ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༦༩༢༽

རྩ་བ་འབྱུང་བའི་སྐབས་དང་བཅས་པ་སྟེ། སྟེང་གི་ཐོག་ཉིད་ནི་བྱེད་པ་པོའོ་ཞེས་པ་དང་། གལ་ཏེ་བྱིན་གྱིས་གཞོལ་བ་ཉིད་དམ་ཞེས་པས་སོ།་་་་་ཊཱི་ཀ་ལས་གལ་ཏེ་བྱིན་གྱིས་གཞོལ་བ་ལ་སོགས་པ་ཡིན་ན་ལྟུང་བ་མེད་དོ། །འདི་ནི་མདོར་བསྟན་པ་ཡིན་ཏེ་གང་ལ་རྩ་བ་འགྲོ་བའི་སྐབས་མེད་པ་དེ་ལ་ལྟུང་བ་མེད་དོ་ཞེས་སོ། །གང་ལ་འདུག་པའི་དངོས་པོ་ནི། མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུ་ཡིན་པ་དང་། གྱེན་དུ་བཟློག་པ་དང་རྐང་རྟེན་བཅུག་པ་མ་ཡིན་པ་སྟེ། མནན་པར་འོས་པའི་རྩ་བ་ཞེས་པ་དང་། བཀན་པ་ཉིད་དང་རྐང་རྟེན་བཅུག་པ་ཉིད་ནི་ཞེས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་རྩ་བ་ཕུར་བུ་ལྟ་བུ་ལ་འདུག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྩ་བ་ཕུར་བུ་ལྟ་བུ་ལ་འདུག་པའམ་ཉལ་བར་བྱེད་པ་སྟེ། སོ་སོ་ཐར་པའི་མདོ་དང་ལུང་རྣམ་འབྱེད་ལས། ལྗིད་ཀྱིས་ཕབ་སྟེ་འདུག་གམ་ཉལ་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །མཐར་ཐུག་ནི་འདུག་པ་ཙམ་མམ་ཉལ་བ་ཙམ་ཉིད་དོ། །ཡན་ལག་གི་དོན་ནི་དགེ་འདུན་གྱི་ཞེས་པ་ནས་སོ། །མནན་པར་འོས་པའི་རྩ་བ་ཞེས་པ་ནི་སོ་སོ་ཐར་པའི་མདོ་ལས་ཁྲི་དང་ཁྲིའུ་ཞེས་གསུངས་ཀྱང་། གླེང་གཞིའི་དབང་གིས་མཚོན་པ་ཙམ་སྟེ། རང་གི་རྣམ་བཤད་ལས་ཁྲི་དང་ཁྲིའུ་སྨོས་པ་འདིར་མཚོན་པ་ཙམ་དུ་རྣམ་པར་གནས་པ་ཡིན་ནོ། །འདི་ལྟ་བུར་གྱུར་པ་འདྲ་བ་གཞན་ལ་ཡང་ཉེས་དམིགས་འདྲ་བ་ཉིད་ཀྱིས། དེའི་ཕྱིར་མནན་པར་འོས་པ་ཞེས་བྱ་བའི་ཚིག་བྱས་སོ་ཞེས་གསུངས་སོ།་་་་་དེས་ན་ཁྲི་དང་ཁྲིའུ་ནི་འདིར་ངེས་གཟུང་གི་ཡན་ལག་མ་ཡིན་པས་མདོ་རྩ་བ་ལས་ཁྲི་དང་ཁྲིའུ་མ་སྨོས་པར་མནན་པར་འོས་པའི་རྩ་བ་ཞེས་སྤྱིར་གསུངས་པས་སོ། །དེ་ལྟར་རྩ་བ་ཕུར་བུ་ལྟ་བུ་འདི་ནི་ཁྲི་དང་ཁྲིའུའི་རྩ་བ་ཡིན་ཡང་རུང་། མ་ཡིན་ཡང་རུང་སྟེ། མནན་པར་འོས་པའི་རྩ་བ་ཕུར་བུ་ལྟ་བུ་ཡང་རུང་བའོ། །མནན་པར་བྱ་བའི་དངོས་པོ་དེ་གལ་ཏེ་ཁྲིའམ་ཁྲིའུ་ཡིན་པའི་དབང་དུ་བྱས་ནས་བཀན་པ་ཉིད་མ་གཏོགས་སོ་ཞེས་སོ། །ད་ནི་འདེབས་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་ཡུལ་ཀོའུ་ཤམ་བྷིར་འདུན་པས་སྲོག་ཆགས་དང་བཅས་པའི་ཆུ་ས་ལ་འདེབས་པར་བྱེད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དུད་འགྲོའི་སྲོག་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གཞན་ཁོ་ནའི་དོན་དུའམ་རང་

༼༦༩༣༽

གཞན་ཐུན་མོང་གི་དོན་དུ་ཆུ་དང་ས་དང་ཤིང་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་སྲོག་ལ་མ་ལྟོས་པའི་བསམ་པས་ལོངས་སྤྱོད་པས་གཞི་མའི་ཞར་ལ་དུད་འགྲོ་ཤི་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས་གཞིའི་ཡན་ལག་ལ་གསུམ་ལས། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཡིན་པ་སྟེ། ལུང་དང་མདོ་རྩ་བ་ལས་སྲོག་ཆགས་དང་བཅས་པ་ཞེས་སྤྱིར་གསུངས་ཀྱང་། ཊཱི་ཀ་ལས་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཞེས་བཤད་དོ། །ཐ་མལ་པའི་མིག་ལ་སྣང་བ་སྟེ། སྐབས་འདི་ཉིད་ཀྱི་ལུང་རྣམ་འབྱེད་ལས། གང་དག་མིག་གིས་མཐོང་བར་འགྱུར་བར་ཞེས་གསུངས་སོ།་་་་་རྣམ་འབྱེད་འགྲེལ་ལས། མིའི་མིག་ཐ་མལ་པས་མཐོང་བར་འགྱུར་བའོ། །གང་དག་དེས་མི་མཐོང་བ་དེ་དག་ནི་ཡོད་ཀྱང་སྲོག་ཆགས་དང་བཅས་པ་མ་ཡིན་ཏེ་བསད་པར་མི་ནུས་སོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་བཤད་དོ། །འཕགས་པ་མ་འགགས་པས་ལྷའི་མིག་གིས་བལྟས་པས་ཆུའི་ནང་ན་སྲིད་པ་བར་མ་དོ་མང་པོ་མཐོང་བ་ལྟ་བུ་སྟེ། ཐ་མལ་པའི་མིག་ལ་མི་སྣང་ན་གཞི་མའི་ཞར་ལ་བསད་མི་ནུས་ཀྱང་སྔགས་ཀྱིས་གསོད་པར་བྱེད་ན། དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་སྔ་མ་གསུང་ངོ་། །ས་འམ་ཆུ་ལྟ་བུ་གཞི་མ་དང་བཅས་པ་སྟེ། སྲོག་ཆགས་དང་བཅས་པ་ཞེས་སྲོག་ཆགས་དང་ལྡན་པའི་ཚིག་ཏུ་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གཞན་ཁོ་ནའི་དོན་དུའམ་རང་གཞན་ཐུན་མོང་གི་དོན་དུ་སྲོག་ཆགས་ལ་མ་ལྟོས་པར་གཞི་མའི་ཞར་ལ་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་གཞན་བསྐོས་པས་སྲོག་ཆགས་དང་བཅས་པ་ལ་སྤྱོད་པར་ཞུགས་པའོ། །མཐར་ཐུག་ནི་སྦྱོར་བ་དེའི་རྐྱེན་གྱིས་དུད་འགྲོའི་སྲོག་གི་དབང་པོ་འགགས་པ་སྟེ། ཊཱི་ཀ་ལས་སྲོག་ཆགས་དག་གི་སྲོག་གི་དབང་པོ་འགག་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཉིས་པ་ལའོ་ཞེས་བཤད་དེ། འགག་པའི་སྐད་ཅིག་མ་གཉིས་པ་ལ་འགགས་པ་ཉིད་དོ། །ཡན་ལག་གི་དོན་ནི། རང་ཁོ་ན་སྤྱོད་པའི་དོན་ཉིད་དམ་དེ་ལས་གཞན་པའི་དོན་དུ་སྲོག་ཆགས་དང་

༼༦༩༤༽

བཅས་པ་ལ་སྤྱོད་ན་ལྟུང་བྱེད་འདིར་འགྱུར་བའོ། །འོ་ན་རང་གཞན་གཉིས་ཀའི་དོན་དུ་སྤྱོད་ན་འདེབས་སྤྱོད་གཉིས་ཀྱི་ལྟུང་བ་གང་བསྐྱེད་སྙམ་ན། གཞན་དོན་གྱི་དབང་གིས་འདིའི་ལྟུང་བར་རྣམ་པར་བཞག་སྟེ། སྤྱིར་བསྟན་པའི་ཊཱི་ཀ་ལས་རང་དང་གཞན་གཉིས་ཀའི་དོན་དུ་བྱེད་དུ་འཇུག་པ་ཡང་གཞན་་་་་་གཞན་ཁོ་ནའི་དོན་མ་ཡིན་མོད། གྱི་དོན་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལ་བདག་ཉིད་མ་གཏོགས་པ་དོན་དུ་གཉེར་བ་གཞན་ཡང་ཡོད་པའི་ཕྱིར་རོ་ཞེས་བཤད་དོ། །ད་ནི་རིམ་པ་ལྷག་པར་རྩིག་པའི་ལྟུང་བྱེད་འཆད་དེ། བསླབ་པར་བབ་ནི་སྒོ་ཆ་གཞུག་པར་བྱ་བ་ཞེས་པ་ནས་སོ། །ལྟུང་བ་རྣམ་གཞག་ནི་གཙུག་ལག་ཁང་ནི་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་ཀོའུ་ཤམ་བྷིར་དྲུག་སྡེས་ཉི་མ་གཅིག་ལ་གཙུག་ལག་ཁང་སུམ་བརྩེགས་བརྩིགས་ཟིན་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཙུག་ལག་ཁང་འཇིག་པར་འགྱུར་ཞིང་དོན་དང་བྱ་བ་མང་བའོ།་་་་་འདི་ནི། རྡིབ་པ་དང་གས་པ་དང་གྲུམ་པ་ལ་སོགས་པ་སྤང་བའི་ཕྱིར་དགག་པ་མཛད་ཅེས་རྣམ་འབྱེད་འགྲེལ་པ་ལས་བཤད། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གཙུག་ལག་ཁང་བརྩིག་པ་ན་ཉིན་ཞག་གཅིག་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ་དམིགས་བསལ་བཞིའི་སྐབས་སུ་ཉི་མ་ཐ་དད་དུ་རིམ་པ་གསུམ་ལས་ལྷག་པ་ལ་ཡང་ལྟུང་བྱེད་དུ་འགྱུར་ཏེ། ཉི་མ་ཐ་དད་གཞན་ལ་ཡང་འཇིམ་པ་མེད་པ་ལས་སོ་ཞེས་དམིགས་བསལ་གྱི་མདོ་བཞིས་སྟོན་པར་འགྱུར་རོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་རྩིག་པའི་གནས་དང་། གང་གི་ཚེ་རྩིག་པའི་དུས་དང་། གང་གིས་རྩིག་པའི་དངོས་པོ་དང་། གང་གིས་རྩིག་པའི་རྟེན་ནོ། །དང་པོ་ལ་བཞི་ལས། གཙུག་ལག་ཁང་རྩིག་པའི་རྩིག་རྨང་ཡན་ཆད་ཡིན་པ་དང་། སྤྱོད་ལམ་བཞི་ཡན་ཆད་ཤོང་པ་སྟེ། གཙུག་ལག་ཁང་ནི་བྱེད་པ་པོ་ཉིད་དོ།་་་་་གཙུག་ལག་ཁང་རྩིག་པའི་རྨང་ཡན་ཆད་ཡན་ལག་ཡིན་གྱི་ངོ་བོ་གཙུག་ལག་ཁང་ཡིན་པ་ནི་ངེས་གཟུང་གི་ཡན་ལག་མ་ཡིན་ཏེ། གཙུག་ལག་ཁང་རྩིག་པའི་རྨང་འདིང་བའི་ཕ་གུ་རིམ་པ་གསུམ་ལས་ལྷག་པ་ཡང་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །སྤྱོད་ལམ་བཞི་ཤོང་བའོ་ཞེས་སོ། །འགྲེལ་ཆུང་ལས་སྤྱོད་ལམ་བཞི་ཤོང་པ་མན་ཆད་ནི་ཉེས་མེད་ཅེས་བཤད། ཕལ་ཆེར་གཡོགས་བསྐོར་ཡན་ཆད་དུ་རྩིག་པའི་རྩིག་རྨང་ཡན་ཆད་ཡིན་པ་སྟེ། ཕལ་ཆེར་གཡོགས་པ་དང་བསྐོར་བ་ནི་ཞེས་སོ། །བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་སྟེ།

༼༦༩༥༽

ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་ཅེས་བཤད་པས་སོ། །གཉིས་པ་གང་གི་ཚེ་རྩིག་པའི་དུས་ནི་སྤྱིར་བཏང་ལ་ཉིན་ཞག་གཅིག་ཡིན་པ་སྟེ། ཉི་མ་དེ་ལའོ་ཞེས་སོ། །དམིགས་བསལ་བཞི་ཡོད་དེ་གཞུང་དུ་འཆད་པར་འགྱུར་རོ། །གསུམ་པ་གང་གིས་རྩིག་པའི་དངོས་པོ་ནི། འཇིག་པའི་ཉེན་ཅན་ཡིན་པ་སྟེ། སོ་བསྲེགས་པ་མ་ཡིན་པའི་ཕ་གུ་ལྟ་བུའོ། །དེ་ཡང་གལ་ཏེ་ཐམས་ཅད་རྡོའམ་སོ་ཕག་གམ་ཤིང་ལས་བྱས་པ་མ་ཡིན་ནའོ་ཞེས་གསུངས་པས་སོ།་་་་་རྡོ་བ་འབའ་ཞིག་ལ་སོགས་པ་ལ་ནི་འགས་པ་ལ་སོགས་པའི་ཉེས་པར་མི་འགྱུར་བས་ལྟུང་བ་མེད་དོ་ཞེས་རྣམ་བྱེད་འགྲེལ་ལས་བཤད། །བཞི་པ་གང་གིས་རྩིག་པའི་རྟེན་ནི། ཆར་ཆུ་བསྐྱབ་པའི་གཡོགས་པ་མ་བྱས་པར་དང་སྦྱིན་བདག་གི་ཚིག་གིས་དབང་མེད་པ་མ་ཡིན་པ་སྟེ། ཆར་ཆུ་བསྐྱབ་པའི་གཡོགས་པ་ཡང་ངོ་།་་་་་ཆར་ཆུ་བསྐྱབ་པའི་གཡོགས་པ་ཡང་ངོ་ཞེས་པའི་ལུང་ལས་རྩྭ་དག་གིས་གཡོགས་པར་བྱེད་དམ་སྤང་ལེབ་དག་གིས་གཡོགས་པར་བྱེད་ན་ལྟུང་བ་མེད་དོ། །ཞེས་གསུངས་ཏ་ེ་ཆར་ཆུ་བསྐྱབ་པའི་གཡོགས་པར་བྱའོ་སྙམ་པའི་བསམ་པ་ནི་རྩིག་པའི་སྔར་ཡོད་ན་གཡོགས་པའི་སྦྱོར་བ་ནི་རྩིག་པའི་ཕྱིས་བྱས་ཀྱང་ལྟུང་བ་ཁེགས་སོ་ཞེས་སྔ་མ་རྣམས་འཆད་པར་བྱེད་དོ། །ཡོན་བདག་གིས་བྱས་ཟིན་ནས་བལྟའོ་ཞེས་མ་སྨྲས་པ་ལའོ་ཞེས་གསུངས་པ་དང་། ལུང་དགེ་སློང་མའི་རྣམ་འབྱེད་ལས་བདག་པོ་རིངས་ན་ལྟུང་བ་མེད་དོ་ཞེས་་་་་་སྦྱིན་བདག་རིངས་པར་འདོད་པས་ནི་རྡིབ་ན་ཡང་ལྟུང་བ་མེད་དེ། གཙུག་ལག་ཁང་ནི་དེ་ལ་རག་ལས་པའི་ཕྱིར་རོ་ཞེས་རྣམ་འབྱེད་འགྲེལ་པར། གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གིས་སམ་བསྐོས་པའི་སྤྱིར་བཏང་ལ་ཉིན་ཞག་གཅིག་ལ་གཙུག་ལག་ཁང་གི་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རང་ངམ་བསྐོས་པས་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིག་པར་ཞུགས་པའོ། །མཐར་ཐུག་ནི་རིམ་པ་གསུམ་ལས་ལྷག་པ་སྟེ་རིམ་པ་བཞི་པར་བརྩིགས་པའོ།་་་་་འོ་ན་སྡོམ་ཚིག་ལས་རིམ་པ་གཉིས་སུ་བརྩིགས་པའོ་ཞེས་བཤད་པ་དེ་ཅི་

༼༦༩༦༽

ཞེས་འདྲི་ན་གནང་བའི་རིམ་པ་དང་དགག་པའི་རིམ་པ་གཉིས་སུ་རྩིག་པའོ་ཞེས་སྔ་མ་རྣམས་འཆད་ཀྱང་འདི་ནི་སོ་སོ་ཐར་བ་ལས་ཕ་གུ་རིམ་པ་གཉིས་སམ་གསུམ་བརྩིག་པར་བྱའོ་དེ་ལས་ལྷག་པར་རྩིག་ན་ལྟུང་བྱེད་དོ་ཞེས་པའི་ཚིག་ཟུར་སྡོམ་དུ་བསྡུས་ཏེ་རིམ་པ་གཉིས་བརྩིག་པར་བྱའོ་ཞེས་གསུངས་པ་དེ་སྡོམ་དུ་བསྡུས་པ་ཡིན་པ་ཐེ་ཚོམ་མེད་དོ་གསུངས་སོ། །ཡན་ལག་གི་དོན་ནི། དགེ་འདུན་གང་ཟག་གི་་་་་་གཙུག་ལག་ཁང་ནི་ཞེས་པ་ནས་སོ། །ཉི་མ་དེ་ལའོ་ཞེས་པ་ིན་ཉི་མ་གཅིག་ཡིན་པ་དེ་ལ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་སྐྱེད་ཀྱི། ཉི་མ་ཐ་དད་བསྡོམས་ནས་རིམ་པ་གསུམ་ལས་ལྷག་ཀྱང་ལྟུང་བ་མེད་པའོ་ཞེས་སྤྱིར་བཏང་བའོ། །དེ་ལ་དམིགས་བསལ་བཞི་ཡོད་དེ་གཞན་ལ་ཡང་ཞེས་པ་ནི་མདོ་བཞིའི་དང་པོར་སྨོས་པས་མདོ་བཞི་ཆར་གྱི་དབང་དུ་བྱས་པ་སྟེ་དམིགས་བསལ་གྱི་མདོ་བཞི་ཆར་ལ་སྦྱོར་རོ། །གཞན་པ་ལ་ཡང་ཆུ་ཁུང་དག་མ་བཏོད་པར་ཡང་རུང་ངོ་། །གཞན་ལ་ཡང་བརྐོས་ཏེ་རྨང་གི་རྩ་བ་མ་བཙུགས་པ་ཉིད་ཀྱང་རུང་ངོ་། །གཞན་ལ་ཡང་སྒོ་ཆ་གོང་མ་མ་བཅུག་པ་ཡང་རུང་ངོ་ཞེས་སྦྱར་རོ། །འཇིམ་པ་མེད་དང་ཆུ་ཁུང་མ་བཏོད་དང་། །མ་བརྐོས་པར་ནི་རྨང་གཞི་བཙུགས་པ་དང་། །སྒོ་ཆ་གོང་མ་མ་བཅུག་པ་དང་བཞི། །དེ་དག་གང་རུང་གཅིག་ཉིད་ཡིན་ན་ཡང་། །ཉི་མ་ཐ་དད་གཞན་དང་གཞན་བསྡོམས་པའི། །རིམ་པ་གསུམ་ལས་གཉིས་ལྷག་ན་ལྟུང་བྱེད་དོ། །ཞེས་བསྡུ་བའི་ཚིགས་སུ་བཅད་པའོ།་་་་་ཉི་མ་གཅིག་ཡིན་པ་ལས་གཞན་ཉི་མ་་་་་་དེ་རིང་རིམ་པ་གཉིས་བརྩིགས་སང་གཉིས་བརྩེགས་པ་ལྟ་བུ། ཐ་དད་ལ་ཡང་སོ་ཕག་མ་ཡིན་པའི་ཕ་གུ་འཇིམ་པ་མེད་པ་ལས་སྐམ་བརྩིགས་སུ་ཉི་མ་ཐ་དད་བསྡོམས་པས་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་དོ། །སྐབས་འདིར་དེང་སང་གི་ཤ་ལུགས་ཀྱི་འདུལ་འཛིན་ཕལ་ཆེར་དག་ན་རེ། ཆུ་ཁུང་མ་བཏོད་པ་ལ་སོགས་པ་འདི་གསུམ་ལ་རིམ་པ་གསུམ་ལས་ལྷག་པ་མ་བརྩིགས་ཀྱང་ལྟུང་བྱེད་སྐྱེད་ཅེས་ཟེར་རོ། །དེ་འདྲ་ལུང་ན་ཡི་གེ་འབྲུ་གཅིག་ཀྱང་མི་སྣང་ལ། རང་གི་རྣམ་བཤད་དང་ཊཱི་ཀ་དང་འགྲེལ་ཆུང་སྟེ་འགྲེལ་བ་གསུམ་ཆར་ལས་ཆུ་ཁུང་མ་བཏོད་པ་ལ་སོགས་པ་གསུམ་གྱི་ལྟུང་བྱེད་བསྐྱེད་པ་ལ་ཡང་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ཏེ། ཆུ་ཁུང་དག་མ་བཏོད་པས་ཞེས་པ་ནི་རང་གི་རྣམ་བཤད་ལས་ཆུ་ཁུང་དག་མ་བཏོད་པ་ཡང་རུང་ངོ་ཞེས་བྱ་བ་ནི་ཉི་མ་གཞན་ལ་ཡང་ཞེས་བྱ་བར་སྦྱར་བར་བྱའོ་ཞེས་

༼༦༩༧༽

གསུངས་ལ། ཊཱི་ཀ་ལས་ཀྱང་ཆུ་ཁུང་དག་མི་བཏོད་པ་ལ་ནི་ཉི་མ་གཞན་ལ་ཕ་གུ་རིམ་པ་གསུམ་ལས་ལྷག་པར་རྩིག་པར་བྱས་ན་ལྟུང་པའི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བཤད་དོ། །བརྐོས་ཏེ་རྨང་གི་རྩ་བ་མ་བཙུགས་པར་་་་་་འགྲེལ་ཆུང་ལས་རྨང་གི་ས་མ་བརྐོས་པར་རྨང་བཏིང་ན་ཞེས་གསུངས་སོ། པར་ཞེས་པ་ནི་རང་གི་རྣམ་བཤད་དང་ལས་བརྐོས་ཏེ་རྩ་བ་མ་བཙུགས་པར་ཡང་རུང་ངོ་ཞེས་་་་་་ཆུ་ཁུང་ཞེས་སྐྱེ་བ་ནི་ཆུ་ཕྱིར་འབྱུང་བའི་སྲོལ་ལོ་ཞེས་རྣམ་འབྱེད་འགྲེལ་པ་ནས་གསུངས་སོ། བྱ་བ་ནི་མ་གཞན་ལ་ཡང་ཕ་གུ་རིམ་པ་གསུང་ལས་ལྷག་པར་རྩིག་པ་བྱས་པ་དང་བྱེད་དུ་བཅུག་ན་ཡང་དངོས་གཞིར་རིག་པར་བྱའོ་ཞེས་གསུངས་ལ། དེ་ལྟར་ཊཱི་ཀ་ལས་ཀྱང་བཤད་དོ། །སྒོ་ཆ་གོང་མ་མ་བཅུག་པར་ཞེས་པ་ནི་རང་གི་རྣམ་བཤད་ལས། སྒོ་ཆ་གོང་མ་མ་བཅུག་པ་ཡང་རུང་ངོ་ཞེས་བྱ་བ་ནི་རིམ་པ་གསུམ་ལས་ལྷག་པར་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏེ། ཞེས་གསུངས་ལ། ཊཱི་ཀ་ལས་ཀྱང་སྒོ་ཆ་གོང་མ་མ་བཅུག་པ་ལས་ཉི་མ་གཞན་ལ་ཡང་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བཤད་དོ། །ཊཱི་ཀ་ལས་སྒོ་ཆ་གོང་མ་མ་བཅུག་པ་ལ་ནི་དངོས་གཞིའོ་ཞེས་པ་ནི་རིམ་པ་ལྷག་པ་ལ་སོགས་པ་ཡན་ལག་གཞན་ཚང་གི་དབང་དུ་བྱས་ཏེའོ། །ཊཱི་ཀ་ལས་མདོ་གོང་མ་གསུམ་ཆར་ལས་རུང་ངོ་ཞེས་སྨོས་པ་ནི། དེ་དག་གི་རིམ་པ་རྣམས་ལྟུང་བའི་ཕྱིར་སོ་སོར་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་ཞེས་པ་ནི། ཉི་མ་ཐ་དད་གཞན་ལ་རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་ལ་ལྟུང་བྱེད་བསྐྱེད་པ་འདི་ལ་ནི། ཆུ་ཁུང་མ་བཏོད་པ་ལ་སོགས་པ་གསུམ་ཆར་ཚོགས་པ་ཡན་ལག་ཏུ་དགོས་པ་མ་ཡིན་གྱི། དེ་གསུམ་ནི་ལྟུང་བའི་ཕྱིར་སོ་སོར་གཙོ་སྟེ། དེ་གསུམ་གང་རུང་རེ་རེ་ལ་ཡང་ཉི་མ་ཐ་དད་གཞན་ལ་ཡང་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་ལྟུང་བྱེད་བསྐྱེད་པར་རུང་ངོ་ཞེས་པའོ། །དང་པོའི་མདུན་རོལ་ཏུ་ནི་ཉེས་པ་མེད་དོ། །འོན་ཀྱང་འདུ་ཤེས་འཁྲུལ་ན་ནི། ལུང་ཞུ་བ་ལས། ཕ་གུ་རིམ་པ་གསུམ་ལས་ལྷག་པ་ལ་ལྷག་པར་འདུ་ཤེས་ཏེ་བརྩིགས་ན་ཉེས་བྱས་སོ། །ཞེས་གསུངས་སོ། །ད་ནི་མ་བསྐོས་པར་སྟོན་པའི་ལྟུང་བྱེད་འཆད་དེ། དགེ་སློང་མའི་སྟོན་པ་བསྐོ་བ་འདིའི་

༼༦༩༨༽

སྤྱི་དོན་ལ་གཉིས་ལས། དང་པོ་སྟོན་པ་བསྐོས་པའི་དགོས་པ་ནི། མ་བསྐོས་པར་ཆོས་སྟོན་པའི་ལྟུང་བ་མི་འབྱུང་བ་དང་། ཆོ་གས་བསྐོས་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་བསྐོ་བ་ནི། བཙུན་པ་དང་། བརྟན་པ་དང་། མཁས་པ་དང་། ཕན་འདོགས་པའི་ཡན་ལག་དང་ལྡན་པ་སྟེ། བཙུན་པའི་ཡན་ལག་ནི་ཕམ་ལྷག་གིས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། ཕམ་པར་གྱུར་པ་མ་བྱུང་བ་ཞེས་པ་དང་། དགེ་སློང་མ་ལ་ལུས་ཉེ་བར་རེག་པ།་་་་་གཞོལ་བ་ཕྱིར་བཅོས་པ་ཞེས་གསུངས་པས་ལྷག་མའི་ལྟུང་བ་གཞན་གྱིས་མ་གོས་པ་ཡང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། དུད་འགྲོ་གསོད་པ་ལ་སོགས་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་མི་འཛེམ་ན་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །བརྟན་པའི་ཡན་ལག་ནི། བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པ་སྟེ། ལོ་ཉི་ཤུ་ལས་མི་ཉུང་བ་ཞེས་སོ། །གཞན་དུ་ན་བསྐོ་བའི་ལས་འདི་མི་འཆགས་ཏེ། ལུང་རྣམ་འབྱེད་དང་དེའི་འགྲེལ་བ་ལས་བཤད་དོ། །མཁས་པའི་ཡན་ལག་ནི། སྡེ་སྣོད་གསུམ་འཛིན་པ་ནས་མཐུན་པ་དང་ཡོངས་དག་ལ་སྦྱོར་ནུས་པ་ཡན་ཆད་ཡིན་པ་དང་། གྲོང་ཁྱེར་བའི་སྐད་སྨྲ་བ་སྟེ། གཞུང་ལས་དངོས་སུ་གསུངས་སོ། །གཞན་དུ་ན་བསྐོ་བའི་ལས་འདི་མི་འཆགས་པར་ལུང་རྣམ་འབྱེད་དང་། དེའི་འགྲེལ་བ་ལས་བཤད་དོ། །ཕན་འདོགས་ཀྱི་ཡན་ལག་ནི། ཆོས་བཅུ་གསུམ་སྟེ།་་་་་མཚན་མཐུན་ལྟ་མཐུན་ཐ་སྙད་གསུམ་དང་ལྡན། །ལུས་ནི་ཐ་མལ་ས་ནི་རང་བཞིན་གནས། །མཚམས་ཀྱི་ནང་གནས་འགྲོ་བ་བཞི་དང་བྲལ། །སྤྲོ་དང་ཚོགས་ལོངས་མིན་དང་སྔར་བསྐོས་མིན། །ཞེས་གཟུང་སྟེ། དེ་ཡང་མཚན་མཐུན་པ་དང་ལྟ་བ་མཐུན་པ་ལ་སོགས་པ་བཅུ་གཉིས་ནི་བསྐོ་བའི་ལས་ཀྱི་བསྒྲུབ་བྱའི་སྐབས་སུ་ལས་གཞིར་འཆད་པར་འགྱུར་ལ། དགེ་སློང་མའི་སྟོན་པར་སྔར་བསྐོས་པ་དང་མ་འབྲེལ་བ་ནི། སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ཞེས་གསུངས་པས་སོ། །དེ་ལྟར་ན་ཆོས་བཅུ་དྲུག་དང་ལྡན་པ་བསྐོའོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་དུས་གང་གི་ཚེ་བསྐོ་བ་ནི། གསོ་སྦྱོང་བཅོ་ལྔ་པ་

༼༦༩༩༽

ལའོ་ཞེས་སོ། །དུས་གཞན་དུ་ནི་བསྐོ་བའི་ལས་འདི་མི་འཆགས་པར་ལུང་རྣམ་འབྱེད་དང་དེའི་འགྲེལ་བ་ལས་བཤད་དོ། །བཞི་པ་གནས་གང་དུ་བསྐོ་བ་ནི། མཚམས་ཀྱི་ནང་དུའོ་ཞེས་སོ། །གནས་གཞན་དུ་བསྐོ་ལས་མི་འཆགས་པར་ལུང་རྣམ་འབྱེད་དང་དེའི་འགྲེལ་པ་ལས་བཤད་དོ། །ལྔ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་། སྤྲོ་བ་འདྲི་བའོ། །དངོས་གཞི་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མཇུག་ནི་ལས་ཀྱི་མཇུག་སྡུད་བརྗོད་པའོ། །ཡན་ལག་གི་དོན་ནི། ཕམ་པར་འགྱུར་བའམ་ལྕི་བའི་ཆོས་རྣམས། །ཞེས་པ་འདིར།་་་་་འདིར་དོགས་པ་བསུ་བ་ནི། ཕམ་པར་འགྱུར་བའམ་ལྕི་བའི་ཆོས་རྣམས་སྟོན་ནུས་པའོ། །ཞེས་ཕམ་པ་དང་ལྕི་བའི་ཆོས་གང་རུང་སྟོན་ནུས་པ་བསྐོ་བར་གསུངས་པ་ནི་ལུང་དང་འགལ་ཏེ། དེ་ཡང་དགེ་སློང་མའི་སྟོན་པ་བསྐོ་བའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། དགེ་སློང་དེ་ཡང་ཕམ་པར་གྱུར་པའི་ཆོས་བརྒྱད་པོ་དག་ཏུ་རྒྱ་ཆེར་བརྗོད་པར་མི་ནུས་ན་གང་དག་བསྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་འགྱུར་ལ། དེ་བསྐོས་པ་དེས་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ་ཞེ་ན། ཕམ་པ་དང་ནི་ལྕི་ཆོས་སྟོན་ནུས་པ། །གཉིས་ཚོགས་མེད་ན་བསྐོ་བའི་ལས་མི་འཆགས། །གང་རུང་རེ་རེས་མིན་ཞེས་ལུང་ལས་གསུངས། །དེ་ལས་བཟློག་སྟེ་མདོ་འདིར་བཤད་མོད་ཀྱང་། །གཉིས་ཚོགས་རྙེད་པའི་ཚེ་ན་ལུང་བཞིན་ཏེ། །གཉིས་ཚོགས་མེད་ན་མདོ་་་་་་རྩ་བ། བཞིན་་་་་་ཡིན་པས་དེས་ན་དེ་དག་ལ། །འགལ་བ་མེད། ཕྱི་མ་ནི་ཞེས་པ་རྣམ་འབྱེད་འགྲེལ་ལས་སྔ་མ་ལྟ་བུ་མཚམས་ཀྱི་ནང་ན་ཡེ་མེད་ན། དེའི་འོག་ཏུ་གཟོད་འདི་ཕྱིས་བསྐོ་བར་བྱ་བ་ཡིན་པར་ཞེས་བྱའོ། །ཞེས་བཤད་དོ།་་་་་སྔ་མ་གཅིག་ཙམ་ཡོད་ན་ཡང་། ཕྱི་མ་འདི་བསྐོས་ན་བསྐོས་པའི་ལས་ཀྱང་མི་འཆགས་ལ་དེས་ཆོས་བསྟན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་ཀྱང་རྣམ་འབྱེད་འགྲེལ་ལས་བཤད་དོ། །མཐུན་ནམ་ཞེས་པ་རྣམ་འབྱེད་འགྲེལ་ལས། ལྟ་བ་མཐུན་ནམ་ཞེས་བཤད་ལ། །ཕན་ཚུན་མཐུན་ནམ་ཞེས་ཊཱི་ཀ་ལས་སོ། །ཆོས་བླ་མའི་ཞེས་པ་ནི། ལམ་ཆུང་བའི་གླེང་གཞི་ལས་སོ། །ལྟུང་བ་རྣམ་པར་བཞག་པ་ནི་བསྐོས་པ་དེ་དག་ལས་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་མ་བསྐོས་པར་དགེ་

༼༧༠༠༽

སློང་མ་ལ་ཆོས་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གང་དགེ་སློང་མའི་སྟོན་པར་ཚུལ་བཞིན་དུ་བསྐོས་པ་མ་ཡིན་པས་དགེ་སློང་མ་ལ་ཆོས་བསྟན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་གསུམ་ལས། གང་ལ་བསྟན་པའི་ཡུལ་ནི། དགེ་སློང་མ་ཆོས་བདུན་ལྡན་སྔར་་་་་་འཁྲུར་འཇུག་གི་སྐབས་སུ། བཤད་ཟིན་པ་དེ་ལས་འདིར་ཉེ་དུ་མ་ཡིན་པ་མ་གཏོགས་པ་ཆོས་དྲུག་ལྡན་ནོ། །གང་བསྟན་པའི་ཆོས་ནི། སངས་རྒྱས་ཀྱི་བཀའ་འམ་ཏེ་གཏན་ལ་འབེབས་པའི་བསྟན་བཅོས་ཡིན་པ་སྟེ། ལུང་ལས་སྟོན་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་བོ་ཞེས་སོ། །སེལ་བ་སྒྲ་རིག་པ་ལྟ་བུ་བསྟན་ན་ནི་ན་སྨད་དོ། །ཚིག་བཞིར་ལོངས་པ་སྟེ་་་་་་རྣམ་འབྱེད་ཀྱི་ཊཱི་ཀར། གླུ་ལེན་པ་ལ་བཤད་པའི་གནད་ཀྱིས་ཤེས་སོ། །གང་གིས་སྟོན་པའི་རྟེན་ནི། དགེ་སློང་མའི་སྟོན་པར་བསྐོས་པ་ཉིད་མ་ཡིན་པ་དང་། ཆོས་བླ་མའི་མཐུ་དང་མི་ལྡན་པ་དང་། དགེ་འདུན་དུ་མ་ལོངས་ཤིང་འོས་པ་ལ་གསོལ་བ་མ་ཡིན་པ་སྟེ། གཞུང་དུ་སྟོན་པར་འགྱུར་རོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་དགེ་སློང་མའི་སྟོན་པར་མ་བསྐོས་པར་རང་གར་དགེ་སློང་མ་ལ་ཆོས་སྟོན་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཆོས་སྟོན་པར་ཞུགས་པའོ། །མཐར་ཐུག་ནི་དགེ་སློང་མས་དོན་གོ་བའོ། །ཡན་ལག་གི་དོན་ནི། བསྐོས་པ་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་དང་ཞེས་པ་ནི་བདུན་པོ་དེ་དག་ལས་གཅིག་དང་ཡང་མི་ལྡན་པ་སྟེ། ལུང་ལས་དོན་འདི་ལྟར་གསུངས་ཏེ། ཕམ་པ་མ་བྱུང་མཁས་པའི་ཡན་ལག་ལྡན། །བསྙེན་པར་རྫོགས་ནས་ལོ་གྲངས་ཉི་ཤུ་ལོན། །གྲོང་ཁྱེར་སྐད་སྨྲ་རེག་པའི་ལྟུང་བ་མེད། །བཅོ་ལྔའི་དུས་དང་མཚམས་ཀྱི་ནང་དང་བདུན། །དེ་དག་གང་རུང་གཅིག་དང་མི་ལྡན་ན། །གཞན་དྲུག་ལྡན་ཡང་བསྐོ་བའི་ལས་མི་འཆགས། །དེ་ཡང་ལུང་རྣམ་འབྱེད་ལས་་་་་ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་

༼༧༠༡༽

ཞེ་ན་ཕམ་པ་བཞི་པོ་དག་ལས་གང་ཡང་རུང་བའི་ལྟུང་བ་མ་བྱུང་བ་སྟེ་ཞེས་གསུངས་ནས། ཚུལ་ཁྲིམས་དང་ལྡན་པ་མ་ཡིན་པ་བསྐོས་ན་བསྐོ་བར་བྱེད་པ་དེ་དག་ལ་ཉེས་བྱས་སུ་འགྱུར་ལ། བསྐོས་པ་དེས་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་་་་་་ལུང་འདི་ལ་བརྟེན་ནས་ཕམ་པ་བྱུང་བས་སྡོམ་པ་མི་གཏོང་ཞེས་བྱེ་བྲག་སྨྲ་བ་རྣམས་བཞེད་དོ། རོ་ཞེས་བྱ་བ་ལ་སོགས་པ་རེ་རེ་ནས་གསུངས་སོ། །རྣམ་འབྱེད་འགྲེལ་ལས་་་་་་བསྐོས་པ་དེས་དགེ་སློང་མ་ལ་ཆོས་བསྟན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི། མི་རིགས་པའི་རྣམ་པར་བྱས་པ་ནི། མ་བྱས་པ་ཉིད་ཡིན་པའི་ཕྱིར་ཏེ། མ་བསྐོས་པ་ཉིད་ཡིན་པས་དངོས་གཞིའི་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །ད་ནི་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དགའ་བྱེད་ཀྱིས་ཉི་མ་ནུབ་ཀྱི་བར་དུ་དགེ་སློང་མ་ལ་ཆོས་བསྟན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཉི་མ་ནུབ་པའི་དུས་སུ་དགེ་སློང་མ་ལ་ཆོས་བསྟན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་བཞི་ལས། གང་ལ་བསྟན་པའི་ཡུལ་ནི། དགེ་སློང་མ་ཆོས་དྲུག་ལྡན་སྔ་མ་བཞིན་ནོ།་་་་་མ་བསྐོས་པར་བསྟན་པའི་སྐབས། །གང་བསྟན་པའི་ཆོས་ནི། ཆོས་གཉིས་ལྡན་སྔ་མ་བཞིན་ནོ། །གང་གི་ཚེ་བསྟན་པའི་དུས་ནི། ཉི་མ་ནུབ་པའི་དུས་ཡིན་པ་དང་། མཚན་ཐོག་ཐག་ཆོས་སྟོན་པའི་དུས་མ་ཡིན་པ་སྟེ། གཞུང་དུ་སྟོན་པར་འགྱུར་རོ། །གང་དུ་བསྟན་པའི་གནས་ནི་འཇིགས་པའི་ཉེན་མེད་ཡིན་པ་སྟེ། དེའི་ཚེ་གལ་ཏེ་སྒོ་ཕྱེད་ཞིང་ཞེས་པས་སོ། །གཞན་དུ་་་་་་མཚན་མི་མཐུན་པའི་ཉེ་བར་འཚེ་བར་བྱུང་ན་གཙུག་ལག་ཁང་དུ་བྲོས་པས་ཆོག་པས། ན་རང་རིགས་ཀྱི་བསླབ་པ་དང་བྲལ་བར་བྱེད་པའི་དགག་བྱ་མེད་པའི་ཕྱིར་རོ་ཞེས་འཆད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཉི་མ་ནུབ་ནས་རང་གར་དགེ་སློང་མ་ལ་ཆོས་སྟོན་པའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་

༼༧༠༢༽

ཉིད་ལྔ་ལྡན་གྱིས་ཆོས་སྟོན་པར་ཞུགས་པའོ། །མཐར་ཐུག་ནི་དགེ་སློང་མས་དོན་གོ་བའོ། །ཡན་ལག་གི་དོན་ནི། ཤེས་གཙོའོ་ཞེས་སོ། །དེའི་ཚེ་གལ་ཏེ་སྒོ་ཕྱེ་ཞིང་ཞེས་པ་ལ། འགྲེལ་ཆུང་གི་མདོ་རྩ་བ་ལས། དེའི་ཚེ་གལ་ཏེ་གཙུག་ལག་ཁང་གི་སྒོ་ཕྱེ་ཞིང་་་་་་དེ་ལྟ་བུའི་མདུན་ན་དབྱར་ཁང་འདུག་པ་མ་ཡིན་པར་རོ། །ཞེས་བཤད་པ་དེ་འགྱུར་ལེགས་སོ། །ད་ནི་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྐུར་པ་འདེབས་པའི་ལྟུང་བྱེད་འཆད་དོ། །བསླབ་པར་བྱ་བ་ནི་དགེ་སློང་མས་ཆོས་འདྲི་བ་ལ་ཞེས་སོ། །ལྟུང་བ་རྣམ་པར་བཞག་པ་ནི། དགེ་སློང་དེ་ལྟར་གྱུར་པ་མ་ཡིན་པ་ལ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་དགའ་བྱེད་ལ་སྐུར་པ་བཏབ་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ཟས་ལ་སོགས་པའི་ཆེད་དུ་ཆོས་སྟོན་པ་མ་ཡིན་པ་ལ་ཟས་ལ་སོགས་པའི་ཆེད་དུ་དགེ་སློང་མ་ལ་ཆོས་བསྟན་ཏོ། །ཞེས་སྐུར་པ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་གསུམ་ལས། གང་ལ་སྐུར་པ་གདབ་པའི་ཡུལ་ནི། དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ཟས་གོས་ཀྱི་ཕྱིར་ཆོས་སྟོན་པ་པོ་མ་ཡིན་པ་སྟེ། དགེ་སློང་དེ་ལྟར་གྱུར་པ་མ་ཡིན་པ་ལ་ཞེས་དང་། ལུང་རྣམ་འབྱེད་ལས། ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་པ་བདེན་ན་ལྟུང་བ་མེད་དོ་ཞེས་་་་་་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྨྲས་ན་སྐབས་འདིར་གཏོགས་ཀྱི་ལྟུང་བ་མེད་ལ་སྐྱོན་ནས་སྨྲ་བའི་ལྟུང་བ་ནི་འབྱུང་སྲིད་དོ། །གསུངས་སོ། །གང་གིས་སྐུར་པ་གདབ་པའི་དངོས་པོ་ནི། ཟས་གོས་སམ་ལྷུང་བཟེད་ཀྱི་ཆེད་དུ་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྐུར་པ་འདེབས་པ་སྟེ། ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་པ་དང་། གོས་དང་ལྷུང་བཟེད་ལའང་གནད་ཀྱིས་སྦྱར་ཏེ། འགྲེལ་ཆུང་ལས་གོས་དང་ལྷུང་བཟེད་ལྟ་བུ།་་་་་ཡོ་བྱད་དག་དང་ཁ་ཟས་ཙམ་གྱི་ཕྱིར་ཆོས་འཆད་དོ། །ཞེས་སྐུར་པའི་ཚིག་སྨྲས་ན་ལྟུང་བའོ་ཞེས་སོ། །གང་ལ་གོ་བར་བྱ་བའི་ཡུལ་ནི་ཆོས་གསུམ་

༼༧༠༣༽

ལྡན་ཏེ། སྔར་་་་་་ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པར་གནས། བདག་ལས་ཐ་དད་ཅེས། མི་ཆོས་བླ་མའི་སྐབས་སུ་བཤད་ཟིན་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཟས་ལ་སོགས་པའི་ཆེད་དུ་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་སྐུར་པ་འདེབས་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སྐུར་པ་འདེབས་པ་འདི་ལ་ཞུགས་པའོ། །མཐར་ཐུག་ནི་ཕ་རོལ་པོས་དོན་གོ་བའོ། །ཡན་ལག་གི་དོན་ནི་དགེ་སློང་དེ་ལྟར་ཞེས་པ་ནས་སོ། །ད་ནི་གོས་བྱེད་པའི་ལྟུང་བྱེད་འཆད་དེ། སོ་སོ་ཐར་པའི་མདོ་ལས། གོས་སྦྱིན་པའི་རྗེས་སུ་གོས་བྱེད་པ་འདི་གསུངས་ཀྱང་། འདིར་གོ་རིམ་བསྒྱུར་ནས་གསུངས་པ་ནི། གོས་བྱེད་པ་ནི་གོས་སྦྱིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་མའི་གོས་བཟོ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་གི་བྱ་བའི་ཡུལ་དང་། གང་བྱ་བའི་དངོས་པོའོ། །དང་པོ་ནི། དགེ་སློང་མ་ཆོས་བདུན་ལྡན་སྔར་འཁྲུར་འཇུག་གི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་ལ་ལྔ་ལས། གོས་ཡིན་པ་སྟེ། གོས་བྱེད་ནའོ་ཞེས་སོ། །དགེ་སློང་མ་དེ་ཉིད་ཀྱི་ཡིན་པ་དང་། བྱེད་འཕྲོ་གཞིའི་སེལ་བར་གཏོགས་པ་མ་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པ་སྟེ། སྔར་བཤད་ཟིན་པ་བཞིན་ནོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་གར་དགེ་སློང་མའི་གོས་བཟོ་བྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གོས་ཀྱི་བཟོ་བྱེད་པར་ཞུགས་པའོ། །མཐར་ཐུག་ནི་བཟོས་ཟིན་པའོ།་་་་་ལུང་ཞུ་བ་ལས་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་

༼༧༠༤༽

ཚད་ལས་ཆུང་བ་ཞིག་བགྱིས་ནས་བྱིན་གྱིས་བརླབ་ཏུ་མི་རུང་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་ཚད་ལས་ལྷག་པར་བཟོ་བགྱིས་ན་བྱིན་གྱིས་བརླབ་ཏུ་མི་རུང་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་སོ། །དེས་ན་འདི་ནི་གོས་རང་ཚད་ལས་གྱུར་པའོ། །ཡན་ལག་གི་དོན་ནི། ཤེས་གཙོའོ་ཞེས་སོ། །ད་ནི་གོས་སྦྱིན་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་ཚོང་དཔོན་ལས་རབ་ཏུ་བྱུང་བའི་དགེ་སློང་གིས་དགེ་སློང་མ་ལ་གོས་བྱིན་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ། རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་དགེ་སློང་རང་དབང་བའི་གོས་དག་གི་རིག་བྱེད་ཀྱིས་བྱིན་ནས་ཡུལ་དེས་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གཉིས་ཏེ། གང་ལ་སྦྱིན་པའི་ཡུལ་དང་། གང་སྦྱིན་པའི་དངོས་པོའོ། །དང་པོ་ནི། སྔར་བཞིན་དགེ་སློང་མ་ཆོས་བདུན་ལྡན་གྱི་སྟེང་དུ། དགེ་འདུན་མ་་་་་་སྤྱི་ལ་གོས་འབུལ་ན། དེའི་ཁོངས་སུ་གཏོགས་པ་མ་ཡིན་པ་དང་། དགེ་སློང་མའི་ཆོས་གོས་ཚང་བར་ཡོད་པ་དང་།་་་་་དགེ་སློང་མས་དགེ་སློང་ལ། ཆོས་ལེགས་པར་སྨྲ་བ་མ་ཡིན་པ་དང་། བསྙེན་པར་རྫོགས་པར་བྱེད་པ་མ་ཡིན་པ་སྟེ། གོས་འབུལ་བ་མ་ཡིན་པའོ། །གལ་ཏེ་བོར་བརླག་བྱུང་བ་དང་། །ལེགས་པར་སྨྲ་བ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་། ཞེས་གསུངས་སོ།་་་་་དགེ་འདུན་མ་སྤྱི་ལ་གོས་འབུལ་བ་ཡིན་ན། མཛའ་བོ་ལ་བརྟེན་པའི་ཆགས་པ་རྒྱུར་གྱུར་གྱི་དགག་བྱ་མེད་པའི་ཕྱིར་དང་། དགེ་སློང་མའི་གོས་བོར་བརླག་བྱུང་བ་དང་། དགེ་སློང་མས་ཆོས་ལེགས་པར་སྨྲ་བ་ལ་སོགས་པ་ཡིན་ན་རྐྱེན་དེ་ལ་ལྟོས་ནས་གོས་སྦྱིན་པ་གནང་བའི་ཕྱིར་ལྟུང་བ་མེད་དོ། །གཉིས་པ་གང་སྦྱིན་པའི་དངོས་པོ་ལ་བཞི་ལས། གོས་ཡིན་པ་སྟེ། གོས་སྦྱིན་ནའོ་ཞེས་སོ། །རང་གི་ཡིན་པ་སྟེ། གཞན་གྱི་གོས་གཞན་གྱིས་སྟེར་བ་འབྱུང་རིང་བས་དགག་བྱ་གནས་སྐབས་ཀྱི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །རུང་བ་དང་ཚད་དང་ལྡན་པ་གཉིས་ནི་སྤྱིར་བསྟན་པ་ལས་སོ།་་་་་ལུང་ཞུ་བ་ལས། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩོལ་ཀྱང་ནོངས་པ་ལྟུང་བྱེད་དུ་མི་འགྱུར་བ་མཆིས་སམ་ཨུ་པ་ལི་ཡོད་དེ། ཁྲུ་གང་ལས་ཆུང་བར་གྱུར་པའི་གོས་དང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་གྱུར་པ་བྱིན་ནའོ།

༼༧༠༥༽

།ཞེས་གསུངས་སོ། །དེས་ནི་གོས་ཁྲུ་གང་དུ་ལོངས་ཤིང་གོས་རང་ཚད་ལས་མ་ལྷག་པ་ཡན་ལག་ཏུ་དགོས་པར་བསྟན་ཏོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་གོས་བརྗེ་བ་ལས་གཞན་པས་རང་གར་དགེ་སློང་མ་ལ་གོས་སྟེར་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་གོས་སྟེར་བར་ཞུགས་པའོ། །མཐར་ཐུག་ནི་ཡུལ་དེས་ཐོབ་བློ་སྐྱེས་པའོ། །ཡན་ལག་གི་དོན་ནི། གོས་བྱིན་ནའོ་་་་་་བསྙེན་པར་རྫོགས་པར་བྱེད་པ་དང་། ཞེས་པ་ནི་འགྲེལ་ཆུང་ལས། དགེ་ཚུལ་མ་ཞིག་བསྙེན་པར་རྫོགས་པར་བྱེད་པའི་ཚེ་གོས་མེད་པ་ལ་གོས་བྱིན་པ་དང་ཞེས་བཤད་པས། དེ་ལ་དགེ་སློང་གིས་དགེ་ཚུལ་མ་དེ་ལ་གོས་བྱིན་ཡང་། གོས་བྱིན་པའི་ཉེས་བྱས་མི་བསྐྱེད་པའོ། །ཞེས་སོ། །ད་ནི་དགེ་སློང་མ་དང་ལྷན་ཅིག་མགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ནི། ལམ་རྒྱགས་བསྐུར་བར་བྱའོ་ཞེས་པ་ནས་སོ། །ལྟུང་བ་མེད་པ་ནི། འཇིགས་པ་དང་བཅས་པའི་ཞེས་པ་ནས་སོ། །ལྟུང་བ་རྣམ་གཞག་ནི། དགེ་སློང་མ་གཅིག་དང་ཡང་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་ལམ་དུ་འགྲོ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། དགེ་སློང་ཕོ་མོ་ལམ་དུ་འགྲོགས་པ་དེ་མི་མཛེས་ཤིང་མ་དད་པ་སྐྱེ་བ་དང་། ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་སའི་ལམ་དུ་རྒྱང་གྲགས་ལས་འདས་པར་ཕྱིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འགྲོགས་པའི་ཡུལ་དང་། གང་དུ་འགྲོ་བའི་ལམ་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ནི་མ་བསྐོས་པར་ཆོས་སྟོན་པའི་སྐབས་སུ་བཤད་པའི་དགེ་སློང་མ་ཆོས་དྲུག་ལྡན་གྱི་སྟེང་དུ། ངོ་མ་སྦོས་པ་དང་། ཕན་གདགས་བྱ་འདོགས་བྱེད་མ་ཡིན་པ་སྟེ། ངོ་སྦོས་ན་བལ་ཁུར་བ་ལ་ན་སྨད་དུ་གསུངས་པའི་་་་་་ལུང་ཁུངས་དྲངས་ཟིན་པ་དེ། གནད་ཀྱིས་དང་། སེལ་་་་་་ཕན་འདོགས་བྱ་དང་འདོགས་བྱེད་ཡིན་ན། བྱེད་པ་ནི་མ་གཏོགས་སོ། །མི་ནུས་པ་ཁྲིད་པ་ཡང་ངོ་། །ཞེས་གསུངས་པའི་གནད་ཀྱིས་ཤེས་

༼༧༠༦༽

ལ།་་་་་ནད་པ་བསྐུར་བ། དེ་ལ་་་་་་དགེ་སློང་དང་དགེ་སློང་མ། ཕན་ཚུན་གྲོགས་བྱའོ་ཞེས་གསུངས་པས་སོ། །གཉིས་པ་གང་དུ་འགྲོ་བའི་ལམ་ནི་སའི་ལམ་ཡིན་པ་་་་་་སྟེ་ཆུའི་ལམ་ཡིན་ན་ནི་ཆུར་འཇུག་པའི་ལྟུང་བྱེད་གཞན་དུ་འགྱུར་ཞིང་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ན་ཉེས་བྱས་སུ་འགྱུར་བས་འདིར་ནི་སའི་ལམ་ཡིན་པ། དང་། རྒྱང་གྲགས་ཀྱི་མཐའ་བ་ཡིན་པ་དང་། འཇིགས་པའི་ཉེན་ཅན་མ་ཡིན་པ་སྟེ། ལམ་ལས་འདས་ཤིང་འགྲོ་ནའོ། །ཞེས་པ་དང་། རྒྱང་གྲགས་རེ་རེ་རོ་ཞེས་པ་དང་། འཇིགས་པ་དང་བཅས་པའི་ལམ་དུ་མ་གཏོགས་ཞེས་གསུངས་པས་སོ། །གསུམ་པ་གང་གིས་འགྲོ་བའི་རྟེན་ནི། བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། ལུང་ཞུ་བ་ལ་དགེ་སློང་གིས་དགེ་སློང་མ་དང་འཐམས་ནས་བཤུལ་དུ་ཞུགས་ཏེ་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། ལམ་དུ་བར་་་་་་ཆོམ་རྐུན་དང་སྟག་དང་སེང་གེ་ལ་སོགས་པ། ཆད་བརྒྱད་པོ་ལས་གང་ཡང་རུང་སྟེ་བར་ཆད་གཅིག་འབྱུང་བ་ལས་གྱུར་པའོ། །ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་དགེ་སློང་མ་དང་ལྷན་ཅིག་འགྲོགས་ཏེ་ལམ་གཅིག་ནས་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་་་་་་ཉི་མ་ཐ་དད་ལ་རྒྱང་གྲགས་ཕྱེད་ཕྱེད་འགྲོ་བ་ལྟ་བུ་སྦྱོར་བ་ཐ་དད་ན་བྱ་བ་དུ་མའི་འབྲས་བུས་ལྟུང་བ་གཅིག་ཏུ་རྣམ་པར་མི་བཞག་པས། སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདས་ཞིང་རྫུ་འཕྲུལ་ལས་གཞན་པས་འགྲོ་བར་ཞུགས་པའོ།་་་་་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་རྫུ་འཕྲུལ་གྱིས་མཆིས་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་ལུང་ཞུ་བ་ལས་སོ། །མཐར་ཐུག་ནི་ལམ་རྒྱང་གྲགས་ལས་འདས་པའོ། །ཡན་ལག་གི་དོན་ནི། དགེ་སློང་མ་གཅིག་དང་ཡང་ཞེས་པས་དགེ་སློང་མ་མང་པོ་དང་འགྲོ་ན་ལྟུང་བ་བསྐྱེད་པར་མ་ཟད་ཅེས་བསྟན་ཏེ། འདིས་ནི་ཁྲིམས་གྲོགས་ཀྱིས་ལྟུང་བ་འདི་མི་ཁེགས་པར་བསྟན་ཏོ། །ལུང་ཞུ་བ་ལས་ཀྱང་དགེ་སློང་གང་དགེ་སློང་མའི་མགྲོན་པོ་མང་པོ་དང་ལྷན་ཅིག་ལམ་དུ་ཞུགས་ན་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །ད་ནི་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་མ་བཅུ་གཉིས་སྡེ་དང་ལྷན་ཅིག་གྲུར་

༼༧༠༧༽

འཇུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་་་་་་མགྲོན་ལམ་དུ་འཇུག་པའི་སྐབས། སྔ་མ་དང་འདྲའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་ཆུའི་ལམ་གྲུ་གདལ་གཅིག་པ་ཡན་ཆད་དུ་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ཞིང་རྒྱང་གྲགས་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་ལས། གང་དང་འགྲོ་བའི་ཡུལ་དང་། གང་དུ་འགྲོ་བའི་ལམ་དང་། གང་གིས་འགྲོ་བའི་རྟེན་ནོ། །དང་པོ་ནི་དགེ་སློང་མ་ཆོས་བརྒྱད་ལྡན་དེ་སྔ་མ་དང་འདྲའོ། །གཉིས་པ་ལ་བཞི་སྟེ། ཆུའི་ལམ་ཡིན་པ་དང་། གྲུ་གདལ་གཅིག་ཡིན་པ་དང་། འགྲམ་གཉིས་འཇིགས་པའི་ཉེན་ཅན་མ་ཡིན་པ་དང་། རྒྱང་གྲགས་ཀྱི་མཐའ་པ་ཡིན་པའོ། །དེ་ཡང་ཊཱི་ཀ་ལས་ཆུའི་ལམ་ལས་འདའ་ཞིང་འགྲོ་ན་ཞེས་པ་དང་། ཅིག་ཅར་གྲུ་གཅིག་གིས་ཞེས་པ་དང་། འགྲམ་གཉིས་འཇིགས་པ་དང་བཅས་པ་ཉིད་མ་གཏོགས་ཞེས་པ་དང་། ལུང་རྣམ་འབྱེད་ལས་རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་གང་གིས་འགྲོ་བའི་རྟེན་ནི། བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་སྟེ། ལུང་ཞུ་བ་ལས་ལམ་དུ་ཞུགས་པ་་་་་་ལ་བར་ཆད་ཀྱི་རྐྱེན་དང་ལྡན་པ་ལ་ལྟུང་མེད་དུ་གསུངས་ནས། དེ་བཞིན་གྲུ་རྒལ་བ་ལ་ཡང་ཤེས་པར་བྱ་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཆུའི་ལམ་དུ་གྲུ་གཅིག་གིས་རྒྱུན་ནམ་བཟློག་ཕྱོགས་སུ་འགྲོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་སྦྱོར་བ་གཅིག་གིས་རྒྱང་གྲགས་ལས་འདའ་ཞིང་རྫུ་འཕྲུལ་ལས་གཞན་པས་འགྲོ་བར་ཞུགས་པའོ། །མཐར་ཐུག་ནི་རྒྱང་གྲགས་ལས་འདས་པའོ། །ཡན་གལ་གི་དོན་ལ་འཐམས་ནས་ཞེས་པ་བམ་པོ་ལྔ་བཅུ་པ་ལས་ལྟུང་བྱེད་འདི་སྐྱེད་པ་ལ་འཐམས་པ་ཡན་ལག་ཏུ་དགོས་ཏེ། འཐམས་པ་མ་ཚང་ན་ན་སྨད་དུ་བཤད་ཀྱང་། ཊཱི་ཀ་ལས་དགེ་སློང་མ་གཅིག་དང་ཡང་སྔར་འཐམས་ཀྱང་རུང་མ་འཐམས་ཀྱང་རུང་སྟེ་རྒྱང་གྲགས་རེ་རེར་ནི་དངོས་གཞིའོ་ཞེས་གསུངས་པས། འཐམས་་་་་་འཐམས་ནས་ཞེས་བྱ་

༼༧༠༨༽

བ་ནི་བརྡ་བྱས་ནས་སོ་ཞེས་ལུང་རྣམ་འབྱེད་ལས་གསུངས། ནས་ཞེས་པ་འདི་ནི་གླེང་གཞི་ལས་བྱུང་བ་ཙམ་མོ། །འོ་ན་ལྟུང་བྱེད་སྔ་མ་དང་འདི་གཉིས་ཀ་ལ་ལུང་ཞུ་བ་ལས་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་འཕྲིན་གྱིས་འཐམས་ནས་བཤུལ་དུ་ཞུགས་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མཐའ་འཁོབ་པའི་སྐད་དུ་འཐམས་པ་དང་དགེ་སློང་མ་དེས་མཐའ་འཁོབ་པའི་སྐད་མ་འཚལ་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་བྱ་བ་ལ་སོགས་པ་་་་་་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་ལུས་ཀྱིས་དམིགས་པས་འཐམས་ཏེ་བཤུལ་དུ་ཞུགས་ན་ཅིར་འགྱུར་ཉེས་བྱས་སོ། །གསུངས་པ་དང་འགལ་ཞེ་ན། དེ་དག་ནི་མགྲོན་ལམ་དང་གྲུར་འགྲོ་བའི་མཐར་ཐུག་གྲུབ་པ་ན་ལྟུང་བྱེད་སྐྱེད་ཅིང་། འཐམས་པ་ཡན་ལག་ཏུ་མི་དགོས་ཀྱང་འཐམས་པར་གྱུར་ན་འཐམས་པ་ཙམ་གྱི་གནས་སྐབས་ན་ཉེས་བྱས་སྐྱེད་པ་ལ་དགོངས་སོ་ཞེས་བརྗོད་པར་བྱའོ། །གྲུ་ངོ་བོ་གཅིག་ཡིན་ཡང་རུང་གྲུ་ངོ་བོ་ཐ་དད་པ་དུ་མ་གྲུ་བཙས་གཅིག་པ་ཡིན་ཡང་རུང་སྟེ། རྣམ་འབྱེད་ལས་གྲུ་གཅིག་ཏུ་ཞེས་བྱ་བ་ནི་གྲུ་བཙས་གཅིག་པར་རོ་ཞེས་གསུངས་སོ། །ལམ་ལས་འདའ་ཞིང་འགྲོ་ནའོ་ཞེས་པ་ནི། སོ་སོ་ཐར་པའི་མདོ་དང་ལུང་རྣམ་འབྱེད་ལས་གྱེན་དུ་འགྲོ་བའམ། ཐུར་དུ་འགྲོ་ན་ཐད་ཀར་ཕ་རོལ་ཏུ་འགྲོ་བ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཞེས་གསུངས་སོ། །ད་ནི་དབེན་པ་ན་འདུག་པའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བུད་མེད་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་གི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་མེད་པར་བུད་མེད་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་གཉིས་ཀ་འདུག་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ།་་་་་་གཉིས་ཀ་འདུག་པ་ལའོ་ཞེས་བམ་པོ་ལྔ་བཅུ་པ་ལས་སོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་དང་འདུག་པའི་ཡུལ་དང་། གང་དུ་འདུག་པའི་གནས་དང་། གང་གིས་འདུག་པའི་རྟེན་ནོ། །དང་པོ་ལ་བདུན་ཏེ། སྔར་འཁྲིག་ཚིག་སྨྲ་བའི་

༼༧༠༩༽

སྐབས་སུ་ཡུལ་བུད་མེད་ཆོས་ལྔ་ལྡན་བཤད་པ་དེ་འདིར་ཡང་ཐུན་མོང་ཡིན་ལ། དེའི་སྟེང་དུ་འདིར་བུད་མེད་གཅིག་པུ་ཡིན་པ་དང་། ཉེ་དུ་མ་ཡིན་པ་སྟེ། བུད་མེད་གཅིག་པུ་ཉིད་དང་ཞེས་པ་དང་། དབེན་པ་ན་འདུག་འགྲེང་གཉིས་ཀའི་སྐབས་སུ་བམ་པོ་ལྔ་བཅུ་པ་ལས། ཉེ་དུ་ལ་ལྟུང་བ་མེད་དོ། །ཞེས་བཤད་པས་སོ། །གཉིས་པ་གང་དུ་འདུག་པའི་གནས་ནི། དབེན་པ་ཡིན་པ་དང་། སྐྱབས་དང་བཅས་པ་དང་། འདོམ་གང་ཚུན་ཆད་པ་ཡིན་པ་སྟེ། གཞུང་དུ་སྟོན་པར་གནས་ཆོས་གསུམ་ལྡན་བམ་པོ་ལྔ་བཅུ་པ་ནས་བར་དུ་འདོམ་གང་པས་རིང་བ་ལ་ཉེས་བྱས་སོ་ཞེས་གསུངས་ཏེ་ལྷན་ཅིག་ཏུ་འདུག་པའི་ཐ་སྙད་བྱར་རུང་ཚུན་ཆད་དུའོ།་་་་་འགྱུར་རོ། །གསུམ་པ་གང་གིས་འདུག་པའི་རྟེན་ནི་དགེ་སློང་གཅིག་པུ་ཡིན་པ་སྟེ། གཅིག་པུ་འདུག་པའི་ལྟུང་བྱེད་ཅེས་གསུངས་པས་སོ། །ཁྲིམས་གྲོགས་ཡོད་ན་ནི་ལྟུང་བ་མེད་དོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་འདུག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འདུག་པར་ཞུགས་པའོ། །མཐར་ཐུག་ནི་འདུག་པ་རྫོགས་པའོ། །ཡན་ལག་གི་དོན་ནི། སྐྱེ་བོའི་རྒྱུན་ལུགས་མེད་པ་ཉིད་ཀྱིས་ཕྱོགས་དབེན་པ་ཉིད་ཀྱི། སེལ་བ་ནི་རྣམ་འབྱེད་ལས་སྒོ་ཁང་ན་འདུག་པ་སྨན་འཐག་ཏུ་འཇུག་པ་དང་སྒོ་མ་བཅད་པར་འདུག་པ་དང་གཞན་དག་འཇུག་ཅིང་གཞན་དག་འབྱུང་ན་ལྟུང་བ་མེད་དོ་ཞེས་གསུངས་སོ།་་་་་དབེན་པ་ཉིད་མ་ཡིན་པས་ལམ་ཀ་དང་འདྲ་བའི་ཕྱིར་ཞེས་རྣམ་འབྱེད་འགྲེལ་ལས་བཤད་དོ། །སྐྱབས་དང་བཅས་པའི་སེལ་བ་ནི། བམ་པོ་ལྔ་བཅུ་པ་ལས་སྐྱབས་ལྔ་པོ་དག་གིས་མ་བསྐྱབས་པ་ལ་ལྟུང་བ་མེད་དོ་ཞེས་བཤད་དོ། །ད་ནི་དབེན་པ་ན་འགྲེང་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་དགེ་སློང་མ་དང་ན་ཅིག་དབེན་པ་་་་་་འོན་ཀྱང་སྐྱབས་ལྔས་མ་བསྐྱབས་ཀྱང་ཐང་ཆེན་པོའི་དབུས་སུ་མི་གཞན་གྱིས་མི་མཐོང་བ་དེར་ཉིན་མོ་བུད་མེད་དང་དབེན་པ་འདུག་འགྲེང་བྱེད་ན་ནི་ལྟུང་བ་བསྐྱེད་པར་རིགས་ཏེ་སྐྱབས་ཀྱི་ནང་དུ་ལྟུང་བྱེད་སྐྱེད་ཅིང་། དེ་དང་དགག་བྱའི་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དབེན་པ་ན་འདུག་པ་འདི་ནི་བུད་མེད་སྤྱིས་བསྐྱེད་པ་ཡིན་ཏེ། ཁྱིམ་པ་མོ་དང་མུ་སྟེགས་མོ། རབ་བྱུང་མོ་གང་དང་འདུག་ཀྱང་ལྟུང་བྱེད་སྐྱེད་པར་ལུང་ལས་གསུངས་སོ། སྐྱབས་ཡོད་པ་ན་འགྲེང་བ་ལས་ལྟུང་བྱེད་

༼༧༡༠༽

དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཁྲིམས་གྲོགས་མེད་པར་དགེ་སློང་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་གཉིས་ཀ་འགྲེང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ།་་་་་གཉིས་ཀ་འགྲེང་སྟེ་ཡོད་ན་ཞེས་བམ་པོ་ལྔ་བཅུ་པ་ལས་སོ། །གཅིག་འདུག་པ་ལ་ཉེས་བྱས་སོ་ཞེས་བཤད་དོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་གོ །དེ་ལ་གསུམ་ལས། གང་དང་འགྲེང་བའི་ཡུལ་ནི་སྔར་འཁྲུར་འཇུག་གི་སྐབས་སུ་བཤད་ཟིན་པའི་དགེ་སློང་མ་ཆོས་བདུན་ལྡན་གྱི་སྟེང་དུ། དགེ་སློང་མ་གཅིག་པུ་ཡིན་པ་སྟེ། ཊཱི་ཀ་ལས་དགེ་སློང་མ་གཅིག་པུ་ཉིད་དང་ཞེས་སོ། །གང་དུ་འགྲེང་བའི་གནས་ནི་་་་་་ཆོས་གསུམ་ལྡན་ཏེ། འདུག་པའི་སྐབས་དང་འདྲའོ།་་་་་བར་འདོམ་གང་བས་རིང་བ་ལ་ཉེས་བྱས་སོ་ཞེས་བམ་པོ་ལྔ་བཅུ་པ་ལས་བཤད་དོ། །གང་གིས་འགྲེང་བའི་རྟེན་ནི། དགེ་སློང་གཅིག་པུ་ཡིན་པ་སྟེ། གཅིག་པུ་འགྲེང་བའི་ལྟུང་བྱེད་ཅེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་འགྲེང་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་འགྲེང་བར་ཞུགས་པའོ། །མཐར་ཐུག་ནི་འགྲེང་བ་རྫོགས་པའོ། །ཡན་ལག་གི་དོན་ནི་དགེ་སློང་མ་དང་ངོ་ཞེས་སོ། །འདིར་ཁ་ཅིག་ན་རེ་འདི་ཡང་བུད་མེད་སྤྱིས་བསྐྱེད་ཡིན་ཏེ་བུད་མེད་གཞན་དང་འགྲེང་ན་ཡང་ལྟུང་བྱེད་དུ་འགྱུར་རོ་ཞེས་ཟེར་རོ། །འགྲེལ་ཆུང་ལས་ཀྱང་བུད་མེད་དང་འགྲེང་ན་ལྟུང་བར་འགྱུར་ཞེས་བཤད་དོ། །དེ་ནི་མི་རིགས་ཏེ་རང་གི་རྣམ་བཤད་ལས་འདིར་དགེ་སློང་མ་གཅིག་པུ་ཉིད་བྱེད་པ་པོ་ཉིད་ཡིན་གྱི་བུད་མེད་ཙམ་པོ་གཅིག་པུ་ཉིད་ནི་མ་ཡིན་ཞེས་གསུངས་སོ། །ཊཱི་ཀ་ལས་ཀྱང་འདིར་དགེ་སློང་མ་ཉིད་བྱེད་པ་པོ་ཉིད་ཡིན་གྱི་བུད་མེད་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཡུལ་གང་དང་དབེན་པར་འགྲེང་བ་འདི།་་་་་དགེ་སློང་མ་བསྙེན་པར་རྫོགས་པ་་་་་འི་སྡོམ་པ་སྐྱེས་པ། ཅན་མ་ཉམས་པ་ཉིད་ནི།་་་་་ཡན་ལག་ཡིན་ནོ། །ཞེས་སྤྱིར་བསྟན་པ་དེ། དབེན་པ་ལ་འགྲེང་བ་ལ་ཡང་སྦྱར་བར་རང་གི་རྣམ་བཤད་དང་ཊཱི་ཀ་ལས་བཤད་དོ།་་་་་བམ་པོ་ལྔ་བཅུ་པ་ལས་བསྙེན་པར་མ་རྫོགས་པ་དགེ་ཚུལ་མོ་དང་འགྲེང་བ་ཉེས་བྱས་སོ་ཞེས་སོ། །དེས་ན་དགེ་སློང་མ་ལས་གཞན་པའི་བུད་མེད་དང་འགྲེང་བ་ལ་ནི་ཉེས་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号