ད་སྔ་གཟིགས་བཞིན་པ།  མདུན་ངོས། > གཞུང་ལུགས་ཞིབ་འཇུག > རོལ་དབྱངས། ལུས་རྩལ། རི་མོ།
༄༅། །བྲོ་དང་གླུ་ཡི་དོན།
སྤེལ་དུས།03-20  ཡོང་ཁུངས།  རྩོམ་པ་པོ། ཤེས་རབ།

མདོར་ན།ྋགོང་ས་ལྔ་པ་ཆེན་པོས་མདོ་ཁམས་མུན་སེལ་སྒྲོན་མེཞེས་ཆེས་ཆེར་བསྔགས་པའི་ཆབ་མདོའི་འཕགས་ཆེན་ཡབ་སྲས་རྣམས་ཀྱིས་མདོ་ཁམས་ཀྱི་ལྗོངས་དེར་ཆོས་སྲིད་ཙམ་དུ་མ་ཟད།གར་འཆམ་བྲོ་གཞས་གླིང་སྒྲུང་སོགས་དམངས་ཁྲོད་སྒྱུ་རྩལ་གྱི་རྣམ་གྲངས་མང་པོ་སྨག་ལ་སྒྲོན་མེ་བཏེགས་པ་ལྟར་མཛད་ཅིང༌།དེ་ཡང་མེད་པ་ནས་ཡོད་པ་དང་ཡོད་པ་ནས་གོང་འཕེལ་དུ་འགྲོ་བའི་ཕྱོགས་ལ་བསུབ་ཏུ་མེད་པའི་མཛད་རྗེས་རླབས་ཆེན་བཞག་ནས་སྣང༌།
གཉིས་པ།ཆབ་མདོའི་དམངས་ཁྲོད་ཀྱི་གླུ་ཁ་ཤས་བསྡུ་སྒྲིག་བྱས་ཡོད།སྤྱིར་གནའ་བོའི་དུས་སུ་འདུ་འཛོམས་མཛད་སྒོ་ཆེ་ཁག་ཐོག་རྒྱལ་བློན་རྣམས་དང་མི་ཆེན་བླ་ཆེན་ཚོས་གླུ་ལེན་སྲོལ་ཡོད་ཅིང༌།ཕྱི་རབས་ཚོས་དེ་ལ་ཞེ་སའམ་འབྱུང་ཁུངས་དང་སྦྱར་ནས་མགུར་གླུ་ཞེས་ཟེར།མགུར་གླུ་དེ་དག་ནི་སྤྱིར་བཏང་གི་ཚིགས་བཅད་རེ་ཟུང་ཙམ་མིན་པར་དེང་དབྱིན་སྐད་དུ་ལེགས་སྦྱར་lectureཟེར་བ་བཤད་པའི་ཚོད་ལྟར་ཡིན་ལ།དེ་འདྲའི་ཚིགས་བཅད་ཀྱི་རྣམ་པའི་ཐོག་བརྗོད་གཞི་ཆ་ཚང་བའི་གླུ་ཞིག་ལེན་པར་དྲན་ཁ་སྐྱེན་ལ་སྡེབ་སྦྱོར་ལེགས་པོ་ཞིག་དགོས་པས་ལས་སླ་པོ་གཏན་ནས་མེད།དེར་བརྟེན་གླུ་ལེན་པའི་ཐོག་མར་ལྷག་པའི་ལྷ་ཡི་མཚན་ནས་འབོད་དེ་གླུ་སྣ་དྲངས་པར་བསྐུལ་བ་དང༌།དྲན་ཁ་མྱུར་བའི་མི་ཞིག་འཁྲིས་སུ་འཇོག་པ་ལ་གླུ་ཡི་སྐྱོར་རོགས་ཞེས་ཟེར།གལ་ཏེ་མི་མང་འདུ་འཛོམས་དེ་འདྲའི་ཐོག་གླུ་ལེགས་པོ་ཞིག་ལེན་ཐུབ་པ་ཡིན་ན་མི་དེའི་སྙན་གྲགས་ནི་སྟོང་གསུམ་སྐད་ཀྱིས་ཁྱབ་པར་གདོན་མི་ཟ།
ཡི་གེ་མེད་པའི་དུས་དང་ཡི་གེ་མེད་པའི་སྤྱི་ཚོགས་གཅིག་ནང་གལ་ཆེའི་གཏམ་རྣམས་དེ་འདྲའི་ཚིགས་བཅད་ཀྱི་རྣམ་པའི་གླུ་རུ་ལེན་པ་ནི།ཚིག་དོན་གཉིས་ཀ་ལས་སླ་པོ་བློར་ངེས་ཏེ་ཁ་ནས་ཆུ་ལྟར་རྒྱུག་ཐུབ་པའི་དགེ་མཚན་ཆེན་པོ་ཡོད།འཇིག་རྟེན་འདིར་ཡི་གེ་ཁྱབ་བདལ་ཕྱིན་པ་ནས་སྲོལ་ལུགས་དེ་ནི་ལོ་རྒྱུས་ཙམ་དུ་གྱུར་ན་ཡང༌།ལོ་རྒྱུས་དེ་ཡིག་ཐོག་བཀོད་པ་ལས་དེང་ང་ཚོས་སྤྱོད་བཞིན་པའི་བྲོ་གླུ་གཞས་གསུམ་གྱི་རྨང་གཞི་བརྟན་པོ་ཞིག་ཚུགས་ཐུབ་པ་བྱུང༌།ཞབས་བྲོ་དང་གར་སྟབས་ཀྱི་རིགས་མང་པོ་ཞིག་གནའ་བོའི་མིའམ་ཀློ་པའི་ཞབས་བྲོ་ལས་བྱུང་བ་ཡིན་ཤས་ཆེ་ཡང༌།དེང་གི་གླུ་གཞས་འདི་དག་གི་འབྱུང་ཁུངས་ནི་སྔར་གྱི་མགུར་གླུ་དེ་དག་ཡིན་པར་ཐེ་ཚོམ་མ་དགོས།ཕྱིས་སུ་རྣམ་གཞག་དེ་དག་གྲ་ཇེ་རྒྱས་སུ་ཕྱིན་པ་ལས་གར་འཆམ་བྲོ་གཞས་གླུ་སོགས་རྣམ་གྲངས་མང་པོ་འཕེལ་རྒྱས་བྱུང་བར་སྙམ།
བྲོ་ཡི་དོན་ནི་གོང་དུ་བཤད་ཟིན་ལ།གླུ་ནི་དགའ་སྡུག་སྐྱོ་གསུམ་ཤུགས་ཆེར་འབྱུང་བའི་གནས་སྐབས་སུ་མགུལ་ནས་རང་དབང་མེད་པར་ལུད་ཡོང་བས་ན་མགུར་གླུ་ཞེས་ཟེར།གར་ནི་འཕགས་མཆོང་དང་བཅས་མྱུར་བར་རྒྱུག་པའི་དོན་ཏེ་ཤྭ་བ་འཁྲབ་པ་ནི་གར་གྱི་དཔེ་མཚོན་ཆེ་ཤོས་ཡིན་པ་ལྟར་དང༌།རྒོ་བ་རྒྱུག་པ་ལ་རྒོ་བ་གར་ཞེས་བརྗོད་པ་བཞིན་ནོ།འཆམ་ནི་རྒྱང་རིང་པོར་མི་འགྲོ་པར་འཁོར་ས་གཅིག་ལ་ཕར་འགྲོ་ཚུར་འགྲོ་བྱེད་པའི་དོན་དང༌།གཞས་ནི་བཞེས་དང་ཡང་ན་བཞད་ཀྱི་དོན་ཡིན་ནམ་སྙམ་ཞིང༌།ཡང་ན་གནའ་བོའི་བྲོ་ཤོན་ཞེས་པ་ཟུར་ཆག་ནས་བྲོ་གཞས་གྱུར་པའམ།རྣམ་པ་གཅིག་ཏུ་ན་རྒྱུ་མཚན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་ཀྱང་སྲིད།གང་ལྟར་ང་ཚོའི་ལུང་པར་གཞས་དེ་ཙམ་གཏོང་སྲོལ་མེད་པས་གཞས་ཀྱི་ལོ་རྒྱུས་མང་པོ་ཤོད་རྒྱུ་མེད་ཅིང༌།ཐ་ན་གཞས་ཀྱི་ཐ་སྙད་དེ་ཡང་ག་དུས་བྱུང་བ་ཤེས་ཀྱི་མེད།གདངས་དང་ཉམས་ལ་བལྟས་ན་གཞས་མ་བྲོ་ཟེར་བ་འདི་ཡང་ཕལ་ཆེར་ཕྱིས་སུ་བྱུང་བ་ཞིག་རེད།
འོན་ཀྱང་བྲོ་དང་གླུ་ཡི་ཐ་སྙད་ནི་གནའ་སྔ་མོ་ཞིག་ནས་ཡོད་པར་ངེས་ཏེ།རྒྱལ་པའི་བཀའ་བསྟན་དུ་མར་དེ་བཞིན་གཤེགས་པའི་གླུ།རྡོ་རྗེའི་གླུ།ཆོས་ཀྱི་གླུ།དཔའ་བོའི་བྲོ།དཔའ་མོའི་བྲོ།མཁའ་འགྲོའི་བྲོ་ཟེར་བ་སོགས་ཡོད་པ་མ་ཟད།བོན་གྱི་བསྟན་བཅོས་རྙིང་པར་བྲོ་དང་ཤོན་གྱི་ཐ་སྙད་མང་པོར་སྣང༌།བོད་ཀྱི་ས་ཆ་ཁ་ཤས་སུ་མ་མཁའ་འགྲོའི་བྲོ་རྭ་ཟེར་བའི་གནས་རྩ་ཆེན་དེ་འདྲ་ཡང་ཡོད།འོན་ཀྱང་གཞས་ཟེར་བའི་ཐ་སྙད་དེ་འདྲ་བསྟན་པ་སྔ་དར་སྐབས་སུ་ཕལ་ཆེར་གོ་རྒྱུ་ཨེ་ཡོད་ན་སྙམ།
གླུ་ལ་མགུར་གླུ་དང༌།འབྲོག་གླུ།ལ་གླུ།དཔྱིད་གླུ།དགའ་གླུ།ཇ་ཆང་མཚར་གླུ།རང་སེམས་གསོ་གླུ་ཟེར་བ་སོགས་རྒྱུ་འབྲས་དང་འདྲ་འབྲེལ་གྱི་སྒོ་ནས་མིང་འདོགས་སྣ་ཚོགས་ཡོད་ཅིང༌།བཀའ་ཐང་སྡེ་ལྔ་དང་གླིང་སྒྲུང་ཁག་ཏུ་གཟིགས་པ་ཡིན་ན།སྔོན་དུས་སུ་མི་རེ་ལ་གླུ་རེ་དང་གླུ་རེ་ལ་མིང་རེ་ཡོད་པར་ཤེས་ཐུབ།མགུར་གླུ་ནི་མགུལ་ནས་བྱུང་བའི་གླུ་སྟེ་ར་སྒྲ་ཚིག་སྡུད་ཀྱི་དབང་གིས་འབྱུང་ཁུངས་ལ་འཇུག་པ་སྟེ།ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་དམ་པཞེས་པའི་ར་སྒྲ་ཚིག་སྡུད་ཀྱི་དབང་གིས་ལྷ་དང་བཅས་པའི་དོན་ཏེ་འབྱེད་སྡུད་ལ་འཇུག་པ་བཞིན་ནོ།
གླུ་འདི་རྣམས་ཡུལ་འབྲོག་གཉིས་ལས་འབྲོག་པ་ཚོས་མང་བ་ལེན་གྱི་ཡོད་སྟབས་གཙོ་ཆེ་བའི་དབང་གིས་འབྲོག་གླུ་དང༌།དུས་སྟོན་མཛད་སྒོ་སོགས་ཀྱི་སྐབས་མ་གཏོགས་ཁྱིམ་ནང་གླུ་དེ་ཙམ་ལེན་སྲོལ་མེད་ཅིང༌།རི་ལ་སླེབས་པ་ནས་གླུ་ལེན་པ་ནི་རྒྱུན་ལྡན་ལྟར་གྱུར་པ་དང༌།ལྷག་པར་རི་མགོ་ལ་མགོ་ཇི་ཙམ་མཐོ་བར་སླེབས་པ་དེ་ཙམ་གྱིས་ཀི་འདེབས་པ་དང་གླུ་ལེན་པ་སོགས་བྱེད་སྲོལ་ཡོད་པས་ན་ལ་གླུ་དང༌།གླིང་བུ་སོགས་རོལ་ཆ་ལས་བྱུང་བ་མ་ཡིན་པར་དཔྱིད་ཀྱི་རྒྱལ་མོ་སྟེ་ཁུ་བྱུག་གི་སྐད་ལྟར་གྲེ་བའི་སྦུག་ནས་ཐོན་པས་ན་དཔེར་བྱས་པ་དཔེ་ཅན་གྱི་མིང་དུ་གྱུར་པ་དཔྱིད་གླུ་ཟེར།
མི་འགའ་ཞིག་ནས་གླུ་ལེན་མཁན་དེ་ནི་སྣང་བ་སྐྱིད་པོ་ཞིག་ཡིན་པར་ངོས་འཛིན་བྱེད།འོན་ཀྱང་མཐའ་གཅིག་ཏུ་གླུ་ལེན་ཚད་སྣང་བ་སྐྱིད་པོ་ཡིན་པའི་ངེས་པ་གང་ཡང་མེད།གླུ་ནི་བདེ་སྡུག་བར་མ་གསུམ་ཀའི་གནས་སྐབས་སུ་ལེན་པ་ཡིན་ཅིང༌།གཙོ་བོ་ནི་སེམས་ལ་ཚོར་བ་གང་ཞིག་ཤུགས་དྲག་འབྱུང་བའི་གནས་སྐབས་སུ་བརྗོད་འདོད་ཀྱི་དོན་རྣམས་ཁ་ནས་ཤུགས་མ་ཐུབ་ཀྱིས་གདངས་ཀྱི་རྣམ་པའི་ཐོག་ལུད་ཡོང་བ་དང༌།ཇི་ཙམ་གྱིས་ཚོར་ཤུགས་ཇེ་ཆེར་གྱུར་པ་དེ་ཙམ་གྱིས་གདངས་དབྱངས་ཀྱི་གཟེངས་ཀྱང་ཇེ་མཐོར་གྱུར་ཏེ་གླུ་ཟེར་བ་འདི་བྱུང་བ་ཡིན།དེས་ན་ཤིན་ཏུ་དགའ་བའི་གནས་སྐབས་སུ་རང་དབང་མེད་པར་ཧཧ་ཧཧ་ཞེས་དགོད་པའི་སྒྲ་དང༌།རབ་ཏུ་སྡུག་བསྔལ་བའི་གནས་སྐབས་སུ་རང་དབང་མེད་པར་ཧུན་ཧུན་ཞེས་ངུ་བའི་གདངས་གཉིས་ནི་བྲོ་གླུ་གཞས་གསུམ་གྱི་ཕ་མ་ཡིན་ཞེས་བརྗོད་ཆོག་སྙམ།གང་ལྟར་དགའ་ན་ཇ་ཆང་མཚར་གླུ་དང་སྡུག་ན་རང་སེམས་གསོ་གླུ་ཟེར་བ་ནི་དོན་དངོས་ཀྱི་གནས་ཚུལ་ཤིག་རེད།
གླུ་ནི་ཐག་ཁྲ་དང་མཚུངས་པའི་བདེ་སྡུག་སྤེལ་མའི་དམངས་ཁྲོད་ཀྱི་འཚོ་བ་མཚོན་པའི་སྒྱུ་རྩལ་རྨད་དུ་བྱུང་བ་ཞིག་ཡིན་ལ།ཆུ་ཡི་གཉེར་མ་ལྟར་གཅིག་རྗེས་གཅིག་གིས་མཐུད་པའི་དུས་རབས་ཀྱི་འཕོ་འགྱུར་རྟོགས་ཐུབ་པའི་ཐབས་ཚུལ་བླ་ན་མེད་པ་ཞིག་ཀྱང་ཡིན།གླུ་ཡི་བརྗོད་བྱ་ལ་ཆབ་སྲིད་དང་རིག་གནས་ཀྱི་དོན་སྙིང་ཡོད་པ་མ་ཟད་དམག་དོན་གྱི་གོ་དོན་ཡང་ཡོད།གང་ལྟར་གླུ་ཡི་གོ་དོན་ལ་བཤད་ཀྱང་རྫོགས་མཐའ་མེད་པའི་ཁོར་ཡུག་ཆེན་པོ་ཞིག་ཡོད་པ་ལས།འདིར་བཀོད་པའི་གླུ་རྣམས་ནི་གཙོ་བོར་གཞོན་ནུ་ཕོ་མོ་གཉིས་དང་པོ་ཕན་ཚུན་ཐུག་ཕྲད་བྱུང་བ་ནས་བརྒྱུད་རིམ་མང་པོ་ཞིག་གི་མཐར་ལུས་སེམས་གཅིག་ཏུ་འདྲེས་ཏེ་བདེ་སྐྱིད་ཀྱི་འཚོ་བ་ལ་ལོངས་སྤྱོད་རྒྱུ་བྱུང་བའམ།ཡང་ན་འཆམ་མཐུན་མ་བྱུང་བར་ཁ་འཐོར་དུ་སོང་བའི་བར་གྱི་མངར་སྐྱུར་འདྲེས་མའི་འཚོ་བ་དང་འབྲེལ་ཞིང༌།འཚོ་བ་དེ་དག་རང་ཐོག་ཏུ་མྱོང་བ་ཞིག་མེད་ཀྱང་མིག་གི་ལྟད་མོར་བྱེད་པའི་གང་ཟག་གསུམ་པ་ཞིག་གིས་དེ་དག་ལ་འཛིན་པའི་ལྟ་ཚུལ་བཅས་གསུམ་འབྱུང་བ་དང་སྦྱར་ནས་གོ་བ་བླངས་ན།དམངས་ཁྲོད་ཀྱི་གླུ་གཞས་དེ་དག་གི་བྲོ་བ་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འདྲེས་པའི་ཚོར་སྣང་ཞིག་འབྱུང་ཐུབ།གང་ཡིན་ཟེར་ན།སྤྱི་ཚོགས་ཀྱི་འཚོ་བ་ཡོངས་སུ་རྫོགས་པ་ཚུར་བསྡུས་ན་ཕོ་མོ་གཉིས་ཀྱིས་ཁྱིམ་ཚང་ཞིག་འཛུགས་པའི་བརྒྱུད་རིམ་ནང་འདུས་ཡོད་པས་རེད།
ལར་ནས་མི་སུ་འདྲ་ཞིག་ཡིན་ཀྱང་རང་ཉིད་ཉམ་ཉེས་བྱུང་སྐབས་གཞན་གྱི་བྱམས་སྐྱོང་དང་རོགས་རམ་འཐོབ་དགོས་པར་བརྟེན།རི་རྩེ་དང་བྲག་ཕུག་ནགས་ཁྲོད་དུ་འཐོར་ནས་མ་བསྡད་པར་རིམ་པས་ཕྱོགས་གཅིག་ཏུ་འདུས་སྡོད་བྱས་པ་ལས་མི་ཡི་སྤྱི་ཚོགས་འདི་གྲུབ་ཅིང༌།ཁག་ཅིག་ནས་ཅིའི་ཕྱིར་མི་རྣམས་ཕྱོགས་གཅིག་ཏུ་འདུས་སྡོད་བྱེད་དགོས་པའི་ཐོག་མའི་བསམ་འདུན་དང་མཐུན་པ་ཕན་ཚུན་བྱམས་སྐྱོང་དང་རོགས་རམ་བྱེད་པ་དང༌།ཁག་ཅིག་ནས་ཐོག་མའི་བསམ་འདུན་ལས་ཡོངས་སུ་ལྡོག་སྟེ་སྤྱི་ཚོགས་ནང་ཕུང་དཀྲུག་དང་གཞན་གནོད་ཁོ་ན་བྱེད་བཞིན་གནས་ཡོད།གང་ལྟར་མི་མང་པོ་ཕྱོགས་གཅིག་ཏུ་འདུས་སྡོད་བྱེད་པའི་སྤྱི་ཚོགས་འདི་གྲུབ་ནས་གྲོགས་པོ་ཕན་ཚུན་བར་བློ་གྲོས་སྤེལ་རེས་དང༌།ཁ་གཏད་ཕན་ཚུན་བར་འགྲན་བསྡུར་གྱི་ཐོག་ནས་རྣམ་དཔྱོད་ཀྱི་ནུས་པ་གོང་མཐོར་ཕྱིན་ཏེ་ཚ་ཚ་འུར་འུར་གྱིས་འཛམ་གླིང་འདིར་སྔར་མེད་ཀྱི་དངོས་པོ་མང་པོ་ཞིག་བཟོ་ཤེས་སྤྱོད་ཤེས་སུ་གྱུར་པ་ནས།ཆབ་དཔལ་རིག་གསུམ་གྱི་རྣམ་གཞག་མང་པོ་ཞིག་སྤང་ལ་ཤ་མོང་རྡོལ་བ་ལྟར་བྱུང༌།
རྣམ་གཞག་དེ་དག་གི་ཁྲོད་དུ་དུས་སྟོན་དང་མཛད་སྒོ་རྗེས་དྲན་སོགས་མི་མང་རུབ་འཛོམས་བྱེད་པའི་གོ་སྐབས་མང་པོ་ཞིག་ཀྱང་ཤུགས་མ་ཐུབ་ཀྱིས་བྱུང་ཞིང༌།རུབ་འཛོམས་དུས་སྐབས་དེ་ནི་མི་རྣམས་ཕན་ཚུན་ཐུག་ཕྲད་དང་ངོ་ཤེས་གྲོགས་སྒྲིག་བྱེད་པའི་གོ་སྐབས་ཡག་ཤོས་ཞིག་ཡིན།འོན་ཀྱང་སྤྱིར་བཏང་གི་མི་གཉིས་ཐུག་ཕྲད་བྱུང་བ་ཡིན་ཀྱང་དམིགས་བསལ་གྱི་ཚོར་སྣང་དེ་འདྲ་གང་ཡང་མེད།གལ་ཏེ་ལས་འཕྲོའི་མདུད་པ་ཐེབས་པའི་གཞོན་ནུ་ཕོ་མོ་གཉིས་ཕན་ཚུན་མཐོང་བ་ཡིན་ན།སེམས་ལ་སྤྲིན་ཁ་འཐབ་པའམ་ལུས་ལ་ཟ་ཕྲུག་ལངས་པའམ་ཁ་ཡི་སོ་རྩ་རྩད་པའམ་གང་ལྟར་བཤད་མི་ཤེས་པའི་ཚོར་སྣང་འབྱུང་ཞིང༌།དང་ཐོག་མ་ཐུག་པའི་གནས་སྐབས་སུ་ཕན་ཚུན་ཐུག་ན་སྙམ་པ་དང་ཐུག་པའི་གནས་སྐབས་སུ་མགྱོགས་ཙམ་གཡོལ་ཐུབ་ན་སྙམ་པ་འབྱུང་སྲིད།གང་ལྟར་དང་པོ་ལན་གཅིག་ཐུག་པར་འདོད་པ་ནས་བར་དུ་མང་དུ་ཕྲད་ན་སྙམ་པ་དང་མཐར་འབྲལ་དཀའ་བའི་རྣམ་པ་འབྱུང་ཞིང༌།འདིར་བཀོད་པའི་གླུ་མང་ཆེ་བ་ནི་དེ་དག་གི་ཚུལ་ལས་བརྩམས་ཏེ་བླངས་པ་ཞིག་རེད།
བྲོ་གླུ་དེ་དག་གི་ཡུལ་ལ་ཨ་སྔོན་མཐོན་པོ་དང་གངས་སྟོད་མཐོན་པོ།དེ་བཞིན་རྫ་རི་དང་ནགས་རི།བླ་མ་དང་དཔོན་ལུ།ཕ་ཁུ་དང་མ་སྲུ།རྟ་གཡག་ལུག་སོགས་ལྟ་བུ་ཞེ་ཅིག་ལས་མི་འདུག་སྙམ་པ་སྲིད་མོད།རྒྱ་གར་ཤར་ལྷོའི་སྙན་ངག་མཁས་པ་དེ་ཚོའི་སྙན་ངག་གི་ཡུལ་ལ་ཡང་གནམ་གྱི་ཉི་མ་དང་ཟླ་བ།ས་ཡི་པདྨ་དང་ཀུ་མུད།རི་ལ་འབིག་བྱེད་དང་ཀཻ་ལ་ཤཱ།ལྷ་ལ་དབང་ཕྱུག་དང་ཁྱབ་འཇུག།ཆུ་ལ་གངྒཱ་དང་སིའ་ཏཱ་སོགས་མཛུབ་མོས་བགྲང་ན་ཉུང་ཤས་ཤིག་ཡིན།དཔེར་ན་རི་བོའི་སྐོར་གཅིག་པུར་མཚོན་ན།གངས་རི་དང་ནགས་རི་གཉིས་ནི་རྒྱ་བོད་ཐུན་མོང་བ་ཡིན་ཀྱང༌།རྫ་བྲག་གཡའ་གསུམ་སྤང་རི་དང་བཅས་ལ་སྦྱར་ནས་བཤད་པ་ནི་བོད་ཁོ་ནའི་ཁྱད་ཆོས་ཤིག་ཡིན་པས།དེའི་ཆ་ནས་ཀྱང་བོད་དམངས་ཁྲོད་ཀྱི་བྲོ་དང་གླུ་ཡི་ཡུལ་ལ་རྒྱ་གར་ལས་ཀྱང་ཐ་སྙད་ཕུན་སུམ་ཚོགས་ཆེ་བར་ཡོད་ཅེས་བརྗོད་ཆོག་སྙམ།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号