ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་རིག་གནས།
༄༅། །གསོ་རིག་རྒྱུད་བཞིའི་དཀའ་གནད་ཐོར་བུ་ལ་དཔྱད་པའི་གཏམ་བརྒྱད་ཅུ་རྩ་བཞི་བ་དང་།ལུས་ཀྱི་གནས་ལུགས་གྲུབ་ཆ
སྤེལ་དུས།07-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

རྩོམ་པ་པོའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

         གསོ་རྒྱུད་བཞིའི་དཀའ་གནད་ཐོར་བུ་ལ་དཔྱད་པའི་གཏམ་བརྒྱད་ཅུ་རྩ་བཞི་བ་དང་།ལུས་ཀྱི་གནས་ལུགས་གྲུབ་ཆའི་དཔེ་རིས་དམར་ཁྲིད་མཛུབ་བཙུགས་སུ་བསྟན་པ་དུས་རབས་གསར་བའི་གོམ་སྟབས།ཞེས་པའི་པོད་འདི་གཉིས་ཀྱི་རྩོམ་པ་པོ་ནི་སྨན་པ་དཀའ་བཅུ་བ་མིང་ཏིང་འཛིན་ཞེས་པ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་ཞེས་པའི་གྲོང་རྡལ་དུ་གནས་ལ།ཁོ་བོ་ནི་མགོ་དབང་ཆེན་འབུམ་གྱི་འབྲོག་ཁྱིམ་དཀྱུས་མ་ཕ་བདེ་འོད་དང༌།མ་ཞེས་བྲུག་གཉིས་ཀྱི་བུ་སྐལ་དུ་རབ་བྱུང་བཅུ་དྲུག་པའི་ཤིང་མོ་ལུག་གི་ལོ་སྟེ།སྤྱི་ལོ <1955>ལོར་རྨ་ཡུལ་རྒྱུད་སྟོད་ས་ཆ་རུ་སྐྱེས།ཁྱིམ་རྒྱུད་ནི་མི་རབས་དུ་མར་སྨན་ལས་བྱེད་པ་སྟེ།སྔ་མོའི་དུས་ཞིག་ལ་དགེས་བཀྲ་ཞེས་པའི་འབྲོག་མི་ཞིག་ལ་བུ་གསུམ་ཡོད་པའི་ཆུང་བ་གཏེར་སྟོན་ར་མོ་ཤེལ་སྨན་གྱི་སྤྲུལ་བར་དམ་པ་དུ་མའི་ལུང་གི་གནང་བ་ཁྲག་འཐུང་རོལ་བའི་བློ་གྲོས་ཞེས་ས་གཏེར་ཤིན་ཏུ་མང་བར་ཡོད་པ་མི་ཚེ་ཧྲིལ་བོ་ལ་སྨན་ལས་ཀྱི་བྱ་བ་བསྒྲུབས་པ་དེའི་བུ་སྨན་པ་འཇམ་དཔལ་རིགས་པའི་རལ་གྲི་དེའི་བུ་སྔགས་སྨན་ཆོས་གསར།དེའི་བུ་སྔགས་སྨན་བདེ་འོད།དེའི་བུ་ཁོ་བོ་ནི་ལོ་དྲུག་བདུན་ཙམ་ནས་བྱིས་པ་མང་བོ་དང་ལྷན་དུ་རྩེད་མོ་བྱེད་པའི་ཚུལ་སྨན་ལས་དང་སྨན་པའི་བྱ་སྤྱོད་བྱེད་པས་བྱིས་པ་ཀུན་གྱིས་མིང་ལ་སྨན་པར་འབོད་པས་དགའ་སྤྲོ་ཆེ་བར་གནས།བདག་བྱིས་པའི་དུས་ནས་ཕ་ཁྲིམས་ཁང་ནས་ཤི་བས་ཡི་གེ་སློབ་པ་དང༌།ཁྱིམ་རྒྱུད་ཀྱི་ཕ་དང་མེས་པོའི་སྨན་གྱི་ཁྲིད་རྒྱུན་མེད་ཀྱང་།ཕྱུགས་རྫི་བྱེད་པའི་ཞོར་དུ་ཡི་གེ་སློབ་སྦྱོང་བྱས་པས་འབྲི་དེབ་དང་བྲིས་སྙུག་རྡོ་གཡམ་དང་རྡོ་སྨྱུག་བྱེད་པས་ལོ་ཤས་ནས་ཡི་གེ་འབྲི་འདོན་རང་མགོ་ཐོན་ཙམ་བྱུང་།དེ་རྗེས་ལོ་ཅུང་ཟད་ནར་སོན་པའི་དུས་སུ་ཡུལ་མགོ་ལོག་གི་སྨན་པ་སྟག་བླ་ནོར་བུ་ཞེས་ཐུགས་རྗེ་ཆེན་པོ་ཉིན་མཚན་ལྟོས་མེད་དུ་བསྒྲུབས་པའི་མ་ཎི་དུང་ལྔ་འགྲུབ་དུས་ཐུགས་རྗེ་ཆེན་པོའི་ཞལ་གཟིགས་པས་མཁས་གྲུབ་ཆེན་པོ་དེའི་སློབ་མ་གཙོ་བོ་མན་ངག་གི་གནད་ཡོད་ཚད་གཏད་པའི་ངང་བ་སྨན་པ་དཔལ་མགོན་ཞེས་དབང་ཆེན་སྟོད་པའི་ཡུལ་དུ་བཞུགས་པའི་སྨན་པ་རྒན་པོ་དེའི་རྗེས་སུ་བཟུང་བས་དཔལ་ལྡན་གསོ་བ་རིག་པའི་གཞུང་ལུགས་སྤྱི་དང༌།ཁྱད་པར་དུ་དེང་དུས་སུ་དར་ཁྱབ་ཆེ་བའི་རིམས་གཉན་སྐོར་གྱི་མན་ངག་སོགས་ཐུན་མོང་མིན་པས་སུ་ལའང་ཟུར་ཙམ་མི་བཤད་པས་བཀའ་རྒྱ་ཅན་མང་བོ་ཞིག་སྲས་གཉིས་དང་ཁྱད་མེད་དུ་བསྩལ་བ་དང༌།ཁྱད་པར་དུ་གཡུ་ཐོག་གི་བླ་སྒྲུབ་གསང་བའི་རྒྱ་ཅན་ཞིག་དང༌།སྨན་སྲུང་ལྷ་མོ་མཆེད་བཞིའི་སྒྲུབ་ཐབས་སྲོག་གཏད་དང་བཅས་གནང་བས་སྒྲུབ་པ་ཧུར་ཐག་གིས་འགྲུབ་རྟགས་མངོན་དུ་གྱུར།ནག་རྩིས་ཀྱི་སྐོར་སོགས་བཀའ་དྲིན་བསྐྱང་ས་པ་དང༌།ལོ་མང་བོ་ཞིག་ལ་ཁོང་གི་གམ་དུ་འདུག་ནས་གཞུང་ལུགས་ལག་ལེན་གཉིས་ལ་སྦྱང་བརྩོན་ལྷོད་མེད་བྱས་སོ།།དེའི་རྗེས་སུ་འཇུ་མི་ཕམ་གྱི་སློབ་མ་ཀརྨ་ཕྲིན་ལས་སོགས་ཀྱི་སློབ་མ་ཁམས་གཏེར་ཆེན་རིན་པོ་ཆེའི་ཉེ་གནས་ལ་ལོ་དུ་མར་འདུག་པས་དཔལ་ལྡན་རྒྱུད་བཞི་རྩ་འགྲེལ་ལག་ལེན་དང་བཅས་པ་སྦྱང་བ་མཐར་ཕྱིན་བྱས།ཐུན་མོང་མིན་པས་མན་ངག་ཆིག་བརྒྱུད་མང་པོ་ལྷུགས་པར་གནང་ལ། ཁྱད་པར་དུ་ཁོང་གི་གཏེར་ཁ་ནས་བྱུང་བའི་སྨན་དང༌།སྨན་དབང་སོགས་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་གནང་བ་སོགས་བཀའ་དྲིན་ཆེན་པོའི་རྗེས་སུ་བཟུང་བའོ།།དེ་ནས་ར་སྐོར་མཁན་པོ་ཐུབ་ནོར་གྱི་དྲུང་དུ་རེ་ཞིག་འདུག་པ་ཁོང་བསྙུན་གཞི་ལྕི་མོ་བཞེས་པས་ཁོ་བའི་སྨན་གསོའི་ཞབས་ཕྱི་ཞུས་པས་གཏང་རག་ལ་གསོ་རིག་མན་ངག་བཀའ་རྒྱ་ཅན་མང་དུ་གནང་བའི་ཐུགས་རྗེས་བཟུང་ངོ༌།།དེ་རྗེས་མཁན་རིན་པོ་ཆེ་མུན་སེལ་བླ་མར་བསྟེན་པས་རྫོགས་ཆེན་སྙན་བརྒྱུད་དང༌།གཞན་ཐོད་རྒལ་དང་ཀློང་ཆེན་མཛོད་བདུན་སོགས་ཟབ་ཆོས་མང་དུ་ཞུས་པ་དང༌།གསོ་རིག་གི་ཕྱོགས་ནས་གཞན་ལ་མེད་པའི་མན་ངག་ཁྱི་སྨྱོན་གྱི་རྟགས་བཅོས་ཟབ་མོ་སྟེ།ཆུ་ཚོད་ཕྱེད་ཀ་ཙམ་གྱིས་ནད་ལས་གྲོལ་ཐུབ་པས་གསོ་བཅོས་གཞན་མི་དགོས་པའི་མན་ངག་ཟབ་ཁྱད་ཅན་ཞིག་གནང་བའི་ད་ལམ་ཁྱོད་ལ་བཤད་པས་འགྲོ་དོན་གྱིས་ལ་ཡོན་དུ་རྒྱུ་རྫས་མ་ལེན།དགེ་བསྐུར་རེ་གྱིས་ཤིག་གསུངས་སོ།།
དེ་ནས་ཨ་ཀྱ་བླ་མ་གར་ཆོས་ཀྱི་དྲུང་ནས་རྒྱུད་བཞིའི་དབང་ལུང་དང་། གཡུ་ཐོག་སྙིང་ཐིག་གི་ཆོས་སྐོར་དང་། བདུད་རྩི་བུམ་པ་ཆེ་ཆུང་དང་། ར་ཤེལ་གྱི་གཏེར་སྨན་དང་། རྒྱ་ཞིང་ཁྲོམ་མངའ་བདག་ཉིང་གནམ་ཆོས་མི་འགྱུར་རྡོ་རྗེའི་གཏེར་སྨན་དང༌།བཅུད་ལེན་གྱི་ལག་ལེན་སོགས་ཀྱི་དབང་ལུང་མང་དུ་ཞུས། ཁྱད་པར་དུ་གསོ་རིག་གི་མན་ངག་ཐབས་ཉུང་ལ་དོན་ཆེ་བ་མང་བོ་ཆིག་རྒྱུད་དུ་གནང་བ་དང་།གཞན་སྨན་པ་ལ་དགོས་པའི་འཇིག་རྟེན་མི་ཆོས་དང༌།དམ་པ་ལྷ་ཆོས་ཀྱི་སྐོར་ཞལ་རྒྱུན་མང་དུ་གནང་ངོ།།གཞན་ཡང་མཁས་གྲུབ་དུ་མའི་མདུན་ནས་དབང་ལུང་དང་ཆོས་ཁྲིད་སྐར་རྩིས་སྙན་ངག་སུམ་རྟགས་སོགས་ཐོར་བུ་མང་དུ་ཞུས་པའོ།། གཞན་དམངས་ཁྲོད་ཀྱི་སྨན་པ་རྒན་པོ་དང༌།རི་ཁྲོད་པ་སོགས་དུ་མ་ལ་ཞབས་ཏོག་ཞུས་པས་གསོ་རིག་ཉམས་མྱོང་ཐུན་མོང་མིན་པའི་བཅོས་ཐབས་ཁྱད་འཕགས་མང་དུ་དོན་དོན་གཉེར་བྱས་པ་དང་།ཁྱད་པར་དུ་ཧ་ཅང་མཚར་བ་ཞིག་ལ་སྤྱི་ལོ1980ལོའི་དབྱར་གྱི་དུས་ཤིག་ལ་རྟོལ་བོ་ཞོན་པའི་བན་རྒན་ལོ་ཚད་ཕལ་ཆེར་བརྒྱད་ཅུ་ཡར་འདས་ཙམ་གོས་ཧྲིལ་བོ་གྱོན་པ་མགོ་ལ་ཞྭ་དང་རྐང་ལ་ལྷམ་མེད་པ་ཉམ་ཐག་པ་ཞིག་གི་རྐང་བ་སྐྲངས་ནས་འོ་དོད་འདོན་བཞིན་ངའི་སྒོ་རྩར་དུ་སླེབས་བྱུང་། ཁོ་བོའི་སྙིང་རྗེ་བཅོས་མིན་ཞིག་འཆར་ནས་སྨན་གསོ་ཟླ་གཅིག་ལ་བྱས་པ་དང༌།གཞན་གནས་ཁང་དང་ནད་གཡོག་ལེགས་པོ་སྒྲུབ་པས་བཀའ་དྲིན་ཞུབ་དང་བསྟོད་བསྔགས་བྱེད་ཞོར་དུ་གསོ་རིག་གི་ཕྱོགས་ནས་དྲི་བ་མང་པོ་མཛད་པས་ཁོ་བོ་ལན་མེད་སྐྱེངས་ནས་དེ་དོན་ཞུ་བ་ནན་མོ་ཕུལ་བས་སློབ་སྟོན་རིམ་པར་གནང་། གཞན་ཡང་ལག་ལེན་ཁྱད་པར་བ་དང༌།མན་ངག་ཁྱད་པར་བ་མང་དུ་གནང་བ་བློ་ཡུལ་ལས་འདས་སོ།།ཁྱེད་སུ་ཡིན་དང་ས་ཆ་གང་ཡིན་སློབ་བརྒྱུད་གང་དང་།ས་འདིར་ཡོང་དོན་སོགས་ཡང་ནས་ཡང་དུ་ཞུས་ཀྱང་།ཁོང་གིས་ཕ་མ་དང་ས་ཆ་གང་ཡིན་མི་ཤེས་བྱིས་པའི་དུས་ནས་འཁྱམས་པོ་ཞིག་ཡིན།དགེ་རྒན་ནི་མེད་གསོ་རིག་ལ་སྦྱང་བརྩོན་མ་བྱས། མི་ཚེ་ཧྲིལ་བོ་ལ་ལྟོ་བཙལ་བས་དུས་སོང་ཟེར།མིང་ལ་ནི་སྤྲང་སྐྱ་རིལ་ཟེར།ས་འདིར་ལྟོ་བཙལ་བས་སླེབས་གསུངས།ཉིན་ཞིག་གི་ནང་མོ་གར་སོང་ཆ་མེད་དུ་གྱུར་པ་ཡ་མཚར་བའི་གནས་སོ། །དེ་ལྟར་སྦྱངས་ནས་སྨན་ལས་ཀྱི་བྱ་བ་གཞན་གང་ལ་མ་བརྩོན་པར་གནས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号