ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༧༡༡༽

བྱས་སུ་འགྱུར་གྱི་ལྟུང་བྱེད་དུ་མི་འགྱུར།དགེ་སློང་མ་དང་།་་་་་འགྲེང་བ་ལའོ་ཞེས་པ་འདི་ལ་བསྡུས་པ་ལས་འགྲེང་བའི་སྤྱོད་ལམ་འདི་ཡང་བྱུང་བའི་དབང་དུ་མཛད་པ་ལས་དེ་སྐད་གསུངས་ཀྱི། གཉིས་ཀ་ལ་ཡང་་་་་་འགྲེང་བ་དང་འདུག་པའི། ལྟུང་བ་གཉིས་སུ་འགྱུར་ཞེས་བཤད་ཀྱང་། དགེ་སློང་མ་དང་འདུག་པའི་ལྟུང་བྱེད་ནི་ལྟུང་བྱེད་སྔ་མར་འདུས་ཏེ་དབེན་པ་ན་འདུག་པའི་ལྟུང་བྱེད་ནི་བུད་མེད་སྤྱིས་བསྐྱེད་ཡིན་པའི་ཕྱིར་རོ། །དགེ་སློང་མ་དང་འགྲེང་བ་འདི་ལ་རྣམ་འབྱེད་ལས། དགེ་སློང་མ་དང་།་་་་་འགྲེང་ན་ཞེས་བྱ་བ་ནི་མཚོན་པ་སྟེ་སྤྱོད་ལམ་གང་ཡང་རུང་བས་ལྷན་ཅིག་ནའོ་ཞེས་བཤད་ཀྱང་གཉི་ག་དབེན་པ་སྐྱབས་ཡོད་དུ་འགྲོ་ན་ཉེས་བྱས་སོ། །ད་ནི་དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྫུན་དང་དུ་ལེན་པའི་བྱ་བ་དང་འབྲེལ་ནས་གྲོགས་ཀྱི་འཚོ་བ་ལ་གནོད་པ་དང་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །ངོ་ཏི་ནི་དགེ་སློང་བདག་ཉིད་ཀྱི་ཡང་དག་པ་མ་ཡིན་པའི་ཆོས་ཀྱི་ཡོན་ཏན་དགེ་སློང་མས་ཁྱིམ་པ་ལ་བརྗོད་པའི་སྒོ་ནས་སྦྱོར་དུ་བཅུག་པའི་ཟས་བཅས་ལྡན་དགེ་སློང་གིས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། དགེ་སློང་མ་གང་གིས་སྦྱོར་དུ་བཅུག་པ་དང་། དངོས་པོ་གང་སྦྱོར་དུ་བཅུག་པ་དང་། སྦྱིན་བདག་གང་ལ་སྦྱོར་དུ་བཅུག་པ་དང་། སྦྱོར་དུ་བཅུག་པ་དེ་གང་གིས་ཟ་བའི་རྟེན་ནོ། །དང་པོ་ནི་སྔར་འཁྲུར་འཇུག་གི་སྐབས་སུ་བཤད་ཟིན་པའི་དགེ་སློང་མ་ཆོས་བདུན་ལྡན་གྱིས་ཏེ། དེའང་དགེ་སློང་མ་དེ་སྦྱིན་བདག་དེའི་ཉེ་དུ་མ་ཡིན་པས་ཁྱད་པར་དུ་བྱས་ཏེ། བསྡུས་པ་ལས་དགེ་སློང་མ་དེའི་ཉེ་དུའི་ཁྱིམ་ཡིན་ན་ལྟུང་བ་མེད་དོ་ཞེས་སོ། །གཉིས་པ་ནི་བརྒྱད་ལས། དེ་ལྟར་ཆོས་བདུན་ལྡན་གྱི་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཡིན་པ་སྟེ། དགེ་

༼༧༡༢༽

སློང་མས་སྦྱོར་དུ་བཅུག་པ་ཉིད་ལའོ་ཞེས་སོ། །དེའང་དགེ་སློང་མ་དེས་རྫུན་གྱི་སྒོ་ནས་དགེ་སློང་གི་ཆོས་ཀྱི་ཡོན་ཏན་བརྗོད་པས་སྦྱོར་དུ་བཅུག་པ་ཡིན་པ་སྟེ། ཡང་དག་པ་མ་ཡིན་པའི་ཡོན་ཏན་དག་གིས་ཞེས་གསུངས་ཤིང་ལུང་རྣམ་འབྱེད་ལས་བདེན་ན་ལྟུང་བ་མེད་དོ་ཞེས་གསུངས་སོ། །ཆོས་ཀྱི་ཡོན་ཏན་ལས་གཞན་བརྗོད་པས་སྦྱོར་དུ་བཅུག་པ་ལ་ནི་ན་སྨད་དོ། །ཊཱི་ཀ་ལས། བྲོ་གར་དང་གླུ་གླིང་ལ་མཁས་པ་ལ་སོགས་པ་གཞན་དག་གིས་སྦྱོར་དུ་བཅུག་པ་ཡིན་ན་ཉེས་བྱས་སུ་རིག་པར་བྱའོ། །དེ་ལའང་ངག་གི་རིག་བྱེད་ཀྱིས་སྦྱོར་དུ་བཅུག་པ་ཡིན་པ་སྟེ། ཊཱི་ཀ་ལས་ངག་གི་རྣམ་པར་རིག་བྱེད་ཀྱིས་སྦྱོར་དུ་བཅུག་པ་ཡིན་པ་སྟེ་ཞེས་པ་དང་། ཞུ་བ་ལས་སྤྲིང་ཡིག་ལ་སོགས་པས་སྦྱོར་དུ་བཅུག་པ་ཟོས་ན་ཉེས་བྱས་སོ་ཞེས་གསུངས་སོ། །དགེ་སློང་རང་གི་དོན་དུ་སྦྱོར་དུ་བཅུག་པ་ཡིན་པ་སྟེ་གཞན་གྱི་དོན་དུ་ནི་ན་སྨད་ཅེས་གསུངས་པས་སོ། །དུས་སུ་རུང་བ་ཡིན་པ་སྟེ། བཟའ་བར་བྱ་བའོ་ཞེས་གསུངས་པས་སོ།་་་་་ལུང་ཞུ་བ་ལས་དགེ་སློང་གིས་དུས་རུང་གི་ཟས་མ་གཏོགས་པ་དེ་ལས་གཞན་པའི་རྩ་བ་དང་འབྲས་བུ་ལ་སོགས་པ་སྦྱོར་དུ་བཅུག་པ་འཚལ་ན་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་སོ། །འོ་ན་ལན་ཚྭ་ནི་འཚོ་བའི་བར་དུ་བཅད་པ་ཡིན་པ་ལ། ལུང་རྣམ་འབྱེད་ལས་ལན་ཚྭ་སྦྱོར་དུ་བཅུག་པ་ཟོས་ན་ལྟུང་བྱེད་དུ་གསུངས་པ་དང་། ཞུན་མར་དང་བཏུང་བ་སྦྱོར་དུ་བཅུག་པ་ལས་ཀྱང་ལྟུང་བྱེད་དུ་གསུངས་པ་ཇི་ལྟར་དྲང་ཞེ་ན་དེ་ནི་དུས་སུ་རུང་བའི་ལན་ཚྭ་དང་བཅས་པའམ་དུས་སུ་རུང་བས་ཞུན་མར་ལ་སོགས་པ་དང་བཅས་པ་ལ་དགོངས་སོ་ཞེས་བརྗོད་དོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ། གཞན་གྱི་ཟས་དང་ནོར་ཏེ་ཟོས་ན་ཉེས་བྱས་སོ། །རུང་བ་དང་ཚད་དང་ལྡན་པ་གཉིས་ནི་སྤྱིར་བསྟན་པ་ལས་སོ། །གསུམ་པ་ནི། ཁྱིམ་པ་ཆོས་ལྔ་ལྡན་ཏེ་གོས་སློང་བའི་སྐབས་སུ་བཤད་ཟིན་པའི་ཆོས་དྲུག་ལྡན་ལས། ཅི་བདེར་སྟོབས་པ་མ་ཡིན་པ་མི་བགྲང་སྟེ། འདིར་ནི་དེ་ཡིན་མིན་འདྲའོ། །བཞི་པ་ནི་མགྲོན་དུ་མ་བོས་པའམ་བོས་པ་ལ་ཡང་ལྷག་པ་ཟ་བ་པོ་ཡིན་པ་སྟེ། འདི་ཉིད་ལས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་སྦྱོར་དུ་བཅུག་སྟེ་རང་དགར་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་སྦྱོར་དུ་བཅུག་པ་དེ་ཟ་བར་ཞུགས་

༼༧༡༣༽

པའོ། །མཐར་ཐུག་ནི་མགུལ་དུ་མིད་པ་སྟེ། དེ་ནི་མིད་ན་དེའིའོ་ཞེས་སོ། །ཡན་ལག་གི་དོན་ལ་་་་་་དེ་ཐོས་པས་ཀྱང་རུང་ངོ་ཞེས་པ་འདི། ཊཱི་ཀ་ལས་གོ་བ་མི་རྙེད་དེ། ཊཱི་ཀ་ཡི་གེ་ཉམས་པ་ཐེ་ཚོམ་མེད་དོ། །ཡང་དག་པ་མ་ཡིན་པའི་ཡོན་ཏན་དེ་ནི་སྒྲུབ་པའི་ཡོན་ཏན་ཁོ་ནར་མ་ཟད་ཀྱི་ཐོས་པ་ཕུན་སུམ་ཚོགས་པས་ཀྱང་རུང་སྟེ། འགྲེལ་ཆུང་ལས་སྡེ་སྣོད་གསུམ་མང་དུ་ཐོས་པ་ཡིན་ནོ་ཞེས་རྫུན་དུ་བསྟོད་ནའང་ལྟུང་བར་འགྱུར་ཞེས་བཤད་ཅིང་། དེ་ལྟར་ལུང་རྣམ་འབྱེད་ལས་ཀྱང་་་་་་དགེ་སློང་དེ་དག་ནི་སྡེ་སྣོད་འཛིན་པ་ཡིན་པས་འབྲས་ས་ལཱུའི་ཆ་སྦྱིན་པར་བྱའོ་སོགས། གསུངས་སོ། །ད་ནི་ཡང་ཡང་ཟ་བའི་ལྟུང་བྱེད་འཆད་དེ། བསླབ་པར་བྱ་བ་ནི་ཁྱིམ་གཞན་དུ་ཡང་ཞེས་ཏེ་་་་་་རང་གི་ནར་མའི་ཟས་ཟོས་པའི་འོག་ཏུ་ཁྱིམ་གཞན་དུ་ཟན་ལ་བོས་ནས་ཟོས་ན་ཟས་གཉིས་པར་འདུག་པའི་ཕྱིར། ཡང་ཡང་ཟ་བའི་ཉེས་པར་འགྱུར་རམ་སྙམ་པའི་དོགས་པ་བསལ་བའོ།་་་་་སྒོམ་ཀྱི་ཕྱིར་གསོལབ་དག་འདེབས་ན་བསྡད་པར་བྱ་སྟེ། ཡང་ཡང་འཐུང་བའི་ཉེས་པ་མེད་པའི་ཕྱིར་རོ། །ལྟུང་བ་རྣམ་གཞག་ནི་ཅིག་ཅར་ཡང་རུང་ཞེས་པ་ནས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ལ་གཉིས་ལས། བྱུང་ལ་མ་བཅས་པའི་གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་འཕྲལ་ལ་མཐོའི་བྱུང་བའོ། །བྱུང་ལ་བཅས་པའི་གླེང་གཞི་ནི་ཡངས་པ་ཅན་དུ་དྲུག་སྡེས་ཡང་ཡང་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་སྦྱིན་བདག་སྔ་མ་མ་དད་པ་སྟེ། ཟས་ཕྱི་མ་ལ་གོས་ཀྱི་རྙེད་པ་ཡོད་ན་ལྟུང་མེད་དུ་གསུངས་པས་སོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དུས་ཉི་མ་གཅིག་ལ་ཁྱིམ་པས་མགྲོན་དུ་བོས་པ་ལན་གཉིས་ཡན་ཆད་བྱུང་བ་ན་ཟས་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པའི་ཟས་ཕྱི་མ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་གི་ཟས་ཟ་བའི་སྦྱིན་བདག་དང་། གང་ཟ་བའི་དངོས་པོ་དང་། གང་གི་ཚེ་ཟ་བའི་དུས་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ནི་སྦྱིན་བདག་ཆོས་དགུ་ལྡན་ཏེ། ཁྱིམ་པ་ཡིན་པ་དང་། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་གསུམ་ནི་སྔར་གོས་སློང་བ་ལ་སོགས་པའི་སྐབས་སུ་བཤད་པ་བཞིན་ནོ། །རང་ལས་རྫས་ཀྱི་སྒོ་ནས་ཐ་དད་ཅིང་

༼༧༡༤༽

སྦྱིན་བདག་སྔ་ཕྱི་དེ་གཉིས་ཀྱང་རྫས་ཀྱི་སྒོ་ནས་ཐ་དད་པ་སྟེ། ནོར་གཅིག་པ་ཡིན་ན་འདིའི་ལྟུང་བ་མེད་དེ། འདིའི་དགག་བྱ་མེད་པའི་ཕྱིར་རོ། །བཤམས་པས་མགྲོན་དུ་འབོད་པ་པོ་མ་ཡིན་པ་སྟེ།་་་་་ཟླ་བ་ཕྱེད་དམ་ཟླ་བ་བཞིན་མགྲོན་དུ་བོས་པ་ལྟ་བུ་ཉིན་རེ་བཞིན་རྒྱུན་དུ་ཟས་འདྲེན་པར། བཤམས་པ་ནི་མགྲོན་དུ་བོས་པ་ཉིད་མ་ཡིན་ནོ་ཞེས་གསུངས་ལ། བཤམས་པའི་ནར་མའི་ཟས་དེ་རང་གི་ཟས་དང་འདྲ་བས་སྦྱིན་བདག་མ་དད་པ་སྐྱེ་བའི་དགག་བྱ་མེད་པའི་ཕྱིར་རོ། །བཤེས་པའི་དབང་གིས་ཀུན་ཏུ་ལྟ་བ་པོ་མ་ཡིན་པ་སྟེ། ཀུན་ཏུ་ལྟ་བ་པོ་ཡང་ངོ་ཞེས་གསུངས་ལ། བཤེས་པའི་དབང་གིས་མགྲོན་དུ་འབོད་པ་པོ་ཡིན་ན་སྦྱིན་བདག་མ་དད་པ་སྐྱེ་བའི་དགག་བྱ་མེད་པའི་ཕྱིར་རོ། །ཊཱི་ཀ་ལས་བཤེས་པའི་དབང་གིས་ཞེས་གསུངས་པས་ཉེ་དུ་ཡིན་པ་ཡང་འདིའི་ཁོངས་སུ་འདུས་སོ།་་་་་བསམ་པ་ཐག་པ་ནས་མགྲོན་དུ་འབོད་པ་པོ་ཡིན་པ་སྟེ། མཐོ་འཚམས་པས་བྱས་པ་ནི་མ་ཡིན་པ་ཉིད་དོ་ཞེས་གསུངས་ལ། མཐོ་འཚམས་པ་དེ་མགྲོན་དུ་འབོད་པ་པོ་ཉིད་མ་ཡིན་པས་མགྲོན་དུ་བོས་པ་གཉིས་པ་ཟོས་པའི་དགག་བྱ་མེད་པའི་ཕྱིར་རོ། །ཟས་རུང་བ་ལ་མགྲོན་དུ་འབོད་པ་པོ་ཡིན་པ་སྟེ། མི་རུང་བ་ལ་བོས་པ་ཡང་ངོ་ཞེས་གསུངས་པས་གྲུབ་པོ། །རང་གཙོ་བོར་མ་བྱས་ན་དགེ་འདུན་མགྲོན་དུ་འབོད་པ་པོ་མ་ཡིན་པ་སྟེ། དེ་ཕྱིར་མ་ཡིན་པར་དགེ་འདུན་ཡང་ངོ་ཞེས་གསུངས་ལ། དགེ་འདུན་མཆོད་སྟོན་ལ་བོས་པ་ཡིན་ན་གང་ཟག་རང་ཉིད་ལ་ལྟོས་པའི་མགྲོན་དུ་བོས་པ་གཉིས་པ་ཟོས་པའི་དགག་བྱ་མེད་པའི་ཕྱིར་རོ། །གཉིས་པ་གང་ཟ་བའི་དངོས་པོ་ལ་བདུན་ལས། བཟའ་བ་ལྔའི་ཁོངས་སུ་གཏོགས་པ་ཡིན་པ་སྟེ། ལྔའི་ཁོངས་སུ་གཏོགས་པ་ལའོ་ཞེས་གསུངས་པས་སོ། །ཕན་ཚུན་ཁོངས་སུ་གཏོགས་པ་མ་ཡིན་པ་སྟེ། སྨན་གྱི་གཞི་ལས་གཞན་གྱིས་མགྲོན་དུ་བོས་པ་ན་འདུག་པ་ན་ངེས་གནང་ན་ཞེས་གསུངས་པས་སོ། །ཟས་ཕྱི་མ་ལ་གོས་སམ་གོས་ཀྱི་རིན་གྱི་རྙེད་པ་མེད་པ་སྟེ། གོས་ཀྱི་རྙེད་པ་མེད་པའི་ཞེས་གསུངས་ལ། ཟས་ཕྱི་མ་ལ་གོས་ཀྱི་རྙེད་པ་ཡོད་ན་གོས་ཀྱི་རྙེད་པ་ལ་དམིགས་ནས་འགྲོ་བར་གསལ་གྱི། ཟས་སྔ་མས་མཆོག་ནས་ཟ་བར་མི་གསལ་བས་སྦྱིན་བདག་སྔ་མ་མ་དད་པ་སྐྱེས་པའི་དགག་བྱ་མེད་པའི་ཕྱིར་རོ། །རང་གི་ནར་མའི་ཟས་མ་ཡིན་པ་སྟེ།

༼༧༡༥༽

མགྲོན་དུ་བོས་པ་གཉིས་པ་རྙེད་ནའོ་ཞེས་གསུངས་ལ། རང་གི་ནར་མའི་ཟས་ཟ་བ་ལ་ནི་མགྲོན་དུ་བོས་པ་ཟ་བའི་ཐ་སྙད་མེད་པའི་ཕྱིར་རོ། །སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་རུང་བ་དང་ཚད་དང་ལྡན་པ་གསུམ་ནི་སྐབས་གཞན་དུ་བཤད་པ་དང་འདྲའོ། །གསུམ་པ་གང་གི་ཚེ་ཟ་བའི་དུས་ནི། ཉིན་ཞག་གཅིག་གི་དུས་ཡིན་པ་དང་། མུ་གེའི་དུས་མ་ཡིན་པ་སྟེ། ཉི་་་་་་ཉི་མ་རེ་རེ་ལ་མགྲོན་དུ་བོས་པ་རེ་བྱུང་སྟེ། མ་ཐ་དད་ལ་མགྲོན་དུ་བོས་པ་གཉིས་པ་ཟ་བ་ལ་འདིའི་དགག་བྱ་མེད་པའི་ཕྱིར་དང་། མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་བདག་གིར་བྱ་ཞེས་གསུངས་པས་སོ། །བཞི་པ་གང་གིས་ཟ་བའི་རྟེན་ནི་འདི་ཉིད་ལས་ན་བ་མ་ཡིན་པ་དང་ལས་མ་བྱས་པ་དང་ལམ་དུ་མ་སོང་བ་ཞེས་གསུངས་པ་དེ་གསུམ་དང་། སྲ་བརྐྱང་མ་བཏིང་བ་སྟེ། སྲ་བརྐྱང་གི་གཞི་ལས་སྲ་བརྐྱང་བཏིང་ན་ཡང་ཡང་ཟ་བའི་ལྟུང་བ་མི་འབྱུང་བར་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས་འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཡང་ཡང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ཡང་ཡང་ཟ་བར་ཞུགས་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ལ།་་་་་དང་དུ་བླངས་ན་ཉེས་བྱས་ཀྱིའོ། །ཞེས་པ་ནི་ངག་གིས་ཁས་བླངས་པའི་དུས་ན་ཉེས་བྱས་ཀྱི་བྱེད་པ་པོའོ། །ཊཱི་ཀ་ལས་ཡིད་ཀྱིས་དང་དུ་བླངས་ན་ནི་བསྡམ་པར་བྱ་བའི་ཉེས་བྱས་སོ་ཞེས་བཤད་དོ། །འདིར་གོས་ཀྱི་མཐར་གྱུར་པ་ནི་ཁྲུ་གང་ཞེས་པ་འདིར་ཟས་ཕྱི་མ་ལ་གོས་ཁྲུ་གང་བས་ཆུང་བའམ་རྙེད་པ་གོས་ཁྲུ་གང་མི་རི་ན་ནི་ལྟུང་བ་རྫོགས་པར་འབྱུང་སྟེ། དགག་བྱ་རྫོགས་པར་ཡོད་པའི་ཕྱིར་ཞེས་གསུང་ངོ་། །ལམ་ནི་དཔག་ཚད་ཕྱེད་འདི་བརྐྱང་བ་དགོས་སམ་ཁུགས་པས་འགྲུབ་ཅེ་ན། ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བའི་ལུང་རྣམ་འབྱེད་ལས་ལམ་དུས་སོ་ཞེས་བྱ་བ་ནི་དགེ་སློང་དཔག་ཚད་ཕྱེད་དུ་སོང་ངམ། དེའི་ཕྱེད་དུ་སོང་སྟེ་ཕྱིར་ལོག་ནའོ་ཞེས་གསུངས་ལ། ལུང་དེའི་འགྲེལ་པ་ལས་དེའི་ཕྱེད་དུ་སོང་སྟེ་ཕྱིར་ལོག་ན་ཞེས་བྱ་བ་ནི་དཔག་ཚད་ཕྱེད་ཀྱི་ཕྱེད་དཔག་ཚད་བཞི་ཆ་སོང་སྟེ་ཕྱིར་ཡང་ལོག་ནའོ་ཞེས་བཤད་དོ། །འགྲེལ་ཆུང་ལས་རྟ་དང་། ཤིང་རྟ་ལ་སོགས་པ་ལ་ཞོན་པ་ནི་དཔག་ཚད་ཕྱེད་དུ་ཕྱིན་ཀྱང་དུས་སུ་མི་ཚུད་

༼༧༡༦༽

དེ་བཟར་མི་དབང་ངོ་ཞེས་བཤད་པ་དེ་ནི་མི་རིགས་ཏེ། དཔག་ཚད་ཕྱེད་གྲུར་འགྲོ་བས་ནི་ཉེས་པ་ཁེགས་ལ། དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཞན་ལ་ཡང་ངོ་ཞེས་པས་འདུས་ཤིང་ཟ་བ་དང་ཁྲུས་བྱེད་པ་ལ་ཡང་ལམ་ནི་དཔག་ཚད་ཕྱེད་དོ་ཞེས་བསྟན་ཏོ། །ལམ་དུ་ཕྱིན་པའི་ཚད་འདི་ལ་ལུང་ལས་འདི་ལྟར་གསུངས་ཏེ། ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བའི་སྐབས་སུ་ནི་དཔག་ཚད་ཕྱེད་བརྐྱང་པར་ཕྱིན་པས་འགྲུབ་ལ། ཁྲུས་བྱེད་པའི་སྐབས་སུ་ནི་དཔག་ཚད་ཕྱེད་ཁུག་པར་ཕྱིན་པ་དགོས་པར་གསུངས་ཏེ། དེ་ལྟར་འོང་བ་ནི་བཅོམ་ལྡན་འདས་ཀྱི་བཅས་པའི་དབང་གིས་ཏེ། ཁྲུས་བྱེད་པའི་སྐབས་ཀྱི་ལུང་རྣམ་འབྱེད་ལས་ལམ་དུས་སོ་ཞེས་བྱ་བ་ནི་དགེ་སློང་དཔག་ཚད་གཅིག་ཏུ་སོང་ངམ། དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་ནའོ་ཞེས་གསུངས་ལ། ལུང་དེའི་འགྲེལ་བ་ལས་དཔག་ཚད་གཅིག་ཏུ་སོང་ངམ་ཞེས་བྱ་བ་ནི་དཔག་ཚད་གཅིག་བརྐྱང་པར་སོང་བའོ། །དཔག་ཚད་ཕྱེད་དུ་སོང་སྟེ་ཕྱིར་འོངས་པ་ནི་དཔག་ཚད་གཅིག་རངས་པར་སོང་བའི་ཚད་དང་མཉམ་པར་ཤེས་པར་བྱའོ་ཞེས་བཤད་དེ།་་་་་རྣམ་འབྱེད་འགྲེལ་ལས་ཕྱག་བདར་རེ་ལྡེ་ཙམ་བྱས་པ་ནི་ཁྲུ་བཞི་ཙམ་ཕྱགས་པའོ། །བ་མལ་ཞེས་པ་ནི་བ་ལང་གི་གཅིག་གིས་གནས་སོ་ཞེས་སོ། །གཞན་བླངས་པ་ཡོང་ཞེས་པ་ནི།་་་་་གཞན་དུ་ལྔ་པོ་འཇོག་པ་དེ་ལ་བདག་ཉིད་ཀྱིས་མགྲོན་གཉིས་པ་ཟོས་པ་མེད་ཀྱང་མགྲོན་གཉིས་པ་དང་དུ་བླང་བའི་ཉེས་བྱས་སྐྱེད་དམ་སྙམ་ན། གཞན་བླངས་པ་ལ་ཡང་ངོ་ཞེས་གསུངས་ཏེ། མགྲོན་དུ་བོས་པ་གཞན་དང་དུ་བླང་བ་ཡོད་པ་ལ་ཡང་གཞན་དུ་ལྔ་པོ་འཇོག་པ་ཆོས་དང་ལྡན་པ་ཉིད་དོ། །འདི་ལ་རང་གི་རྣམ་བཤད་དང་ཊཱི་ཀ་ལས་མགྲོན་དུ་བོས་པ་གཞན་བླང་བ་ཡོད་པ་ལ་ཡང་འཇོག་པ་ཆོས་དང་ལྡན་པ་ཉིད་དོ་ཞེས་གསུངས་སོ།་་་་་གཞན་བླངས་པ་ལ་ཡང་ངོ་ཞེས་པ་འདི་ལ་འགྲེལ་ཆུང་ལས་དགེ་སློང་དང་དགེ་འདུན་སྦྱིན་པའི་ཕྱིར་བླངས་ཀྱང་ཉེས་པ་མེད་དོ་ཞེས་བི་ཛ་ཝར་མས་བཤད་ཅེས་བྱུང་སྟེ་པཎྜི་ཏ་རྣམ་པར་རྒྱལ་བའི་གོ་ཆས་བཤད་དོ། །ད་ནི་འདུག་གནས་སུ་ཟ་བའི་ལྟུང་བྱེད་འཆད་དེ། འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་པའི་ཚེ་ན་དྲུག་སྡེས་རི་བྲག་གི་འདུག་གནས་སུ་གནས་ཏེ་ཟོས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རྩོད་པ་རྒྱས་པར་འགྱུར་པའོ། །ངོ་ཏི་ནི་བཅས་ལྡན་དགེ་

༼༧༡༧༽

སློང་གིས་མུ་སྟེགས་ཅན་གྱི་འདུག་གནས་སྦྱིན་བདག་ཁྱིམ་པས་བྱས་ཤིང་མཆོད་གནས་མུ་སྟེགས་ཡོད་པའི་གནས་དེར་ཞག་གཅིག་གནས་ཏེ་ཟས་གཉིས་པ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་ལྔ་སྟེ། གང་དུ་ཟ་བའི་གནས་དང་། དེར་ཟ་བའི་གནས་ཀྱི་བདག་པོ་དང་། གང་གི་ཟ་བའི་སྦྱིན་བདག་དང་། གང་ཟ་བའི་དངོས་པོ་དང་། གང་གིས་ཟ་བའི་རྟེན་ནོ། །དང་པོ་ལ་གསུམ་ལས། མུ་སྟེགས་ཅན་ཁོ་ནའི་འདུག་གནས་ཡིན་པ་སྟེ། ལུང་རྣམ་འབྱེད་ལས་མུ་སྟེགས་ཅན་གྱི་འདུག་གནས་སུ་ཞེས་པ་དང་། འདི་ཉིད་ལས་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་སོ་ཞེས་གསུངས་པས་སོ། །གནས་ཀྱི་ངོ་བོ་ཉིད་དུ་གྲུབ་པ་དང་། སྤྱོད་ལམ་བཞི་ཡན་ཆད་ཤོང་བ་སྟེ། སྔར་བཤད་པ་བཞིན་ནོ། །གཉིས་པ་དེར་ཟ་བའི་གནས་ཀྱི་བདག་པོ་ནི། མུ་སྟེགས་པ་ཡིན་པ་སྟེ། རྣམ་འབྱེད་ལས་མུ་སྟེགས་ཅན་གྱི་འདུག་གནས་སུ་ཞེས་གསུངས་སོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། སྔར་མི་ཆོས་བླ་མའི་སྐབས་སུ་བཤད་པ་བཞིན་ནོ། །གསུམ་པ་གང་གི་ཟ་བའི་སྦྱིན་བདག་ནི། སྔར་གོས་སློང་བའི་སྐབས་སུ་བཤད་པའི་ཁྱིམ་པ་ཆོས་དྲུག་ལྡན་གྱི་སྟེང་དུ། མུ་སྟེགས་ཅན་ཁོ་ནའི་སྦྱིན་བདག་ཡིན་པ་སྟེ། ཆོས་འདི་པའི་མ་ཡིན་ཞེས་པ་དང་། ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་ཞེས་གསུངས་པས་སོ། །བཞི་པ་གང་ཟ་བའི་དངོས་པོ་ནི། དུས་སུ་རུང་བ་ཡིན་པ་དང་། མུ་སྟེགས་པའི་སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་དང་། རུང་བ་དང་། ཚད་དང་ལྡན་པའོ། །ལྔ་པ་གང་གིས་ཟ་བའི་རྟེན་ནི། གནང་བའི་རྐྱེན་ཅན་ནད་པ་མ་ཡིན་པ་དང་། གནས་དེར་ཞག་གཅིག་ཡན་ཆད་གནས་པ་ཡིན་པ་སྟེ། མི་ན་བ་ལའོ་ཞེས་པ་དང་། ནར་མའི་བྱ་བ་རྣམས་ནི་

༼༧༡༨༽ བསྒྲུབ་ནུས་ན། །ཅུང་ཟད་ན་ཡང་གནང་བའི་རྐྱེན་ཅན་མིན། །ན་བ་ཉིད་ཀྱི་ཚད་ནི་མི་ནུས་པའོ། །དེ་ནི་གནང་བའི་རྐྱེན་ཅན་ནད་པ་ཡིན་ཞེས་སྨྲས་སོ།་་་་་།སོ་སོ་ཐར་པའི་མདོ་ལས། ཞག་ལོན་པའི་དགེ་སློང་གིས་ཞེས་གསུངས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་རང་དགར་ཟན་གཉིས་པ་སློང་བའི་ཚིག་སྨྲ་ཞིང་གོ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་སློང་ཞིང་ཟ་བར་ཞུགས་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ལ་ཡ་མཚན་ཅན་ཞེས་པ་ནི་གཉིས་ཏེ། མུ་སྟེགས་ཅན་གྱི་མིང་དང་། རབ་ཏུ་བྱུང་བ་སྤྱིའི་མིང་ངོ་། །དང་པོ་ནི། ཡ་མཚན་ཅན་ཞེས་པ་མུ་སྟེགས་ཅན་གྱི་མིང་གི་རྣམ་གྲངས་ཏེ། དཔེར་ན་རྡོའི་རྒྱབ་ལ་མྱུ་གུ་མི་སྐྱེ་བ་དང་འདྲ་བའི་མུ་སྟེགས་ཅན་ལ་ཐར་པའི་མྱུ་གུ་སྐྱེ་བར་འདོད་པ་ནི་ཡ་མཚན་ཅན་ཡིན་པའི་ཕྱིར་ཏེ། དེ་ལྟར་བྱེ་བྲག་བཤད་མཚོ་ལས་བཤད་པ་ནི་རྣམ་འབྱེད་འགྲེལ་དུ་དྲངས་སོ།་་་་་སཾ་སྐྲྀ་ཏའི་སྐད་དུ་ཡ་མཚན་ཅན་དང་རྡོའི་རྒྱབ་མིང་གཅིག་སྟེ་པ་ཥ་ཎ་ཊཱི་ཀ་ཞེས་ཟེར་རོ། །དེ་ཡང་རྣམ་འབྱེད་འགྲེལ་ལས། ཡ་མཚན་ཅན་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་རབ་ཏུ་བྱུང་བའི་སྤྱིའི་མིང་ཡིན་ཏེ། ཅིའི་ཕྱིར་ཡ་མཚན་ཅན་ཞེས་བྱ་ཞེ་ན། གཞན་མུ་སྟེགས་ཅན་རབ་ཏུ་བྱུང་བའི་སྤྱིའི་མིང་ཡིན་ཏེ། འདུལ་བ་བྱེ་བྲག་པ་ཏུ་བཤད་པ་ལས་པ་ཥ་ཎ་ཌི་ཀ་ཞེས་བྱ་བ་ནི་རྡོའི་རྒྱབ་ཡིན་ཏེ། ཇི་ལྟར་རྡོའི་རྒྱབ་ཏུ་ས་བོན་བཏབ་པས་མྱུ་གུ་བསྐྱེད་པའི་ནུས་པ་མེད་པ་དེ་བཞིན་དུ་མུ་སྟེགས་ཅན་དག་གིས་ཀྱང་ཐར་པའི་མྱུ་གུ་བསྐྱེད་མི་ནུས་པས་རྡོ་རྒྱབ་ཅེས་བྱ་བར་གསུངས་སོ། །གཉིས་པ་ནི། གཞུང་འདིར་ཡ་མཚན་ཅན་ཞེས་གསུངས་པ་དེ། སྐབས་འདིར་ཊཱི་ཀ་ལས་ཡ་མཚན་ཅན་ཞེས་བྱ་བ་ནི་ཆོས་འདི་པ་དང་གཞན་མུ་སྟེགས་ཀྱི་རབ་ཏུ་བྱུང་བ་སྤྱིའི་མིང་ངོ་ཞེས་བཤད་དོ། །འདི་ནི་ཆ་ཤས་ཀྱི་མིང་གིས་སྤྱི་ལ་བཏགས་པའོ།་་་་་ཡ་མཚན་ཅན་ཞེས་མུ་སྟེགས་པའི་རབ་བྱུང་གི་མིང་གིས་རབ་བྱུང་སྤྱི་ལ་བཏགས་སོ། །དེའི་ཟོས་ནའོ་ཞེས་པ་ནི་ཉི་མ་གཉིས་པ་དེར་ཟས་ལན་གཉིས་ཟོས་ན་ཟོས་པ་ལ་ལྟུང་བྱེད་དངོས་གཞིའོ། །འགྲེལ་ཆུང་ལས་མུར་འདུག་གི་གནས་སུ་ཟས་ལན་ཅིག་ཟོས་པས་ནི་ལྟུང་བར་མི་འགྱུར་གྱི། ཟན་ལན་གཉིས་ཟོས་ན་ལྟུང་བར་འགྱུར་ཞེས་བཤད་ཅིང་། སོ་སོ་ཐར་པ་ལས་འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མིན་པས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །ཊཱི་ཀ་ལས་ཉི་མ་དང་པོ་ལ་གནས་པ་དང་ཟོས་པ་ལ་ནི་ལྟུང་བ་མེད་དོ་ཞེས་སོ།་་་་་ལུང་རྣམ་འབྱེད་ལས་གཞན་དུ་གནས་ཤིང་འདུག་གནས་དེར་ཟ་ན་གཞན་དུ་གནས་པ་ལ་ལྟུང་བ་མེད་ལ་དེར་ཟ་བ་ལ་ལྟུང་བྱེད་

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号