ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༤༣༨༽

ཡན་ལག་གི་དོན་ནི་བདག་ཉིད་དང་འཁྲིག་པ་ཀུན་ཏུ་སྤྱོད་པ་བསྔགས་ནའོ་ཞེས་པ་ལ། ལུང་རྣམ་འབྱེད་ལས་ང་ལྟ་བུ་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ཚངས་པར་སྤྱོད་པ་ལ་འཁྲིག་པ་འདིས་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ་ཞེས་པ་ལ་སོགས་པ་བཅོ་བརྒྱད་གསུངས་ཏེ། མཆོག་དང་ཕུལ་བྱུང་ཁྱད་པར་འཕགས། །བཟངས་མཛེས་དགེ་དང་མཆོད་པར་འོས། །བསྟོད་འོས་རྒྱ་ཆེ་རྣམ་པ་དགུ། །ཆེས་མཆོག་ལ་སོགས་པ་རྣམ་པ་དགུ། །ཞེས་གཟུང་ངོ་། །དགེ་སློང་གི་བསླབ་པ་གསུམ་བརྗོད་པ་འདི་ནི་ལུང་རྣམ་འབྱེད་ལས། ཚུལ་ཁྲིམས་དང་ལྡན་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །དགེ་བའི་ཆོས་ཅན་ནི། ཏིང་ངེ་འཛིན་གྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ། །ཚངས་པར་སྤྱོད་པ་ནི་ཤེས་རབ་ཀྱི་ཕུང་པོ་ཇི་སྐད་བསྟན་པ་དང་ལྡན་པའོ་ཞེས་གསུངས་སོ། །དེ་གསུམ་གྱི་གཉིས་པ་ནི། དགེ་བའི་ཆོས་ཅན་ཞེས།་་་་་སྤྱི་མིང་བྱེ་བྲག་་་་་་ཏིང་ངེ་འཛིན། ལ་བཏགས་པ་ཡིན་ལ། གསུམ་པ་ནི་རྒྱུ་མིང་འབྲས་བུ་་་་་་ཤེས་རབ། ལ་བཏགས་པའོ། །བསྔགས་པ་བརྗོད་ཚུལ་བཅོ་བརྒྱད་པོ་དེ་རྣམས་ནི་རྣམ་གྲངས་་་་་་མཆོག་ལ་སོགས་པ་བཅོ་བརྒྱད་པོ་རེ་རེ་ལ་འབྲུ་སྣོན་རེ་རེ་སློབ་དཔོན་ཁྱད་པར་བཤེས་གཉེན་གྱིས་མཛད་ཀྱང་། སློབ་དཔོན་དུལ་བ་ལྷས་མཆོག་ལ་སོགས་པ་དགུ་པ་རྣམ་གྲངས། ཡིན་ཏེ། རྣམ་འབྱེད་འགྲེལ་ལས། ཆེས་མཆོག་ལ་སོགས་པ་དགུ་ཡང་མིང་གི་རྣམ་གྲངས་སུ་བཤད་པས།་་་་་མཆོག་ཅེས་བྱ་བ་ལ་སོགས་པ་བཅོ་བརྒྱད་ནི། བསྔགས་པ་སྨྲ་བའི་རྣམ་གྲངས་སུ་གྲགས་པ་ཡིན་པས་ཞེས་སོ། །སྐབས་འདིར་ལུང་རྣམ་འབྱེད་ལས་བསླབ་པ་གསུམ་ག་བརྗོད་པ་ཚན་གཅིག་དང་། རེ་རེ་བརྗོད་པ་ཚན་གསུམ་དང་། གཉིས་གཉིས་བརྗོད་པ་ཚན་དྲུག་སྟེ། དེ་རྣམས་བཅོ་བརྒྱད་ཚན་པ་རེ་རེ་སྦྱར་བས་བཅོ་བརྒྱད་ཚན་པ་བཅུ་གསུངས་སོ། །དེ་དང་མཐུན་པར་རྣམ་འབྱེད་འགྲེལ་ལས་ཀྱང་། དངོས་གཞིའི་ལྟུང་བ་བརྒྱ་དང་བརྒྱད་ཅུ་བསྟན་ཏོ་ཞེས་སོ། །བསླབ་པ་གསུམ་ག་མ་བརྗོད་པའི་བཅོ་བརྒྱད་ཚན་གཅིག་ནི་ལུང་ལས་མ་གསུངས་ཀྱང་དོན་གྱིས་ཐོབ་བོ། །ལུང་ལས་བསླབ་པ་གཉིས་གཉིས་བརྗོད་པ་ལ་ཆོས་གཉིས་སྔ་ཕྱི་བསྒྱུར་བ་སོ་སོར་བགྲངས་ཏེ་བཅོ་བརྒྱད་

༼༤༣༩༽

ཚན་པ་དྲུག་་་་་་ཚུལ་ལྡན་དགེ་ཆོས་ཅན་དང་། དགེ་ཆོས་ཚུལ་ལྡན་ཞེས་མུ་གཉིས་དང་། ཚུལ་ལྡན་ཚངས་སྤྱོད་དང་། ཚངས་སྤྱོད་ཚུལ་ལྡན་ཞེས་མུ་གཉིས་དང་། དགེ་ཆོས་ཅན་ཚངས་སྤྱོད་དང་། ཚངས་སྤྱོད་དགེ་ཆོས་ཅན་ཞེས་མུ་གཉིས། གསུངས་པ་བཞིན་དུ། དེ་དང་རྒྱུ་མཚན་མཚུངས་པས། བསླབ་པ་གསུམ་ག་བརྗོད་པ་ལ་ཡང་ཆོས་གསུམ་སྔ་ཕྱི་བསྒྱུར་བ་སོ་སོར་བགྲངས་ན་བཅོ་བརྒྱད་ཚན་པ་དྲུག་་་་་་ཚུལ་ལྡན་ཐོག་མར་སྨོས་ནས་གཞན་གཉིས་སྔ་ཕྱི་བསྒྱུར་ཏེ་བརྗོད་པ་མུ་གཉིས་དང་། ཚངས་སྤྱོད་ཐོག་མར་སྨོས་ནས་གཞན་གཉིས་སྔ་ཕྱི་བསྒྱུར་ནས་བརྗོད་པ་མུ་གཉིས་དང་། དགེ་ཆོས་ཐོག་མར་སྨོས་ནས་གཞན་གཉིས་སྔ་ཕྱི་བསྒྱུར་ཏེ་བརྗོད་པ་མུ་གཉིས། འབྱུང་སྟེ། དེ་ལྟར་ན་དགེ་འདུན་ལྷག་མ་བཅོ་བརྒྱད་ཚན་པ་བཅུ་དྲུག་སྲིད་དོ། །དེས་བསྔགས་པ་ལ་ཞེས་པའི་སྐབས་སུ་ཡང་སྔར་བཞིན་དགེ་འདུན་ལྷག་མ་བཅོ་བརྒྱད་ཚན་པ་བཅུ་དྲུག་སྲིད་དོ། །དེ་ཉིད་ཕྱིར་བཟླས་ནའོ་ཞེས་པ་ལའང་སྔར་བཞིན་དགེ་འདུན་ལྷག་མ་བཅོ་བརྒྱད་ཚན་པ་བཅུ་དྲུག་སྲིད་དོ། །དེ་ལྟར་ན་དངོས་གཞིའི་ལྟུང་བ་བཅོ་བརྒྱད་ཚན་པ་བཅུ་དྲུག་ཕྲག་གསུམ་སྲིད་དོ། །འཁྲིག་པ་དང་སྦྱར་ཡང་།་་་་་བདག་ཉིད་དེ་དང་ཉེ་བར་མ་སྦྱར་ན་སྦོམ་པོ་བཅོ་བརྒྱད་ཚན་པ་བཅུ་དྲུག་ཕྲག་གསུམ་སྲིད་དེ་དངོས་གཞིའི་གྲངས་དང་མཉམ་མོ།་་་་་བདག་ཉིད་སྦྱར་ཡང་། འཁྲིག་པ་དང་ཉེ་བར་མ་སྦྱར་་་་་་བར་བརྗོད། ན་ཡང་སྦོམ་པོ་བཅོ་བརྒྱད་ཚན་པ་བཅུ་དྲུག་ཕྲག་གསུམ་སྲིད་དེ་དངོས་གཞིའི་གྲངས་དང་མཉམ་མོ། །སྦྱོར་བ་ཉིད་ཅེས་པ་ནི་སྦྱོར་བ་དང་འདྲ་བ་ཉིད་ཅེས་པ་སྟེ་སྦོམ་པོ་བསྐྱེད་པའི་ཆ་ནས་སྦྱོར་བ་དང་འདྲ་བས་སྦྱོར་བ་ཞེས་མིང་བཏགས་ཀྱང་། དེ་རྣམས་ཐམས་ཅད་མཐར་ཐུག་གྲུབ་པའི་སྦོམ་པོ་བསྐྱེད་པའོ། །སྐབས་འདིར་སྦོམ་པོའི་གྲངས་ནི་དངོས་གཞིའི་གྲངས་ལས་ཉིས་འགྱུར་ཉིད་དོ།་་་་་བདག་ཉིད་དང་འཁྲིག་པ་གཉིས་ཀ་དང་མ་སྦྱར་བར་བསྙེན་བཀུར་བསྔགས་པ།་་་་་བརྗོད་ན་ནི་སྦྱོར་བ་དེའི་སྦྱོར་བ་སྟེ་ཉེས་བྱས་བསྐྱེད་པའོ། །འདིར་ཉེས་བྱས་བཅོ་བརྒྱད་ཚན་པ་བཅུ་དྲུག་ཕྲག་གསུམ་སྲིད་དེ་དངོས་གཞིའི་གྲངས་དང་མཉམ་མོ། །སྦྱོར་བ་དེའི་སྦྱོར་བའི་ཞེས་པ་ནི་སྦྱོར་བ་དེའི་སྦྱོར་བ་དང་འདྲ་བ་ཉིད་ཅེས་པ་སྟེ། ཉེས་བྱས་བསྐྱེད་པའི་ཆ་ནས་སྦྱོར་བའི་སྦྱོར་བ་དང་འདྲ་བས། སྦྱོར་བའི་སྦྱོར་བ་ཞེས་མིང་བཏགས་ཀྱང་དེ་རྣམས་མཐར་ཐུག་གྲུབ་པའི་ཉེས་བྱས་བསྐྱེད་པའོ། །ད་ནི་སྨྱན་བྱེད་པའི་དགེ་འདུན་ལྷག་

༼༤༤༠༽

མ་འཆད་དེ། ཕྲད་ནའོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ལ་གཉིས་ལས། བྱུང་ལ་མ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་རི་དྭགས་འཛིན་གྱི་བུ་ནག་པོས་སྨྱན་བྱས་པའི་བྱུང་བ་སྟེ། བཅས་པ་མ་མཛད་དོ། །བྱུང་ལ་བཅས་པའི་གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེས་སྐྱེས་པ་དང་བུད་མེད་ཆུང་མ་ཉིད་དང་མཛའ་ན་མོ་ཉིད་སྨྱན་བྱེད་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་གཞན་ཆགས་ཤིང་ཀུན་ནས་ཉོན་མོངས་པ་དང་། རང་ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་སྐྱེས་པ་དང་བུད་མེད་མི་ཚངས་པར་སྤྱོད་པའི་སྒོ་ནས་མཐུན་པ་སྒྲུབ་པའི་ཆེད་དུ་འཕྲིན་གསུམ་མམ་དེ་དང་འདྲ་བའི་སྦྱོར་བ་དེའི་རྐྱེན་གྱིས་དེ་གཉིས་ཕྲད་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་དག་སྤྲད་པའི་ཡུལ་དང་། གང་ལ་གོ་བྱའི་ཡུལ་ལོ། །དང་པོ་ལ་བདུན་ཏེ། སྐྱེས་པ་བུད་མེད་གཉིས་ཀའི་མཚན་དོན་ཡོད་པ་དང་། གཉིས་ཀའི་མཚན་བསྟེན་དུ་རུང་བ་དང་། གཉིས་ཀ་ཐ་སྙད་བཞི་དང་ལྡན་པ། གཉིས་ཀ་ལུས་ཐ་མལ་པར་གནས་པ་དང་། གཉིས་ཀ་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དང་ལྔ་ནི་སྔར་འཁྲིག་ཚིག་གི་སྐབས་སུ་བཤད་པ་དང་འདྲ་སྟེ། འདིར་སྐྱེས་པ་དང་བུད་མེད་གཉིས་ཀ་ཞེས་པས་ཁྱད་པར་དུ་བྱས་སོ། །རང་ལས་ཐ་དད་ཅིང་དེ་གཉིས་ཀྱང་ཐ་དད་པ་སྟེ། རང་ལས།་་་་་གཞན་དང་།་་་་་ཕོའི་དབང་པོ་དང་ལྡན་པ། གཞན་དུ་རྨའི་སྒོ་དང་ལྡན་པསེལ་བ་ནི་བདག་གི་སྨྱན་བྱེད་པ་ནི་སྦོམ་པོའི་ཞེས་སོ།་་་་་འོ་ཞེས་པས་སོ། །མཐུན་པར་གནས་པ་མ་ཡིན་པ་སྟེ། མི་མཐུན་པ་མཐུན་པར་བསྒྲུབ་པའི་ཕྱིར་ཞེས་སོ།་་་་་སེལ་བ་ནི་མཐུན་ཟིན་པའི་སྨྱན་བྱེད་ན་སྦོམ་པོར་འགྱུར་ཏེ། མཐུན་པ་དང་ཞེས་སོ། །གཉིས་པ་གང་ལ་གོ་བྱའི་ཡུལ་ལ་གསུམ་ལས། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་ནི། སྔར་རྫུན་སྨྲའི་ཕམ་པའི་སྐབས་སུ་བཤད་ཟིན་ཏོ། །མཐུན་པ་མ་ཐོབ་པའམ་མཐུན་པ་ཐོབ་པ་ལས་ཉམས་པའི་སྒོ་ནས་མི་མཐུན་པའོ། །་་་་་དེ་ཉིད་ལ་དབང་བྱེད་པ་ཉིད་དུ་གནས་པ་སྟེ། དེ་གཉིས་ཀྱི་བདག་

༼༤༤༡༽

པོ་དག་ལ་ནི་ཞེས་སོ།་་་་་སེལ་བ་ནི་གཞན་ལ་བྱས་པ་ཉིད་ནི་ཉེས་བྱས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་གི་རྣམ་པར་མ་དོར་བར་འཛིན་པའི་ཤེས་པའོ། །ཀུན་སློང་ནི་མི་ཚངས་སྤྱོད་པའི་སྒོ་ནས་མི་མཐུན་པ་མཐུན་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་འཕྲིན་གསུམ་མམ་དེ་དང་འདྲ་བ་བྱེད་པར་ཞུགས་པའོ། །དེ་དང་འདྲ་བ་ནི་ཕྱང་ཡར་ཐོས་པ་ཉིད་ན་དེ་བྱས་པ་ཉིད་དོ་ཞེས་སོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དེ་གཉིས་ཕྲད་པ་སྟེ་ཕྲད་ནའོ་ཞེས་སོ། །ཡན་ལག་གི་དོན་ནི། གཞན་དུའོ་ཞེས་པའི་ཊཱི་ཀ་ལས་བུད་མེད་ལ་སོགས་པ་བསྟེན་པར་བྱ་བ་རྨའི་སྒོ་དང་ལྡན་པར་རོ་ཞེས་སོ། །དེ་ལ་བརྟེན་ནས་ཁ་ཅིག་ནི་སྐྱེས་པ་དང་སྐྱེས་པ་མི་ཚངས་པར་སྤྱོད་པའི་སྨྱན་བྱས་ནའང་དགེ་འདུན་ལྷག་མར་འགྱུར་ཏེ། ཊཱི་ཀ་ལས་བུད་མེད་ལ་སོགས་པ་ཞེས་པའི་སོགས་ཁོངས་སུ་སྐྱེས་པ་བསྡུས་པ་སྟེ། སྐྱེས་པ་མ་བསྡུས་ན་བསྡུ་རྒྱུ་གཞན་མེད་པས། ལ་སོགས་ཀྱི་སྒྲ་ལ་བསྡུ་རྒྱུ་མེད་ན་བསྟན་བཅོས་རྩོམ་པ་པོ་རྟོག་ལྡན་གྱི་ངག་ཡིན་པ་དང་འགལ་བར་འགྱུར་རོ། །སོ་སོ་ཐར་པའི།་་་་་འགྲེལ་པ་དགའ་བ་བསྐྱེད་པ་ལས་ཀྱང་སྐྱེས་པ་དང་། བུད་མེད་སྤྲད་པ་ལས་དགེ་འདུན་ལྷག་མར་གྱུར་ན་སྐྱེས་པ་དང་སྐྱེས་པ་སྤྲད་པ་ལ་ཆེས་འགྱུར་ཏེ། ཆེས་སྡིག་ལྕི་བའི་ཕྱིར་རོ་ཞེས་བཤད་དོ། །ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། སོ་སོ་ཐར་པ་དང་རྣམ་འབྱེད་ལས། བུད་མེད་ལ་སྐྱེས་པའི་ཚིག་དང་སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་སྨྱན་བྱེད་ན་ཞེས་པ་དང་། མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། རང་ངམ་གཞན་བྱེད་འཇུག་ཀྱང་རུང་། །བུད་མེད་སྐྱེས་པ་ཕྲད་ན་ནི། །དགེ་འདུན་ལྷག་མའི་རལ་གྲི་ཡིས། །རང་གི་མགོ་བོ་གཅོད་པ་ཡིན། །ཞེས་བཤད་པ་དང་འགལ་ལོ། །བུད་མེད་དང་སྐྱེས་པ་ཞེས་གསུངས་པ་དེ་གླེང་གཞིའི་དབང་གིས་མཚོན་བྱེད་དུ་བསྟན་པ་ཡིན་གྱི་ངེས་གཟུང་ནི་མ་ཡིན་ནོ་ཞེ་ན། མི་རིགས་ཏེ། གཞུང་འགྲེལ་དང་བམ་པོ་ལྔ་བཅུ་པའི་སྨྱན་བྱེད་པའི་ལྷག་མའི་སྐབས་ལས། འདིའི་བྱེད་པ་པོ་ནི་མིའི་འགྲོ་བར་གཏོགས་པའི་སྐྱེས་པ་དང་།

༼༤༤༢༽

བུད་མེད་དོ་ཞེས་བཤད་ཅིང་། བྱེད་པ་པོ་ནི་མེད་ན་མི་འབྱུང་བའི་རྒྱུ་ཡིན་ཏེ། བྱེད་པ་པོ་ཉིད་ནི་བུད་མེད་དོ་ཞེས་པའི་ཊཱི་ཀ་ལས་དེ་མེད་ན་ལྟུང་བ་འདི་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་བཤད་དོ། །གཞན་ཡང་ཁྱེད་ལྟར་ན། དགེ་སློང་གིས་བུད་མེད་ལ་འཕྲིན་བླངས་ནས་བསྐྱལ་བ་དང་བུད་མེད་དེ་སྐྱེས་པར་གྱུར་ཏེ་སྐྱེས་པ་གཞན་དེ་དང་ཕྲད་པར་བྱས་པ་ལས་ཀྱང་ལྷག་མ་བསྐྱེད་པར་ཐལ་བར་འགྱུར་བ་ལས། ལུང་ཞུ་བ་ལས་དགེ་སློང་གིས་འཕྲིན་བླངས་ནས་བསྐྱལ་བ་དང་། བུད་མེད་དེའི་མཚན་འཕོས་བཞིན་དུ་ལན་སླར་བསྐྱལ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ། །རིགས་པས་ཀྱང་། སྐྱེས་པ་དང་སྐྱེས་པ་སྨྱན་བྱས་པ་ཆོས་ཅན། སྨྱན་གྱི་ལྷག་མ་མི་བསྐྱེད་པར་ཐལ། འབྱུང་རིང་འབྲེལ་ཆུང་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་ཏེ། དཔེར་ན་དགེ་སློང་མས་ཡང་ཡང་ཟ་བ་ལ་ལྟུང་བྱེད་མི་བསྐྱེད་པའི་རྒྱུ་མཚན་དུ། ཊཱི་ཀ་ལས་དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། དེ་དག་ལ་དེ་འབྱུང་དཀའ་བའི་ཕྱིར་རོ་ཞེས་གསུངས་པ་དང་མགོ་མཚུངས་སོ། །སྒྲུབ་བྱེད་གཞིག་པ་ནི། ཊཱི་ཀ་ལས་བུད་མེད་ལ་སོགས་པ་ཞེས་པའི་སོགས་ཁོངས་སུ་བསྡུ་བ་ནི་མཚན་གཉིས་པ་བུད་མེད་ཀྱི་མཚན་ཤས་ཆེ་བ་ཅན་བསྡུ་བར་བྱ་སྟེ། རྣམ་པ་དེ་ལྟ་བུ་ཉིད་ལ་མཚན་ཅིག་ཤོས་དོན་མེད་དོ་ཞེས་པ་དང་། ཊཱི་ཀ་ལས་མཚན་གཉིས་པ་བུད་མེད་ཀྱི་དབང་དུ་གྱུར་ན་ནི་དེའི་ཚེ་དགེ་སློང་ལ་བུད་མེད་ཀྱི་སྐབས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བཤད་པས་སོ། །འགྲེལ་བ་དགའ་བ་བསྐྱེད་པ་ལས་བཤད་ཟེར་བ་དེ་ཡང་མི་འཐད་དེ། སྡིག་ཆེ་བ་ཙམ་གྱིས་ལྷག་མ་བསྐྱེད་པར་མ་ངེས་ཏེ། དབྱེན་གྱིས་མཚམས་མེད་བྱས་ན་ཆེས་སྡིག་ལྕི་ཡང་ལྟུང་བ་སྦོམ་པོར་གསུངས་པ་བཞིན་ནོ། །སྨྱན་གྱི་སྦྱོར་བ་ལ་འཕྲིན་གསུམ་ལས། འཕྲིན་དང་པོ་ནི། སྤྲད་པར་བྱ་བ་ལ་སྤྲིང་བ་མནོས་པའོ། །འཕྲིན་གཉིས་པ་ནི། གཞན་དེ་ལ་གོ་བར་བྱས་པའོ། །འཕྲིན་ཐ་མ་ནི་དེས་སྨྲས་པ་སྔ་མ་ལ་བརྗོད་ནའོ་ཞེས་སོ། །འཕྲིན་ཐ་མ་ལ་ཆ་

༼༤༤༣༽

གཉིས་སུ་དབྱེ་སྟེ། དེས་སྨྲས་པ་དང་སྔ་མ་ལ་བརྗོད་པའོ། །སྔ་མ་ལ་བརྗོད་ནའོ་ཞེས་པ་དེ་འཕྲིན་ཐ་མའི་ཕྱེད་དེ། འཕྲིན་ཐ་མའི་ཕྱེད་ཆ་དེ་ནི་དགེ་སློང་གིས་མ་བརྗོད་ཀྱང་། ཕ་རོལ་པོས་གཞན་དེ་ལས་ཐོས་ཏེ་དོན་གོ་ན་དེས་ཀྱང་འགྲུབ་ཅེས་སྟོན་པ་ནི། འཇུག་པ་བར་མའི་ཞེས་སྨོས་ཏེ། འཕྲིན་ཐ་མ་སྨྲས་པ་དེ་དགེ་སློང་གིས་མནོས་ཟིན་པ་ཉིད་ན་འཕྲིན་གྱི་ལན་དེ་ཚུར་བསྐྱལ་བར་འཇུག་པ་སྟེ་ཚུར་བསྐྱལ་བར་འོས་པའོ། །བར་མ་སྟེ་འཕྲིན་མནོས་པ་དང་ཚུར་སྐྱེལ་གཉིས་ཀྱི་བར་ན་གནས་པའོ། །འཕྲིན་གྱི་ལན་དེ་དགེ་སློང་གིས་མ་བརྗོད་ཀྱང་། ཕྱེད་ཡར་ཐོས་པ་སྟེ་གཏམ་རྣམ་པར་འཁྱམས་པ་ལ་སོགས་པ་ཐོས་པ་ཉིད་ན། སྔ་མ་ལ་བརྗོད་ནའོ་ཞེས་པ་དེ་བྱས་པ་ཉིད་དོ་སྟེ་འཕྲིན་ཐ་མའི་ཕྱེད་བྱས་པ་་་་་་དང་འདྲ་བ། ཉིད་དོ།་་་་་དེ་ནི་བམ་པོ་ལྔ་བཅུ་པ་ལས་འཕྲིན་མནོས་ཏེ་ཕར་བསྐྱལ་ལ། འཕྲིན་ལན་མ་བསྐྱལ་ཡང་རྣམ་པ་གཞན་གྱིས་ཕྱིར་ཐོས་ཏེ་ཕྲད་པ་ལན་སྨད་པ་མེད་དོ་ཞེས་སོ། །འཕྲིན་ནོད་པ་དང་འཕྲིན་ཕར་སྐྱེལ་བ་དང་འཕྲིན་ཚུར་སྐྱེལ་བ་སྟེ། གསུམ་པོ་དེ་དག་གི་བྱ་བའི་འབྲས་བུ་སྦྱོར་ལྟུང་ཉིད་ནི་ཐ་དད་པ་སྟེ་སྦོམ་པོ་ཐ་དད་གསུམ་བསྐྱེད་པ་ཉིད་དོ། །འདི་ནི་ལུང་རྣམ་འབྱེད་ལས། དགེ་སློང་གཉིས་་་་་་སྐྱེས་པའམ་བུད་མེད། ཀྱིས་གཉིས་ཀས་སྤྲེང་བ་མནོས་ནས། དེ་གཉིས་ལས་གང་འཕྲིན་ཕར་ཡང་སྐྱེལ་བར་མི་བྱེད་ལ་ཚུར་ཡང་སྐྱེལ་བར་ནི་མི་བྱེད་པ་དེ་ལ་ནི་སྦོམ་པོ་རེ་རེར་འགྱུར་རོ། །གང་འཕྲིན་ཕར་སྐྱེལ་བར་ནི་བྱེད་ལ་ཚུར་སྐྱེལ་བར་ནི་མི་བྱེད་པ་དེ་ལ་ནི་སྦོམ་པོ་གཉིས་སུ་འགྱུར་རོ། །གང་འཕྲིན་ཕར་ཡང་སྐྱེལ་བར་བྱེད་ཚུར་ཡང་སྐྱེལ་བར་བྱེད་པ་དེ་ལ་ནི་་་་་་སྦོམ་པོ་གསུམ་དང་། དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པའོ། །འགྲེལ་ཆུང་ལས་ལན་བརྒྱ་ཞིག་བསྐྱལ་ཏེ་བྱས་ན་སྦོམ་པོ་བརྒྱའོ་ཞེས་བཤད་དོ། །འོ་ན་འཐབ་ཚིགས་ཐ་དད་ཀྱི་སྐབས་ཀྱི་ལུང་རྣམ་འབྱེད་དང་རྒྱ་ཆེར་འགྲེལ་བ་ལས་སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་སྦོམ་གཅིག་ཏུ་གསུངས་པ་དང་འགལ་ལོ་ཞེ་ན། སྐབས་འདིར་སྦྱོར་སྦོམ་ཐ་དད་དུ་བསྐྱེད་པར་གསུངས་པ་དང་། སྐབས་འོག་ནས་སྦྱོར་སྦོམ་གཅིག་ཏུ་གསུངས་པའི་འགལ་སྤོང་

༼༤༤༤༽

འདི་ལ་ཁ་ཅིག་་་་་་ཤ་མི། ན་རེ་གསུམ་པོ་དེ་དག་གི་བྱ་བ་ཉིད་ནི་ཐ་དད་པ་ཉིད་ཅེས་པ་འདི་འཕྲིན་གསུམ་ཐ་དད་པ་ལ་དགོངས་པ་ཡིན་གྱི་སྦྱོར་སྦོམ་ཐ་དད་མ་ཡིན་ཏེ། འཐབ་ཚིགས་ཐ་དད་ཀྱི་སྐབས་ཀྱི་ལུང་རྣམ་འབྱེད་དང་རྒྱ་ཆེ་འགྲེལ་པ་ལས་སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་སྦོམ་གཅིག་ཏུ་གསུངས་པས་གྲུབ་བོ། །རིགས་པས་ཀྱང་འཐད་དེ། མ་བྱིན་ལེན་ལ་ནོམ་་་་་་ནོམ་ཉུག་ལན་གསུམ་བྱས་པ་ལྟ་བུ། ཉུག་ལན་མང་པོ་བྱས་ཀྱང་སྦྱོར་སྦོམ་གཅིག་ལས་མི་བསྐྱེད་པར་གསུངས་པ་དང་།་་་་་ཊཱི་ཀ་ལས་འདིར་ནོམ་པ་མང་པོ་དག་ལ་ཡང་ཇི་སྲིད་རྐུ་བའི་བསམས་པ་ཕྱིར་མ་ལོག་བར་དུ་ནི་སྦོམ་པོ་ཁོ་ནའོ་ཞེས། རྒྱུ་མཚན་མཚུངས་པའི་ཕྱིར་དང་། སྨྱན་གྱི་སྦྱོར་བ་འཕྲིན་གསུམ་ཆོས་ཅན། སྦྱོར་བའི་སྦོམ་པོ་ཐ་དད་གསུམ་བསྐྱེད་པ་མ་ཡིན་ཏེ། ལྟུང་བ་དངོས་གཞི་གཅིག་བསྐྱེད་པའི་སྦྱོར་བ་ཡིན་པའི་ཕྱིར་ཏེ། དཔེར་ན་མ་བྱིན་ལེན་གྱི་ནོམ་ཉུག་ལན་གསུམ་བྱས་ཀྱང་སྦོམ་པོ་གཅིག་བསྐྱེད་པ་བཞིན་ནོ་ཞེས་གསུངས་སོ། །རང་ལུགས་ནི་སྨྱན་གྱི་འཕྲིན་གསུམ་ལ་སྦོམ་པོ་ཐ་དད་གསུམ་བསྐྱེད་པ་སྟེ། སྐབས་འདིའི་ལུང་རྣམ་འབྱེད་ལས་འདི་ལ་སྦོམ་པོ་ཐ་དད་དུ་གསུངས་པ་དང་མདོ་རྩ་འགྲེལ་ལས་གསུམ་པོ་དག་གི་བྱ་བ་ཉིད་ནི་ཐ་དད་པ་ཉིད་དོ་ཞེས་གསུངས་པས་གཞུང་གིས་གྲུབ་ཅིང་། རིགས་པས་ཀྱང་འཐད་དེ། སྦོམ་པོ་ཐ་དད་བསྐྱེད་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་བཅས་པ་ལས་འདས་པའི་་་་་་སྦོམ་པོ་ཐ་དད་བསྐྱེད་པའི་ལུང་གིས་ཤེས་སོ། །ཕྱིར་རོ། །འོ་ན་འཐབ་ཚིགས་དྲིལ་བསྒྲགས་པའི་སྐབས་ཀྱི་ལུང་དང་རྒྱ་ཆེ་འགྲེལ་པས་སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་སྦོམ་གཅིག་ཏུ་གསུངས་པ་དང་འགལ་ཞེ་ན། སྤྱིར་བཏང་དང་དམིགས་བསལ་གྱི་དབྱེ་བས་འགལ་བ་མེད་དེ། སྤྱིར་བཏང་ལ་སྔར་མཐུན་པ་མ་ཐོབ་པའི་སྨྱན་བྱེད་པའི་ལྷག་མ་བསྐྱེད་པ་ལ་སྦྱོར་བ་འཕྲིན་གསུམ་ཚང་བ་ཡན་ལག་ཏུ་དགོས་ཏེ། གཞན་དུ་ན་སྦྱོར་བའི་ཚད་མི་རྫོགས་པའི་ཕྱིར་རོ། །དེས་ན་འདི་ནི་སྦྱོར་སྦོམ་གནང་ཚད་གཟུང་གི་ལྟུང་བའོ། །དམིགས་བསལ་ནི་སྔར་མཐུན་པ་ཐོབ་པ་ལས་ཉམས་པའི་སྨྱན་བྱེད་ན་སྡུམས་བྱེད་པའི་

༼༤༤༥༽

སྦྱོར་བ་ལན་ཅིག་བྱས་པ་ལས་ཕྲད་ན་ཡང་དགེ་འདུན་ལྷག་མར་འགྱུར་བ་ནི་བཅས་པའི་དབང་གིས་ཏེ། གནས་སྐབས་འདིར་ནི་སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་སྦོམ་གཅིག་ཏུ་ལུང་ལས་གསུངས་པའོ། །ཞེས་བརྗོད་ན་ལུང་ལ་རང་བཟོ་མ་བྱས་པར་ལུང་བཞིན་བཤད་པའོ་སྙམ་མོ།་་་་་དེ་ལྟར་བཤད་ན་ལྕི་ལས་ཆུང་སྙམ། སོག་་་་་་ཁ་ཅིག་ན་རེ་སྨྱན་བྱེད་པའི་དགེ་འདུན་ལྷག་མ་གཅིག་གི་སྦྱོར་སྦོམ་གཅིག་ཏུ་གསུངས་པ་དེ་ནི། འཕྲིན་གཅིག་གིས་ཕྲད་ན་ཡང་ལྷག་མ་བསྐྱེད་ལ་འཕྲིན་གཅིག་གིས་ཕྲད་ན་སྦྱོར་སྦོམ་གཅིག་ལས་མི་བསྐྱེད་ཅེས་ཟེར་རོ། །སྔར་མཐུན་པ་མ་ཐོབ་པའི་སྨྱན་བྱེད་པ་ནི་འཕྲིན་ལན་ཅིག་བྱས་པས་ཕྲད་ན་ལྷག་མ་བསྐྱེད་པར་སྨྲ་བ་དེ་མི་རིགས་ཏེ། ཞུ་འགྲེལ་ལས། ལེན་པ་དང་སྐྱེལ་བ་དང་ཕྱིར་སྐྱེལ་བ་རྣམས་ཀྱང་བྱས་ལ་ཕྲད་པར་གྱུར་ན་དགེ་འདུན་ལྷག་མར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས། ལེན་པ་དང་ཕྱིར་སྐྱེལ་བ་མེད་ན་སྨྱན་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ་ཞེས་བཤད་པ་དང་འགལ་ལོ། །གནོད་བྱེད་གཞན་ཡང་སྔར་མཐུན་པ་མ་ཐོབ་པའི་སྨྱན་བྱེད་པ་ན་འཕྲིན་གཅིག་བྱས་པས་ཕྲད་པ་དེ་ལ་སྨྱན་བྱེད་པའི་ལྷག་མ་བསྐྱེད་པ་མི་འཐད་དེ། སྦྱོར་བ་མ་གནང་ཚད་གཟུང་གི་སྦྱོར་བའི་ཚད་མི་རྫོགས་པའི་ཕྱིར་རོ། །དཔེར་ན་བསྒོ་གྱུར་གྱི་ལྷག་མ་བསྐྱེད་པ་ལ་བསྒོ་བའི་ལས་བརྗོད་པ་གསུམ་མ་ཚང་ན་ལྟུང་བ་མི་རྫོགས་པ་དང་མཚུངས་སོ། །སྔར་མཐུན་པ་མ་ཐོབ་པའི་སྨྱན་བྱེད་པའི་ལྷག་མ་བསྐྱེད་པ་ལ་སྦྱོར་བ་ཕྲིན་གསུམ་ཚང་མི་དགོས་ན། ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེ།་་་་་ཆོས་ཀྱི་ཕུང་པོ་སྔོན་དུ་བཏང་སྟེ་བོས་པ་ལ་སོགས་པ་ལའང་སྨྱན་གྱི་ལྷག་མ་བསྐྱེད་པར་ཐལ་བར་འགྱུར་རོ། །མི་ཉིད་ལ་ཞེས་པ་འདི་ལ་་་་་་སྦྱོར་བ་དང་འདྲ་བ་ཉིད་དུ་བཤད་པ་དང་། སྦྱོར་བའི་ཀནས་སྐབས་དངོས་ཉིད་དུ་བཤད་པ་སྟེ། བཤད་ལུགས་གཉིས་འཐོབ་པ་ལས། ལུང་རྣམ་འབྱེད་ལྟར་ན་ནི། ཁྱིམ་ཐབས་དམ་པ་གསུམ་པོ་གང་རུང་གི་དབང་དུ་བྱས་ནས། རྡེའུ་གསུམ་གཏོར་བ་དང་ཆོ་ག་བཏང་བའི་མི་ཉིད་ལ། སྨྱན་བྱས་

༼༤༤༦༽

ཏེ་ཕྲད་པ་ཆོས་ཅན། མཐའ་སྨྱན་གྱི་ལྷག་མ་དངོས་སུ་བསྐྱེད་པའི་བྱེད་པ་པོ་ཉིད་མ་ཡིན་ཏེ། མི་མཐུན་པ་མཐུན་པར་བསྒྲུབ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་སྦྱོར་བ་དང་འདྲ་བ་ཉིད་མ་ཡིན་པ་མ་ཡིན་ཏེ། དངོས་གཞིའི་རྣམ་པའི་སྦོམ་པོ་བསྐྱེད་དོ། །ལུང་ཞུ་བ་ལྟར་ན་ནི་མངལ་ན་གནས་པ་དང་ཟ་མའི་མི་ཉིད་ལ་སྨྱན་བྱེད་པ་ཆོས་ཅན། མཐའ་སྨྱན་གྱི་ལྷག་མ་དངོས་སུ་བསྐྱེད་པའི་བྱེད་པ་པོ་ཉིད་མ་ཡིན་ཏེ། ཕྲད་པ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་སྦྱོར་བའི་གནས་སྐབས་དངོས་ཉིད་མ་ཡིན་པ་མ་ཡིན་ཏེ། སྦྱོར་བ་རྣམ་པའི་སྦོམ་པོ་བསྐྱེད་དོ། །སྨྱན་བྱེད་པའི་འབྲས་བུ་ཕྲད་པ་གཅིག་པ་ཉིད་ཀྱི་ཕྱིར་རམ་ཆེད་དུ་དགེ་སློང་བཅུས་ཕོ་མོ་ཟུང་གཅིག་གི་སྨྱན་བྱེད་ན། བཅུ་པོ་ཐམས་ཅད་ལ་ལྷག་མ་བསྐྱེད་པའོ། །དཔེར་ན་་་་་་སྲོག་གཅོད་ཀྱི་ཕམ་པའི། མི་བཅུའི་སྦྱོར་བ་དང་འདྲའོ།་་་་་མི་བཅུའི་སྦྱོར་བ་ནི་གཞན་ལ་མི་ལྟོས་པའི་སྦྱོར་བ་འདིས་འཆི་བ་ཡིན་པ་ལྟར་གཞན་ལ་ཡང་མི་ལྟོས་པའི་སྦྱོར་བས་ཀྱང་མཐུན་པར་ནུས་པའོ། །འདིར་མངགས་པ་ནི་ཞེས་པའི་འདིར་ཞེས་པ་དགར་བའི་ཚིག་སྟེ་འཁྲིག་ཚིག་ལ་སོགས་པ་ནི་མངགས་པས་ལྟུང་བ་མི་རྫོགས་པ་ལས་དགར་བའོ། །སྤྲད་བྱ།་་་་་དེ་གཉིས་ཀྱི་བདག་པོ་དག་ནི་དེ་གཉིས་ལ་དབང་བྱེད་དུ་གནས་པ་སྟེ། ཊཱི་ཀ་ལས་ཕ་ནི་བསྒོ་བ་དང་བཟློག་པ་ལ་བདག་པོ་ཉིད་ཡིན་ལ། མ་ནི་སྦྱིན་པ་དང་འཕྲོག་པ་ལ་བདག་པོ་ཉིད་ཡིན་ཞེས་བཤད་པ་ནི་མེས་པོ་དང་མིང་པོ་ལ་སོགས་པ་ལ་ཡང་མཚོན་པ་སྟེ། ཊཱི་ཀ་ལས་ཡུལ་ཆོས་བཞིན་དུ་སྦྱར་ཞེས་སོ། །དེ་གཉིས་ལས་ཀྱང་གཞན་དེ་གཉིས་ཀྱི་བདག་པོ་ལས་ཀྱང་གཞན་་་་་་ལམ་གའི་མི་འཁྱམས་ལྟ་བུ། ལ་འཕྲིན་བསྐྱལ་བ་བྱས་པ་ཉིད་ནི་ཉེས་བྱས་སོ། །མངགས་པ་ནི་རང་ཉིད་དང་འདྲ་ཞེས་པ་དང་འགལ་ཞེ་ན།་་་་་མི་འགལ་ཏེ། ལམ་གའི་མི་འཁྱམས་ལྟ་བུ།་་་་་འཕྲིན་བྱེད་དུ་འཇུག་པའི་ཡུལ་དང་།་་་་་བྱས་ན་ལྷག་མའི་ལྟུང་བ་བསྐྱེད་པ། ལམ་གའི་མི་འཁྱམས་ལྟ་བུ།་་་་་འཕྲིན་བསྐྱལ་བའི་ཡུལ་་་་་་བྱས་ན་ཉེས་བྱས་བསྐྱེད་པ་ཙམ། གྱི་ཁྱད་པར་གྱིས་སོ། །ཡི་གེ་གནས་གཞན་དུ་བསྐུར་བ།་་་་་སྤྲིང་ཡིག་

༼༤༤༧༽

དང་་་་་་ཡི་གེ་ལག་ནས་ལག་ཏུ་གཏོད་པ། ལག་ཡིག་ནི་འཕྲིན་གསུམ་ག་ལ་ཚིག་ཉིད་དང་འདྲའོ། །ཡུལ་ཕྱོགས་དང་བརྡ་དང་མཚན་མ་རྣམས་ནི་འཕྲིན་ཐ་མ་ཚུར་སྐྱེལ་བ་ལ་ཚིག་ཉིད་དང་འདྲའོ། །འཕྲིན་དང་པོ་གཉིས་ལ་ནི་མི་འདྲ་སྟེ། ལུང་རྣམ་འབྱེད་ལས། རྒྱུ་གསུམ་གྱིས་སྤྲིང་བའི་འཕྲིན་ཚུར་སྐྱེལ་ལ་ཕར་ནི་མི་སྐྱེལ་ཏེ། ཡུལ་ཕྱོགས་དང་བརྡ་དང་མཚན་མ་ལ་སོགས་ཞེས་གསུངས་ལ། རྣམ་འབྱེད་འགྲེལ་ལས་སྔར་གོ་བར་མ་བྱས་ལ་ཡུལ་ཕྱོགས་ལ་སོགས་པས་བརྡ་སྤྲད་པ་མི་སྲིད་པའི་ཕྱིར་རོ་ཞེས་སོ། །སྨད་འཚོང་མ་ནི་སྐྱེས་པ་ཐམས་ཅད་དང་མཐུན་ཞེས་གྲགས་པས། དེ་དང་སྐྱེས་པ་སྨྱན་བྱས་ན་མཐུན་པའི་སྨྱན་བྱེད་པའི་སྦོམ་པོ་ལས་ལྷག་མར་མི་འགྱུར་རམ་སྙམ་དུ་དོགས་པ་བསལ་བའི་ཕྱིར། སྨད་འཚོང་མ་ནི་མི་མཐུན་པ་ཉིད་དོ་ཞེས་བྱ་སྟེ། གླའི་དབང་གིས་ཕྲད་པ་ཙམ་ཡིན་གྱི་གཅུགས་པའི་དབང་གིས་མཐུན་པ་མ་ཡིན་པས།་་་་་ཊཱི་ཀ་ལས་སྔོན་དང་ཕྱིས་མི་མཐུན་པ་ཉིད་དུ་འགྱུར་ཞེས། དེ་དང་སྐྱེས་པ་སྨྱན་བྱས་ན་དགེ་འདུན་ལྷག་མར་འགྱུར་རོ།་་་་་ཊཱི་ཀ་ལས་སྨད་འཚོང་མའི་ཕྱིར་མདོ་བརྩམས་པ་དོན་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་པ་ནི། སྨད་འཚོང་མ་དང་སྐྱེས་པ་སྨྱན་བྱེད་ན་མཐུན་པའི་སྨྱན་བྱེད་པའི་སྦོམ་པོར་ཟད་ཀྱི་དགེ་འདུན་ལྷག་མར་མི་འགྱུར་རམ་སྙམ་དུ་དོགས་པ་བསལ་བའི་དགོས་པ་ཡོད་དོ་ཞེས་པའོ། །འོན་ཀྱང་སྲིད་ཚད་ནི་སྨད་འཚོང་མ་དང་སྐྱེས་པ་འགའ་ཞིག་ནི་གླ་ལ་མི་ལྟོས་པར་གཅུགས་པའི་དབང་གིས་མཐུན་པར་གྱུར་པའང་སྲིད་པས། དེ་གཉིས་ཀྱི་འཕྲིན་བྱས་པ་ནི་སྨྱན་བྱེད་པའི་སྦོམ་པོར་འགྱུར་གྱི། ལྷག་མར་མི་འགྱུར་རོ། །སྐབས་འདིར་ཊཱི་ཀ་ལས་ཆུང་མ་དྲུག་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོན་པ་དང་། བཙན་འཕྲོགས་སུ་ཐོབ་པ་དང་། དང་སམ་དུ་འདུས་པ་དང་། གོས་ཟས་ཀྱིས་འཚོ་བ་དང་། ཁ་དུམ་པ་རྣམས་ལའང་མི་མཐུན་པ་ཉིད་སྲིད་ལ། ཐང་འགའ་ཕྲད་པ་ཡང་དེ་བཞིན་ནོ། །དེའི་ཕྱིར་སྨད་འཚོང་མ་ནི་ཐང་འགའ་ཕྲད་པ་ཞེས་བྱ་སྟེ་ཞེས་སོ། །བདག་པོར་གྱུར་པའི་ཆུང་མ་ནི་དྲུག་ཉིད་དོ། །བདག་པོར་མ་གྱུར་ཀྱང་

༼༤༤༨༽

ཐང་ག་འཕྲད་པ་ལ་ཡང་ཆུང་མར་མིང་བཏགས་ནས། ལུང་རྣམ་འབྱེད་ལས་ཆུང་མ་བདུན་ཞེས་གསུངས་ཏེ། དམ་པ་གསུམ་དང་དམན་པ་བཞིའོ། །དམ་པ་གསུམ་ལས་ཆུ་ཚིགས་ཀྱིས་བྱིན་པ་ནི། ལུང་རྣམ་འབྱེད་འགྲེལ་བ་ལས། སྔར་ཆུ་བྱིན་ནས་དེའི་རྗེས་སུ་བུ་མོ་ཡང་བྱིན་པའོ་ཞེས་པ་དང་། དགེ་སློང་ཕའི་རྣམ་འབྱེད་ལས་ཕ་མ་དག་གིས་སྐྱེས་པ་ལ་འདི་ཁྱོད་ཀྱིས་ཆུང་མ་བྱོས་ཤིག་ཅེས་ཆུ་ཚིགས་ཀྱིས་བྱིན་ཞིང་དེའི་ཆུང་མར་གྱུར་པའོ་ཞེས་པ་དང་། འགྲེལ་ཆུང་ལས་ལག་ཏུ་ཆུ་བྱིན་པ་དང་ཞེས་སོ།་་་་་།མའི་རྣམ་འབྱེད་ལས། སྐྱོར་ཆུ་བྱིན་ཞིང་ཞེས་བཤད་དེ། བྲས་ཟེར་དམ་ཚིག་གི་ཆུ་འཁྱོར་བའི་ནང་ནས་བྱིན་ཞིང་འཐུང་དུ་བཅུག་ནས། བྲམ་ཟེའི་རིལ་བ་སྤྱི་བླུགས་ཀྱི་ཆུའི་རྒྱུན་གྱིས་དེ་་་་་་སྐྱེས་པ་དང་བུད་མེད། གཉིས་ལ་བསྐོར་ཞིང་བྲམ་ཟེས་ཆོ་ག་བྱས་པ་སྟེ། ཚེ་དེ་ལ་བྱེ་བྲལ་བྱས་ན་རིགས་སད་པར་བྱེད་ཅིང་། ཤི་བ་ན་ཡང་རོ་བསྲེགས་པ་ན་བྲམ་ཟེས་དེ་བ་ན་ག་ཚ་་་་་་སྟེ་ལྷར་སྐྱེ་བར་གྱུར་ཅིག ཞེས་བརྗོད་པ་བཞིན་ནོ།་་་་་ཊཱི་ཀ་ལས་སྔོན་དང་ཕྱིས་མི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་སོ། །རིན་ཆས་ཉོས་པ་ནི་ཕ་མ་དག་ལ་རིན་ཆས་ཉོས་པའོ། །བཙན་འཕྲོགས་སུ་ཐོབ་པ་ནི་ལུང་རྣམ་འབྱེད་ལས། རྒྱལ་པོ་རྒྱལ་མཚན་དུ་བྱས་ནས་འཕྲོགས་པ་དང་། རང་གི་མགོ་་་་་་མཐོ་བ། རྒྱལ་མཚན་དུ་བྱས་ནས་འཕྲོགས་པ་ཞེས་གསུངས་སོ། །དམན་པ་བཞི་ནི། མེ་ཏོག་ཕྲེང་རྒྱུད་ལས། གང་དག་ཁྱོད་ནོར་ང་ཡི་ནོར། །དེ་ཡི་སྲོག་ནི་འཚོ་བྱ་ཞེས། །དེ་སྐད་བརྗོད་ནས་ཞུགས་པ་ནི།་་་་་ཁ་དུམ་ཡིན་པར་ལུང་ལས་གསུངས། །དེ་ནི་དང་སམ་འདུས་པའོ། །ཟས་དང་གོས་ཀྱི་རྒྱུ་མཚན་གྱིས། །ཞུགས་པ་གོས་ཟས་འཚོ་བ་ཡིན། །ད་ནི་ཁྱོད་ཀྱི་ཉེ་གནས་ཞེས།་་་་་དང་སམ་འདུས་པ་ཡིན་པར་ལུང་ལས་གསུངས་སོ། །ཁ་དུམ་པར་ནི་ཤེས་པར་བྱ། །སྐད་ཅིག་ཙམ་ཡིན་གཏན་དུ་མིན། །དེ་ལ་ཐང་འགའ་ཕྲད་ཅེས་བྱ། །ཞེས་བཤད་དེ། འོན་ཀྱང་དང་སམ་འདུས་པ་དང་ཁ་དུམ་པ་གཉིས་ནི་དེ་ལས་གོ་བརྗེས་ཏེ་ལུང་རྣམ་འབྱེད་

༼༤༤༩༽

གཉིས་ཀ་ལས་གསུངས་སོ། །བདག་པོ་ཉིད་མ་ཡིན་པས་བཞི་པ་མན་ཆད་ཞུགས་པ་ཞེས་པ་འདི་ནི་ལུང་རྣམ་འབྱེད་ལས། མཛའ་ན་མོ་བཅུའི་སྨྱན་བྱེད་ན་དགེ་འདུན་ལྷག་མར་གསུངས་པ་བསྡུས་ཏེ། དེའང་ཕ་མ་མིང་པོ་ཕུ་ནུ་མོ། །གྱོས་རྒྱུག་ཉེ་དུ་་་་་་ནི་ཞང་པོ་ལྟ་བུ། རིགས་་་་་་ནི་རྒྱལ་རིགས་སམ་བྲམ་ཟེའི་རིགས་ལྟ་བུའོ། རུས་་་་་་ནི་བྱེ་བྲག་གོའུ་ཏ་མ་ལྟ་བུ། དང་། །རྣམ་པར་འཁྲུགས་པ་མེད་་་་་་པ་ནི་ཚངས་པར་སྤྱོད་པའི་བརྟུལ་ཞུགས་འཛིན་པའོ། །དང་བཅུ། །གཏན་གྱི་ཆུང་མར་མི་བྱེད་ཀྱང་། །རེ་ཞིག་མཛའ་ན་མོ་ཉིད་དུ། །ལན་ཅིག་ཉིད་དམ་གཉིས་གསུམ་མམ། །བཞི་པར་སྤྲད་ན་ལྷག་མ་སྟེ། །ལྔ་པར་སྤྲད་ན་སྦོམ་པོ་ཉིད། །ཅེས་སྨྲས་ཏེ། འདིར་ལན་གསུམ་ཞུགས་པའི་མཛའ་ན་མོ་དང་། ལན་བཞི་པར་སྤྲད་ན། སྔར་མཐུན་ཟིན་པའི་སྨྱན་བྱེད་པའི་སྦོམ་པོར་ཟད་དོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། བདག་པོ་ཉིད་མ་ཡིན་པས་ལན་བཞི་པ་མན་ཆད་ལན་གསུམ་ཞུགས་པ་མི་མཐུན་པ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། ལན་བཞི་པར་སྤྲད་ན་ལྷག་མར་འགྱུར་རོ། །ལན་བཞི་པར་ཞུགས་ན་མཐུན་པ་ཉིད་དོ་ཞེས་ཤུགས་ཀྱིས་བསྟན་ཏེ། སྔར་ལན་བཞི་པར་ཞུགས་ཟིན་པ་ལས་ལྔ་པར་སྤྲད་ན་ནི་མཐུན་པའི་སྨྱན་བྱེད་པའི་སྦོམ་པོར་འགྱུར་བའོ།་་་་་དང་སམ་འདུས་ལ་སོགས་ཏེ་ཆུང་མ། དམན་པ་བཞིའི་དབང་དུ་བྱས་ནས་འཐབ་པ་ཉིད་་་་་་ཙམ། ན་་་་་་མཐུན་པ་ལས། ཉམས་་་་་་པས་དེའི་སྨྱན་བྱེད་ན་དངོས་གཞི་ཡིན་པས། སོ་ཞེས་སོ། །བཟང་་་་་་ཆུ་ཚིགས་ཀྱིས་སྦྱིན་པ་ལ་སོགས་པ་སྟེ་ཆུང་མ། ཤོས་གསུམ་གྱི་དབང་དུ་བྱས་ནས་གལ་ཏེ་དེ་དབང་བ་ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཀྱང་མཐུན་པ་ལས་ཉམས་པ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ་དེའི་སྨྱན་བྱས་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་བསྟན་ཏོ། །འདིའི་ཁུངས་ནི་ལུང་རྣམ་འབྱེད་ལས། ཆུང་མ་ཡིན་པར་བསྒྲགས་པའི་བསྡུམས་བྱེད་ཅིང་མཐུན་པར་འགྱུར་ན་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །འོ་ན་ལུང་དུལ་བྱེད་ལས་རྡེའུ་གསུམ་བོར་བའམ་ཤགས་བཀྱེ་སྟེ་ཆུང་མ་མ་ཡིན་པར་བསྒྲགས་པ་དེ་དག་གི་སྨྱན་བྱས་ན་སྦོམ་པོར་བཤད་པ་དང་། བསྟན་བཅོས།་་་་་མེ་ཏོག་ཕྲེང་རྒྱུད་ལས་ཀྱང་། འཐབ་

༼༤༥༠༽

ཚིགས་བདུན་པོ།་་་་་དེ་དག་རྣམས་ལ་གཅིག་གཉིས་གསུམ། །ཉེས་བྱས་བརྩེགས་པར་འགྱུར་བ་ཡིན། །བཞི་ལ་གཅིག་དང་ལྔ་ལ་གཉིས། །དྲུག་ལ་སྦོམ་པོ་རྣམ་གསུམ་ཡིན། །འཐབ་ཚིགས།་་་་་བདུན་པའི་བསྡུམས་བྱས་བརྟུལ་ཞུགས་ཅན། །དགེ་འདུན་གྱི་ནི་ལྷག་མ་འཐོབ། །ཞེས་ཆུང་མ་མ་ཡིན་པར་བསྒྲགས་པའི་སྨྱན་བྱས་ན་སྦོམ་པོར་བཤད་པ་དང་འགལ་ཞེ་ན། སྦོམ་པོར་གསུངས་པ་དེ་དག་གི་དགོངས་པ་བཙལ་བར་བྱ་ཞིང་། དགེ་འདུན་ལྷག་མ་བསྐྱེད་པར་གསུངས་པའི་ལུང་རྣམ་འབྱེད་དང་། མདོ་རྩ་འགྲེལ་གཙོ་བོར་གཟུང་ངོ་། །ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཀྱང་ངོ་ཞེས་དངོས་སུ་སྨོས་པས་དྲིལ་བསྒྲགས་ན་ལྟ་ཅི་སྨོས་ཞེས་ཤུགས་ཀྱིས་བསྟན་ཏོ། །འོ་ན་མཐུན་པ་ཉམས་བྱེད་ཀྱི་འཐབ་ཚིགས་དུ་ཡོད་ཅེ་ན། འཐབ་པ་ཉིད་ཀྱི་མོད་ལ་སོགས་པ་བདུན་གཞུང་ལས་དངོས་སུ་གསུངས་སོ།་་་་་བམ་པོ་ལྔ་བཅུ་པ་ལས་འཐབ་པ་ཉིད་ཀྱི་མོད་ཅེས་བྱ་བ་ནི་འཐབ་མོ་ཉིད་ཀྱི་རྩོམ་པ་ཡོངས་སུ་མ་རྫོགས་པ་སྟེ། དེ་ལྟར་འཐབ་པ་ཉིད་ན་ཞེས་བྱ་བའི་ཐ་ཚིག་གོ །འཐབ་ཚིགས་བཅུ་གཉིས་ཀྱང་དོན་གྱིས་འཐོབ་སྟེ། འཐབ་པ་ཉིད་ལ་མདོ་འོག་མ་གཉིས་ཡོད་པ་བཞིན་དུ། དུམ་པ་བཅད་པ་ལ་སོགས་པ་ལྔ་ལ་ཡང་མདོ་གཉིས་གཉིས་ཡོད་དེ། འཐབ་ཚིགས་དང་པོ་གཉིས་དང་རྒྱུ་མཚན་མཚུངས་པའི་ཕྱིར་ཞེས་གསུངས་སོ། །མཐུན་པ་ཉམས་བྱེད་འཐབ་ཚིགས་དེ་རྣམས་ཀྱང་མཚོན་པ་ཙམ་ཡིན་ཏེ། ཊཱི་ཀ་ལས་གལ་ཏེ་ཕྲ་མ་ལ་སོགས་པས་མཛའ་གཅུགས་ཉམས་པར་གྱུར་པ་དེ་ནི་མཐུན་པ་ཉིད་ཉམས་པ་ཡིན་ནོ་ཞེས་སོ། །སྲོག་དང་ལྡན་པ་ཕོ་མོ་ཟུང་བདུན་གྱི་སྨྱན་བྱས་ན་དགེ་འདུན་ལྷག་མ་བདུན་འབྱུང་བ་ཉིད་དག་བཞིན་དུ་འཐབ་ཚིགས་བདུན་པོ་དེ་དག་བྱས་པ་བསྡུམས་བྱེད་ཅིང་མཐུན་པར་གྱུར་ན་དགེ་འདུན་ལྷག་མ་བདུན་འབྱུང་ངོ་། །དེ་ཡང་ཆུང་མ་དམན་པ་བཞི་པོ་གང་རུང་གཞིར་བྱས་ནས་འཐབ་ཚིགས་བདུན་བྱས་པ་ལ་སྨྱན་བྱས་ན་དགེ་འདུན་ལྷག་མ་བདུན་འབྱུང་ལ། ཆུང་མ་དམ་པ་གསུམ་པོ་གང་རུང་གཞིར་བྱས་ནས་འཐབ་ཚིགས་བདུན་བྱས་པ་ལ་སྨྱན་བྱས་ན་ལྷག་མ་བདུན་མི་འབྱུང་ཡང་

༼༤༥༡༽

མཐར་ཐུག་གྲུབ་པའི་ལྟུང་བ་བདུན་འབྱུང་སྟེ་ཉེས་བྱས་གསུམ་དང་སྦོམ་པོ་གཉིས་དང་དགེ་འདུན་ལྷག་མ་གཉིས་སོ།་་་་་ལུང་རྣམ་འབྱེད་ལས། དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ། འཐབ་པ་ཉིད་ཡི་མོད་དང་། འཐབ་པའི་འོག་དང་། དུམ་པ་གཅད་པ་དང་། རྡེའུ་གསུམ་གཏོར་བ་དང་། ཆོ་ག་བཏང་བ་དང་། ཆུང་མ་མ་ཡིན་པར་བསྒྲགས་པ་དང་། དྲིལ་བསྒྲགས་པ་བདག་གི་བསྡུམས་བྱེད་ཅིང་མཐུན་པར་འགྱུར་ན། ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་བཞི་དང་། དགེ་འདུན་ལྷག་མ་གཉིས་སུ་འགྱུར་རོ་ཞེས་སོ། །དེ་ཡང་འཐབ་ཚིགས་དང་པོ་གསུམ་གྱི་བསྡུམས་བྱས་པའི་ཉེས་བྱས་གསུམ་དང་བཞི་པ་ལྔ་པའི་བསྡུམས་བྱས་པའི་སྦོམ་པོ་གཉིས་དང་། དྲུག་པ་དང་བདུན་པའི་བསྡུམས་བྱས་པའི་ལྷག་མ་གཉིས་དང་དེ་གཉིས་ཀྱི་སྦྱོར་སྦོམ་རེ་རེ་སྟེ་སྦོམ་པོ་གཉིས་སོ། །སྐབས་འདིར་ཁ་་་་་་སོག ཅིག་ན་རེ་་་་་་སྲོག་དང་ལྡན་པ་ཉིད་བཞིན་ཞེས་པ་འདིའི་དོན་ནི། འཐབ་ཚིགས་བདུན་བྱས་པ་ལ་སྨྱན་ལན་ཅིག་བྱས་ཏེ་ཕྲད་པ་ལ་ལྟུང་བ་བདུན་འབྱུང་སྟེ། འཐབ་ཚིགས་ཐ་དད་པའི་ཕྱིར་རོ། །དེའང་སྨྱན་ལན་ཅིག་བྱས་པ་ཡིན་པར་ཅིས་ཤེས་ན། ཊཱི་ཀ་ལས་རྗེས་སུ་བསྒྲུབ་པ་གཅིག་ཁོ་ན་ཡིན་དུ་ཟིན་ཀྱང་འཐབ་ཚིགས་ཐ་དད་ལ་ལྟུང་བ་ཐ་དད་པ་བཞིན་དུ་ཞེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། གནོད་བྱེད་བརྗོད་པ་དང་། སྒྲུབ་བྱེད་གཞིག་པའོ། །དང་པོ་ལ་གཞུང་གི་གནོད་བྱེད་ནི་སོ་སོ་ཐར་པའི་འགྲེལ་པ་ལུང་གི་རྣམ་བཤད་ལས་འདི་རྣམས་ལན་བདུན་འཐབ་པ་ལས་ལན་བདུན་བསྡུམས་ན་ཞེས་སྨྱན་ལན་བདུན་བྱས་པ་ཡིན་པར་བཤད་པ་དང་འགལ་ལོ། །རིགས་པས་ཀྱང་སྨྱན་ལན་ཅིག་བྱས་པས་ལྷག་མ་བདུན་བསྐྱེད་པ་མི་འཐད་དེ། དང་པོ་ནས་མཐུན་པ་མ་ཐོབ་པས་མི་མཐུན་པ་ཉིད་དུ་གནས་པ་དང་། འཐབ་ཚིགས་བདུན་གྱིས་མཐུན་པ་ཐོབ་པ་ལས་ཉམས་ཏེ་མི་མཐུན་པ་ཉིད་དུ་གནས་པ་གཉིས། མི་མཐུན་པའི་ངོ་བོར་གནས་པ་ཙམ་དུ་ཁྱད་པར་མེད་པ་ལ། སྔ་མ་ལ་སྨྱན་ལན་ཅིག་བྱས་པས་ལྷག་མ་གཅིག་འབྱུང་ལ། ཕྱི་མ་ལ་སྨྱན་ལན་ཅིག་བྱས་པས་ལྷག་མ་བདུན་འབྱུང་བ་འགལ་བའི་ཕྱིར་རོ། །གཉིས་

༼༤༥༢༽

པ་སྒྲུབ་བྱེད་གཞིག་པ་ནི། ཊཱི་ཀ་ལས་རྗེས་སུ་བསྒྲུབ་པ་གཅིག་ཁོ་ན་ཡིན་དུ་ཟིན་ཀྱང་ཞེས་པ་དེ་ལྡོག་མཚུངས་ཀྱི་གཅིག་ཡིན་པ་ལ་དགོངས་སོ་ཞེས་འཆད་དོ། །འཐབ་ཚིགས་ཐ་དད་པའི་ཕྱིར་ཞེས་ཁྱེད་ཀྱིས་སྒྲུབ་བྱེད་དུ་བཀོད་པ་དེ་མ་ངེས་པ་སྟེ། འཐབ་ཚིགས་ཐ་དད་ཀྱང་ལྷག་མ་ཐ་དད་བདུན་མི་བསྐྱེད་ན་ཅི་འགལ་ཏེ། དཔེར་ན་མ་བྱིན་ལེན་གྱི་ནོམ་ཉུག་ཐ་དད་བྱས་ཀྱང་སྦོམ་པོ་གཅིག་ཏུ་གསུངས་པ་བཞིན་ནོ། །དེས་ན་སྲོག་དང་ལྡན་པ་ཉིད་དག་བཞིན་ནོ་ཞེས་པའི་སྐབས་འདིར་ལྷག་མའི་ལྟུང་བ་བདུན་འབྱུང་བར་གསུངས་པ་ནི། འཐབ་ཚིགས་རེ་རེ་ལ་སྨྱན་ལན་རེ་རེ་བྱས་པ་ལ་དགོངས་ཏེ། ལུང་གི་རྣམ་བཤད་་་་་་འཐབ་ཚིགས་བདུན་བྱས་པ་ལ་སྨྱན་བྱས་ན་ལྟུང་བ་དུ་མ་འབྱུང་བའི་སྐབས། ལས་གསུངས་པ་དེ་འཐད་ལྡན་དུ་གཟུང་ངོ་། །ཆུ་ཚིགས་ཀྱིས་བྱིན་པ་ལ་སོགས།་་་་་ཆུང་མ་སྔ་མ་གསུམ་གྱི་དབང་དུ་བྱས་ན་ཊཱི་ཀ་ལས་ཆུང་མ་དེ་དབང་བ་དེའི་དང་པོ་གསུམ་ལ་ནི་ཉེས་བྱས་ཞེས་སོ། །འོ་ན་རྡེའུ་གཏོར་བ་དང་ཆོ་ག་བཏང་བའི་སྨྱན་བྱས་ན་ཅིར་འགྱུར་ན། སྔར་མི་ཉིད་ལ་ཞེས་་་་་་མཐའི་བྱེད་པ་པོ་ཉིད་མ་ཡིན་ཡང་། སྦོམ་པོར་གསུངས་སོ། །འཐབ་ཚིགས་ཐ་མ་གཉིས་ལ་སྨྱན་བྱས་ན་ལྷག་མར་འགྱུར་ཏེ། ཆུང་མ་མ་ཡིན་པར་བསྒྲགས་པ་ཉིད་ཀྱང་ངོ་ཞེས་སྔར་བཤད་ཟིན་ཏོ། །དེ་རྣམས་ལ་ལྟུང་བ་ཆེ་ཆུང་རིམ་པ་གསུམ་དུ་འོང་པའི་རྒྱུ་མཚན་ནི། མཐུན་པ་ཉམས་པའི་བྱེ་བྲག་གིས་ཏེ། རྣམ་འབྱེད་འགྲེལ་ལས་སྐྱེས་པ་དང་བུད་མེད་ལ་གཅུགས་པ་་་་་་རྣམ་པ་གསུམ་ཡོད་དེ། ཡིད་དུ་འོང་བའི་གཅུགས་པ་དང་། བྱ་བ་གཅིག་པའི་གཅུགས་པ་དང་། སྤྲོད་པ་ལ་ཕྱོགས་པའི་གཅུགས་པ་དང་། གསུམ་ཡོད་པ་ལས། འཐབ་ཚིགས་དང་པོ་གསུམ་བྱས་པ་ན་ཡིད་དུ་འོང་བ་ཙམ་རྒྱུན་ཆད་པར་ཟད་ཀྱི་གཅུགས་པ་གཞན་གཉིས་མ་ཉམས་པའི་ཕྱིར། དེ་དག་གི་བསྡུམས་བྱས་ན་ཉེས་བྱས་སུ་འགྱུར་རོ། །རྡེའུ་གསུམ་གཏོར་བ་དང་ཆོ་ག་བཏང་བ་ན་ཡིད་དུ་འོང་བ་དང་བྱ་བ་གཅིག་པ་གཉིས་ཀ་རྒྱུན་ཆད་པའི་ཕྱིར། དེ་དག་གི་བསྡུམས་བྱས་ན་སྦོམ་པོར་འགྱུར་རོ། །ཆུང་མ་མ་ཡིན་པར་བསྒྲགས་པ་དང་དྲིལ་བསྒྲགས་པ་ན་ཡིད་དུ་

༼༤༥༣༽

འོང་བ་དང་བྱ་བ་གཅིག་པ་དང་ཕྲད་པ་ལ་མངོན་པར་ཕྱོགས་པ་དང་གསུམ་ག་རྒྱུན་ཆད་པའི་ཕྱིར། དེ་དག་གི་བསྡུམས་བྱས་ན་དངོས་གཞི་རྫོགས་པར་འགྱུར་རོ་ཞེས་སོ། །ཅིའི་ཕྱིར་སྐྱེས་པ་འདི་དང་མི་སྤྲད། སྐྱེས་པ་འདི་ཅིའི་ཕྱིར་གྱོས་པོའི་གན་དུ་ཕར་ལ་མི་འགྲོ་ཞེས་ཟེར་བ་དག་ཀྱང་ཉེས་བྱས་སོ། །ཅིའི་ཕྱིར་བུད་མེད་འདི་མི་སྤྲད། བུད་མེད་འདི་ཅིའི་ཕྱིར་གྱོས་པོའི་གན་དུ་ཚུར་ལ་མི་བཀྲི་་་་་་མི་འབོད། ཞེས་ཟེར་བ་དག་ཀྱང་ཉེས་བྱས་སོ། །དེའི་ལུང་དགེ་སློང་ཕའི་རྣམ་འབྱེད་ལས་ཉེས་བྱས་སུ་གསུངས་པ་བསྡུས་པའོ། །ཅིའི་ཕྱིར་ཁྱེའུ་འདི་གྱོས་པོའི་ཐད་དུ་མི་བཏང་ཞེས་ཟེར་ན་སྦོམ་པོར་འགྱུར་རོ། །ཅིའི་ཕྱིར་བུ་མོ་འདི་ཁྱིམ་བདག་གི་ཐད་དུ་མི་བཀྲི་ཟེར་ན་སྦོམ་པོར་འགྱུར་རོ་ཞེས།་་་་་འདི་ལ་ལུང་དགེ་སློང་མའི་རྣམ་འབྱེད་ལས་སྦོམ་པོར་བཤད་དེ། སྨྱན་བྱེད་པའི་ཀུན་སློང་མེད་པ་དང་ཡོད་པའི་ཁྱད་པར་གྱིས་ཉེས་བྱས་སུ་བཤད་པ་དང་སྦོམ་པོར་བཤད་པ་དེ་དག་མི་འགལ་བར་སེམས་སོ། །ཉོས་པ་དང་ཞེས་པ་འགྲེལ་ཆུང་ལས་བྲན་དུ་ཉོས་ཏེ་རིན་བྱིན་པ་ལས་བསྡུས་པའང་སྦོམ་པོའོ་ཞེས་སོ། །ཊཱི་ཀ་ལས། ཉོས་པ་ནི་རིན་གྱིས་ཐོབ་པ་སྟེ་དེ་དག་གི་སྨྱན་བྱེད་པ་ཡང་སྦོམ་པོ་ཞེས་བཤད་དེ། རིན་ཆས་ཉོས་ཟིན་པ་ཡང་ལུས་མ་ཕྲད་པའི་སྨྱན་བྱེད་ན་སྦོམ་པོའོ། །ཞེས་རིགས་སོ། །རིན་ཆས་ཉོས་ཤིང་ལུས་ཀྱང་ཕྲད་ན་ནི། རིན་ཆས་ཉོས་པའི་ཆུང་མ་ལ་འཐབ་སྟེ་དགག་བྱ་ཆེར་གྱུར་པ་ན་ཡང་། དེའི་སྨྱན་བྱས་པ་ལ་ཉེས་བྱས་ལས་མི་འབྱུང་སྟེ། དེའི་དང་པོ་གསུམ་ལ་ནི་ཉེས་བྱས་ཞེས་གསུངས་པས་སོ། །མཐུན་པ་དང་ཞེས་པ་བདག་པོ་ཉིད་མ་ཡིན་པས་མཛའ་ན་མོ་ཉིད་དུ་ལན་བཞི་ཕྲད་པས་མཐུན་པར་གྱུར་པའི་སྨྱན་བྱས་ན་སྦོམ་པོ་སྟེ། ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་ཞུ་བ་ལས་ལན་གྲངས་མང་པོ་ལས་ལྷག་པ་ལ་སྨྱན་པ་གྱིས་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །ལན་གྲངས་མང་པོ་ལས་ལྷག་པ་ནི་ལན་གྲངས་བཞི་ཡན་ཆད་དེ་ཊཱི་ཀ་ལས། ལན་གྲངས་གསུམ་ལས་ལྷག་པ་ནི་བཞི་པ་སྟེ་ཞེས་བཤད་པ་དང་། གསུམ་ལ་མང་པོའི་སྒྲ་འཇུག་ཅིང་། གསུམ་ལས་

༼༤༥༤༽

ལྷག་པ་ནི་བཞི་ཡན་ཆད་ཡིན་པའི་ཕྱིར་རོ། །གསུམ་ལ་མང་པོའི་སྒྲ་འཇུག་པར་ནི་བསྔོས་བསྒྱུར་གྱི་སྐབས་ཀྱི་ལུང་རྣམ་འབྱེད་ལས་གསུངས་སོ།་་་་་གཅིག་ལ་བསྔོས་པ་བསྒྱུར་ན་སྤང་བའི་ལྟུང་བྱེད་གཉིས་པ་བསྔོས་པར་བསྒྱུར་ན་སྤང་བའི་ལྟུང་བྱེད་དོ་མང་པོའི་བསྔོས་པ་བསྒྱུར་ན་སྤང་བའི་ལྟུང་བྱེད་དོ། །དགེ་འདུན་ལ་བསྔོས་པ་བསྒྱུར་ན་སྤང་བའི་ལྟུང་བྱེད་དོ་ཞེས། འོ་ན་ཞུ་འགྲེལ་དུ་ཁུངས་སུ་དྲངས་པའི་ལུང་ཞུ་བ་ལས་ནི། ལན་གསུམ་བརྗོད་པ་ལས་འཕྲིན་སྐྱེལ་ཅིང་ཕྱིར་སྐྱེལ་བར་བགྱིད་ན་ཅིར་གྱུར། སྦོམ་པོར་འགྱུར་རོ་ཞེས་བཤད་པ་དང་འགལ་ཞེ་ན། འཕྲིན་སྐྱེལ་བ་ཙམ་ན་སྦྱོར་བའི་སྦོམ་པོར་འགྱུར་བ་ལ་དགོངས་སོ་ཞེས་བརྗོད་དོ། །འགྲེལ་ཆུང་ལས་ནི་ལན་གསུམ་ནི་སྔར་ཕྲད་ཟིན་་་་་་ལན་བཞི་ཕྲད་མ་ཟིན་པ་ན། ལན་བཞིའི་ཚེ་དགེ་སློང་གིས་སྨྱན་བྱས་ཏེ་བསྡུས་པ་ནི་མཐུན་པའི་སྨྱན་བྱེད་པའི།་་་་་སྦོམ་པོའི་ཞེས་སོ། །དེ་ནི་བཞི་བ་མན་ཆད་ལན་གསུམ་ཞུགས་པ་མི་མཐུན་པ་ཉིད་དོ་ཞེས་གསུངས་པ་དང་འགལ་ལོ། །བདག་གི་སྨྱན་བྱེད་ན་དགེ་འདུན་ལྷག་མ་མི་བསྐྱེད་པ་ནི།་་་་་ཕྲད་ན་ནི་འདི་ལ་ཕམ་པར་འགྱུར་རོ། །ཕམ་པའི་དུས་ན་སྨྱན་བྱེད་པའི་དགེ་འདུན་ལྷག་མའི་གོ་སྐབས་མེད་པས་སྦོམ་པོ་འདི་གསུངས་སོ་ཞེས་ཞུ་འགྲེལ་ལས་སོ། །སྤྲད་པར་བྱ་བ་དེ་བདག་ལས་ཐ་དད་པ་ཞིག་དགོས་པ་ལས་དེ་མ་ཚང་བའི་ཕྱིར་རོ། །བདག་གི་སྨྱན་བྱེད་པ་འདི་ལ་ནི་འཕྲིན་གསུམ་མི་ཚང་སྟེ། ཊཱི་ཀ་ལས། འདི་ལ་ནི་ཕར་བསྐྱལ་བ་འབའ་ཞིག་ཡོད་ཀྱི་མནོས་པ་དང་ཚུར་བསྐྱལ་བ་ནི་མེད་དོ་ཞེས་སོ། །སྐད་སྦྱར་བ་ཉིད་སྟོན་ནའོ་ཞེས་པ་ལ་སོགས་པ་མདོ་གསུམ་གྱི་སྐབས་སུ་འདི་ལ་སྨྱན་གྱི་ལྷག་མ་མི་བསྐྱེད་པ་ནི་འཕྲིན་གསུམ་མ་ཚང་བའི་ཕྱིར་རོ། །མིང་ནས་སྨོས་ཏེ་བུད་མེད་ཆེ་གེ་མོ་ཉོས་ཤིག་ཅེས་ཟེར་ན་སྦོམ་པོའོ། །མིང་ནས་མ་སྨོས་པར་བུད་མེད་ཉོས་ཤིག་ཅེས་ཟེར་ན་ཉེས་བྱས་སོ་ཞེས་པ་འདི་གཉིས་ནི་སྦྱོར་བ་གསལ་མི་གསལ་གྱིས་ལྟུང་བ་ཆེ་ཆུང་དུ་གྱུར་པ་འདྲ་བར་སྣང་ཡང་། དེ་ལྟ་མ་ཡིན་ཏེ། བརྡ་དང་མཚན་མ་རྣམས་ནི་ཚིག་ཉིད་དང་འདྲའོ་ཞེས་གསུངས་པས། སྨྱན་བྱེད་པ་ལ་སྦྱོར་བ་གསལ་མི་གསལ་

༼༤༥༥༽

གཉིས་དགག་བྱ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་གསུང་ངོ་། །འདིར་སྨྱན་བྱེད་པའི་ཀུན་སློང་ཡོད་མེད་ཀྱིས་ལྟུང་བ་ཆེ་ཆུང་དུ་གཞག་སྟེ། སྨྱན་བྱེད་པའི་ཀུན་སློང་ཡོད་ན་ཆུང་མའམ་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་ཟེར་ན་སྦོམ་པོའོ། །སྨྱན་བྱེད་པའི་ཀུན་སློང་མེད་པར་བུད་མེད་ཉོས་ཤིག་ཅེས་ཟེར་ན་བསླབ་བྱའི་ཉེས་བྱས་སོ། །ཞུ་འགྲེལ་ལས་བུད་མེད་ཆེ་གེ་མོ་ཞིག་ཉོས་ཤིག་ཅེས་ཟེར་ན་སྦོམ་པོར་གསུངས་པ་ནི་སྤྲད་པར་བྱ་བའི་ཆེད་དུའོ། །བུད་མེད་ཉོས་ཤིག་ཅེས་ཟེར་ན་ཉེས་བྱས་སུ་གསུངས་པ་ནི་སྤྲད་པར་བྱ་བའི་བསམ་པ་མེད་ན་ཡིན་པར་ཤེས་པར་བྱ་སྟེ་ཞེས་བཤད་དོ།་་་་་རྙེད་མོད་ཅེས་པ་ཡང་ཉེས་བྱས་སོ། །དེའང་ལུང་ཞུ་བ་ཁ་ཅིག་ལས་སྐྱེས་པས་བུད་མེད་དང་བརྡ་བགྱིས་པ་ན། དགེ་སློང་དེར་འོངས་ནས་འདི་སྐད་ཅེས། རྙེད་མོད་ཅེས་མཆི་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་བཤད་དོ། །ཊཱི་ཀ་ལས། དེ་ནི་ལུང་ཡི་གེ་ནོར་བ་འདྲ་སྟེ། ཉེས་བྱས་སུ་རིགས་པར་སྣང་ནས། སློབ་དཔོན་གྱིས་ཉེས་བྱས་སོ་ཞེས་མདོར་བྱས་སོ་ཞེས་་་་་་ཊཱི་ཀས། བཤད་དོ། །འོན་ཀྱང་ལུང་ཡི་གེ་མ་ནོར་ཏེ། སྨྱན་བྱེད་པ་ལ་སྦྱོར་བ་གསལ་མི་གསལ་གཉིས་དགག་བྱ་ལ་ཁྱད་པར་མེད་པས་ན། སྨྱན་བྱེད་པའི་ཀུན་སློང་ཡོད་ན་ལུང་ལས་སྦོམ་པོར་གསུངས་པ་དེ་འཐད་ཅིང་། མདོ་རྩ་བར་ཉེས་བྱས་སུ་བསྟན་པ་ནི། སྨྱན་བྱེད་པའི་ཀུན་སློང་མེད་པར་རྙེད་མོད་ཅེས་སྨྲས་ན་བསླབ་བྱའི་ཉེས་བྱས་བསྐྱེད་པ་ལ་དགོངས་སོ་ཞེས་བླ་མ་རྣམས་གསུང་ངོ་། །འདུལ་བྱེད་ཀྱི་སྐབས་སུ།་་་་་བྱིན་པ་ལས་དོར་བྱས་པ་ཞེས་པ་ལ་སོགས་པ་མདོ་གསུམ་གྱི་སྐབས་སུ། འདི་གསུམ་ལ་སྨྱན་གྱི་ལྷག་མ་མི་བསྐྱེད་པ་ནི་འཕྲིན་གསུམ་མ་ཚང་བའི་ཕྱིར་རོ། །ད་ནི་ཁང་པའི་ལྷག་མ་འཆད་དེ། སྤྱོད་ལམ་བཞིའི་སྣོད་མ་ཡིན་པ་ཉིད་ལ་ནི་ཞེས་པ་འདིའི་སྐབས་སུ། དོན་རྣམ་པ་བཞི་སྟེ། སྐབས་ཀྱི་དོན་ལ་སྦྱར་བ་དང་། འདིས་མཚོན་ནས་གནས་ལས་གྱུར་པའི་ལྟུང་བ་རྣམས་སྤྱིར་གཏན་ལ་དབབ་པ་དང་། ཞར་བྱུང་ནུབ་ལྷག་པར་ཉལ་བའི་ས་ཐག་གི་ཚད་གཏན་ལ་དབབ་པ་དང་། ཁང་པ་ཁང་ཆེན་གྱི་ཁྱད་པར་གཏན་ལ་དབབ་པའོ། །དང་པོ་ནི་སྤྱོད་ལམ་བཞི་པོ་འགྲེང་འཆག་ཉལ་འདུག་བཞི་ཤོང་བའི་སྣོད་མ་ཡིན་པར་བརྩིགས་པ་ཉིད་ལ་ནི་ཆོས་ཅན། འདི་ལ་ཁང་པ་ཁང་ཆེན་གྱི་བཅས་པ་ལས་འདས་པའི་ཉེས་ལྟུང་བསྐྱེད་པ་མེད་དེ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号