དང་པོ། བྱ་འགུལ་གྱི་དམིགས་ཡུལ།
ང་ཚོའི་བོད་མི་རིགས་ནི་འཛམ་གླིང་གི་མི་རིགས་གཞན་དག་དང་མཚུངས་པར་རང་གི་ངོ་མཚར་བའི་ལོ་རྒྱུས་ཀྱི་བྱུང་བ་དང་། ཡུལ་དུས་དང་འཚམ་པའི་རིག་གནས་ཕུན་སུམ་ཚོགས་པ་ཡོད་ཀྱང་དུས་ད་ལྟ་སྤྱི་ཚོགས་འཕོ་འགྱུར་གྱི་ཀློང་རིམ་དུ་བོད་ཀྱི་རིག་གནས་ལ་བརྡབ་གསིག་དང་ཉམས་ཆག་བྱུང་དང་འབྱུང་བཞིན་ཡོད་པ་རེད། ལྷག་པར་དུ་སྐད་དང་ཡི་གེ བསམ་བློའི་འདུ་ཤེས། འཚོ་བའི་གོམས་གཤིས། རང་བྱུང་ཁམས་དང་མི། སྲོག་ཆགས་ཀྱི་འབྲེལ་བའི་ལྟ་ཚུལ་བཅས་ཀྱི་ཐད་དོ་སྣང་མེད་པའི་དུས་སྐབས་ཤིག་ལ་ཐོན་ཡོད་པས། ངེད་སློབ་གྲྭས་སློབ་མ་ཚོའི་རྒྱུད་ལ་བོད་རང་གི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས། འཚོ་བའི་གོམས་གཤིས་བཅས་ཀྱི་ཐད་གོ་བ་ཡག་པོ་ཆགས་ཐུབ་པའི་སླད་དུ་༢༠༡༧ལོའི་ཟླ་༦པའི་ཚེས་༥སྟེ་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་མོར་ཆེད་དམིགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་གྱི་བྱ་འགུལ་སྤེལ་བ་རེད།
གཉིས་པ། བྱ་འགུལ་བརྒྱུད་རིམ།
༡ ཐེངས་འདིའི་བྱ་འགུལ་ལ་ལོ་རིམ་གསུམ་པ་ནས་དྲུག་པའི་བར་འཛིན་གྲྭ་རེ་ནས་འདེམས་ཐོན་བྱུང་བའི་སློབ་མས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་ཕ་སྐད་མ་ཡིག་གི་སྐོར་བརྗོད་བྱར་བྱས་པའི་བོད་ཡིག་གི་སྙན་ངག་གྱེར་འདོན་དང་། ལོ་རིམ་ལྔ་བ་དང་དྲུག་པའི་ནང་འདེམས་ཐོན་བྱུང་བའི་སློབ་

མས་ཁོར་ཡུག་སྲུང་སྐྱོབ་བརྗོད་བྱར་བྱས་པའི་རྒྱ་ཡིག་གི་སྙན་ངག་གྱེར་འདོན་བྱས།


༢ དགེ་རྒན་གྱི་འཐུས་ཚབ་པ་རྒན་རྡོ་རྗེ་སྐྱིད་དང་རྒན་བློ་བཟང་ཚུལ་ཁྲིམས། རྒན་ཧན་ཞོའོ་ཀྲོན་བཅས་ཀྱིས་སོ་སོར་བོད་ཡིག་དང་རྒྱ་ཡིག་གི་སྙན་ངག་གྱེར་འདོན་བྱས།
༣ སློབ་གྲྭས་ཆེད་དུ་གདན་འདྲེན་བྱས་པའི་སྡེ་དམངས་ཀྱི་གཏམ་བཤད་པ་གསུམ་གདན་དྲངས་ནས་ཁོར་ཡུག་སྲུང་སྐྱོབ་དང་། སྲོལ་རྒྱུན་རིག་གནས། ཕ་སྐད་རྒྱུད་འཛིན་སྐོར་གྱི་གཏམ་བཤད་གནང་བ་རེད།
གསུམ་པ། མཇུག་བསྡུ།





ཐེངས་འདིིའི་བྱ་འགུལ་གྱི་རྣམ་པ་ནི་སྔོན་དང་མི་འདྲ་བར་ཁོར་ཡུག་སྲུང་སྐྱོབ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་སྐོར་བརྗོད་བྱར་བྱས་པའི་སྙན་ངག་གྱེར་འདོན་དང་། གཏམ་བཤད་གནང་བའི་ལམ་ནས་སློབ་མ་ཚོའི་རྒྱུད་ལ་བོད་རང་གི་སྲོལ་རྒྱུན་གྱི་ཁོར་སྲུང་གི་ལྟ་བ་ཡག་པོ་འཇོག་ཐུབ་པར་གཞོལ་བ་དང་། ཡབ་མེས་ནས་རྒྱུད་འོངས་པའི་སྲོལ་བཟང་ལ་སློབ་སྦྱོང་དང་། བསམ་སྤྱོད་བཟང་བོ་དེ་འདྲའི་སྒང་ནས་མི་རིགས་དང་སྤྱི་ཚོགས་ལ་རང་གི་ནུས་ཚོད་ཀྱིས་སྲི་ཞུ་བསྒྲུབ་དགོས་པའི་སློབ་གསོ་དང་སྐུལ་ལྕག་གི་ནུས་པ་ཐོན་ཅི་ཐུབ་བྱས་པ་ཡིན།
༢༠༡༧ལོའི་ཟླ༦ཚེས་༥ཉིན། |