་འཆད་དོ། །དེ་ཡང་བློ་གྲོས་མི་ཟད་པ་བསྟན་པའི་མདོ་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལ་བརྟེན་པའོ། །དེ་ལྟར་དྲང་ངེས་དཔྱོད་པའི་གཞིར་གྱུར་པའི་མདོའི་མཚན་གཞི་ཡང་། ཕུང་སོགས་རང་གི་མཚན་ཉིད་ཀྱིས་ཡོད་མཉམ་དུ་སྟོན་པའི་འཁོར་ལོ་དང་པོ་དང་། དེ་མེད་མཉམ་དུ་སྟོན་པའི་འཁོར་ལོ་བར་པ་དང་། རང་བཞིན་ཡོད་མེད་གསལ་བར་ཕྱེ་ནས་སྟོན་པའི་འཁོར་ལོ་ཐ་མ་རྣམས་ཡིན་གྱི། སྤྱིར་རྒྱལ་བའི་གསུང་རབ་མཐའ་དག་ལས་བཤད་མ་ཐག་པ་དེ་ལྟ་བུའི་སྒོ་ནས་དྲང་ངེས་ཀྱི་རྣམ་གཞག་འཇོག་པ་ནི་མ་ཡིན་ནོ། །ཞེས་གསུང་། འདི་མི་འཐད་པ་ལ་གཉིས་ཏེ། ཤིང་རྟའི་སྲོལ་གཉིས་ཀྱི་དྲང་ངེས་ཀྱི་གོ་དོན་སོ་སོར་ངེས་པ་མི་འཐད། དྲང་ངེས་ཀྱི་མདོའི་མཚན་གཞི་འཛིན་ཚུལ་ལ་ཁས་བླངས་ནང་འགལ་ཞུགས་པའི་ཚུལ་ལོ། །དང་པོ་ནི། སྲོལ་འབྱེད་གཉིས་ཀྱི་དྲང་ངེས་ཀྱི་མདོའི་གོ་དོན་སོ་སོ་བ་དེ་ལྟར་འཆད་པ་མི་འཐད་དེ། གཉིས་ཀས་ཀྱང་གཉིས་ཀ་བཞེད་པའི་ཕྱིར་ཇི་ལྟར་ཞེ་ན། ཀླུ་སྒྲུབ་ཡབ་སྲས་ཀྱིས། སྒྲ་ཇི་བཞིན་པ་ཡིན་མིན་གྱི་སྒོ་ནས་དྲང་ངེས་སུ་བཞག་པ་ཡོད་དེ། ཇི་སྐད་དུ། འཇུག་པ་ལས། མདོ་སྡེ་གང་ལས་ཕྱི་རོལ་སྣང་ཡོད་མིན། །སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། །གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད། །འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང་། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་གསུངས་ཤིང་། དེའི་སྐབས་ཀྱི་ལུང་དེ་ངོས་འཛིན་པ་ན། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་གསུང་བར་མཛད། །ཅེས་པའི་མདོ་དྲངས་ཤིང་། རིགས་པ་དེ་འཆད་པ་ན། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །ཞེས་གསུངས་ལ། དེ་དག་གི་སྐབས་ཀྱི་དོན་ཡང་། སེམས་ཙམ་པས་ཕྱི་རོལ་གྱི་དོན་མེད་ཅིང་། རྣམ་པར་ཤེས་པ་རང་བཞིན་གྱིས་གྲུབ་པར་སྟོན་པའི་མདོ་དྲངས་པ་དེ་དག་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བའི་ཕྱིར། དྲང་བའི་དོན་ཡིན་ནོ་ཞེས་བྱ་བའི་དོན་ཡིན་གྱི། ཀུན་རྫོབ་ཀྱི་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པའི་རྟགས་ཀྱིས་དྲང་དོན་དུ་བསྒྲུབས་ན། དབུ་མ་པ་རང་ལ་རྟགས་མི་འགྲུབ་པ་དང་། སྐབས་ཀྱི་དོན་ལས་ཉམས་པར་འགྱུར་བའི་ཕྱིར་དང་། ཇི་སྐད་དུ། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལ་འོ། །ཞེས་དང་། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡི་བསྟན་པ་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །ཞེས་གསུངས་པ་དེས་ཀྱང་སྒྲ་ཇི་བཞིན་པ་མ་ཡིན་པ་རྒྱུ་མཚན་དུ་བྱས་ནས་དྲང་དོན་དུ་བཤད་པ་ཡིན་ལ། དེ་ལས་གཞན་དུ་ཀུན་རྫོབ་ཀྱི་བདེན་པ་བརྗོད་བྱའི་གཙོ་བོར་བསྟན་པ་ལ་འཆད་ན། ཀུན་གཞི་དང་དངོས་པོ་རང་བཞིན་གྱིས་ཡོད་པ་སོགས་ཀུན་རྫོབ་བདེན་པར་ཁྱེད་ཀྱིས་ཁས་ལེན་དགོས་པས། ཁྱེད་ལ་ཁས་བླངས་ནང་འགལ་འབྱུང་བའི་ཕྱིར་དང་། གཞུང་གི་དོན་ལས་ཀྱང་ཉམས་ཏེ། སེམས་ཙམ་དུ་སྨྲ་བའི་གྲུབ་པའི་མཐས་བཞག་པའི་དོན་དེ་ཉིད་ཟླ་བའི་ཞབས་ཀྱི་ཀུན་རྫོབ་བདེན་པར་ཁྱེད་ཀྱིས་འཆད་དགོས་ལ། དེ་ཡང་མི་རིགས་པའི་ཕྱིར། དེ་ལ་འདི་སྙམ་དུ་ཐོགས་མེད་སྐུ་མཆེད་ཀྱིས་བཞེད་པའི་དྲང་ངེས་ཀྱི་འཆད་ཚུལ་དེ། ཀླུ་སྒྲུབ་ཡབ་སྲས་ཀྱིས་མི་བཞེད་པར་ཁས་མ་བླངས་སོ། །ཞེས་ཟེར་ན་ནི་མངོན་སུམ་ལ་སྙོན་པ་ཡིན་མོད། དེ་ལྟ་ན་ཡང་། དགག་བྱའི་ཁྱད་པར་མ་སྦྱར་བར་གཟུགས་མེད་ཅེས་སོགས་ཀྱི་ཤེར་ཕྱིན་གྱི་མདོ་ཆོས་ཅན། དྲང་དོན་གྱི་མདོར་ཐལ། སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །ས་བོན་ལས་མྱུ་གུ་སྐྱེ་བ་དང་། ལས་དཀར་ནག་ལས་འབྲས་བུ་བདེ་སྡུག་སྐྱེ་བར་ཚིག་ཟིན་ལ་སྟོན་པའི་མདོ་ཆོས་ཅན། ངེས་དོན་གྱི་མདོར་ཐལ། སྒྲ་ཇི་བཞིན་པའི་མདོ་ཡིན་པའི་ཕྱིར། ཞེས་སོགས་ཀྱི་ཉེས་པ་བཟློག་ཏུ་མེད་པ་དང་། སྲོལ་འབྱེད་གཉིས་ཀྱི་དྲང་ངེས་ཀྱི་འབྱེད་ལུགས་ཀྱི་རྣམ་པར་བཞག་པ་ལེགས་པར་བཤད་པའི་སྙིང་པོར་ཁས་ལེན་པ་དེ་ལས་ཉམས་པས། ཁྱེད་ཀྱི་ཞེ་འདོད་ནི་དེ་མ་ཡིན་ནོ། །དེ་ལྟར་ན་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པས། དགོངས་པ་ཅན་དང་། ལྡེམ་པོར་དགོངས་པའི་མདོའི་མཚན་གཞིར་བཤད་པ་རྣམས་དང་། དེའི་ལོག་ཕྱོགས་སྟོན་པའི་མདོ་རྣམས་དང་། མཐར་ཐུག་ཐེག་པ་གསུམ་དང་། གཅིག་སྟོན་པའི་མདོ་དང་། རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བ་དང་། མི་འབྱུང་བར་སྟོན་པའི་མདོ་རྣམས་ལ་དྲང་ངེས་ཀྱི་ཁྱད་པར་མི་རྙེད་པར་འགྱུར་ཏེ། མདོ་དེ་དང་དེ་དག་གི་བསྟན་བྱའི་གཙོ་བོ་ལ་གནས་ལུགས་ཀྱི་དོན་ཡིན་མིན་གྱི་ཁྱད་པར་མི་རྙེད་པའི་ཕྱིར་དང་། མདོ་དེ་དག་ཐམས་ཅད་ལ་ཁྱེད་འདོད་པའི་དྲང་དོན་གྱི་མདོའི་མཚན་གཞི་ཁོ་ན་ཞུགས་ཀྱི། ངེས་དོན་གྱི་མདོའི་མཚན་གཞི་ཞུགས་པའི་སྐབས་མི་རྙེད་པའི་ཕྱིར་རོ། །ཞེས་བྱ་བ་འདིས་ནི། ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པའི་དྲང་ངེས་ཀྱི་འཇོག་ཚུལ། གཞན་དག་འདོད་པ་དེ་ཁོ་ནར་ངེས་པ་མ་ཡིན་ནོ། །ཞེས་རྣམ་པར་བཤད་པ་ཡིན་ནོ། །ཐོགས་མེད་སྐུ་མཆེད་ཀྱིས་བཞེད་པའི་དྲང་ངེས་འཇོག་ཚུལ་ཡང་དེ་ཁོ་ན་ལྟར་ངེས་པ་མ་ཡིན་ཏེ། དེ་ལྟར་འཆད་པའི་ལུང་གི་ཁུངས་མེད་པའི་ཕྱིར་དང་། ཐོགས་མེད་སྐུ་མཆེད་ཀྱིས། ཡུམ་ཤེར་ཕྱིན་གྱི་མདོ་དྲང་དོན་གྱི་མདོ་ཡིན་པར་འཆད་དོ་ཞེས་ཟེར་བ་ནི་ཆེས་ཤིན་ཏུ་ཐ་ཆད་པ་ཡིན་པའི་ཕྱིར་དང་། དེའི་བཞེད་པ་ལ། དགོངས་ལྡེམ་དགོངས་བརྒྱད་ཀྱི་ནང་ན་ངེས་དོན་གྱི་མདོ་མེད་པར་ཐལ་བའི་ཕྱིར་དང་། དེ་ཡང་དེ་ལྟ་ན། དེ་བརྒྱད་པོ་གང་རུང་གི་ནང་དུ་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་འདུས་པར་ཐེག་བསྡུས་ལས་གསལ་བར་གསུངས་པ་དང་འགལ་ལོ། །དེ་ཡང་ཇི་ལྟར་ཞེ་ན། འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཆོས་ཅན། སྒྲ་ཇི་བཞིན་པ་མ་ཡིན་ཀྱང་ངེས་དོན་གྱི་མདོ་ཡིན་ཏེ། ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་ལ་ངེས་དོན་མཐར་ཐུག་སྟོན་པའི་མདོ་ཡིན་པའི་ཕྱིར་ཏེ། དེ་ལ་དོན་དམ་པའི་བདེན་པ་ཁོ་ན་བསྟན་བྱའི་གཙོ་བོར་སྟོན་པའི་མདོ་ཡིན་པའི་ཕྱིར་རོ། །སྔ་མ་ལ་ཁྱབ་པ་མེད་ན། ངེས་དོན་ཁོ་ན་སྟོན་པའི་མདོ་ལ་ངེས་དོན་གྱི་མདོར་མི་བྱེད་ན། གཞན་གང་ཞིག་ལ་དེར་བྱེད། སྦྱོར་བ་གཉིས་པ་ལ་ཁྱབ་པ་མེད་ན། ཤེར་མདོའི་བསྟན་བྱའི་གཙོ་བོར་གྱུར་པའི་དོན་དམ་བདེན་པ་གང་དང་གང་ཡིན་པ་དེ་ཆོས་ཅན། ཀུན་རྫོབ་བདེན་པར་ཐལ། དྲང་དོན་ཡིན་པའི་ཕྱིར། ཞེས་བྱ་བའི་ཐལ་བ་བཟློག་པར་མི་ནུས་སོ། །མདོ་དེས་དོན་དམ་པའི་བདེན་པ་གཙོ་བོར་སྟོན་པར་མི་འདོད་ན་ནི། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་རྩ་འགྲེལ་དུ། ཐེག་པ་ཆེན་པོ་བཀར་སྒྲུབ་པའི་རིགས་པ་རྒྱ་ཆེར་གསུངས་པ་རྣམས་དང་། ཐེག་པ་ཆེན་པོ་བསྡུས་པར་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུའི་གཉེན་པོ་ཤེར་ཕྱིན་གྱི་མདོ་དང་སྦྱར་ནས་གསུངས་པ་རྣམས་དང་འགལ་ལོ། །གལ་ཏེ་འོ་ན་ཤེར་ཕྱིན་གྱི་མདོ་ཆོས་ཅན། དྲང་དོན་གྱི་མདོ་ཡིན་པར་ཐལ། སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡིན་པའི་ཕྱིར། ཞེས་པའི་ཐལ་བ་ཁྱེད་ཀྱིས་བཟློག་པར་མི་ནུས་ཤིང་། དགོངས་འགྲེལ་ལས་ཤེར་ཕྱིན་གྱི་མདོ་དྲང་དོན་དུ་གསུངས་པའི་ལུང་གི་དགོངས་པ་ཡང་ཁྱེད་ཀྱིས་འཆད་པར་མི་ནུས་སོ་ཞེ་ན། བཤད་པ། སྒྲ་ཇི་བཞིན་པ་མ་ཡིན་པའི་ལུང་ཡིན་པ་ཙམ་གྱིས། ཀུན་རྫོབ་བདེན་པ་གཙོ་བོར་ཁས་ལེན་པ་དེའི་ཚེ་དྲང་དོན་གྱི་ལུང་དུ་བཞག་ནུས་ཀྱང་། སྤྱི་ཙམ་གྱིས་དེར་གཞག་ནུས་པ་མ་ཡིན་ཏེ། དོན་དམ་པའི་བདེན་པ་གཙོ་བོར་ཁས་ལེན་པ་དེའི་ཚེ། ངེས་དོན་གྱི་མདོ་ལ་སྒྲ་ཇི་བཞིན་པ་མ་ཡིན་པ་ཁོ་ན་གཙོ་ཆེ་བའི་ཕྱིར། དེ་སྐད་དུ་ཡང་། མདོ་སྡེའི་རྒྱན་ལས། ཇི་ལྟར་སྣམས་ན་རབ་དཀུ་ལ། །མྱང་ན་ཞིམ་པའི་སྨན་བཞིན་དུ། །ཆོས་ཀྱང་དེ་བཞིན་གཉིས་སུ་གནས། །དོན་དང་ཡེ་གེར་བཤད་པར་བྱ། །ཞེས་དང་། གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་གསུངས་སོ། །དགོངས་འགྲེལ་ལས། དེ་ལྟར་བཤད་པའི་ལུང་གི་དོན་ཡང་འཆད་པར་མི་ནུས་པ་མ་ཡིན་ཏེ། འཁོར་ལོ་བར་པའི་དགོངས་དོན་གྱི་གཙོ་བོ་ངེས་པའི་དོན་དང་། རྩོད་པ་མ་མཆིས་པ་དང་། བླ་ན་མ་མཆིས་པ་ཡིན་ཀྱང་། སྒྲ་ཇི་བཞིན་པའི་དོན་ནི་དྲང་བའི་དོན་དང་རྩོད་པ་དང་བཅས་པ་དང་། བླ་ན་མ་མཆིས་པ་ཡིན་པའི་ཕྱིར་རོ། །དེའི་འཐད་པ་ཡང་། ཡོངས་གྲུབ་བདེན་པར་མེད་པ། ཀུན་རྫོབ་ཀྱི་བདེན་པ་ཡིན་པ་ལ་ཐུག་གོ །དེ་ལྟར་བཤད་པ་ན། སྒྲ་ཇི་བཞིན་པའི་ཚིག་ཟིན་གྱི་དོན་དང་། དགོངས་དོན་གྱི་གཙོ་བོ་གཉིས་གང་དབང་བཙན་ཞེས་ཤེས་རབ་ཀྱིས་རྣམ་པར་བརྟགས་པ་ན། འཁོར་ལོ་བར་པའི་དྲང་ངེས་ཤེས་པར་འགྱུར་ལ། དེའི་ཚེ་དེའི་དགོངས་དོན་གྱི་གཙོ་བོ་ནི་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་དུ་ངེས་ལ། གསུམ་པོ་དེ་ཡང་དོན་དམ་པའི་བདེན་པར་འཆད་པ་ལ་རྩོད་པ་མེད་པ་ཡིན་ཏེ། ཇི་སྐད་དུ། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ཀྱི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རིགས་པ་མཁྱེན་པས་ཀྱང་། རྣལ་འབྱོར་སྤྱོད་པའི་གཞུང་གི་དགོངས་པ་ལས་བརྩམས་ཏེ་འཆད་པ་ན། འཁོར་ལོ་དང་པོ་དྲང་དོན་དུ་བཤད་པ་ཡིན་གྱི། བར་པ་དྲང་དོན་དུ་བཤད་པ་ནི་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། མ་རིག་གིས་བསླད་བདག་ཉིད་ལ། །ཞེས་སོགས་ཀྱིས་འཁོར་ལོ་དང་པོ་དྲང་དོན་དུ་བསྟན་ཞིང་། གཟུང་དང་འཛིན་པའི་རྣམ་པ་ལས། །ཞེས་སོགས་ཀྱིས་འཁོར་ལོ་བར་པ་དང་ཐ་མ་དགོངས་པ་གཅིག་ཏུ་བཤད་པ་ལ་སུས་ཀྱང་བསྙོན་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སྤྱིར་དྲང་ངེས་ཀྱི་མདོའི་མཚན་གཞིའི་འཛིན་ཚུལ་རྒྱ་ཆུང་པའི་ཉེས་པ། བྱེ་བྲག་ཏུ་ཐོགས་མེད་སྐུ་མཆེད་ཀྱི་ལུགས་ལ་མི་འཐད་པའི་ཚུལ་དང་། ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ལ་མི་འཐད་པའི་ཚུལ་ལོ། །དང་པོ་ནི། ཁྱེད་ཅག་གི་མདོའི་མཚན་གཞི་དེ་ལྟར་འཛིན་པ་མི་རིགས་ཏེ། མཚན་གཞི་རྒྱ་ཆུང་པ་དང་། མཚན་གཞི་ངེས་པ་ཅན་གཞག་པ་དང་། མཚན་ཉིད་འཇོག་ཚུལ་ལ་ནང་འགལ་ཞུགས་པའི་ཕྱིར། རྒྱ་ཆུང་བ་ཇི་ལྟར་ཞེ་ན། འཁོར་ལོ་བར་པ་དང་། ཐ་མའི་མཚན་གཞི་འཛིན་ཚུལ་དེ་ལྟར་ཡིན་དུ་ཆུག་ཀྱང་། དགོངས་འགྲེལ་དུ་དྲང་ངེས་དཔྱོད་པའི་གཞིར་གྱུར་པའི་འཁོར་ལོ་དང་པོའི་མཚན་གཞི་ཕུང་སོགས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་ཡོད་མཉམ་དུ་སྟོན་པའི་མདོ་ཁོ་ན་ལ་བྱེད་ན། འཕགས་པའི་བདེན་གཞི་གཙོ་བོར་སྟོན་པའི་མདོ་སྡེ་དྲན་པ་ཉེར་བཞག་དང་འདུལ་བ་ལུང་ལ་སོགས་པ་རྣམས་ལ། དགོངས་འགྲེལ་དུ་དྲང་ངེས་ཀྱི་དཔྱད་པ་མ་མཛད་པར་འགྱུར་ཏེ། དེ་དག་གིས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་ཡོད་མཉམ་དུ་སྟོན་པ་མ་ཡིན་པའི་ཕྱིར་རོ། །འདོད་ན་ནི། མདོ་དེ་ཉིད་ལས། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས། ཞེས་དེ་ལྟར་སྟོན་པའི་མདོ་དེ་དང་དེ་དྲང་ངེས་དཔྱོད་པའི་གཞིར་གསུངས་པ་དང་འགལ། དེ་དག་གིས་ཀྱང་དེ་བསྟན་པར་འདོད་ན་ནི། ཐམས་ཅད་རང་གི་མཚན་ཉིད་ཀྱིས་ཡོད་མཉམ་དུ་མི་སྟོན་པའི་འཁོར་ལོ་དང་པོའི་མཚན་གཞིར་ཁྱེད་རང་གིས་ཁས་བླངས་པའི། ཝ་ར་ཎ་སིར། ལྔ་སྡེ་ལ་ཤམ་ཐབས་ཟླུམ་པོར་བསྒོ་བར་བྱའོ། །ཞེས་གསུངས་པ་དེས་ཀྱང་དེ་ཅིའི་ཕྱིར་མི་སྟོན་ཞེས་དྲི་བར་བྱའོ། །ཡང་དྲང་ངེས་དཔྱོད་པའི་གཞིར་གྱུར་པའི་འཁོར་ལོ་དང་པོ་གཉིས་ཀྱི་བསྟན་བྱའི་གཙོ་བོ་གཉིས་པོ་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པར་འགྱུར་ཏེ། གཅིག་གིས་ནི་ཐམས་ཅད་རང་གི་མཚན་ཉིད་ཀྱིས་ཡོད་མཉམ་དུ་བསྟན། གཅིག་ཤོས་ཀྱིས་ནི་མེད་མཉམ་དུ་བསྟན་པའི་ཕྱིར་རོ། །དེ་ཡང་དེ་ལྟ་ན་ནི། འཕགས་པ་ཐོགས་མེད་ཀྱིས། གཉིས་ཀ་སྒྲ་ཇི་བཞིན་པ་མ་ཡིན་པར་བཤད་པས་དངོས་འགལ་ཞལ་གྱིས་བཞེས་པར་འགྱུར་རོ། །མཚན་ཉིད་དང་། མཚན་གཞི་ལ་ནང་འགལ་བ་ཇི་ལྟར་ཡོད་ཅེ་ན། ཕུང་སོགས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་ཡོད་མཉམ་དུ་མི་སྟོན་པའི་འཁོར་ལོ་དང་པོའི་མདོ་གང་ཡིན་པ་དེ་དང་། དེ་མེད་མཉམ་དུ་མི་སྟོན་པའི་འཁོར་ལོ་བར་པའི་མདོ་གང་ཡིན་པ་དེ་དང་། ལེགས་པར་ཕྱེ་ནས་མི་སྟོན་པའི་འཁོར་ལོ་ཐ་མའི་མདོ་གང་ཡིན་པ་དེ་དག་ཆོས་ཅན། དགོངས་འགྲེལ་དུ་དྲང་ངེས་ཕྱེ་བའི་དྲང་དོན་དང་། ངེས་དོན་གྱི་མདོ་གང་རུང་དུ་ཐལ། རེ་རེ་ནས་དེ་དང་དེའི་མཚན་ཉིད་ཁྱེད་རང་འདོད་པ་དེ་ཞུགས་པའི་ཕྱིར། གསུམ་ཅར་ཁས་བླངས་སོ། །གལ་ཏེ་དྲང་ངེས་དཔྱོད་པའི་གཞི་མ་ཡིན་ཡང་། དེ་དང་དེར་ཁས་བླངས་པ་ལ་ཉེས་པ་མེད་དོ་སྙམ་ན། དེ་ལྟར་ན་དེ་དུས་ཀྱི་དང་པོ་གཉིས་ངེས་དོན་དང་། ཐ་མ་དྲང་དོན་དུ་ཁས་བླངས་པས། འཁོར་ལོ་དང་པོའི་མདོ་ཕལ་ཆེ་བ་ངེས་དོན་དུ་ཁས་བླངས་པས་རྩ་བའི་དམ་བཅའ་ཉམས་སོ། །ཡང་། ཁྱེད་ཀྱིས་ཇི་སྐད་དུ། ཕུང་སོགས་ཐམས་ཅད་ཡོད་མཉམ་དུ་སྟོན་པའི་འཁོར་ལོ་དང་པོ་ཁོ་ན་དྲང་ངེས་དཔྱོད་པའི་གཞིར་གྱུར་པའི་འཁོར་ལོ་དང་པོར་ཁས་ལེན་པ་དང་། ཡང་། སྐབས་དེའི་དེ་མ་ཐག་ཞིག་ཏུ་འཁོར་ལོ་དང་པོར་ཕུང་སོགས་ཀྱི་ཆོས་ཉུང་ཤས་གཅིག་མ་གཏོགས་ཤས་ཆེར་བདེན་ཡོད་མ་བཀག་པ་དེ་དྲང་དོན་ཏུ་འཇོག་རྒྱུའི་མཚན་གཞིར་འཛིན་པ་ནི་ནང་འགལ་བ་ཡིན་ཏེ། ཐམས་ཅད་བདེན་ཡོད་དུ་བསྟན་པ་དང་འགའ་ཞིག་བདེན་མེད་དུ་བསྟན་པ་གཉིས་མདོ་གཅིག་གི་སྟེང་དུ་འགལ་བའི་ཕྱིར་རོ། །ཡང་བདག་མེད་སྟོན་ཚུལ་མི་འདྲ་བ་གསུམ་གྱི་སྒོ་ནས་འཁོར་ལོ་གསུམ་གྱི་དྲང་ངེས་འཇོག་ཅེས་ཟེར་བ་དང་། འཁོར་ལོ་དང་པོ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འཆད་པ་ཡང་ནང་འགལ་བ་ཡིན་ཏེ། འཁོར་ལོ་དང་པོར་གང་ཟག་གི་བདག་མེད་བསྟན་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་ན། གང་ཟག་གི་བདག་ཡོད་པར་ཐལ་བའི་ཕྱིར་རོ། །མདོར་ན་འཁོར་ལོ་དང་པོར་གང་ཟག་གི་བདག་མེད་པ་ཙམ་ཞིག་བསྟན་ཞིང་། ཆོས་ཀྱི་བདག་མེད་པ་ཉན་ཐོས་རྣམས་ལ་མ་བསྟན་ནོ། །ཞེས་བྱ་བ་འདི་ཙམ་ཞིག་འཕགས་པ་ཐོགས་མེད་ཀྱི་བཞེད་པ་ལ་ཡོད་པ་ཡིན་ལ། དེ་ཙམ་གྱིས་འཁོར་ལོ་དང་པོ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འཆད་མི་ནུས་སོ། །དེའི་ཕྱིར་སྒྲ་བཞིན་པ་ཡིན་མིན་གྱི་སྒོ་ནས་དྲང་ངེས་འབྱེད་པ་ནི། འཁོར་ལོ་ཕྱི་མ་གཉིས་ལ་སྦྱར་ན་འགྲིག་ཙམ་ཡིན་ཡང་། དང་པོ་ལ་ཇི་ལྟར་སྦྱར་ཡང་། མ་འགྲིག་པས་ཤིན་ཏུ་ནོངས་པ་ཡིན་ནོ། །གཉིས་པ་ནི། མཚན་གཞི་འཛིན་ཚུལ་དེ་ལྟར་བྱེད་པ་ཐོག་མེད་ཀྱི་དགོངས་པར་མི་རུང་སྟེ། སློབ་དཔོན་དེའི་ལུགས་ལ་འཁོར་ལོ་དང་པོར་ཕྱི་རོལ་གྱི་དོན་ཡོད་པར་གསུངས་པ་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲན་དོན་དུ་འཆད་པ་ཡིན་གྱི། ཕུང་སོགས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་ཡོད་པར་གསུངས་པ་དྲང་དོན་དུ་འཆད་མི་དགོས་པའི་ཕྱིར་ཏེ། དེ་ལས་དེ་ལྟར་གསུངས་པ་མེད་པའི་ཕྱིར་ཏེ། འཁོར་ལོ་དང་པོར་ཆོས་འགའ་ཞིག་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་གསུངས་པའི་ཕྱིར་དང་། གཞི་དེ་ལ་བདེན་ཡོད་མ་བཀག་པ་ཙམ་གྱིས་བདེན་གྲུབ་ཏུ་བཤད་པར་འགྱུར་ན་ཧ་ཅང་ཐལ་བའི་ཕྱིར། གཞན་ཡང་། ཁྱེད་ལྟར་ན་དགོངས་འགྲེལ་དུ་འཁོར་ལོ་དང་པོ་དྲང་དོན་དུ་བཀྲལ་བ་ལས་ལོགས་སུ་བར་པ་དྲང་དོན་དུ་འགྲེལ་པ་དང་། ཐ་མ་ངེས་དོན་དུ་འགྲེལ་བའི་འབད་པ་མཛད་མི་དགོས་པར་འགྱུར་ཏེ། འཁོར་ལོ་དང་པོར་ཕུང་སོགས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་ཡོད་པར་གསུངས་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་བཀྲལ་བ་དེ་ཉིད་ཀྱིས་དོན་ཕྱི་མ་དེ་དག་བདེ་བླག་ཏུ་འགྲུབ་པའི་ཕྱིར། དེས་དེ་འགྲུབ་པར་མི་འདོད་ན། འཁོར་ལོ་དང་པོ་སྒྲ་ཇི་བཞིན་པ་མ་ཡིན་པར་འགྲེལ་ཚུལ་ཇི་ལྟར་བྱེད་དྲིས་པས་ཤེས་སོ། །གཞན་ཡང་འཁོར་ལོ་དང་པོའི་མདོ་འགའ་ཞིག་ཏུ་ཐམས་ཅད་བདེན་པར་ཡོད་མཉམ་དུ་བསྟན། འཁོར་ལོ་དང་པོའི་འགའ་ཞིག་ཏུ་བདེན་མེད་བསྟན་པར་ཁྱེད་ཀྱིས་འདོད་པས། སྤྱི་ལྡོག་ནས་འཁོར་ལོ་དང་པོའི་བསྟན་བྱའི་གཙོ་བོ་གང་ལ་བྱེད། དང་པོ་དེ་དེར་འདོད་པ་ལྟར་ན། དེ་ལྟར་སྟོན་པའི་འཁོར་ལོ་དང་པོ་དེ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་སླུ་བར་ཐལ། དཔྱད་པ་གསུམ་གྱིས་རྣམ་པར་དག་པའི་ལུང་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ཐམས་ཅད་བདེན་ཡོད་དུ་ཐལ་ལོ། །གཉིས་པ་ལྟར་ན་ནི། བདེན་མེད་འཁོར་ལོ་དང་པོའི་བསྟན་བྱའི་གཙོ་བོ་ཡིན་ན། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་ཧ་ཅང་ཐལ་ལོ། །འཁོར་ལོ་དང་པོ་སྤྱི་ལྡོག་ནས། དེ་དང་དེ་དག་གང་རུང་བསྟན་བྱའི་གཙོ་བོར་བྱེད་པ་མ་ཡིན་གྱི། འཕགས་པའི་བདེན་པ་བཞི་པོ་ཙམ་ཞིག་བསྟན་བྱའི་གཙོ་བོར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་ལེགས་པར་སྨྲས་པ་ཡིན་མོད། ཁྱེད་ལྟར་ན་ཐོགས་མེད་ཞབས་ཀྱི་བཞེད་པ་ལ། འཁོར་ལོ་གསུམ་པོའི་སྤྱི་ལྡོག་ནས་དྲང་ངེས་ཀྱི་འཇོག་མཚམས་མ་ཤེས་པས། རྣམ་པར་འཕོངས་པ་ཡིན་ནོ། །གཞན་ཡང་འཁོར་ལོ་དང་པོ་གཉིས་སུ་བདེན་པར་ཡོད་མཉམ་དང་མེད་མཉམ་དུ་བཤད་པའི་བདེན་པ་དང་། འཁོར་ལོ་ཐ་མར་ཆོས་འགའ་ཞིག་བདེན་མེད་དུ་བཤད་པའི་དུས་ཀྱི་མེད་རྒྱུའི་བདེན་པ་དེ་དག་དོན་གཅིག་ལ་འདུ་བར་ཐལ། ཆོས་འཁོར་གསུམ་གྱི་དྲང་ངེས་ཀྱི་འཇོག་མཚམས་བདེན་ཡོད་དང་བདེན་མེད་ལེགས་པར་ཕྱེ་མ་ཕྱེ་ལ་བྱེད་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། འདོད་ན། གཏན་ལ་དབབ་པ་བསྡུ་བ་སོགས་རྣམ་རིག་པའི་གཞུང་རྣམས་སུ་ཆོས་ཅན་ཚད་མས་གྲུབ་པ་གཅིག་གི་སྟེང་དུ་བདེན་མེད་མཚན་ཉིད་དང་ལྡན་པ་གཅིག་བསྟན་པར་ཐལ་ལོ། །ཞེས་འཕངས་ན། ཐལ་ཆོས་ལ་ཡང་། ཁས་བླངས་ཀྱི་བསལ་བ་ཞུགས་སོ།། 1/3 1 2 3 下一页 尾页 |