ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །དབུ་མའི་སྐོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི
སྤེལ་དུས།04-29  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

 ༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་རྒྱ་ཆེ་སྤྱོད་པའི་ཆ་གཉིས་ཀ་གསལ་བར་སྟོན་པའི་བསྟན་བཅོས་དབུ་མ་ལ་འཇུག་པའི་སྤྱི་དོན་ཐེག་པ་མཆོག་གི་གནད་ཀྱི་གསལ་བྱེད་ཟབ་མོ་ལྟ་བའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།། སྐྱོབ་པ་ཉི་མའི་གཉེན་གྱུར་ཟས་གཙང་སྲས། །རྣམ་དག་ལྟ་བའི་སྲོལ་འབྱེད་ཀླུ་སྒྲུབ་ཞབས། །ཐལ་འགྱུར་རིགས་པའི་འོད་ཆགས་ཟླ་བ་གྲགས། །རྨད་བྱུང་བརྒྱུད་པར་བཅས་པས་དགེ་ལེགས་སྩོལ། །ཕྱག་ན་མཁྱེན་བརྩེའི་རལ་གྲི་རྣོན་པོ་ཡིས། །རེག་པ་མིན་ཡང་ལྟ་ངན་སྙིང་དུམ་བུར། །གཅོད་མཁས་འཇམ་པའི་དབྱངས་དངོས་མི་ཡི་ཟོལ། །ཀུན་དགའ་རྒྱལ་མཚན་ཞབས་ཀྱིས་བདག་སྐྱོངས་ཤིག །དགེ་ལེགས་བསོཾད་ནཾམས་མི་ནུབ་རྫོགས་ལྡན་དཔྱིད། །ཤར་བའི་དགའ་སྟོན་ཆོས་ཀྱི་དབྱར་སྐྱེས་རྔས། །སྟོང་གསུམ་ཡོངས་ཁྱབ་སྲིད་ན་མཚུངས་བྲལ་བའི། །སྨྲ་བའི་སེཾངྒེཾ་གང་དེ་སྲིད་ན་རྒྱལ། །བྱམས་དང་ཐུགས་རྗེ་མཆོག་གི་གྲིབ་བསིལ་ལས། །འགྲོ་ཀུན་ཕན་བདེའི་དཔལ་འབྱོར་གྱིས་འཚོ་བའི། །མཛད་འཕྲིན་བཟང་པོའི་དགེ་ལེགས་ཕྱོགས་བཅུར་བྲེལ། །སྐྱེ་རྒུ་ཡོངས་ཀྱི་སྐྱབས་གཅིག་དེ་ལ་འདུད། །ཐུབ་དབང་གསུང་གི་དགོངས་དོན་བླ་ན་མེད། །འདོམས་མཁས་སྨྲ་བའི་དབཾང་ཕྱུགཾ་བླ་མ་རྗེ། །མཁྱེན་བརྩེའི་དཔཾལ་ཡོན་བཟང་པོའི་ཞབས་པད་ལ། །མི་ཕྱེད་དད་པས་ལན་བརྒྱར་ཕྱག་བྱས་ནས། །དཔལ་ལྡན་ཀླུ་སྒྲུབ་ཞབས་ཀྱི་ཚོགས་གསུམ་དང་། །ཟླ་བའི་བཞེད་གཞུང་ཐལ་འགྱུར་རིགས་པའི་དཔྱིད། །རང་སྙིང་ལམ་དུ་ཇི་ཙམ་གསལ་བའི་ཆ། །མདོ་ཙམ་འདིར་བརྗོད་སྣོད་ལྡན་དགའ་བས་ཉོན། །ཞེས་མཆོད་བརྗོད་དང་དམ་བཅའ་སྔོན་དུ་བཏང་ནས། འདིར་སངས་རྒྱས་ཉིད་ཀྱིས་ལུང་བསྟན་ཅིང་། འཕགས་ཡུལ་པཎ་གྲུབ་ཀུན་གྱི་གཙུག་རྒྱན་དམ་པ་དཔལ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། དེ་བཞིན་གཤེགས་པའི་བཀའ་ཐམས་ཅད་ཀྱི་མཐར་ཐུག་གི་བརྗོད་བྱ་ཟབ་མོ་ཆོས་ཉིད་དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་དབང་དུ་བྱས་ནས། དབུ་མ་རིགས་ཚོགས། བསྟོད་ཚོགས། གཏམ་ཚོགས་གསུམ་མཛད་ཅིང་། དེ་རྣམས་ཀྱི་ནང་ནས་རིགས་ཚོགས་ཀྱི་གཙོ་བོ་རྩ་བ་ཤེས་རབ་ཀྱི་དགོངས་པ་ཐལ་འགྱུར་དུ་འགྲེལ་བའི་ལུགས་གསལ་བར་སྟོན་པ་ལ། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་རྩ་འགྲེལ་མཛད་པ་འདི་ནི་གང་བཤད་པར་བྱ་བའི་ཆོས་ཡིན་ལ། འདི་འཆད་པར་བྱེད་པ་ལ་དོན་གསུམ་སྟེ། དབུ་མ་དང་དབུ་མའི་ལྟ་བའི་རྣམ་གཞག་བཤད་པ། འཇུག་བྱའི་དབུ་མ་ངོས་གཟུང་བ། སྐབས་སུ་བབས་པའི་གཞུང་དོན་དངོས་བཤད་པའོ། །དང་པོ་ནི། ཁ་ཅིག་ན་རེ། དབུ་མ་ཡིན་ན། ཆོས་དབྱིངས་ཡིན་པས་ཁྱབ། ཡུལ་གྱི་དབུ་མའི་ལྟ་བ་ཡིན་ན། དབུ་མའི་ལྟ་བ་ཡིན་པས་ཁྱབ། འཕགས་ལམ་ཡིན་ན། དབུ་མའི་ལྟ་བ་ཡིན་པས་ཁྱབ་ཟེར་བ་རྣམས་མི་འཐད་དེ། དང་པོ་ལ། ཉན་ཐོས་མཐོང་ལམ་པའི་རྟོགས་བྱར་གྱུར་པའི་དབུ་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། ཉན་ཐོས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱི་རྟོགས་བྱར་གྱུར་པའི་དབུ་མ་དེ་དབུ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་དབུ་མའི་ལྟ་བ་དེ་དབུ་མའི་ལྟ་བ་ཡིན་པའི་ཕྱིར་ཏེ། ཁྱོད་དབུ་མའི་ལྟ་བ་རྒྱུད་ལྡན་གྱི་འཕགས་པ་ཡིན་པའི་ཕྱིར་ཏེ། མཉམ་གཞག་ལ་གནས་པའི་འཕགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཐེག་དམན་མཐོང་ལམ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཉན་ཐོས་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱི་རྟོགས་བྱར་གྱུར་པའི་དབུ་མ་དེ་ཆོས་དབྱིངས་མ་ཡིན་པར་ཐལ། ཁྱོད་ཀྱི་རྟོགས་བྱར་གྱུར་པའི་ཆོས་དབྱིངས་མེད་པའི་ཕྱིར་ཏེ། ཁྱོད་ཀྱི་རྟོགས་བྱར་གྱུར་པའི་བདེ་བར་གཤེགས་པའི་སྙིང་པོ་མེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཐེག་དམན་གྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། བདེ་གཤེགས་སྙིང་པོ་རྟོགས་པའི་གང་ཟག་ཡིན་ན། ཐེག་ཆེན་གྱི་གང་ཟག་ཡིན་པས་ཁྱབ་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་གསུངས་པའི་ཕྱིར། དམ་བཅའ་གཉིས་པ་ལ། མཐའ་བཞིའི་སྤྲོས་བྲལ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཡུལ་གྱི་དབུ་མའི་ལྟ་བ་ཡིན་པར་ཐལ། ཁྱོད་རྟོགས་པའི་ཡེ་ཤེས་དེ་ཡུལ་ཅན་གྱི་དབུ་མའི་ལྟ་བ་ཡིན་པའི་ཕྱིར། མ་གྲུབ་ན། མཐའ་བཞི་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་ཆོས་ཅན། ཡུལ་ཅན་གྱི་དབུ་མའི་ལྟ་བ་ཡིན་པར་ཐལ། དབུ་མ་ཡུལ་དུ་བྱེད་པའི་ལྟ་བ་ཡིན་པའི་ཕྱིར་ཏེ། སྤྲོས་བྲལ་ཡུལ་དུ་བྱེད་པའི་ལྟ་བ་ཡིན་པའི་ཕྱིར་ཏེ། སྤྲོས་བྲལ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་ན། དབུ་མའི་ལྟ་བ་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ལམ་མ་ཞུགས་ཀྱི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། བདེ་གཤེགས་སྙིང་པོ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར་ཏེ། གང་ཟག་ཡིན་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ལམ་ཞུགས་ཀྱི་དབུ་མ་པ་ཡིན་པར་ཐལ། དབུ་མའི་ལྟ་བ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། དམ་བཅའ་གསུམ་པ་ལ། ས་དང་པོའི་རྗེས་ཐོབ་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། བྱང་འཕགས་ཀྱི་རྒྱུད་ཀྱི་ལམ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། དོན་དམ་བདེན་པ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་ལྟ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཀུན་རྫོབ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར་ཏེ། འཕགས་པ་འོག་མའི་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། ངེས་དོན་རབ་གསལ་ལས། འཕགས་པ་འོག་མའི་རྗེས་ཐོབ་ནི། ཀུན་རྫོབ་འཛིན་སྟངས་ཀྱི་ཡུལ་གྱི་གཙོ་བོར་བྱེད་པས་མཐོང་བ་རྫུན་པའི་ཁོངས་སུ་བསྡུ་བར་གསལ་ཏེ། ཞེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་ན། དེར་ཐལ། བྱང་འཕགས་ཀྱི་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར། ༈ དེས་ན་རང་གི་ལུགས་ནི། དབུ་མ་དང་ཐེག་པ་གསུམ་གང་རུང་གི་རྟོགས་བྱར་གྱུར་པའི་སྟོང་ཉིད་དང་། དོན་དམ་བདེན་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཅིང་། དབུ་མའི་ལྟ་བ་ཞེས་པ་ནི། དབུ་མ་ཡུལ་དུ་བྱེད་པའི་ལྟ་བ་ལ་བར་གྱི་ཚིག་མི་མངོན་པར་བྱས་ནས་བཞག་པ་ཡིན་ནོ། །དེ་ལ་སྒྲའི་བརྗོད་རིགས་ཀྱིས་སྒོ་ནས་དབྱེ་ན། ཡུལ་དང་ཡུལ་ཅན་གྱི་དབུ་མའི་ལྟ་བ་གཉིས་ཡོད་ཀྱང་། དང་པོ་དེ། དབུ་མའི་ལྟ་བ་བཏགས་པ་བ་ཡིན་ཏེ། ཡུལ་ཅན་གྱི་མིང་ཡུལ་ལ་བཏགས་པ་ཡིན་པའི་ཕྱིར། གཉིས་པ་དེ་དབུ་མའི་ལྟ་བ་མཚན་ཉིད་པ་ཡིན་ཏེ། དབུ་མ་ཡུལ་དུ་བྱེད་པའི་ལྟ་བ་ཡིན་པའི་ཕྱིར། དེས་ན་དབུ་མའི་ལྟ་བ་དང་། ཡུལ་ཅན་གྱི་དབུ་མའི་ལྟ་བ་དང་། རང་གི་དངོས་ཡུལ་དུ་གྱུར་པའི་དོན་དམ་བདེན་པ་རྟོགས་པའི་མཁྱེན་པ་གསུམ་པོ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཅིང་། མཚན་གཞི་ནི། བསྟན་པ་དོན་དམ་བདེན་པ་རྟོགས་པའི་སོ་སྐྱེའི་མཁྱེན་པ་དང་། རྟོགས་པ་དོན་དམ་བདེན་པ་རྟོགས་པའི་འཕགས་རྒྱུད་ཀྱི་མཉམ་བཞག་ཡེ་ཤེས་རྣམས་སོ། །འདིར་ཀུན་མཁྱེན་བླ་མའི་རྗེས་འབྲང་སྔ་མ་ཁ་ཅིག ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་དབུ་མ་ཡིན་ན། ཉན་ཐོས་ཀྱི་རྟོགས་བྱར་གྱུར་པའི་སྟོང་ཉིད་ཡིན་པས་ཁྱབ། དེ་བཞིན་དུ་རང་རྒྱལ་དང་། ཐེག་ཆེན་གྱི་བྱང་ཆུབ་ཐོབ་པར་བྱེད་པའི་དབུ་མ་ཡིན་ན་ཡང་། དེ་དང་དེའི་རྟོགས་བྱར་གྱུར་པའི་སྟོང་ཉིད་ཡིན་པས་ཁྱབ་ཟེར་བ་ནི་མི་འཐད་དེ། དམ་བཅའ་དང་པོ་ལ། ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་བདེན་མེད་དུ་རྟོགས་པའི་ལྟ་བ་དང་། ལས་དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱེད་པའི་སྤྱོད་པ་ཟུང་འཇུག་གི་ཉམས་ལེན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ངེས་དོན་རབ་གསལ་ལས། དེ་ལྟ་བུའི་བདག་གཉིས་པོ་ཁེགས་པས་རྟག་པའི་མཐའ་ལས་གྲོལ། ཀུན་རྫོབ་ཏུ་མི་དགེ་བ་བཅུ་སྤངས་ཤིང་དགེ་བ་བཅུ་སྤྱོད་པའི་སྤྱོད་པ་མི་འདོར་བས་ཆད་པའི་མཐའ་ལས་གྲོལ་བས་དབུ་མའོ། །ཞེས་པའི་དངོས་བསྟན་གྱི་དབུ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པའི་ཐབས་སུ་གྱུར་པའི་ལམ་དབུ་མ་ཡིན་པའི་ཕྱིར་ཏེ། ཉན་ཐོས་ཀྱི་རིགས་ཅན་སློབ་པའི་རྒྱུད་ཀྱི་ང་བདེན་མེད་དུ་རྟོགས་པའི་ལྟ་བ་དང་། ལས་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱེད་པའི་སྤྱོད་པ་ཟུང་འཇུག་གི་ཉམས་ལེན་ཡིན་པའི་ཕྱིར། ཁྱབ་སྟེ། ཐེག་མཆོག་གནད་ཀྱི་ཟླ་ཟེར་ལས། བདེན་མེད་རྟོགས་པས་ངར་འཛིན་ཁེགས་པ་ཡི། །ལྟ་བ་འདི་དག་དགེ་སྡིག་བླང་དོར་ལ། །ཚུལ་བཞིན་བསྒྲུབ་པའི་སྤྱོད་པ་ཟུང་འཇུག་ན། །ཐེག་པ་དམན་པའི་བྱང་ཆུབ་ཐོབ་གྱུར་ཀྱང་། །ཞེས་གསུངས་པ་འཐད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཉན་ཐོས་ཀྱི་རྒྱུད་ཀྱི་ཉམས་ལེན་ཡིན་པའི་ཕྱིར། དམ་བཅའ་གཉིས་པ་ལ། རང་རྒྱལ་གྱི་རིགས་ཅན་མཐོང་ལམ་པའི་རྒྱུད་ཀྱི་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་དང་། སངས་རྒྱས་འབྱུང་བ་མཉེས་པ་སོགས་བྱེད་པའི་སྤྱོད་པ་ཟུང་འཇུག་གི་ཉམས་ལེན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་ཐབས་སུ་གྱུར་པའི་ལམ་དབུ་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་སྟེ། བདེན་མེད་རྟོགས་པས་ངར་འཛིན་ཁེགས་པ་ཡི། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རང་རྒྱལ་གྱི་རིགས་ཅན་སློབ་པའི་རྒྱུད་ཀྱི་ཉམས་ལེན་ཡིན་པའི་ཕྱིར། དམ་བཅའ་གསུམ་པ་ལ། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་མཐའ་བཞི་སྤྲོས་བྲལ་གྱི་སྟོང་ཉིད་རྟོགས་པའི་ལྟ་བ་དང་། སྦྱིན་སོགས་ཀྱི་སྤྱོད་པ་རྒྱ་ཆེན་པོ་གཉིས་ཟུང་དུ་འཇུག་པའི་ཉམས་ལེན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཐོབ་པའི་ཐབས་སུ་གྱུར་པའི་ལམ་དབུ་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། གནད་ཀྱི་ཟླ་ཟེར་ལས། ཇི་སྐད་བཤད་པའི་གཉིས་སུ་མེད་བློ་དང་། །རི་དབང་རྒྱལ་པོ་ལྟར་བརྟན་སེམས་བསྐྱེད་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་རྣམ་པ་གསུམ། །ཟུང་འཇུག་ཆུ་བོའི་རྒྱུན་ལྟར་བསྒོམས་པའི་མཐུས། །གློ་བུར་དྲི་མའི་སྤྲིན་ཚོགས་བྲལ་བའི་ཚེ། །སངས་རྒྱས་ཉི་མ་ཤར་བའི་ཐ་སྙད་མཛད། །ཅེས་གསུངས་པའི་ཕྱིར། དེས་ན་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་དབུ་མ་སོགས་གསུམ་ནི་བྱང་ཆུབ་དེ་དང་དེ་ཐོབ་པར་བྱེད་པའི་དབུ་མའི་ལམ་ལ་འཇོག་དགོས་ཏེ། ངེས་དོན་རབ་གསལ་ལས། བགྲོད་བྱ་ཐེག་པའི་སྒོ་ནས་དབྱེ་བའི་ཚུལ་འདི་ནི་དངོས་པོར་སྨྲ་བའི་གྲུབ་མཐས་ཐེག་པ་ཆེ་ཆུང་གང་གི་ཡང་བྱང་ཆུབ་ཐོབ་པར་མི་ནུས་པས། ཐེག་པ་གསུམ་གྱི་བྱང་ཆུབ་ཐམས་ཅད་ཀྱང་དབུ་མའི་ལམ་འདིས་ཐོབ་དགོས་སོ་ཞེས་ཤེས་པའི་ཆེད་དུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ༈ གཉིས་པ་འཇུག་བྱའི་དབུ་མ་ངོས་བཟུང་བ་ནི། ཁ་ཅིག་ན་རེ། འདིར་བསྟན་འཇུག་བྱའི་དབུ་མ་ཡིན་ན། རྗོད་བྱེད་ཚིག་གི་དབུ་མ་ཡིན་པས་ཁྱབ། དེ་ཡིན་ན། བསྟན་བཅོས་རྩ་བ་ཤེས་རབ་ཡིན་པས་ཁྱབ་ཟེར་བ་མི་འཐད་དེ། དང་པོ་ལ། ཆོས་དབྱིངས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དབུ་མ་ལ་འཇུག་པ་ཞེས་པའི་སྐབས་ནས་བསྟན་པའི་དབུ་མ་ཡིན་པའི་ཕྱིར་ཏེ། དེའི་ཤུགས་བསྟན་གྱི་དབུ་མ་ཡིན་པའི་ཕྱིར་ཏེ། བརྗོད་བྱ་དོན་གྱི་དབུ་མ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཚིག་མ་ཡིན་པའི་ཕྱིར། གཉིས་པ་ལ། ཤེར་ཕྱིན་འབུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དབུ་མ་ལ་འཇུག་པ་ཞེས་པའི་སྐབས་ནས་བསྟན་པའི་དབུ་མ་ཡིན་པའི་ཕྱིར་ཏེ། དེའི་ཤུགས་བསྟན་གྱི་དབུ་མ་ཡིན་པའི་ཕྱིར་ཏེ། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་ཞེས་པའི་ཤུགས་བསྟན་གྱི་དབུ་མ་ཡིན་པའི་ཕྱིར་ཏེ། བཀའ་དབུ་མ་ཡིན་པའི་ཕྱིར། རྩ་བར་འདོད་ན་སླ། དེས་ན་རང་གི་ལུགས་ནི། འདིར་དངོས་བསྟན་གྱི་འཇུག་བྱའི་དབུ་མ་དང་། དབུ་མ་ལ་འཇུག་པ་ཞེས་པའི་དངོས་བསྟན་གྱི་དབུ་མ་དང་། བསྟན་བཅོས་རྩ་བ་ཤེས་རབ་གསུམ་དོན་གཅིག་སྟེ། འཇུག་པ་རང་འགྲེལ་ལས། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར། དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས་ཞེས་གསུངས་པའི་ཕྱིར། འདིས་དབུ་མ་ལ་འཇུག་པའི་དགོས་པ་ཡང་བསྟན་ཏེ། གདུལ་བྱ་རྣམས་དངོས་པོར་སྨྲ་བའི་གྲུབ་མཐའ་སྤངས་ནས། རྩ་བ་ཤེས་རབ་ཀྱི་ཚིག་དོན་ལ་ཐོས་སོགས་ཀྱི་སྒོ་ནས་འཇུག་པར་འགྱུར་བ་དེ་དབུ་མ་འཇུག་པ་རྩོམ་པའི་དགོས་པ་ཡིན་པའི་ཕྱིར། ༈ གསུམ་པ་གཞུང་དོན་དངོས་བཤད་པ་ལ། བསྟན་བཅོས་ཀྱི་ཡན་ལག་མཆོད་བརྗོད་བཤད་པ་དང་། ཡན་ལག་ཅན་གྱི་བསྟན་བཅོས་དངོས་བཤད་པ་གཉིས། དང་པོ་ནི། ཐོག་མར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་པའི་སྐབས་སུ་དཀའ་གནས་ལ་དཔྱད་པ་ལ། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཞེས་པའི་ཉན་རང་གཉིས་པོ་དེ་ལ། སློབ་མི་སློབ་གཉིས་ཀ་ཡོད་དམ། སློབ་པ་འབའ་ཞིག་ཡིན་ཞེ་ན། འདིའི་ལན་ལ། བློ་གྲོས་དང་མི་ལྡན་པ་མང་པོ་ཞིག འདིའི་དངོས་བསྟན་གྱི་ཉན་རང་ལ་སློབ་མི་སློབ་གཉིས་ཀ་ཡོད་དོ་ཞེས་ཟེར་བ་ནི་མི་འཐད་དེ། འོ་ན་ཉན་ཐོས་ཀྱི་རིགས་ཅན་དུ་གྱུར་པའི་ཉན་ཐོས་སྒོམ་ལམ་པ་ཆོས་ཅན། སངས་རྒྱས་ཀྱི་སྒྲ་ནི་སངས་རྒྱས་ཀྱི་དེ་ཉིད་ཉན་ཐོས་དང་། རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ཆར་ལ་ཡང་འཇུག་སྟེ་ཞེས་པའི་དངོས་བསྟན་གྱི་ཉན་ཐོས་ཡིན་པར་ཐལ། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་པའི་དངོས་བསྟན་གྱི་ཉན་ཐོས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། སངས་རྒྱས་ཀྱི་སྒྲ་བཤད་དུ་ཡོད་པའི་ཉན་ཐོས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པའི་ཉན་ཐོས་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨ་ལྟར་སངས་རྒྱས། །དེ་ཕྱིར་སངས་རྒྱས་ཞེས་བྱ་འོ། །ཞེས་གསུངས་པ་འཐད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཉན་ཐོས་དགྲ་བཅོམ་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན་སླ། གཞན་ཡང་བསེ་རུ་ལྟ་བུའི་རང་རྒྱལ་གྱི་རིགས་ཅན་སྒོམ་ལམ་པ་ཆོས་ཅན། སངས་རྒྱས་ཀྱི་སྒྲ་ནི་ཞེས་སོགས་ཀྱི་དངོས་བསྟན་གྱི་རང་སངས་རྒྱས་ཡིན་པར་ཐལ། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་པའི་དངོས་བསྟན་གྱི་རང་སངས་རྒྱས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། ཁྱོད་ལ་སངས་རྒྱས་ཀྱི་སྒྲ་བཤད་དུ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དགྲ་བཅོམ་པ་ཡིན་པར་ཐལ། ཁྱོད་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པའི་ཐེག་དམན་གྱི་གང་ཟག་ཡིན་པའི་ཕྱིར། དེས་ན་རང་ལུགས་ནི། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཞེས་པའི་དངོས་བསྟན་གྱི་ཉན་ཐོས་ཡིན་ན། ཉན་ཐོས་དགྲ་བཅོམ་པ་ཡིན་པས་ཁྱབ། དེའི་དངོས་བསྟན་གྱི་སངས་རྒྱས་འབྲིང་པོ་ཡིན་ན། རང་རྒྱལ་དགྲ་བཅོམ་པ་ཡིན་པས་ཁྱབ་སྟེ། འཇུག་འགྲེལ་ལས། སངས་རྒྱས་ཀྱི་སྒྲ་ནི་སངས་རྒྱས་ཀྱི་དེ་ཉིད་ཉན་ཐོས་དང་། རང་སངས་རྒྱས་དང་ཞེས་པའི་དངོས་བསྟན་གྱི་ཉན་ཐོས་དང་། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཞེས་པའི་དངོས་བསྟན་གྱི་ཉན་ཐོས་དོན་གཅིག དེའི་དངོས་བསྟན་གྱི་རང་སངས་རྒྱས་དང་། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཞེས་པའི་དངོས་བསྟན་གྱི་སངས་རྒྱས་འབྲིང་པོ་དོན་གཅིག་པ་གང་ཞིག འགྲེལ་པ་དེའི་དངོས་བསྟན་གྱི་ཉན་ཐོས་དང་རང་སངས་རྒྱས་གཉིས་པོ་རིམ་བཞིན། ཉན་ཐོས་དགྲ་བཅོམ་པ་དང་། རང་རྒྱལ་དགྲ་བཅོམ་པ་ཡིན་པའི་ཕྱིར། དེ་སྐད་དུ། འཇུག་པ་དཀའ་འགྲེལ་ལས། རང་སངས་རྒྱས་ལ་སངས་རྒྱས་འབྲིང་དུ་བརྗོད་པའི་རྒྱུ་མཚན་ནི། འགྲེལ་པར། སངས་རྒྱས་ཀྱི་སྒྲ་ནི་སངས་རྒྱས་ཀྱི་དེ་ཉིད་ཉན་ཐོས་དང་རང་སངས་རྒྱས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ཆར་ལ་ཡང་འཇུག་སྟེ། ཞེས་གསུངས་ལ། དེའི་དོན། བུདྡྷ་ཞེས་པའི་སྒྲ་མ་རིག་པའི་གཉིད་སངས་པ་དང་། ཤེས་བྱ་ལ་བློ་གྲོས་རྒྱས་པ་གཉིས་ལ་འཇུག་པ་ལས། དགྲ་བཅོམ་འོག་མ་གཉིས་ལ་ཉོན་མོངས་པ་ཅན་གྱི་མ་རིག་པའི་གཉིད་སངས་པ་ཡོད་པས། བུདྡྷའི་སྒྲ་འཇུག་པའི་དབང་དུ་བྱས་པའོ། །ཞེས་གསུངས་པ་ཡིན་ནོ། །གནད་འདི་ནི་ཡང་དག་པའི་བློ་གྲོས་འབའ་ཞིག་གི་སྤྱོད་ཡུལ་ལོ། །དེ་ལ་རྒྱུ་མཚན་གཞན་ཡང་ཡོད་དེ། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཞེས་པའི་དངོས་བསྟན་གྱི་ཉན་ཐོས་ཡིན་ན། སངས་རྒྱས་ཆུང་ངུ་ཡིན་པས་ཁྱབ། དེའི་དངོས་བསྟན་གྱི་སངས་རྒྱས་འབྲིང་པོ་ཡིན་ན། སངས་རྒྱས་འབྲིང་པོ་ཡིན་པས་ཁྱབ། ཐུབ་དབང་སྐྱེས་ཞེས་པའི་དངོས་བསྟན་གྱི་ཐུབ་པ་ཡིན་ན། སངས་རྒྱས་ཆེན་པོ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་འབྲེལ་ཡོད་དེ། ཐེག་དམན་སློབ་པ་ཡིན་ན། སངས་རྒྱས་ཆུང་ངུ་དང་འབྲིང་པོ་གང་རུང་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། ཐེག་དམན་སློབ་པ་ཡིན་ན། ཁྱོད་ལ་སངས་རྒྱས་ཀྱི་སྒྲ་བཤད་དུ་མེད་དགོས་པའི་ཕྱིར། དེས་ན་འདིར་རང་སངས་རྒྱས་ལ་སངས་རྒྱས་འབྲིང་པོ་ཞེས་བརྗོད་པའི་ཤུགས་ལས་ཐོག་མཐའི་ཉན་ཐོས་དང་ཐུབ་པའི་དབང་པོ་རིམ་བཞིན། སངས་རྒྱས་ཆུང་ངུ་དང་། ཆེན་པོར་བསྟན་པའི་གནད་འདི་རྟོགས་དགོས་སོ། །འོ་ན་ཉན་ཐོས་དགྲ་བཅོམ་པ་ཡིན་ན། སངས་རྒྱས་ཆུང་ངུ་དང་། རང་རྒྱལ་དགྲ་བཅོམ་པ་ཡིན་ན། སངས་རྒྱས་འབྲིང་པོ་ཡིན་པས་ཁྱབ་པ་ཁས་ལེན་ནུས་སམ་ཞེ་ན། དང་པོ་དེ་ནུས་ཤིང་། གཉིས་པ་ལེན་མི་ནུས་ཏེ། གཞན་དུ་ན། གཅིག་ཆར་བའི་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་སོང་གི་རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སླ། འདོད་ན། དེ་ཆོས་ཅན། ཉན་ཐོས་ལས་སྤངས་རྟོགས་ཁྱད་པར་དུ་འཕགས་ཤིང་། ཐེག་ཆེན་འཕགས་པ་ལས་སྤངས་རྟོགས་དམན་པའི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། འཇུག་པ་རང་འགྲེལ་ལས། དེ་དག་ནི་བསོད་ནམས་དང་ཡེ་ཤེས་གོང་དུ་འཕེལ་བའི་ཁྱད་པར་གྱིས་ཉན་ཐོས་ལས་ཁྱད་པར་དུ་འཕགས་པའི་ཕྱིར་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ཐུགས་རྗེ་ཆེན་པོ་དང་རྣམ་པར་ཐམས་ཅད་མཁྱེན་པ་ལ་སོགས་པ་མེད་པས། ཡང་དག་པ་རྫོགས་པའི་སངས་རྒྱས་ལས་དམན་པའི་ཕྱིར་ན། འབྲིང་པོ་ཞེས་གསུངས་པ་དེ་འཐད་པའི་ཕྱིར། གོང་དུ་འདོད་ན། དེ་ཆོས་ཅན། ཉན་ཐོས་ལས་སྤངས་རྟོགས་ཁྱད་པར་དུ་འཕགས་ཤིང་། ཐེག་ཆེན་འཕགས་པ་ལས་སྤངས་རྟོགས་དམའ་བའི་གང་ཟག་མ་ཡིན་པར་ཐལ། ཉན་ཐོས་དང་སྤངས་རྟོགས་མཉམ་པའི་གང་ཟག་ཡིན་པའི་ཕྱིར་ཏེ། གཅིག་ཆར་བའི་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་སོང་གི་རང་རྒྱལ་དགྲ་བཅོམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་མཁྱེན་བླ་མའི་སྐྱེས་བུ་མཆོག་གི་གསལ་བྱེད་ལས། འདི་ནི་གཟུང་དོན་རྟོག་པ་སྤོང་ཕྱིར་དང་། ཞེས་པའི་སྤངས་རྟོགས་ཀྱི་ཁྱད་པར་དང་མི་ལྡན་ཡང་། འདོད་པའི་ཁམས་ཀྱི་སྲིད་པ་ཐ་མའི་རྟེན་ལ་སློབ་དཔོན་མེད་པར་རང་བྱུང་གི་བྱང་ཆུབ་མངོན་དུ་བྱས་པའི་ཕྱིར་ན་རང་སངས་རྒྱས་སུ་བཞག་པ་ཡིན་གྱི། ཉན་ཐོས་དང་སྤངས་རྟོགས་ལ་ཁྱད་པར་མེད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་པ་ཡིན་ན། སངས་རྒྱས་འབྲིང་པོ་ཡིན་པས་ཁྱབ་ཅིང་། ཚོགས་ན་སྤྱོད་པའི་རང་རྒྱལ་དགྲ་བཅོམ་དེ་ལ། སངས་རྒྱས་འབྲིང་པོ་ཡིན་མིན་གཉིས་སུ་ཡོད་དེ། དང་པོ་ཉིད་ནས་རང་རྒྱལ་ལམ་དུ་ཞུགས་པའི་ཚོགས་ན་སྤྱོད་པའི་རང་རྒྱལ་རྣམས་སངས་རྒྱས་འབྲིང་པོ་དང་། གཅིག་ཆར་བའི་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་སོང་གི་རང་རྒྱལ་ལ་སོགས་པ་རྣམས་སངས་རྒྱས་ཆུང་ངུར་ཁས་ལེན་རིགས་པའི་ཕྱིར། འོ་ན་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས་པའི་ཟུང་བཞི་ཡ་བརྒྱད་ཀྱི་འཕགས་པ་རྣམས་ཐེག་པ་འོག་མའི་གཞུང་ལས་གཙོ་ཆེར་བཤད་པ་ཡིན་པས། དབུ་མ་པའི་ལུགས་ལ་ཇི་ལྟར་ཁས་ལེན་སྙམ་ན། ཁས་ལེན་ཏེ། དབུ་མ་རྩ་བའི་རབ་བྱེད་ཉེར་བཞི་པ་ལས། གལ་ཏེ་འདི་དག་ཀུན་སྟོང་ན། །འགྱུར་བ་མེད་ཅིང་འཇིག་པ་མེད། །འབྲས་བུ་བཞི་ཡང་ཡོད་མ་ཡིན། །འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །མེད་ན་འཕགས་པའི་དགེ་འདུན་མེད། །ཅེས་གསུངས་པའི་ཕྱིར་རོ། །དངོས་སྨྲ་བས་དབུ་མ་པ་ལ་ཆོས་ཐམས་ཅད་བདེན་པས་སྟོང་ན་སྐྱེ་འཇིག་དང་འབྲས་བུ་བཞི་དང་འབྲས་གནས་ལ་སོགས་པའི་རྣམ་གཞག་མེད་པར་ཐལ་ལོ། །ཞེས་པའི་རྩོད་ལན་དུ། དབུ་མ་པས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་ཆོས་ཐམས་ཅད་བདེན་པས་སྟོང་པའི་ལུགས་འདི་ལ་འབྲས་བུ་བཞི་དང་འབྲས་གནས་ལ་སོགས་པའི་རྣམ་གཞག་ཐམས་ཅད་རུང་བ་ཡིན་ནོ། །ཞེས་པའི་ལན་བཏབ་པའི་ཕྱིར་ཏེ། འདིའི་ཐད་ཀྱི་འགྲེལ་པ་ཚིག་གསལ་ལས། གང་ལ་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ནི་རུང་བ་དེ་ལ་ཇི་སྐད་སྨྲས་པ་ཐམས་ཅད་རུང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདི་ནི་ཡོངས་འཛིན་བླ་མ་མཆོག་གི་གསུང་གི་གསང་བ་ལས་ཐོས་པའི་ལེགས་བཤད་ཕུལ་དུ་ཕྱིན་པའོ། །འོ་ན་དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་མཐོང་ལམ་རྒྱུད་ལ་སྐྱེས་ནས་ཐེག་དམན་གྱི་རིགས་ཅན་དག་གིས་ཚེ་འདི་ལ་མྱང་འདས་མངོན་དུ་བྱེད་པར་ངེས་སམ་ཞེ་ན། བཞི་བརྒྱ་པ་རྩ་འགྲེལ་ལས་འདི་ལྟར་བཤད་དེ། དོན་དམ་བདེན་པ་མཐོང་བའི་གང་ཟག་ལ། དེ་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་དང་། དེ་ཅུང་ཟད་དོན་སྤྱིའི་ཚུལ་གྱིས་མཐོང་བ་གཉིས་སུ་ཕྱེས་ནས། སྤྱིར་བཏང་ལ། དང་པོས་གནས་ཀྱི་མཆོག་མྱ་ངན་ལས་འདས་པ་དང་། གཉིས་པས་སྐྱེ་བ་ཕྱི་མ་ལྷ་མི་གང་རུང་གི་བདེ་འགྲོ་ཐོབ་པར་བཤད་ནས། སླར་ཡང་དོགས་པ་དཔྱད་པ་ལ། འོ་ན་དང་པོས་མཐོང་ཆོས་ཚེ་འདི་ཁོ་ན་ལ་མྱང་འདས་མངོན་དུ་བྱེད་ངེས་སམ་སྙམ་ན་མ་ངེས་ཏེ། དང་པོས་ཕལ་ཆེར་ཚེ་དེ་ལ་མྱང་འདས་མངོན་དུ་བྱེད་ལ། གལ་ཏེ་མ་བྱས་ཀྱང་ཕྱི་མ་ལ་མྱང་འདས་ངེས་པར་ཐོབ་པར་འགྱུར་བ་མྱོང་འགྱུར་གྱི་ལས་དང་དཔེ་དོན་སྦྱར་ནས་བཤད་པའི་ཕྱིར། ཇི་ལྟར་ཞེ་ན། ཡང་དག་མཐོང་ན་གནས་མཆོག་ལ། །ཅུང་ཟད་མཐོང་ན་བཟང་འགྲོ་སྟེ། །དེ་ཕྱིར་ནང་བདག་བསམ་པ་ལ། །མཁས་པས་རྟག་ཏུ་བློ་གྲོས་སྐྱེད། །དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་དང་། དེའི་འགྲེལ་པ་ཟླ་བས་མཛད་པ་ལས། དོན་དམ་པའི་བདེན་པ་ཤེས་པས་དེ་ཁོ་ན་ཉིད་ཡང་དག་པར་མཐོང་བ་ཡོད་ན་གནས་ཀྱི་མཆོག་མྱ་ངན་ལས་འདས་པ་ཐོབ་ལ། ཅུང་ཟད་དེ་ཆུང་ངུ་ཞིག་མཐོང་ན་ལྷ་དང་མིའི་འགྲོ་བ་བཟང་པོའོ། །ཞེས་སོགས་དང་། ཚིགས་བཅད་ཕྱི་མའི་ཐད་ཀྱི་འགྲེལ་པ་ལས་ཀྱང་། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལྟ་བར་བྱ་བའི་ཕྱིར་མངོན་པར་བརྩོན་པས། སྐྱེ་བ་འདིར་འདོད་ཆགས་དང་བྲལ་བའི་མཐའ་མི་ཐོབ་མོད་ཀྱི། དོན་དམ་པའི་ཡེ་ཤེས་གྲུབ་པ་ལས། སྐྱེ་བ་ཕྱི་མར་འབད་པ་མེད་པར་མྱ་ངན་ལས་འདས་པ་ངེས་པར་ཐོབ་སྟེ། ལས་བཞིན་ནོ། །ཞེས་གསུངས་སོ། །འོ་ན་འགྲེལ་པ་ལས། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བལྟ་བར་བྱ་བའི་ཕྱིར་མངོན་པར་བརྩོན་པས་ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། མི་འགལ་ཏེ། དེ་ནི་མཐོང་ལམ་ཐོབ་རྗེས་སུ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་རྫོགས་པར་ལྟ་བ་ལ་མངོན་པར་བརྩོན་པའི་དོན་ཡིན་པའི་ཕྱིར་རོ། །དེས་ན་འདིའི་དངོས་བསྟན་གྱི་དེ་ཉིད་ཤེས་པ་ནི་མཐོང་ལམ་གྱི་ཡེ་ཤེས་སྐྱེས་པ་ནས་འཇོག་དགོས་ཏེ། འགྲེལ་པ་ལས། དོན་དམ་པའི་ཡེ་ཤེས་གྲུབ་པ་ལས། ཞེས་གསལ་བར་གསུངས་པའི་ཕྱིར། དོན་དམ་པའི་བདེན་པ་ཅུང་ཟད་ཤེས་པ་དེ་ལ། ཚེ་འདིར་མྱ་ངན་ལས་འདས་པ་ཐོབ་མི་ཐོབ་ཀྱི་དོགས་པ་གཅོད་མི་དགོས་ཏེ། ཅུང་ཟད་མཐོང་ན་བཟང་འགྲོ་སྟེ། །ཞེས་ཚེ་དེ་ལ་མྱང་འདས་མི་བྱེད་པ་གཞིར་བཞག་ནས། ཕྱི་མ་བདེ་འགྲོ་ཙམ་དུ་འཕེན་པར་བཤད་ཟིན་པའི་ཕྱིར། མཐོང་ལམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ནི་ཕལ་ཆེར་ཚེ་འདི་ལ་མྱང་འདས་མངོན་དུ་བྱེད་ལ། གལ་ཏེ་རྒྱུ་རྐྱེན་འགའ་ཞིག་མ་ཚང་བའི་དབང་གིས་མངོན་དུ་བྱེད་མ་ཐུབ་པ་རྣམས་ནི། སྐྱེ་བ་ཕྱི་མར་འབད་རྩོལ་ལ་མ་ལྟོས་པར་མྱང་འདས་མངོན་དུ་བྱེད་ཅེས་པ་ནི། དེ་ཉིད་ཤེས་པ་ཞེས་སོགས་ཀྱི་དོན་ཡིན་ཏེ། དེའི་སྔ་འགྲེལ་ལས། ཅི་སྟེ་རྐྱེན་འགའ་ཞིག་མ་ཚང་བ་ལས་ཞེས་གསུངས་པའི་ཕྱིར། ཚུལ་འདི་མངོན་པ་ཀུན་བཏུས་ལས། ཕལ་ཆེར་ནི་མཐོང་བའི་ཆོས་ཚེ་འདི་ཁོ་ན་ལ་ཀུན་ཤེས་པ་ཉིད་ཐོབ་པར་བྱེད་ལ། གལ་ཏེ་མི་བྱེད་ན་ཡང་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །ཞེས་གསུངས་པ་དང་དོན་གནད་གཅིག་པ་ཡིན་ཏེ། ཚིགས་བཅད་འདིའི་ཐད་ཀྱི་འགྲེལ་པར། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་པའི་རྩ་ཤེའི་ལུང་འདི་འདྲེན་པར་མཛད་འདུག་པའི་ཕྱིར། འཁྲུལ་པ་མེད་དོ། །མདོར་ན་མཐོང་ལམ་སྔོན་དུ་སོང་བས་ཚེ་ཕྱི་མ་ལ་རྐྱེན་ཅུང་ཟད་ཙམ་གྱིས་མྱང་འདས་མངོན་དུ་བྱེད་པས་འབད་རྩོལ་ལ་ཆེར་མི་ལྟོས་པ་དེ་ཡིན་ལ། མཐོང་ལམ་སྔོན་དུ་མ་སོང་བའི་སོ་སྐྱེས་ཕྱི་མ་ལ་མྱང་འདས་མངོན་དུ་བྱེད་པ་ན་འབད་རྩོལ་ལ་ཆེར་ལྟོས་དགོས་པའི་གནད་ཀྱིས་ཀྱང་དེ་ཉིད་ཤེས་པ་དེ་འཕགས་པ་ཁོ་ནར་གྲུབ་བོ། །འོ་ན་ཐུབ་དབང་སྐྱེས་ཞེས་པའི་དངོས་བསྟན་གྱི་ཐུབ་དབང་དེ་ལ། ལོངས་སྤྲུལ་གཉིས་ཀ་ཡོད་དམ། སྤྲུལ་སྐུ་ཁོ་ན་ཡིན་ཞེ་ན། སྤྲུལ་སྐུ་ཁོ་ན་ཡིན་ཏེ། འདིའི་དངོས་བསྟན་གྱི་ཐུབ་དབང་ཡིན་ན། གདུལ་བྱ་རིགས་ཅན་གསུམ་ཀ་ལ་ཆོས་འཁོར་དངོས་སུ་སྐོར་བ་པོའི་སངས་རྒྱས་ཡིན་པས་ཁྱབ་པའི་ཕྱིར། འོ་ན་ཉན་རང་དགྲ་བཅོམ་པ་རྣམས་མཆོག་གི་སྤྲུལ་སྐུ་ལས་སྐྱེས་ན། མཆོག་གི་སྤྲུལ་སྐུ་དེ་གང་ལས་འཁྲུངས་ཞེ་ན། དེ་རང་གི་རྒྱུར་གྱུར་པའི་བྱང་སེམས་འཕགས་པ་ལས་འཁྲུངས་སོ། །ཞེས་སྟོན་པར་བྱེད་པ་ལ། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །ཞེས་པ་འདི་བྱུང་། འོ་ན་བྱང་སེམས་འཕགས་པ་གང་ལས་འཁྲུངས་ཞེ་ན། དེ་ཚོགས་སྦྱོར་གྱི་གནས་སྐབས་ཀྱི་རྒྱུ་གསུམ་ལས་འཁྲུངས་སོ། །ཞེས་སྟོན་པར་བྱེད་པ་ལ། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པ་འདི་བྱུང་། འདིར་སྐབས་སུ་དོགས་པའི་གནས་ལ་དཔྱད་ན། འདིར་དངོས་བསྟན་གྱི་རྒྱུ་གསུམ་པོ་ངོས་བཟུང་ཞིང་ས་མཚམས་ལ་དཔྱད་པ་དང་། འདིར་དངོས་བསྟན་གྱི་རྒྱལ་སྲས་ངོས་གཟུང་བ་དང་གཉིས། དང་པོ་ནི། གཞན་ཕྱོགས་པ་ཁ་ཅིག་ན་རེ། འདིར་དངོས་བསྟན་གྱི་གཉིས་མེད་ཀྱི་བློ་དང་སྙིང་རྗེ་གཉིས་ལམ་མ་ཞུགས་ནས་རྒྱུན་མཐའི་བར་ན་ཡོད་ཅིང་། འདིར་དངོས་བསྟན་གྱི་བྱང་ཆུབ་ཀྱི་སེམས་ཐེག་ཆེན་ལམ་དུ་ཞུགས་མ་ཐག་ནས་རྒྱུན་མཐའི་བར་ན་ཡོད་དོ། །ཞེས་གསུངས་པ་མི་འཐད་དེ། འོ་ན། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཀྱི་དངོས་བསྟན་གྱི་སྙིང་རྗེ་དེ་ཡང་། ལམ་མ་ཞུགས་ཀྱི་གནས་སྐབས་ན་ཡོད་པར་ཐལ། སྙིང་རྗེའི་སེམས་དང་ཞེས་པའི་དངོས་བསྟན་གྱི་སྙིང་རྗེ་དེ་ལམ་མ་ཞུགས་ཀྱི་གནས་སྐབས་ན་ཡོད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །ཞེས་སོགས་ཀྱི་དངོས་བསྟན་གྱི་སྙིང་རྗེ་ཡིན་ན། ལམ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་སྙིང་རྗེ་ཡིན་པའི་ཕྱིར་ཏེ། དེ་ཡིན་ན། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྙིང་རྗེ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། དང་པོར་ང་ཞེས་ཞེས་སོགས་ཀྱི་ཐད་ཀྱི་འཇུག་པ་རང་འགྲེལ་ལས། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ཅན་ལ་དམིགས་པའི་སྙིང་རྗེའོ། །ཞེས་དང་། འགྲོ་བ་གཡོ་བའི་ཞེས་སོགས་ཀྱི་སྔ་འགྲེལ་དུ། བྱང་ཆུབ་སེམས་དཔའ་སྙིང་རྗེའི་གཞན་གྱི་དབང་དུ་གྱུར་པ་ཉིད་ཀྱང་ཞེས་གསུངས་པ་འཐད་པའི་ཕྱིར། གཟུ་བོའི་བློས་དཔྱོད་ཅིག གཞན་ཡང་། བྱང་སེམས་རྒྱུན་མཐའ་བའི་རྒྱུད་ཀྱི་གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། བྱང་སེམས་འཕགས་པའི་སྐྱེད་བྱེད་ཀྱི་ཡུམ་ཡིན་པར་ཐལ། རྒྱལ་སྲས་རྣམས་ཀྱི་རྒྱུ་ཞེས་པའི་དངོས་བསྟན་གྱི་གཉིས་མེད་ཀྱི་བློ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་བྱང་སེམས་འཕགས་པའི་སྐྱེད་བྱེད་ཀྱི་ཡུམ་མ་ཡིན་པར་ཐལ། དེས་རང་གི་སྐད་ཅིག་ཕྱི་ལོགས་དེ་མ་ཐག་ཏུ་སངས་རྒྱས་འཕགས་པ་བསྐྱེད་པར་བྱེད་ཀྱི། བྱང་སེམས་འཕགས་པ་སྐྱེད་པར་མི་བྱེད་པའི་ཕྱིར། དེས་ན་རང་གི་ལུགས་ནི། འདིར་དངོས་བསྟན་གྱི་རྒྱུ་གསུམ་གང་རུང་ཡིན་ན། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་སོགས་གསུམ་པོ་གང་རུང་ཡིན་པས་ཁྱབ་སྟེ། བྱང་སེམས་སོ་སྐྱེའི་ཉམས་ལེན་ངོས་འཛིན་པར་བྱེད་པ་ལ། རིན་ཆེན་ཕྲེང་བར། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །ཞེས་སོགས་ཚིགས་བཅད་གཅིག་བྱུང་། བྱང་སེམས་འཕགས་པའི་ཉམས་ལེན་དེ་ངོས་འཛིན་པར་བྱེད་པ་ལ། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཞེས་སོགས་ཚིགས་བཅད་གཅིག་བྱུང་བ་གང་ཞིག དེ་ཡི་རྩ་བ་བྱང་ཆུབ་སེམས། །ཞེས་སོགས་ཀྱི་དངོས་བསྟན་གྱི་བྱང་སེམས་སོ་སྐྱེའི་ཉམས་ལེན་དེ། དབུ་མ་འཇུག་པ་འདིར། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པའི་སྐབས་སུ་གསལ་བར་བཤད། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཞེས་སོགས་ཀྱི་དངོས་བསྟན་གྱི་བྱང་སེམས་འཕགས་པའི་ཉམས་ལེན་དེ། རྒྱལ་བའི་སྲས་པོ་དེ་ཡི་སེམས་གང་འགྲོ་བ་རྣམས། །ཞེས་སོགས་སེམས་བསྐྱེད་བཅུའི་སྐབས་སུ་གསལ་བར་བཤད་པའི་ཕྱིར། དེ་སྐད་དུ། འཇུག་པ་དཀའ་འགྲེལ་ལས། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་རྟེན་ཡེ་ཤེས་ལགས། །ཞེས་སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་ཉམས་ལེན་གྱི་ཆོས་གསུམ་དང་། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུ་འོ། །ཞེས་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་ས་བཅུའི་ཉམས་ལེན་གསུངས་པ་རྣམས་འདིར་གསལ་བར་བཤད། ཅེས་གསུངས་པ་ཡིན་ནོ། །དེས་ན་འདིར་དངོས་བསྟན་གྱི་རྒྱུ་གསུམ་གྱི་ནང་ཚན་དུ་གྱུར་པའི་སྙིང་རྗེ་ཡིན་ན། སོ་སྐྱེའི་རྒྱུད་ཀྱི་སྙིང་རྗེ་ཡིན་པས་མ་ཁྱབ་པར་འདོད་པ་རྣམས་ནི། ཀུན་མཁྱེན་ཆེན་པོའི་དགོངས་པ་མ་ཡིན་ཏེ། དེ་ལྟར་ན་ཁྱོད་ལ་སོ་སོ་སྐྱེ་བོའི་གནས་སྐབས་ཀྱི་ཆོས་གསུམ་དབུ་མ་ལ་འཇུག་པ་འདིར་གཞུང་ཚིག་གང་གི་སྐབས་སུ་གསལ་བར་བཤད་དྲིས་ན། ངག་བཅད་ནས་བཞུགས་པ་ལས་འོས་མེད་དོ། །གཞན་ཡང་། འདིར་དངོས་བསྟན་གྱི་རྒྱུ་གསུམ་གང་རུང་ཡིན་ན། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་རྒྱུ་གསུམ་གང་རུང་ཡིན་པས་ཁྱབ་སྟེ། བྱང་སེམས་སོ་སྐྱེའི་གནས་སྐབས་སུ་རྒྱུ་གསུམ་ཉམས་སུ་བླངས་པ་ལས། ས་དང་པོ་བ་ལ་སོགས་པའི་རྒྱལ་སྲས་འཕགས་པ་རྣམས་འཁྲུངས་སོ། །ཞེས་སྟོན་པར་བྱེད་པ་ལ། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号