ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > ཆོས་ལུགས་རིག་གནས།
༄༅། །འདུལ་བ་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལེགས་བཤད་ལུང་གི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།
སྤེལ་དུས།05-06  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
 
༼༨༣༩༽

བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་བདག་ལས་ངག་གི་རིག་བྱེད་ཀྱིས་ཟས་བླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་གསུམ་སྟེ། གང་ལ་བླང་བའི་ཡུལ་དང་། གང་ལེན་ཞིང་ཟ་བའི་དངོས་པོ་དང་། གང་གིས་ལེན་ཞིང་ཟ་བའི་རྟེན་ནོ། །དང་པོ་ལ་ལྔ་ལས། ཁྱིམ་པ་ཡིན་པ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པས་བསྡམས་པ་ཡིན་པ་སྟེ། བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་ཞེས་གསུངས་པས་སོ། །རྫས་ཀྱི་སྒོ་ནས་བདག་ལས་ཐ་དད་པ་སྟེ། དགག་བྱའི་གནད་ཀྱིས་སོ། །ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་སྟེ། སྔར་བཤད་པ་བཞིན་ནོ། །གཉིས་པ་གང་ལེན་ཞིང་ཟ་བའི་དངོས་པོ་ལ་ལྔ་ལས། དུས་སུ་རུང་བ་ཡིན་པ་དང་། ལྡམ་ལྡུམ་ལ་སོགས་མོད་པ་མ་ཡིན་པ་སྟེ། བཅའ་བ་དང་བཟའ་བ་བླངས་ཤིང་ཟོས་པ་ལ་སྟེ་ཞེས་པ་དང་། ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་ཞེས་གསུངས་པས་སོ། །རུང་བ་དང་ཚད་དང་ལྡན་པ་དང་སྦྱིན་བདག་དེ་ཉིད་ཀྱི་ཡིན་པ་སྟེ། སྔར་སྐབས་གཞན་དུ་བཤད་པ་བཞིན་ནོ། །གསུམ་པ་གང་གིས་ལེན་ཞིང་ཟ་བའི་རྟེན་ནི་དགེ་འདུན་གྱི་ཁྲིམས་སུ་བཅས་པ་དེའི་ཁོངས་སུ་གཏོགས་པ་སྟེ། བསླབ་པ་དྲལ་ཏེ། ཁྱིམ་དུ་འཇུག་པ་ཞེས་གསུངས་པས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞི་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་དེ་ལས་རང་དོན་དུ་ཟས་བླངས་ཏེ་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་་་་་ལུང་ཞུ་བ་ལས་ལག་བརྡ་ལ་སོགས་པ་ལུས་ཀྱི་རིག་བྱེད་ཀྱིས་བླངས་ཏེ་ཟོས་ན་ཉེས་བྱས་སུ་གསུངས་པས། དངོས་གཞི་བསྐྱེད་པ་ལ་རང་གི་ངག་གི་རིག་བྱེད་ཀྱིས་ཟས་ལེན་ཞིང་ཟ་བར་རྩོམ་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ནི་བསླབ་པའི་སྡོམ་པ་དེ་བྱིན་པའི་མདུན་རོལ་ཏུ་མགྲོན་དུ་བོས་པ་མཆོག་ཟུང་གཅིག་ལྟ་བུས་ནི་དེ་ཟོས་ཀྱང་ལྟུང་བ་འདི་མི་འབྱུང་བས་ན། མདུན་རོལ་ཏུ་མགྲོན་དུ་མ་བོས་པས་ཞེས་སོ། །ད་ནི་སོ་སོར་བཤགས་པར་བྱ་བ་བཞི་པ་འཆད་དེ་བསླབ་པར་བྱ་བ་ནི་ནགས་མྱུལ་བའི་དགེ་སློང་བསྐོ་ཞེས་སོ། །འདིའི་སྤྱི་དོན་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། ལོངས་

༼༨༤༠༽

སྤྱོད་ཀྱི་བར་ཆད་སྤང་བ་དང་། མ་བསྐོས་པའི་ལྟུང་བ་མི་འབྱུང་བའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི། ཆོས་བཅུ་བཞི་དང་ལྡན་པ་བསྐོ་སྟེ། སྤོང་བ་པའི་ཞལ་ཏ་བའི་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་ནི་འདུ་བའི་སྐབས་སུ་རྗེས་སུ་སྒྲུབ་པ་དང་། སྤྲོ་བ་དྲི་བའོ། །དངོས་གཞི་ནི་གསོལ་གཉིས་ཀྱིས་བསྐོ་བ་སྟེ། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་བསྐོས་པའི་བསླབ་བྱ་ནི་དཔག་ཚད་ཕྱེད་ཚུན་ཆད་བརྟག་པ་ལ་སོགས་པའོ། །ལྟུང་བ་རྣམ་པར་བཞག་པ་ནི། ཤེས་གཙོའོ་ཞེས་སོ། །འདིའི་སྤྱི་དོན་ལ་བཞི་ལས། གླེང་གཞི་ནི་གྲོང་ཁྱེར་སེར་སྐྱའི་གནས་ཀྱི་ནགས་སུ་ནགས་མ་མྱུལ་བར་ཆོམ་རྐུན་གྱི་འཇིགས་པ་དང་བཅས་པ་དེར་དྲུག་སྡེས་ཟས་བླངས་ཏེ་ཟོས་པ་ལས་སོ་སོར་བཤགས་པར་བྱ་བར་བཅས་སོ། །དགག་བྱ་ནི་ཡིད་བརྟན་པ་ལ་བསླུ་བའི་སྒོ་ནས་ལོངས་སྤྱོད་ཀྱི་བར་ཆད་དུ་འགྱུར་བ་དང་། ཟས་ལ་ཧ་ཅང་གདུང་བ་ཆེས་པས་གཞན་དག་མ་དད་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་འཇིགས་པ་དང་བཅས་པའི་ནགས་མ་མྱུལ་བར་འཇིགས་པ་དང་བཅས་པ་དེར་སྦྱིན་བདག་ཁྱིམ་པ་ལ་ཟས་བླངས་ཏེ་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། གཞིའི་ཡན་ལག་ལ་བཞི་སྟེ། གང་ལ་བླང་བའི་ཡུལ་དང་། གང་ལེན་ཞིང་ཟ་བའི་དངོས་པོ་དང་། གང་དུ་ལེན་ཞིང་ཟ་བའི་གནས་དང་། གང་གིས་ལེན་ཞིང་ཟ་བའི་རྟེན་ནོ། །དང་པོ་ལ་བཞི་ལས་ཁྱིམ་པ་ཡིན་པ་དང་། ཐ་སྙད་ལྔ་དང་ལྡན་པ་དང་། ལུས་ཐ་མལ་པར་གནས་པ་དང་གསུམ་སྔར་གོས་སློང་བའི་སྐབས་སུ་བཤད་པ་བཞིན་ནོ། །དགེ་འདུན་ལ་བསྔོ་བ་པོ་ཡིན་པ་སྟེ། ལུང་གི་གླེང་གཞིས་ཤེས་སོ། །གཉིས་པ་གང་ལེན་ཞིང་ཟ་བའི་དངོས་པོ་ལ་བཞི་ལས། དུས་སུ་རུང་བ་ཡིན་པ་དང་། རུང་བ་དང་ཚད་དང་ལྡན་པ་སྟེ་གསུམ་ནི་སྔར་སྐབས་གཞན་དུ་བཤད་པ་དང་འདྲའོ། །སྦྱིན་བདག་དེས་དགེ་འདུན་ལ་བསྔོས་པ་ཡིན་པ་སྟེ་སྐབས་དོན་གྱིས་སོ། །གསུམ་པ་གང་དུ་ལེན་ཞིང་ཟ་བའི་གནས་ནི། གྲོང་ལས་རྒྱང་གྲགས་ཡན་ཆད་ཀྱི་མཐའ་

༼༨༤༡༽

ཡིན་པ་དང་། འཇིགས་པ་དང་བཅས་པའི་གནས་ཡིན་པ་སྟེ། ཀུན་དགའ་རྭ་བའི་ཕྱི་རོལ་གྱི་དགོན་པར་ཞེས་པ་དང་། ལུང་རྣམ་འབྱེད་དང་དེ་ཉིད་ལས་་་་་་འཇིགས་པ་དང་བཅས་པའི་གནས་ཞེས་གསུངས་པས་སོ། །བཞི་པ་གང་གིས་ལེན་ཞིང་ཟ་བའི་རྟེན་ནི། ནགས་མྱུལ་བར་བསྐོས་པ་ཡིན་པ་སྟེ། ནགས་མྱུལ་བའི་དགེ་སློང་བསྐོ་ཞེས་གསུངས་པ་དང་། འགྲེལ་ཆུང་ལས་ནགས་མྱུལ་བར་བསྐོས་པའི་དགེ་སློང་གིས་འཇིགས་པ་ཤེས་བཞིན་དུ་མ་མྱུལ་བར་ཟོས་ན་སོ་སོར་བཤགས་པར་བྱ་བར་འགྱུར་རོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བའོ། །ཀུན་སློང་ནི་ནགས་མ་མྱུལ་བར་འཇིགས་པ་དང་བཅས་པ་དེར་ཟས་དེ་རང་དོན་དུ་ལེན་ཞིང་ཟ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་གནས་དེར་ཟ་བར་རྩོམ་པའོ། །མཐར་ཐུག་ནི་མགུལ་དུ་མིད་པའོ། །ཡན་ལག་གི་དོན་ནི་ཤེས་གཙོའོ་ཞེས་སོ། །དགེ་འདུན་གྱི་ཀུན་དགའ་རྭ་བའི་གཙུག་ལག་ཁང་དེའི་ཕྱི་རོལ་གྱི་ནགས་ཁྲོད་ལ་སོགས་པ་གྲོང་ལས་རྒྱང་གྲགས་ཀྱི་མཐའ་ཡན་ཆད་ཀྱི་དགོན་པས་ཕྱོགས་དབེན་པ་ཆོམ་རྐུན་གྱི་འཇིགས་པ་ཡོད་པ་དེར་བཅའ་བ་དང་། བཟའ་བ་བླངས་ཏེ་ཟོས་ན་ལྟུང་བ་དངོས་གཞིའོ། །འདིར་ལྟུང་བ་མེད་པ་ནི་ལུང་རྣམ་འབྱེད་ལས་ནགས་མྱུལ་བ་ཤིའམ་བྲོས་ན་ལྟུང་བ་མེད་དོ་ཞེས་གསུངས་འདི་ལ་མྱུལ་བའི་བློ་ཡོད་ན་ལྟུང་བ་མེད་དོ་ཞེས་རྣམ་འབྱེད་འགྲེལ་ལས་བཤད་དོ་་་་་་སོ། །རྣམ་བཤད་ཉི་མའི་འོད་ཟེར་ལས། སོ་སོར་བཤགས་པར་བྱ་བའི་རྣམ་པར་བཤད་པ་རྫོགས་སོ།།    །།ད་ནི་ཉེས་བྱས་ཀྱི་སྡེ་འཆད་དེ། འདི་ལ་སྡེ་ཚན་དགུ་ལས། དང་པོ་གོས་བགོ་བའི་སྡེ་ཚན་ནི། ཤམ་ཐབས་ཅི་ནས་ཀྱང་ཞེས་སོ། །ལུང་ལས་ཤམ་ཐབས་ལ་ནི་བསླབ་བྱ་རྣམ་པ་བདུན་དང་ཞེས་གསུངས་ཏེ། སྐྱོན་དྲུག་དང་བྲལ་ཞིང་ཡོན་ཏན་ཟླུམ་པོར་བགོ་བ་དང་བདུན་ནོ།་་་་་སྦས་ཏི་ལ་སོགས་པ་རྣམས་ན་རེ་ཤམ་ཐབས་སྐྱོན་དྲུག་དང་བྲལ་ཞིང་ཡོན་ཏན་ཟླུམ་པོར་བགོ་བ་འདི་ནི་དགེ་སློང་ལྔ་སྡེ་ལ་དང་པོར་གསུངས་པའི་འདུལ་བ་ཡིན་ནོ། །ཞེས་ཟེར་བ་ནི་མ་ཡིན་ཏེ། །དེའང་ལུང་རྣམ་འབྱེད་ལས་ཤམ་ཐབས་ཟླུམ་པོར་བགོ་བ་ནི་དགེ་སློང་ལྔ་སྡེ་ལ་དང་པོར་གསུངས་པ་ཡིན་ལ། སྐྱོན་དྲུག་དང་བྲལ་

༼༨༤༢༽

བ་ནི་ལུང་རྣམ་འབྱེད་ལས་དྲུག་སྡེ་ལ་བརྟེན་ནས་དུས་ཕྱིས་གསུངས་པ་ཡིན་ནོ། །ཤམ་ཐབས་ལ་ནི་རྣམ་བདུན་ཞེས་གསུངས་པ་འདི་ནི་མཐང་གོས་ལ་ཡང་རྣམ་བདུན་པོ་མཚོན་ནས་བསྟན་ཏོ། །ཊཱི་ཀ་ལས་ཟླུམ་པོ་ནི་མ་མཐའི་ཁ་མཉམ་པར་འདུག་པའོ། །ཧ་ཅང་རྩེངས་པ་ནི་པུས་མོ་གཉིས་ལས་གོང་དུ་ཐལ་བ་ཉིད་དོ། །ཧ་ཅང་འཇོལ་བ་ནི་ལོང་བུའི་ཚིགས་ལ་རེག་པ་ཉིད་དོ་ཞེས་སོ། །འོ་ན་ཤམ་ཐབས་རིང་ཐུང་རན་པའི་ཚད་ཇི་ཙམ་ཞེ་ན། འདུལ་བ་བསྡུས་པ་ལས་ལོང་བུ་ལས་བརྩམས་ནས་སོར་བཞིས་བོར་བར་བྱའོ་ཞེས་སོ། །ཐུང་སྡེ་རྣམས་ཀྱི་ཤམ་ཐབས་ཅུང་ཟད་རིང་བར་བྱས་པ་དང་། འབྲིང་སྡེ་རྣམས་ཀྱི་ཤམ་ཐབས་ཅུང་ཟད་ཐུང་བར་བྱས་པར་གནང་སྟེ། དེ་དུས་ན་འདུལ་བ་བསྡུས་པ་རྫོགས་པར་བོད་དུ་མ་འགྱུར་བས་འབྲིང་སྡེ་རྣམས་ཀྱིས་མ་ཤེས་པར་ཟད་དོ།་་་་་ལྟེ་བའི་གོང་དུ་ཤམ་ཐབས་མ་ལྟེབས་པར་ཏེ་ཏ་ལའི་ལོ་མ་ལྟར་ལྟེབས་ཤིང་འདུག་པ་མ་ཡིན་པར་རོ། །སྐེ་རགས་མཐོ་དམན་གཉིས་སུ་བཅིངས་པའི་བར་ན་ཤམ་ཐབས་ལྷུག་པོའི་ནང་དུ་་་་་་འབྲུའི་ཕུར་མ་སྟེ་ནས་འབྲུའི་ཐུམ་བུ་བསྟུམས་པ་ལྟར་འདུག་པ་མ་ཡིན་པ་སྟེ་སོ་སོ་ཐར་བ་ལས། འབྲུའི་ཕུར་མ་ལྟར་མ་ཡིན་ཞེས་གསུངས་སོ། །འབྲུའི་ཕུར་མ་ནི་ནས་འབྲུའི་ཐུམ་བུ་སྟེ། རྣམ་འབྱེད་འགྲེལ་ལས་ནས་ཅན་གྱི་ཕུར་མ་ཞེས་སོ། །ཕུར་མ་ནི་ཐུམ་བུའི་མིང་གི་རྣམ་གྲངས་ཏེ། དཔེར་ན་ཕྱེ་མའི་ཕུར་མ་ཞེས་པ་དེ་ཕྱེ་་་་་་སྨན་དང་རིན་པོ་ཆེའི། མའི་ཐུམ་པོ་ཉིད་ཡིན་པ་བཞིན་ནོ། །སྟོད་ཀྱི་ཆོས་གོས་སྣམ་སྦྱར་དང་བླ་གོས་སྐྱོན་གཉིས་དང་བྲལ་ཞིང་ཡོན་ཏན་ཟླུམ་པོར་བགོ་བ་སྟེ་ཆོས་གོས་ཅི་ནས་ཀྱང་ཞེས་སོ། །སྦས་ཏི་ལ་སོགས་པ་རྣམས་ན་རེ་བར་དུ་གསུངས་པའི་འདུལ་བ་ནི་སྟོད་ཀྱི་ཆོས་གོས་སྐྱོན་གཉིས་དང་བྲལ་ཞིང་ཡོན་ཏན་ཟླུམ་པོར་བགོ་ཞེས་དགེ་སློང་ལྔ་སྡེ་ལ་གསུངས་སོ་ཞེས་ཟེར་བ་ནི་མ་ཡིན་ནོ་སྟེ།་་་་་དེའང་སྟོད་ཀྱི་ཆོས་གོས་ཟླུམ་པོར་བགོ་བ་ནི་དགེ་སློང་ལྔ་སྡེ་ལ་བར་དུ་གསུངས་པ་ཡིན་པར་ལུང་ཕྲན་ཚེགས་ལས་བཤད་ཅིང་། སྐྱོན་གཉིས་དང་བྲལ་བ་ནི་དྲུག་སྡེ་ལ་བརྟེན་ནས་ཕྱིས་གསུངས་པ་ཡིན་པར་ལུང་རྣམ་འབྱེད་ལས་བཤད་དོ། །གཉིས་པ་ཁྱིམ་དུ་འགྲོ་བའི་སྡེ་ནི་ཤིན་ཏུ་བསྡམས་ཤིང་ཞེས་སོ། །དེའང་ལུང་་་་་་གཉའ་ཤིང་གང་ཙམ་བལྟ་བའི་ཚད་ནི་ཊཱི་ཀ་ལས་མ་བཤད་ཀྱང་། རྣམ་འབྱེད་ཀྱི་འབྲེལ་པ་ལས་གཉའ་ཤིང་གང་ཙམ་དུ་བལྟ་བ་ཞེས་བྱ་བ་ནི་འདོམ་གང་

༼༨༤༣༽

ཙམ་དུ་བལྟ་བའོ་ཞེས་སོ། །ཆོས་གོས་ཕྲག་པའི་ཕྱོགས་སུ་མི་གཟར་བར་རོ་ཞེས་པའི་རང་གི་རྣམ་བཤད་ལས་ངོས་གཉིས་ཀར་སོར་བཅུ་གཉིས་ཀྱི་རྣམ་པ་ཉིད་ཀྱིས་མི་གཟར་བའོ་ཞེས་བཤད་ཅིང་།་་་་་པས་སོར་བཅུ་གཉིས་ཡན་ཆད་ཀྱི་ཚད་ཀྱིས་ཆོས་གོས་གཟར་བའི་ཉེས་པ་བསྐྱེད་པའི་ཚད་བཤད། དགེ་སློང་དག་ལ་ནི་ཕྲག་པ་གཡོན་པར་གཟར་བ་གྲགས་པ་ཉིད་ཡིན་ལ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་བཤད་དོ། །ལུང་དགེ་སློང་མའི་རྣམ་འབྱེད་ལས་ཁྱིམ་འབིགས་པ་ལྟར་ཙོག་པུ་མ་ཡིན་པར་རོ་ཞེས་གསུངས་ཤིང་། འགྲེལ་ཆུང་ལས་ཙོག་ཙོག་པོར་འདུག་ལ་མཆོང་ཞིང་མི་འགྲོའོ་ཞེས་སོ། །གསུམ་པ་སྟན་ལ་འདུག་པའི་སྡེ་ནི་དེར་མ་བསྒོ་བར་ཞེས་སོ། །ལག་པ་འགྲམ་པ་ལ་བརྟེན་ཏེ་མི་བྱ་བ་དང་། སྟན་ཐབས་བསྐུར་བར་མི་བྱ་བ་འདི་གཉིས་ཀྱི་འདུག་པར་བྱ་བ་དགུ་དག་དང་ཞེས་པར་མ་གཏོགས་ཤིང་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུ་མི་བགྲང་སྟེ། རང་གི་རྣམ་བཤད་ལས་དེ་གཉིས་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས་བསྡུས་སོ་ཞེས་བཤད་དོ། །བཞི་པ་ཟས་བླང་བའི་སྡེ་ནི་ཐམས་ཅད་དུ་ལེགས་པར་ཞེས་སོ། །ལྔ་པ་ཟས་བཟའ་བའི་སྡེ་ནི་ལེགས་པར་ཟས་བཟའ་བར་ཞེས་སོ། །ཕྱིས་མི་གདགས་སོ་ཞེས་པ་ལ་ལུང་དགེ་སློང་མའི་རྣམ་འབྱེད་ལས་ནི་ཟས་ལ་བསྔགས་པ་དང་སྐྱོན་གདགས་པར་མི་བྱའོ་ཞེས་གསུངས་སོ།་་་་་ཟས་ལ་ཧ་ཅང་བསྔགས་པ་བརྗོད་པའང་ལུང་ལས་བཀག་པའོ། །དྲུག་པ་ལྷུང་བཟེད་དུ་སྤྱད་པའི་སྡེ་ནི་དྲུང་ན་འདུག་པའི་ཞེས་སོ། །ལྷུང་བཟེད་ལན་གསུམ་བཀྲུས་ཏེ་ཚིགས་བཅད་བཟླས་བརྗོད་བྱས་པའི་ལྷུང་བཟེད་ཀྱི་ཆུ་སྦྱིན་པ་དང་། ལམ་གྱི་བཞི་མདོར་ལྷུང་བཟེད་བཀྲུ་བར་མི་བྱ་བ་འདི་གཉིས་ནི་ལྷུང་བཟེད་ལ་ཡང་རྣམ་པ་བཅུ་ཞེས་པར་མ་གཏོགས་ཤིང་། དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུ་མི་བགྲང་སྟེ། འདི་གཉིས་དགེ་སློང་གི་སོ་སོ་ཐར་པའི་མདོ་ལས་མ་གསུངས་ཀྱང་སྔ་མ་ནི་ལུང་ཕྲན་ཚེགས་དང་དགེ་སློང་གི་རྣམ་འབྱེད་ནས་གསུངས་པ་དེ་སྐབས་འདིར་ཞར་བྱུང་དུ་བསྡུས་པ་ཡིན་ལ། ཕྱི་མ་ཡང་ལུང་གི་སྐབས་གཞན་ནས་གསུངས་པ་འདིར་བསྡུས་

༼༨༤༤༽

པའོ། །བདུན་པ་ཆོས་བཤད་པའི་སྡེ་ལ་གཉིས་ཏེ། ཐུན་མོང་བ་དབང་དུ་བྱེད་པའི་མདོ་དང་། སྐབས་ཀྱི་བསླབ་བྱ་སོ་སོར་བསྟན་པའོ། །ཡུལ་མིན་པ་དང་རྟེན་མིན་པ་སྟེ་དེའང་་་་་་དང་པོ་ནི་འགྲེང་སྟེ་བཤང་གཅི་མི་བྱ་བར་རོ་ཞེས་འབྱུང་བ་ཡན་ཆད་ནི་ཡུལ་མི་ན་བ་ལ་སྟེ་ཆོས་ཉན་པ་པོ་མི་ན་བ་ལ་དགེ་སློང་གིས་ཆོས་བཤད་ན་ཉེས་བྱས་བསྐྱེད་པའོ། །གཞན་དུ་ན་ལྟུང་བ་མེད་དོ། །འགྲེང་སྟེ་བཤང་གཅི་མི་བྱ་བ་མན་ཆད་བཞི་པོ་དེ་དག་ལ་རྟེན་མི་ན་བ་སྟེ་རྟེན་དགེ་སློང་བདག་ཉིད་མི་ན་བ་ཡན་ལག་ཏུ་དགོས་པའོ། །གཞན་དུ་ན་ལྟུང་བ་མེད་དོ། །གཉིས་པ་ནི་འདུག་པ་ལ་འགྲེང་སྟེ་ཞེས་སོ། །ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས་དོ་ཀེར་ཅན་གྱི་སྐྲ་གྱེན་དུ་གཙུག་ཏོར་ལྟར་བཅིང་པའོ་ཞེས་སོ། །ཅོད་པན་ཅན་དང་ཕྲེང་བ་ཅན་ནི་རིན་པོ་ཆེའི་ཅོད་པན་ཅན་དང་། རིན་པོ་ཆེའི་ཕྲེང་བ་ཅན་ནམ་མེ་ཏོག་ལ་སོགས་པའི་ཕྲེང་བ་ཅན་ནོ། །གླང་པོ་ཆེ་དང་རྟ་ཞོན་པ་ལས་བཞོན་པའི་སྟེང་ན་འདུག་པའི་ཁྱད་པར་ཅི་ཞེ་ན། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས་ཤིང་རྟ་ལ་སོགས་པ་བཞོན་པའི་སྟེང་ན་འདུག་པའོ་ཞེས་སོ། །མཚོན་ཆ་དང་རལ་གྲི་དང་དགྲ་ཆ་ཞེས་པ་དེ་དག་གི་ཁྱད་པར་ཅི་ཞེ་ན་ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས། མཚོན་ཆ་ནི་མདུང་དང་འཕང་མདུང་ལ་སོགས་པའོ། །དགྲ་ཆ་ནི་མདའ་གཞུའོ་ཞེས་སོ། །བརྒྱད་པ་སྒྲུབ་པའི་སྡེ་ནི་འགྲེང་སྟེ་བཤང་གཅི་མི་བྱ་ཞེས་སོ། །དགུ་པ་རྒྱུ་བ་དགག་པ་ནི་གནོད་པ་བྱུང་བ་མ་གཏོགས་པར་ཞེས་སོ། །ཉེས་བྱས་ཀྱི་སྡེའི་རྣམ་པར་བཤད་པའོ། །རྣམ་བཤད་ཉི་མའི་འོད་ཟེར་ལས་དགེ་སློང་གི་རྣམ་

༼༨༤༥༽

འབྱེད་ཀྱི་རྣམ་པར་བཤད་པ་རྫོགས་སོ།།  །།འདྲེན་མཆོག་སྟོན་པ་ཐམས་ཅད་མཁྱེན་པ་དེས། །ཡོངས་སྨིན་གདུལ་བྱར་ཚུར་ཤོག་སྔོན་ཆོག་མཛད། །མ་སྨིན་པ་དག་མཁན་སློབ་དགེ་འདུན་ལ། །བསྟེན་པའི་ད་ལྟའི་ཆོ་ག་རྗེས་སུ་གནང་། །ཚུལ་ཁྲིམས་བླང་བ་བས་ཀྱང་ཆེས་ལྷག་པ། །ལེགས་པར་བསྲུང་བའི་ཚུལ་ལ་འབད་པ་གནད། །དེ་ཕྱིར་སྡོམ་པ་མ་ཐོབ་ཐོབ་པ་དང་། །མི་ཉམས་ཐབས་སོགས་ལུང་བཞི་ལས་གསུངས་པ། །ཡོན་ཏན་འོད་དེས་ཚིག་ཉུང་དོན་རྒྱས་ཀྱི། །ལེགས་བཤད་དེ་ནི་ཉི་འོད་ལྟར་གསལ་བྱེད། །རྣམ་བཤད་འདི་ནི་སྡོམ་བརྩོན་མཐའ་དག་ལ། །འཛད་མེད་རྒྱན་དུ་སྤེལ་ལོ་གཅེས་སྤྲས་མཛོད།།    །།སྭ་སྟི། ཕྲ་རགས་སྒྲིབ་པའི་གཡོ་བ་དང་བྲལ་ཀུན་ཁྱབ་ཆོས་སྐུའི་ལྷ་ལམ་དུ། །སྐྱེ་མེད་ཆོས་ཀྱི་རྣམ་པ་མཐའ་དག་ཡིད་དུ་ཆུབ་པའི་ཀུན་རིག་སྤྲིན། །སྒྲ་རྟོག་ལས་འདས་ཟབ་ཅིང་ཞི་བའི་བདུད་རྩི་སྙིང་པོའི་གྲུ་ཚར་ཅན། །ཐམས་ཅད་གཟིགས་ཤིང་སྨྲ་བ་ཟླ་མེད་ཤཱཀྱའི་གཙོ་བོ་རྒྱལ་གྱུར་ཅིག །ཀུན་ཤེྃས་ཆོས་ཀྱི་མཚོ་ཆེན་དར་བའི་ཀློང་། །མཆོག་རྃབ་ངག་གི་རོལ་མོ་སྣ་ཚོགས་སུ། །བཟྃང་རྒུར་གྲོལ་བ་མེས་པོྃ་འཛུམ་པའི་གླུས། །ཐུབ་གསུམ་རྒྱ་ཛཆེར་མཚོན་དེ་ལན་བརྒྱར་བསྔགས། །ཐུབ་དགོངས་རྒྱ་མཚོྃ་གསལ་བའི་ཊཱི་ཀ་ཆེན་གྱི། །ཉིྃ་སྣང་བློ་ལྡན་མཛེས་མའི་གདོང་པ་ལ། །འཛུམ་འོྃད་འབྱིན་པའི་ལེགས་བཤད་སྣང་བའི་མཛོད། །ཟེྃར་སྒྲོས་ཕྲེང་བ་བསྒྲིགས་

༼༨༤༦༽

པའི་བབ་ཅོལ་མིན། །བསླབ་གཞི་གདེངས་ཀ་ཕྱོགས་སུ་རྒྱས་པའི་རླབས། །དོན་མཐུན་དགག་སྒྲུབ་གནང་བའི་ཆུ་རིས་ཅན། །ཆོས་འདུལ་གདུང་སེལ་བསིལ་བ་འབེབས་པའི་སྤྲིན། །དགེ་ལེགས་འདོད་འཇོའི་ཐིགས་ཕྲེང་བྱེ་བར་དགོད། །ཆེས་ཕྲ་ཉེས་པའི་རྡུལ་ཡང་དགྲར་ལྟ་བས། །རང་ནོངས་མཚང་དུ་མཐོང་བ་ཚངས་པའི་སྲོལ། །འཕགས་རིགས་གཙང་མའི་སྤྱོད་པ་ཡོངས་དག་ཏུ། །བསྒྲུབས་པའི་ཁྲིམས་ནི་བག་ཡོད་བསླབ་པའི་གཞི། །རྨོངས་རྣམས་དམན་ལ་ཞེན་པས་འཆིང་བའི་རྒྱ། །གཅོད་བྱེད་ཐུབ་པའི་ཚངས་སྤྱོད་རྡོ་རྗེའི་མཚོན། །གདེངས་པ་ཁོ་ནས་ཉོན་མོངས་གཡུལ་ངོ་ལས། །རྒྱལ་བའི་རུ་མཚོན་སྐལ་བ་མཆོག་གིས་འཛིན། །སྃ་གསུམ་དགེ་མཚན་གཅིག་ཏུ་འདུྃ་བའི་སླད། །ལྷག་པའི་བློྃ་གྲོས་ཀུན་བཟྃང་ཟླ་མཛེས་ཅན། །མི་འགྱུར་སྐྱ་རེངས་སྣང་བ་ཟླ་མེྃད་དེས། །དཔར་གྱི་འོད་སྟོང་འདྲེན་པའི་ལེགས་བྱས་མཐུས། །མཆོག་གི་སྲིད་ལ་ཡང་དག་སྦྱོར་བའི་ཚུལ། །ཐེག་གསུམ་ལམ་འབྲས་ཡོངས་རྫོགས་གངྒཱའི་རྒྱུན། །བཤད་སྒྲུབ་འཛུམ་རླབས་མུ་ཏིག་དཀར་པོའི་ཕྲེང་། །འགྲོ་ཁམས་རྒྱ་མཚོའི་རྒྱུད་དུ་འགྲིམས་པར་སྨོན། །ཐུབ་པའི་ཆོས་ཚུལ་གངས་ཀྱི་ལྡིང་ཁང་དུ། །ཟླ་བྲལ་མཁས་ཚུལ་གསུམ་གྱི་རྩལ་རྫོགས་པས། །སྨྲ་ངན་རི་སྐྱེས་གཞོམ་མཁས་གདོང་ལྔའི་ཁྱུ། །རྡོ་རྗེའི་སྲོག་གིས་རིང་དུ་བསྲུང་གྱུར་ཅིག །བསིལ་རི་འཁྱུད་མར་སྦྲེལ་བའི་ལྟེ་བ་རུ། །བསྟན་ལ་མོས་པ་དར་བའི་ཡིད་ཅན་གྱི། །མི་བསྲུན་གདུག་པའི་གདུང་བ་


༼༨༤༧༽

ཡོངས་འཕྲོག་པའི། །རང་དབང་ཕན་བདེའི་འདོད་པ་འཇོ་བར་སྨོན། །སྡེ་བཞི་ནོར་བུའི་དོག་པ་རིང་འཕྱང་བའི། །ཆབ་སྲིད་གསེར་གྱི་གདུགས་མཛེས་གཡོ་བའི་གར། །འཚེ་མེད་ཞི་བའི་གྲིབ་ཏུ་བསིལ་བ་ཡིས། །སྟོང་ཁམས་འཇིག་རྟེན་པ་མཐའ་མཛེས་གྱུར་ཅིག །རང་བྱུང་ཐུབ་པ་ཆོས་ཀྱི་ཉིན་བྱེད་ཆོས་སྐུར་གཤེགས་པའི་བཤུལ་ལམ་དུ། །བསྟན་པ་ཉིད་ཀྱང་ཟླ་མེད་སྟོན་པའི་གདུང་གི་འོས་སུ་དབང་བསྐུར་བ། །ལྷག་པའི་སྤྱོད་པ་མཐའ་གཉིས་བྲལ་བའི་བསྲུང་བ་རྣམ་དག་མཆོག་གི་ཟླ། །ཕྱི་མ་མེད་པའི་དུས་ཀྱི་མཐར་ཡང་མུན་སེལ་སྣང་བར་གསལ་གྱུར་ཅིག །རྒྱུ་སྦྱོར་ཉིད་ཀྱང་རིགས་པའི་བློྃ་གྲོས་ཀྱིས། །ཀུན་བཟྃང་ཆོས་ཀྱི་ས་ལམ་འདུ་བྱེད་པས། །མི་འགྱུར་བླ་ན་མཐོ་བ་ཞི་བའི་གཏེར། །མཚུངས་མེྃད་རྒྱལ་བའི་ཞིང་དུ་མྱུར་སོན་ཤོག །ཅེས་པ་འདི་ཡང་བསྟན་ལ་གཅིག་ཏུ་གུས་པའི་དད་སྟོབས་ལྷག་བསམ་སྟོན་ཟླ་བྱེ་བའི་དཔལ་འཛིན་ཡོན་གྱི་བདག་པོས་འདུ་བློ་བཟང་འགྱུར་མེད་མཆོག་ནས་འདུལ་འཛིན་མཚོ་སྣ་བ་ཆེན་པོས་མཛད་པའི་འདུལ་ཊཱིཀ་ཉི་མའི་འོད་ཟེར་དཔར་དུ་བསྐྲུན་པའི་དགེ་བསྔོའི་སྨོན་ཚིག་ཏུ་ཡོངས་འཛིན་ཁྲི་བྱང་སྐྱེ་མིང་པས་སྦྱར་བའོ།།  །།སརྦ་མངྒལཾ།།  །། ༈ །བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་སྤེལ།། །།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号