ད་སྔ་གཟིགས་བཞིན་པ།  མདུན་ངོས། > རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། > ཁོར་ཡུག་དང་རིག་གནས།
༄༅། །གསོ་རིག་རྒྱུད་བཞིའི་དཀའ་གནད་ཐོར་བུ་ལ་དཔྱད་པའི་གཏམ་བརྒྱད་ཅུ་རྩ་བཞི་བ་དང་།ལུས་ཀྱི་གནས་ལུགས་གྲུབ་ཆ
སྤེལ་དུས།07-18  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ནང་དོན་མཚམས་སྦྱོར་མདོརབསྡུས།
ཁོ་བོ་ནི་དཔལ་ལྡན་རྒྱུད་བཞི་སྦྱང་བརྩོན་གྱི་བསྐལ་བར་ལྡན་པ་དང༌།ཁྱད་པར་དུ་གཞན་ལས་ལྷག་པའི་ཆ་རྐྱེན་བླ་ན་མེད་པ་ནི་ཡུལ་མཐོ་སྒང་གིས་ནམ་ཟླའི་ཚ་གྲང་མི་སྙོམས་པ་རྩི་ཤིང་དང་ནེའུ་གསེང་མེད་པ་རྡོ་དང་གསེག་མས་ཉམས་མངའ་བ།གྲོང་ཁྱེར་དང་གྲོང་རྡལ་ལ་བར་ཐག་རིང་བས་ཡུལ་ངན་པར་གནས་པ་འཚོ་བའི་གོམས་གཤིས་ནར་མ་སོན་པའི་འབྱོར་བ་དང་མི་ལྡན་པས་དབུལ་ཞིང་ཕོངས་པ་སྨན་ཁང་དང་སྨན་པ་ཤིན་ཏུ་དཀོན་པའི་གནས་རེ་ཟུང་ལ་སྨན་གསོ་བྱེད་པའི་ཆ་རྐྱེན་ལྡན་པས་གསོ་ཐབས་ལག་ལེན་བཅུ་བདུན་བྱང་ཆུབ་པ་དང༌།ཐུར་མ་ཡང་དམུ་ཆུ་དང་ལྒང་བ་ཡན་ལག་སོགས་གནས་ཉུང་ཤས་རེ་ཟུང་ལ་བཀོལ་སྤྱོད་ཐུབ་པའི་གསོ་ཐབས་ལག་ལེན་བཅོ་བརྒྱད་ཉམས་སུ་ལེན་པས་ཆ་རྐྱེན་དེ་དག་གིས་གསོ་རིག་རྒྱུད་བཞི་འདི་ལ་ཅུང་ཟད་གོམས་པས་དགོངས་འགྲེལ་གྱི་འདོད་ཚུལ་ཐ་དད་མང་དུ་མཆིས་པ་ལ་ཡིན་མིན་གྱི་ངེས་ཤེས་འཆར་བས་དཔྱད་གཏམ་བརྒྱད་ཅུ་རྩ་བཞི་བཀོད་པ་སྟེ།གཞན་གྱི་བསྟན་བཅོས་སྣ་ཚོགས་ཀྱི་ཁྲོད་ནས་རྐུན་ཁྱེར་དང་འདོད་ལུགས་གཅིག་གི་ཕྱོགས་ལ་ཞེན་མདོག་གིས་ཉག་ཉོག་མང་དུ་བྲིས་པ་ཞིག་མ་ཡིན་པ་གཟིགས་དང་ཤེས་ནུས་སོ།།ཁྱད་པར་དུ་མན་ངག་རྒྱུད་ཀྱི་མཚོན་རྨའི་དེབ་ཆིངས་སྒྱོགས་གསུམ་གྱི་ལག་ལེན་ཆེས་མང་བར་མྱོང་བས་དཔྱད་གཏམ་ལྷུག་པར་འགོད་པ་ནི་ལག་ལེན་གྱི་མྱོང་བྱང་དང་རྒྱུད་ཀྱི་དགོངས་པ་གཉིས་སྦྱར་ནས་བྲིས་པ་དང༌།དེ་ཡང་དེང་དུས་སུ་ཡན་ལག་ལྔ་སོགས་ཆག་གྲུམ་ཤོར་བ་ལ་སྨན་པ་སུས་ཀྱང་གསོ་བཅོས་བྱེད་སྲོལ་ཆེས་ཉུང་བ་དང༌།ཅུང་ཟད་ཙམ་རེ་ལག་ལེན་མཛད་ཀྱང་རྒྱུད་ཀྱི་དེབ་ཆིངས་སྒྱོགས་གསུམ་གྱི་ལག་ལེན་དང་འགལ་བའི་ཕྱུགས་རྫེ་རྒན་པོས་ཕྱུགས་ཀྱི་ལག་ལེན་མི་ལ་བྱེད་པས་ཞ་བཤལ་འཁྱོག་པ་སོགས་བལྟར་མི་རུང་བའི་ལག་ལེན་ངན་པས་མི་རིགས་གཞན་གྱི་གསོ་རིག་པ་སུས་མཐོང་ན་སྐྱུག་བྲོ་བས་ལག་རྗེས་ངན་པ་འདི་བོད་ཀྱི་གསོ་རིག་ཡིན་པར་སྙམ་པས་བྱ་ངན་གྱིས་གངས་ཅན་ཁ་བ་རི་བའི་གསོ་དཔྱད་ལ་རྨ་འབྱིན་པས་ཕྱིར་དང༌།དེང་དུས་རྒྱུད་བཞི་སྦྱང་བརྩོན་བྱེད་པ་དང་འཆད་རྩོམ་བྱེད་པའི་མཁས་ཆེན་མིང་གྲགས་ཅན་ཤིན་ཏུ་མང་ཡང༌།མན་རྒྱུད་མཚོན་རྨ་སྤྱི་དང་ཁྱད་པར་དེབ་ཆིངས་སྒྱོགས་གསུམ་དམར་ཁྲིད་མཛད་པ་ཆེས་དཀོན་པའི་ཕྱིར།དེ་དག་གི་ལག་ལེན་དང་རྒྱུད་ཀྱི་དགོངས་པ་ཟུང་འབྲེལ་གྱི་དཔྱད་གཏམ་དང་དཔེ་རིས་སོགས་གསར་བར་བཀོད་ཡོད་ཀྱང་།ཁོ་བོ་ནི་ཐོས་རྒྱ་ཆུང་བ་དང༌།གཡུ་ཐོག་གསར་མའི་མཛད་པས་དེབ་ཆིངས་སྒྱོགས་གསུམ་གྱི་བྲིས་ཆ་རེ་ཡོད་ཅེས་ལོ་རྒྱུས་ལ་གསུངས་པ་ལས་བདག་གི་མིག་མཐོང་དུ་མ་གྱུར་བ་དང་།སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་རྒྱུད་བཞིའི་བྲིས་ཆ་ལ་དེབ་ཆིངས་སྒྱོགས་གསུམ་གྱི་དཔེ་རིས་ཟུར་ཙམ་མི་འདུག་པས་བྲིས་ཆ་འདི་ཁོ་བོའི་ལག་ལེན་ཇི་བཞིན་བྱེད་ཚུལ་རང་བཟོ་ཙམ་ལས་ཁུངས་མེད་ཡིན་པས་དཔྱོད་ལ་བླང་དོར་མཛོད་ཅིག  དེ་བཞིན་ལུས་ཀྱི་གནས་ལུགས་གྲུབ་ཆའི་དཔེ་རིས་ཕྲ་ཞིབ་བཀོད་པའི་དགོས་པ་དང༌།དངོས་གཞི་མཐར་གྱི་དམིགས་ཡུལ་དང་གསུམ་ལས།དང་པོ་དགོས་པ་ནི་གཉིས་ཏེ།གཅིག་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁོང་གིས་མཛད་པའི་གསོ་རིག་རྒྱུད་བཞིའི་ལུས་ཀྱི་གནས་ལུགས་སོགས་ཀྱི་དཔེ་རིས་ཐང་དཔེ་ཆེན་པོ་འདི་བོད་གངས་ཅན་གྱིས་མི་རིགས་གཞན་ལ་ངོམ་འོས་པའི་ཡིད་བཞིན་གྱི་ནོར་བུའོ།ཞེས་གངས་ཅན་གསོ་རིག་པ་ཐམས་ཅད་ཀྱིས་ཐུགས་ཚིམས་པའི་བློ་བདེ་བར་གནས་ཀྱང་།སྔ་མོའི་དུས་རབས་ལ་གཞིག་ན་བོད་ཀྱི་གསོ་བ་རིག་པ་སྤྱི་དང༌།བྱེ་བྲག་ལུས་ཀྱི་གནས་ལུགས་ཀྱི་བྲིས་ཆ་སོགས་རྒྱལ་ཁབ་གཞན་དང༌།མི་རིགས་གཞན་ལས་སྔོན་ཐོན་ཡིན་པ་གོར་མ་ཆག་ཀྱང༌།དེང་དུས་ལ་གཞིག་ན་རྗེས་སུ་ལུས་པར་སྙམ་པའི་རྒྱུ་མཚན་ནི།སའི་གོ་ལའི་ངོས་ཀྱི་རྒྱལ་ཁབ་གཞན་གྱི་གསོ་རིག་ནི་ལོ་དང་དུས་རབས་རེ་ཟུང་ནས་ཡར་རྒྱས་གསར་བཏོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བསྒྲོད་པ་དང༌།བོད་ཀྱི་གསོ་རིག་ནི་དུས་རབས་སྔ་མ་ལས་རིམ་གྱིས་ཇེ་ཞན་དུ་གྱུར་བ་སྟེ།མཚོན་རྨའི་སྐབས་ཀྱི་ལག་ལེན་དང༌།ཐུར་མའི་ལག་ལེན་སོགས་ལྟ་བུའོ།།ཁྱད་པར་དུ་དཔལ་ལྡན་རྒྱུད་བཞིའི་དགོངས་པ་ཡང་ཕྲ་ཞིང་ཞིབ་པའི་ཐག་གཅིག་ཐོག་ཏུ་མ་ཆོད་པས་ཞལ་མི་མཐུན་པ་ཆེས་མང་བའི་ཕྱིར་རོ།།དེང་དུས་ནི་རྒྱལ་ཁབ་སུ་དང༌།མི་རིག་གཞན་རྣམས་ཀྱི་འཚོ་བ་དང༌།རིག་གནས་སོགས་བྱ་དངོས་ཀྱི་ཆོས་ཉིད་གང་འཕེལ་རྒྱས་རིམ་བཞིན་འགྲོ་བའི་འཇིག་རྟེན་གྱི་ཆོས་ཉིད་གང་ལ་དཔྱད་འཇུག་བྱེད་པའི་དོན་དངོས་དང༌།མིག་མཐོང་གི་གྲུབ་ཆ་གཙོ་བོར་བྱེད་པའི་ཕྱིར་བོད་ལུགས་སྔ་མོའི་གསོ་རིག་གི་ལུས་ཀྱི་གནས་ལུགས་གྲུབ་ཆའི་བྲིས་ཆ་དང༌།ད་ལྟའི་མི་རིགས་གཞན་གྱི་གསོ་རིག་པས་གསོན་པོ་དང༌།ཤི་གཟུགས་དངོས་ཀྱི་གྲུབ་ཆ་དངོས་མཐོང་ལ་བརྟགས་ཤིང་དཔྱད་པས་བདག་ཅག་གི་སྔ་འགྲེལ་དང་དཔེ་རིས་ལ་ཅུང་ཟད་མི་འདྲ་བ་སྟེ།རྩ་རོ་རྐྱང་དབུ་གསུམ་དང༌།ཚེ་རྩ་གསུམ་སོགས་ཀྱི་དགོངས་པ་བཀྲལ་ཚུལ་སྔ་འགྲེལ་རྣམས་ཀྱི་ལུགས་དང༌།དེ་ལྟར་གྱི་དཔེ་རིས་བཀོད་པའི་རི་མོ་ནི་རྒྱུད་སྡེ་གཞན་དུས་འཁོར་སོགས་ལས་ཡིད་ཀྱི་སྒོམ་དོན་བཤད་ཚུལ་དག་གིས་བརྒྱན་པ་ལེགས་ཀྱང༌།དངོས་གནས་ཤི་གསོན་གང་གི་ལུས་ལ་བལྟས་ན་དེ་ལྟར་ཚུར་མཐོང་གི་བློའི་མཐོང་རྒྱུ་ཞིག་མེད་པས་དེང་དུས་མི་རིགས་གཞན་གྱི་གསོ་རིག་དཔྱད་མཁས་རྣམས་ཀྱིས་དེ་ལ་དྲི་བ་དང་རྩོད་གླེང་བྱུང་ན་རང་ཚུགས་མི་ཤོར་བའི་ལན་ཅི་ལྟར་ཡོད་ལགས།ད་ལྟའི་ལུས་འདི་ལ་བདག་ཅག་གི་བཤད་ཚུལ་ལྟར་ཡོད་པར་ཁས་ལེན་ན་དངོས་གནས་དེ་ལྟར་མཐོང་རྒྱུ་ཞིག་མེད་ལ།མེད་པར་ཁས་ལེན་ན་སྔ་འགྲེལ་ཐམས་ཅད་དང༌།ཐང་དཔེའི་བྲིས་ཆ་རྣམས་ལ་སྐྱོན་འཇུག་པས་རང་སྐེ་རང་གིས་བསྒག་དགོས་བྱུང་བ་དང༌།ཡང་ན་བདག་ཅག་གི་སྟོན་པའི་བཀའ་རྒྱུད་སྡེ་གཞན་གྱི་རྩ་ཐིག་རླུང་གསུམ་སྒོམ་དོན་གྱི་བཤད་སྒྲོས་དང༌།བོད་སྔ་རབས་ཀྱི་མཁས་ཆེན་ག་གེ་མོ་འདིས་གསུངས་པ་ཡིན་ཞེས་བཤད་ན་བདག་ཅག་གི་ཚད་མར་འཛིན་པ་མི་རིགས་གཞན་གྱི་དཔྱད་འཇུག་མཁས་པ་དག་གིས་དེ་ལྟར་ཁས་མི་ལེན་པའི་ཕྱིར།མི་རིགས་རང་གི་གསོ་རིག་རང་ཚུགས་མི་ཤོར་བ་དང༌།གཞན་ལ་དངོས་མཐོང་གི་སྟོན་རྒྱུ་ཞིག་ཡོད་དགོས་པའི་ཕྱིར་དང༌།གཞན་སྔ་འགྲེལ་རྣམས་ཀྱིས་རུས་པའི་གྲངས་དང་འབྲེལ་ལུགས་དང༌།དིའི་འདོད་ཚུལ་དཔེ་རིས་དང༌།དོན་སྣོད་ཀྱི་འབྲེལ་ལུགས་དང༌།ཟུངས་རྣམས་རྒྱུ་བའི་རྩའི་འབྲེལ་བའི་འདོད་ཚུལ་རྣམས་དེང་རབས་ཤི་གསོན་གང་གི་དངོས་གཟུགས་དང་འགལ་བར་གྱུར་བ་མང་དུ་འདུག་པའི་རྒྱུ་མཚན་ནི་དཔལ་ལྡན་རྒྱུད་བཞིའི་དགོངས་པ་ལ་དཔྱད་འཇུག་མ་ཐུབ་པས་མི་རིགས་གཞན་གྱིས་སྐྱོན་བརྗོད་པར་དོགས་ནས་ལུས་ཀྱི་གནས་ལུགས་གྲུབ་ཆའི་བཤད་ཚུལ་དང༌།དཔེ་རིས་སོགས་གྲ་སྒྲིག་ལེགས་པོ་ཞིག་དགོས་ངེས་ཀྱི་ཀུན་སློང་འཆར་བས་བྱ་བ་འདི་ལ་བརྩོན་པར་བྱས་སོ།།དགོས་པ་གཉིས་པ་ནི་བདག་ཅག་གི་སྟོན་པའི་བསྟན་པ་རིན་པོ་ཆེའི་དགོངས་པ་ལ་ལུས་དང་རྣམ་ཤེས་གཉིས་ཐ་དད་དུ་བསྟན་པ་དང༌།གཞན་དངོས་གཙོ་སྨྲ་བའི་ཚན་རིག་པས་རྣམ་ཤེས་མེད་པར་ཀླད་ཆེན་ཁོ་ནས་བྱེད་པར་འདོད་པ་ཆེས་མང་བར་གནས་ལ།དེང་དུས་མི་རིགས་གཞན་གྱི་དཔྱད་འཇུག་པ་རྣམས་ཀྱིས་འཇིག་རྟེན་གྱི་ཆོས་ཉིད་སྤྱི་དང༌།བྱེ་བྲག་ལུས་སེམས་ཀྱི་སྐོར་ལ་བརྟགས་ཤིང་དཔྱད་པར་འཇུག་བཞིན་པའི་སྐབས་འདིར་རང་རེ་རྣམས་དེ་བཞིན་དུ་བག་ཆགས་ཀྱི་ཞེན་པ་རྙིང་བའི་བཤད་སྒྲོས་ཙམ་མིན་པར་རྒྱལ་བའི་བཀའ་ལ་དངོས་ཐོག་བདེན་འཚོལ་གྱི་སྒྲུབ་བྱེད་ཚན་རིག་དང་མཐུན་པའི་ལེགས་ཆ་ཅི་རིགས་སྔ་ས་ནས་གྲ་སྒྲིག་གི་དཔྱད་འཐུག་བྱེད་དགོས་པ་ནི་གངས་ཅན་མཁས་པ་རྣམས་ཀྱིས་སྐབས་སུ་བབ་པའི་འོས་འགན་ཞིག་ཡིན་པ་མཁྱེན་བཞིན་ལ། དེའི་རྨང་གཞིའི་ཆ་རྐྱེན་ཆེས་གཙོ་བོ་ནི་ལུས་ཀྱི་གྲུབ་ཆའི་གནས་ལུགས་ཕྲ་ཞིབ་བྱང་ཆུབ་པ་དང༌།གསོ་རིག་ལ་གོ་བ་གཏིང་ཟབ་པ་ཞིག་ཤེས་དགོས་སྙམ་པས་ཐ་ཤལ་ཁོ་བོའི་འོས་འགན་གྱི་སྐལ་བར་མ་གྱུར་ཡང༌།གཡོག་མོ་བསམ་བཟང་གི་རྒྱལ་བོའི་སྲིད་ལ་སེམས་ཁུར་བྱེད་པའི་དཔེ་ལྟར་དཀའ་ངལ་དང༌།འགྲོ་གྲོན་གང་ལ་མ་འཛེམ་པར་ལུས་ཀྱི་གྲུབ་ཆའི་དཔེ་རིས་དང༌།དཔྱད་གཏམ་སོགས་ཆེ་ལོང་ཙམ་བཀོད་པའི་ནང་དོན་གཙོ་བོ་ལུས་དང་སེམས་གཉིས་ཀྱི་འབྲེལ་བ་དང༌།རྣམ་པར་ཤེས་པའི་རྟེན་སྙིང་གཙོ་ལ་ཀླད་ཆེན་ཕལ་བར་གྲུབ་པའི་ཚུལ་དང༌།དེ་ཡང་ཀླད་པ་དང༌།དེ་ལས་གྱེས་པའི་ཆུ་རྩ་འམ་དབང་རྩ་དང༌།སྙིང་རྣམས་རྣམ་པར་ཤེས་པའི་རྟེན་ཕལ་བ་དང༌། སྲོག་ཆེན་པོའི་རྩ་ཡི་རྒྱལ་བོ་རྟེན་གཙོ་བོར་གྱུར་བའི་རྩ་དེའི་གྲུབ་ཆའི་གནས་སྟངས་གསལ་བར་བཀོད་པ་དང༌།དེ་དང་རྣམ་ཤེས་གཉིས་རྟེན་བརྟེན་པར་འབྲེལ་བའི་ཚུལ་གསལ་བར་བརྗོད་པ་སོགས་ཕྲ་ཞིབ་ཏུ་བསྟན་ཡོད་པས་གཟིགས་ལ་བླང་དོར་མཛོད་ཅིགགཉིས་པ་རྒྱུ་མཚན་དེ་དག་གིས་དངོས་གཞི་ལ་འཇུག་པའི་ཚུལ་ནི།ཁོ་བོ་རང་ལོ་སུམ་ཅུ་ནས་ལྔ་བཅུའི་བར་དུ་བམ་རོ་ཆེ་ཆུང་མང་པོར་ཞིབ་འཇུག་བྱས་པས་དཔལ་འབྱོར་གྱི་འགྲོ་སོང་དང༌།དཀའ་སྡུག་ཚིག་ངན་སོགས་གང་དུ་མ་འཛེམ་པར་ཞིབ་དཔྱོད་བྱས་པའི་རི་མོ་དང་འདྲ་པར་རུས་ཆ་རྣམས་ཞིབ་ཏུ་བསགས་པ་དང༌།མི་རིགས་གཞན་གྱི་གསོ་རིག་པས་རོ་བཀྲ་རྣམས་ལ་ཟུར་བལྟ་བྱས་ཏེ།དཔལ་ལྡན་རྒྱུད་བཞིའི་དགོངས་པ་དངོས་དང་སྦྱར་ནས་དཔེ་རིས་སུ་བཀོད་པ་སྟེ།ཁམས་ཆབ་མདོའི་ཕུར་བུ་ཚེ་རིང་གི་སློབ་བརྒྱུད་འཛིན་པ་ལྷ་བཟོ་ཚུལ་རྣམ་སོགས་གདན་ཞུས་མཛད་པས་ཟླ་གསུམ་ལ་ཐང་དཔེ་ཆེན་པོ་ཁག་མང་དུ་བཟོ་བསྐྲུན་བྱས་པས་འགྲོ་སོང་སྣ་ཚོགས་སྒོར་ཆིག་ཁྲི་ཡན་བཏང་བས་ལེགས་པར་དཔེ་བསྐྲུན་བྱས་པའོ།།དེའི་ནང་དོན་གཙོ་བོ་ནི་བཤད་རྒྱུད་ལུས་ཀྱི་གནས་ལུགས་སྤྱི་དང༌།ཁྱད་པར་དུ་ཆགས་སྲིད་འབྲེལ་བ་ཚེ་ཡི་རྩ་དང་བཞིའི་དགོངས་པ་ཇི་བཞིན་བམ་རོ་དངོས་དང་ཟུང་འབྲེལ་བྱས་ནས་དཔེ་རིས་སུ་བཀོད་པའོ།།གསུམ་པ་དེ་ལྟར་གསར་བསྐྲུན་བྱས་པའི་དགོས་པ་ནི།བོད་ལུགས་གསོ་རིག་གི་ལུས་ཀྱི་གྲུབ་ཆའི་གནས་ལུགས་ཕྲ་ཞིང་ཞིབ་པ་ཞིག་ཡར་རྒྱས་སུ་འགྲོ་བར་བསྐུལ་མའི་བརྡ་ཐོ་ཙམ་སྟེ།ཁོ་བོའི་དཀའ་སྤྱད་སྙིང་རུས་ཀྱིས་ལུས་ཀྱི་གྲུབ་ཆའི་དཔེ་རིས་དང༌།དཔྱད་གཏམ་འདི་བསམ་བཟང་ཙམ་ལས་ལེགས་བཤད་ཆེན་པོ་མི་འདུག་པའི་ནོར་འཁྲུལ་ཆེས་མང་བར་ཡོད་པ་གོར་མ་ཆག་པས་གངས་ཅན་གསོ་བ་རིག་པའི་དམ་པ་རྣམས་ཀྱི་སྤྱན་སྔར་དུ་མཐོལ་ཞིང་བཤགས་སོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号