ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་རིག་གནས།
༄༅། །བོད་ཀྱི་སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར།
སྤེལ་དུས།01-26  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། བསམ་གྲུབ་ཚེ་རིང་།
ཁོར་ཡུག་གནད་དོན་ལ་རྐྱེན་བྱས་ནས་བྱུང་བའི་གནོད་པའམ་ཆག་སྒོ་མི་འདྲ་བ་འདི་དག་མི་རྣམས་ཀྱིས་རིམ་བཞིན་ངོས་ཟིན་གྱིན་ཡོད། འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་གོ་རིམ་ཁྲོད་དུ་ཁོར་ཡུག་ལ་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་དགོས་པའི་གནད་དོན་རྒྱ་ཡན་དུ་གཏོང་བཞིན་ཡོད་དེ། ཚན་རིག་ལག་རྩལ་དང་བཟོ་ལས་དེང་རབས་ཅན་དུ་བསྒྱུར་བ་ལ་བརྟེན་ནས་དཔལ་འབྱོར་དར་རྒྱས་སུ་བཏང་སྟེ་མིའི་རིགས་ཀྱི་འཚོ་བར་སྟབས་བདེ་དང་སྤྲོ་སྣང་སྣ་ཚོགས་སྦྱིན་པ་དང་ཆབས་ཅིག མིའི་རིགས་འཚོ་གནས་བྱ་བའི་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོ་བཞིན་ཡོད།
༡༩༨༣ལོའི་ཟླ༡༡པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་འཛིན་མཛད་དེ་འཛམ་གླིང་ཁོར་ཡུག་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཚོགས་དབུ་བརྙེས། ཨུ་ཡོན་ལྷན་ཚོགས་འདིས༡༩༨༧ལོར་མཉམ་འབྲེལ་རྒྱལ་ཚོགས་ལ༼ང་ཚོའི་ཐུན་མོང་གི་འབྱུང་འགྱུར༽ཞེས་པའི་སྙན་ཞུ་ཕུལ། དེའི་ནང་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་བསྲིང་ཆོག་པའི་འཕེལ་རྒྱས་ཀྱི་གནད་དོན་གསལ་བོར་བཏོན་ཡོད།   སྙན་ཞུ་འདིའི་ནང་རྒྱུན་བསྲིང་ཆོག་པའི་འཕེལ་རྒྱས་ཞེས་པ་ནི་དེང་དུས་མི་རྣམས་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད་མི་རབས་རྗེས་མའི་རང་སྟེང་གི་དགོས་མཁོ་སྐོང་བའི་ནུས་པར་གནོད་པ་མི་སྐྱེལ་བ་ལས།གཞན་མི་གྲངས་འཕེལ་བ་དང་སྐྱེ་ཁམས་མ་ལག་ཁྲོད་འགྱུར་བཞིན་པའི་མི་མངོན་པའི་ཐོན་སྐྱེད་ནུས་ཤུགས་སྙོམས་སྒྲིག་བྱས་པའི་འཕེལ་རྒྱས་ལ་གཟོད་རྒྱུན་བསྲིང་ཆོག་པའི་འཕེལ་རྒྱས་ཟེར་ཅེས་བསྟན་ཡོད། རྒྱུན་བསྲིང་ཆོག་པའི་འཕེལ་རྒྱས་ལ་དབྱེ་ན། དཔལ་འབྱོར་འཕེལ་རྒྱས་དང༌། མུ་མཐུད་གོང་འཕེལ་དང་གཏན་འཇགས་སུ་འགྲོ་བའི་མི་གྲངས། ཅུང་ལེགས་པའི་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞིའམ་ནུས་པ།རང་བྱུང་ཐོན་ཁུངས་ཀྱི་ལག་རྩལ་འཕེལ་རྒྱས་ཐད་ཀྱི་གྲོན་ཆུང་སོགས་ཕྱོགས་གང་ཐད་ནས་མཉམ་འབྲེལ་འཕེལ་རྒྱས་གཏོང་བ་བཅས་སོ།།རྒྱུན་བསྲིང་ཆོག་པའི་འཕེལ་རྒྱས་ཀྱིས་དེང་རབས་ཀྱི་མིའི་རེ་འདོད་སྐོང་བ་དང་ཆབས་ཅིག་རྗེས་རབས་པའི་རང་མཁོ་རང་སྐོང་བྱེད་པའི་ནུས་པ་ལ་གནོད་འཚེ་མི་གཏོང་ཞིང༌།རྒྱལ་ཁབ་ཅིག་གམ་ཡང་ན་ས་ཁུལ་ཞིག་གི་འཕེལ་རྒྱས་ལ་རྒྱལ་ཁབ་གཞན་དང་ས་ཁུལ་གཞན་གྱིས་ངན་ཤུགས་བཟོ་མི་ཆོག་པའི་རེ་སྙེག་བྱེད་བཞིན་ཡོད།
ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན་མི་གྲངས་མང་ཞིང་མི་རེའི་ཆ་སྙོམས་ཐོན་ཁུངས་ཉུང་བའི་རྒྱལ་ཁབ་ཅིག་ཡིན་ལ། དཔལ་འབྱོར་ཆུ་ཚད་དམའ་ཞིང་ཚན་རིག་ལག་རྩལ་ཞན་པའི་ཆ་རྐྱེན་འདི་འདྲའི་འོག་ཏུ་དཔལ་འབྱོར་མྱུར་བར་འཕར་སྣོན་བྱེད་དགོས་ན། ངེས་པར་དུ་མ་གཞི་ནས་མི་འདང་བའི་ཐོན་ཁུངས་ཁོར་ཡུག་གཉོམ་པོ་འདི་ལ་གནོན་ཤུགས་ངན་པ་འབྱུང་ངེས། དེ་བས་ཕྱོགས་རེས་པའི་་སྒོ་ནས་དཔལ་འབྱོར་གྱི་མགྱོགས་མྱུར་འཕེལ་རྒྱས་ལ་བརྩོན་ལེན་གྱིས་ཁོར་ཡུག་སྲུང་སྐྱོབ་ལ་མཉམ་འཇོག་མི་བྱེད་པ་ནི་གཏན་ནས་མི་འགྲིག་པས།   ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག དེང་རབས་ཚན་རིག་ལག་རྩལ་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་དང་ལེགས་བཅོས་གང་ལེགས་བྱས་ཏེ་མི་གྲངས་དང་དཔལ་འབྱོར། སྤྱི་ཚོགས་དང་ཁོར་ཡུག ཐོན་ཁུངས་བཅས་མཉམ་དུ་འཕེལ་རྒྱས་མངོན་འགྱུར་བྱས་ཤིང༌། ངེས་པ་དོན་གྱིས་གཅིག་ནས་དེང་རབས་མིའི་རེ་འདོད་སྐོང་ཞིང་གཉིས་ནས་རྗེས་རབས་པའི་འཚོ་གནས་ལ་གནོད་འཚེ་མི་ཡོང་བ་བཟོ་རྒྱུ་ནི་གལ་བོ་ཆེ་ལ་ནནཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་ཞུས་ཡོད་པ་ཡིན།
   ཁོར་ཡུག་ལ་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་པའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་ཆེད་ཁོར་ཡུག་གནད་དོན་གྱི་དོན་དངོས་ལ་རྒྱུས་ལོན་བྱེད་དགོས་པ་འདི་ནི་རང་བྱུང་ཁམས་ཀྱི་སྐྱེ་ཁམས་མ་ལག་སྙོམས་སྒྲིག་གི་གནད་དོན་ཡིན། རྒྱུན་ལྡན་གྱི་གནས་ཚུལ་ལྟར་ན་རང་བྱུང་ཁམས་ནི་སྲོག་ཆགས་དང་རྩི་ཤིང་ཡོད་ཚད་དམ་ཡང་ན་དེ་ལ་བརྟེན་ནས་འཚོ་གནས་བྱ་བའི་དངོས་པོ་ཡོད་ཚད་ཀྱིས་གྲུབ་པའི་མ་ལག་ཅིག་ཡིན། དེ་ནི་འབྱེད་འཛུམ་འཁོར་བསྐྱོད་བྱེད་པའི་མ་ལག་ཅིག་སྟེ་སྐྱེ་ཁམས་མ་ལག་ཁྲོད་ཀྱི་དབྱང་དབུགས་དང་དབྱང་གཉིས་ཐའན་རྫས་གཉིས་འཁོར་བསྐྱོད་བྱེད་པ། དཔེར་ན། རྩི་ཤིང་གིས་ཕྱོགས་གཅིག་ནས་ཉིན་མོར་འོད་སྦྱོར་ནུས་པ་བརྒྱུད་ནས་དབྱང་གཉིས་ཐཱན་རྫས་འབྱིན་རྔུབ་དང་དབྱང་དབུགས་ཕྱི་ལ་གཏོང་བར་བྱེད་ཅིང༌། ཕྱོགས་གཞན་ཞིག་ནས་མཚན་མོ་དབྱང་དབུགས་འབྱིན་རྔུབ་དང་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་བྱེད། སྲོག་ཆགས་རྣམས་ཀྱིས་དུས་ཚོད་སྐར་ཆ་རེའི་ནང་དུ་དབྱང་དབུགས་འབྱིན་རྔུབ་དང་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་བྱེད་པ་དང་ཆབས་ཅིག སྲོག་ཆགས་ཀྱི་རོ་དང་རྩི་ཤིང་གི་སྙིགས་རོས་ཀྱང ་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་བྱེད་བཞིན་ཡོད། རྒྱུན་ལྡན་གྱི་གནས་ཚུལ་ལྟར་ན་འབྱིན་རྔུབ་དང་ཕྱིར་གཏོང་བྱེད་པ་ཆ་སྙོམས་སྲུང་འཛིན་བྱས་པ་ཡིན་མོད། འོན་ཀྱང་ཕྱི་རྐྱེན་གང་རུང་ཞིག་གིས་གེགས་བྱས་ཚེ་དེའི་ཆ་སྙོམས་ཀྱི་རྣམ་པ་འདི་ལ་གཏོར་བརླག་ཐེབས་སྲིད། གལ་ཏེ་དེའི་བཀག་རྒྱ་ཚབས་ཆེན་མིན་ན། མ་ལག་དེས་རང་སྟེང་གི་ནུས་པ་བཏོན་ནས་སྙོམས་སྒྲིག་བྱེད་པ་ལ་བརྟེན་ནས་ཡང་བསྐྱར་ཆ་སྙོམས་གསར་བ་ཞིག་ཏུ་སླེབས་ངེས། འདིའི་ཆ་སྙོམས་ལ་འགུལ་ཚུལ་དོ་མཉམ་པ་ཟེར་ཞིང་དེ་ནི་གཏན་འཇགས་ཤིག་ཡིན།
གལ་ཏེ་མ་ལག་གི་ཕྱིའི་བཀག་རྒྱ་ཚད་ཆེ་ན་ཆ་སྙོམས་པ་འདི་ལ་གཏོར་བརླག་ཐེབས་སྲིད་ཅིང་མ་ལག་རང་སྟེང་གི་ནུས་པ་ཉམས་ནས་དོ་མཉམ་པའི་རྣམ་པ་གསར་བ་ཞིག་ཏུ་སླེབས་མ་ཐུབ་པས་ཁོར་ཡུག་གི་གནད་དོན་བྱུང་བ་ཡིན།དཔེར་ན། བཟོ་ལས་ཐོན་སྐྱེད་ཁྲོད་དུ་དབྱང་གཉིས་ཐཱན་རྫས་མཁའ་དབུགས་ཁྲོད་དུ་གཏོང་བ་ཚད་ལས་བརྒལ་བ་དང༌། ནགས་ཚལ་དང་ལྗང་མདོག་གི་རྒྱ་ཁྱོན་ཆུང་བས་དབྱང་གཉིས་ཐཱན་རྫས་འདི་དག་འོད་སྦྱོར་ནུས་པ་བརྒྱུད་ནས་དབྱང་དབུགས་སུ་གཏོང་ཐུབ་ཀྱིན་མེད་ཚེ། སྐྱེ་ཁམས་མ་ལག་ཁྲོད་དབྱང་གཉིས་ཐཱན་རྫས་དང་དབྱང་དབུགས་གཉིས་ཀྱི་འགུལ་ཚད་དོ་མཉམ་པ་སླར་གསོ་བྱུང་དཀའ། མཁའ་དབུགས་ཁྲོད་རྒྱུ་བའི་ཚད་བརྒལ་དབྱང་གཉིས་ཐཱན་རྫས་ཀྱིས་ས་ངོས་དང་རྒྱ་མཚོའི་དྲོད་ནུས་ཁྱབ་ཚུལ་ལ་གནོད་པ་བྱུང་བས་ས་ངོས་དང་རྒྱ་མཚོའི་དྲོད་ཚད་ཡར་འཕེལ་བཞིན་ཡོད། དེ་ལྟར་བྱེད་པའི་མཇུག་འབྲས་ནི་གནམ་གཤིས་ངན་པར་འགྱུར་བ་ཙམ་མ་ཡིན་པར་རང་བྱུང་གི་གནོད་འཚེ་རྒྱུན་མི་ཆད་ལ་མཚོ་ངོས་མཐོ་ཚད་ཀྱང་ཡར་འཕགས་སྲིད་དོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号