ང་དགེ་ཚུལ་ཡིན་ན་གཙང་ཕུ་སྒོམ་ཆུང་ཙམ་ཞིག་འོང༌། གྲོགས་པོ་གཅིག་ཤི་བའི་རོ་སྐྱེལ་དུ་སོ་བའི་ཤུལ་དུ་བཞུགས་པས་བག་ཙམ་འཇིགས་པའི་ཞད་ཅིག་བྱུང་བས། མེ་སྒྲོན་བཏེག་ནས་ཁྱོད་སུ་ལ་འཇིགས། གང་ན་ཅི་ཡོད་གསུང་སྐད། ཡང་ཁོང་གི་གསུང་ནས། སྔོན་ང་ཕོ་རེང་མི་གཅིག་ལ་སྟོན་ཐོག་ཁལ་བཞི་བཅུ་འོང༌། གྲོང་པ་རྣམས་ཀྱིས་མིང་བཞི་བཅུ་སྡིགས་སུ་བཏགས། ཉིན་མོ་ལ་ཁའི་མི་རྒོད་བྱས། ནུབ་མོ་སྐུན་ཕུག་བྱས་པས་ལྟོ་མ་ཕྱིད། ད་མཆིལ་མ་རྡོ་ལ་མི་འདེབས་ཏེ་ལྟོ་ཕྱིད། མུ་གེ་ཆེན་པོ་བྱུང་ཡང་སུ་ཕྱུག་པ་ཅིག་དང་མཇིང་སྦྲེལ་ནས་བསྡད་ཆོག ཆོས་བདེན་སེམས་པ་ཉིས་བསྟུད་གསུམ་བསྟུད་དུ་འཆོར་གསུང༌། སྔར་ངའི་ཁས་ཟས་མི་རྙེད་ད་ཟས་ཀྱིས་ངའི་ཁ་མི་རྙེད་གསུང༌། རེས་འདི་སྐད་གསུང༌། ང་ནི་ཚུལ་ཁྲིམས་རྒྱལ་བ་ཡིན་ནོ། །ཁྱོད་ནི་འབན་གུང་རྒྱལ་ཡིན་ནོ། །དགེ་སློང་ཚུལ་ཁྲིམས་རྒྱལ་བ་ལ་འབན་གུང་རྒྱལ་འགྲན་མ་ཆེ་ཞིག་གསུང་ཞིང་ཀོར་ཡུག་ཡུག་མཛད་དོ། །ཕན་ཡུལ་སྟོད་ཀྱི་དགོན་པ་མང་པོ་འཇོམས་མི་བྱུང་བ་ལ། དགོན་པ་ཐམས་ཅད་ཀྱིས་རུབ་ཆོས་བྱས་པས་འབན་གྱེས་ཆོས་གོས་གསོལ་ཆུ་བུམ་ཕྱག་ཏུ་ཐོགས་ནས། ད་ངའི་རུབ་ཆོས་འདི་ལས་བྱ་ཐབས་ཡོད་དམ་ཟེར་སྐད། དེ་ཕྱིས་སུ་པོ་ཏོ་བས་གསན་པས། ཤིན་ཏུ་མཉེས་ནས་ཁོའི་རུབ་ཆོས་དེ་ཡིན། འབན་གུང་རྒྱལ་གྱི་རུབ་ཆོས་དེ་ཡིན། འུ་ཅག་ཀྱང་བན་དེ་སློབ་ན་དེ་ཙུག་ཏུ་སློབ་དགོས་གསུང་སྐད། ཁ་ཆེ་པཎ་ཆེན་བྱོན་པའི་དུས་སུ་བོད་སྟོན་རྣམས་རྟ་རྨིག་ལྕགས་ཀྱིས་དྲིལ་ལྟ་བ་རྩད་དཔྱོད་དུ་བྱོན་པ་ལ། ཁོང་མི་ཚེ་ཐོས་པ་ལ་བསྐྱལ་བ་ཀུན་ཀྱང་ད་གདོད་ལྟ་བ་རྩད་དཔྱོད་ན། ང་ཐོས་ཆུང་སག་འདྲེས་འཁྱེར། གནངས་འདྲེས་འཁྱེར་ཟེར་བ་ཅིག་བསྡད་པས་ག་ན་འོང༌། ང་ཡང་འགྲོ་བསམ་པ་ཅིག་བྱུང་བ་ལ། ག་རེ་ཐོས་པ་བྱས་པས་ཉོན་མོངས་པ་ཆུང་བར་འགྱུར། ཉོན་མོངས་པ་ཆུང་བ་ལ་བདུད་ཀྱིས་གླགས་མི་རྙེད་ཟེར་བ་ལ། ངས་ཐོས་པ་ཙམ་མ་བྱས་ཀྱང་ཉོན་མོངས་པ་ཆུང་དུ་སོང་ནས་འདུག ཁོང་ཐོས་པ་བྱས་པ་ཀུན་གྱི་ཉོན་མོངས་ཆུང་དུ་མ་སོང་བ་འདི་ཅིས་ལན་སྙམ་པ་ལ། ཁ་ལ་བརྒྱུད་པར་སོང་བས་ལན་སྙམ་པ་ཅིག་བྱུང་གསུང༌། ད་ནི་སྟོན་པ་ཅིག་བྱས་ཀྱང་འོང་ངམ་སེམས། སྒོམ་ཆེན་ཞིག་བྱས་ཀྱང་འོང་ངམ་སེམས།གནས་བརྟན་ཞིག་བྱས་ཀྱང་འོང་ངམ་སེམས། གཙོ་བོ་ཞིག་བྱས་ཀྱང་འོང་ངམ་སེམས་གསུང་ངོ༌། །ཁོང་སྟོང་པ་ཉིད་ཀྱི་ཚིག་ཁོ་ན་ཞལ་ནས་འོང་བ་ལ། པོ་ཏོ་བའི་ཞལ་ནས། གུང་རྒྱལ་འདྲ་བ་འདི་ཁ་ལ་སྟོང་པ་ཐོགས་ནས་གསུངས་ཏེ་བཀྱོན། དགེ་བཤེས་ཀྱིས་བཀྱོན་པས་འདི་མ་ལེགས་པ་ཡིན་ཏེ་འོང་སྙམ་ནས་བཞག་པས། བཞག་ཏུ་མ་བཏུབ་པར་སྟོང་པ་ཉིད་དུ་ཆམ་ཅེར་སོང་བས། དགེ་བའི་བཤེས་གཉེན་པ་ཁོ་བོ་ལས་ནི་ཁྱད་དུ་མི་གསོད། སྟོང་པ་བཞག་ཏུ་མི་བཏུབ་པར་གདའ་ཞུས་པས། ཁྱོད་རང་སྒོམས་ཤིག་ངས་གཞན་ལ་བྱས་པ་ཡིན་གསུང་སྐད། ཡང་འབན་གྱི་ཞལ་ནས། ཉོན་མོངས་པའི་མཁར་སྒོར་གཉེན་པའི་མདུང་ཐུང་ཞིག་བཟུང་ནས་སྡོད་པ་མིན་པ་གཞན་བྱ་རྒྱུ་མེད། ཁོ་སྒྲིམ་ན་ང་ཡང་སྒྲིམ། ཁོ་གློད་ན་ང་ཡང་གློད་གསུང༌། ཡང་ཁོང་གིས་ཚུལ་ཤེ་ལ་གསུངས་པ། མི་རྟག་རྟག་ཏུ་རེ་པའི་སེམས་ཅན་སྙིང་རེ་རྗེ། །སྐྱེ་འགྲོ་སྔ་མ་ཤི་བ་མ་མཐོང་ངམ། །ཕྱི་མ་འཆི་བ་མ་ཚོར་རམ། །འཇིག་རྟེན་ལས་ལ་ཟིན་དུས་མེད། །སྐྱེ་ཤི་གཉིས་ལ་ཐར་དུས་མེད། །གཏན་བདེ་བོར་ཀྱང་འགྱོད་དུས་མེད། །ཆོས་ཀྱི་ངོ་བོ་མཐོང་དུས་མེད། །ངལ་བ་དོན་མེད་གཏན་ཁང་བརྩིགས། །བུད་མེད་མང་པོ་སྡུག་བསྔལ་སྣོད། །བྲན་གཡོག་མང་པོ་ཁ་མཆུའི་རྒྱུ། །ནོར་རྫས་མང་པོ་གཡེང་བའི་རྒྱུ། །བུ་མོ་བཟང་སྡུག་ལྡན་པ་ཡང༌། །དྲོ་གང་ཙམ་གྱི་གྲང་བའི་ས། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །རང་གི་སེམས་ལ་ལྟ་བ་ཁོ་ནར་བྱ། །ཞེས་གསུངས་སོ། །དེ་ལྟར་དགེ་བཤེས་འབན་འདི་ནི་དགོན་པ་བ་དང་སྐུ་མཆེད་གསུམ་ལ་སོགས་པའི་དགེ་བའི་བཤེས་གཉེན་མང་པོས་བསྐྱངས། འཆི་བ་མི་རྟག་པ་ཐུགས་ལ་འཁྲུངས་པས་འདོད་པ་ལ་མདུང་ཐེབས། སྟོང་པ་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་དྲུངས་ཕྱུང༌། བྱང་ཆུབ་ཀྱི་སེམས་ཀྱིས་བདག་གཞན་མཉམ་པར་དགོངས་པའི་དཔའ་བོ་ཆེན་པོ་ཞིག་བྱུང་ངོ༌། །དགོན་པ་བའི་སློབ་མ་ཁ་རག་སྒོམ་ཆུང་ཞེས་གྲགས་པ་དེ་ནི། གཙང་སྟོད་ཀྱི་དུང་ཞུར་བྱ་བར། ཡབ་དགོན་པ་དཀོན་མཆོག་རྟེན་གྱི་སྲས་སུ་འཁྲུངས། མཚན་དབང་ཕྱུག་བློ་གྲོས་ཞེས་བཏགས། སྐུ་གཞོན་ནུ་ནས་བམ་པོ་གནས་སུ་མཁན་པོ་མར་སྒོམ་ལ་རབ་ཏུ་བྱུང༌། སྦས་སྒོམ་དང་དཔོན་སློབ་གཉིས་པོས་ར་སྒྲེང་དུ་བྱོན་པས། དགེ་བཤེས་སྟོན་པ་གཤེགས་རྟིང༌། རྣལ་འབྱོར་པས་ཚོགས་པ་སྐྱོང་གིན་འདུག དེར་གཙང་བུ་ར་སྒྲེང་གི་སྒོམ་ཆེན་རྣམས་ལ་མོས་པ་བྱུང་པས་རྣལ་འབྱོར་པ་དང༌། དགོན་པ་བ་ལོ་བདུན་བསྟེན། ཇོ་བོའི་གདམས་པ་རྣམས་ཚང་བར་ཞུས། དེ་ནས་ཐུགས་དགོངས་ལ་ད་ནི་རང་གིས་ཀྱང་ཆིག་སྐྱ་ཐུབ་སྟེ་འོང་སྙམ་སྟེ། ཉུང་མའི་ས་བོན་ཕུལ་གང་འཁྱེར་ནས་སྤྲགས་ཀྱི་ཀེ་རུ་རུ་བྱོན། དབྱར་ལོ་ཐུག་གསོལ། དགུན་ཉུང་ཐུག་ལ་ཕྱེ་ཐུན་རེ་བཏབ་ནས་གསོལ་ཏེ། སྒྲུབ་པ་ལོ་བཅུ་གཅིག་རྩེ་གཅིག་ཏུ་མཛད། དེ་ནས་ཕན་ཡུལ་དུ་གཅིག་པུར་རི་ལ་བསྒོམས་པ་ན། མདུན་དུ་མི་ནག་པོ་ཞིག་བྱུང་ནས་ཁྱོད་ཀྱི་མགོ་འདོད་དོ་ཞེས་ཟེར་རོ། །རེ་ཞིག་སྡོད་ཅིག་སྦྱིན་ནོ་གསུངས་ནས། རང་གི་མན་ངག་བཞིན་མཛད་ནས་ཁྱེར་ཅིག་ཅེས་གསུངས་ཏེ།བལྟས་པས་དེ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པར་གྱུར་ནས་དེའི་ཞལ་གཟིགས་སོ། །དེ་ལ་དགའ་མི་དགའི་རྟོག་པ་མ་བྱུང་གི། དོན་རང་གི་ངོ་བོས་གྲུབ་པ་མེད་མོད་ཀྱི། འོན་ཀྱང་སེམས་འཁྲུལ་པའི་སྣང་བའོ་ཞེས་མཁྱེན་ནོ། །ནམ་ཞིག་ན་དགེ་བཤེས་པོ་ཏོ་བ་ཆེན་པོ་དེའི་ཕྱོགས་སུ་འཆག་པ་ན།དེས་པོ་ཏོ་བ་ལ་ཕྱག་མཛད་ཅིང༌། ཕན་ཚུན་ཆོས་ཀྱི་གཏམ་འདྲི་བ་དང༌། པོ་ཏོ་བའི་ཞལ་ནས། གཅིག་པུར་རི་ལ་བསྒོམ་པ་ན་བར་ཆད་མ་བྱུང་ངམ་གསུང༌། དེས་རང་གི་སྒྲུབ་ལུགས་དང་ཉམས་ཕུལ་ཞིང་མི་ནག་པོ་ཇི་ལྟར་བྱུང་ཚུལ་ཞུས་པས། དགེ་བཤེས་པོ་ཏོ་བས་དེ་ལ་ཐབས་ཇི་ལྟར་བྱས་གསུངས་པས། སྔ་མ་ལྟར་ཇི་ལྟར་གྱུར་ལུགས་དང་རྟོགས་པ་བརྗོད་པས། པོ་ཏོ་བ་ཐུགས་དགྱེས་ནས། སྐྱེས་བུ་དེ་ཁོ་ན་བཞིན་དུ་སྒྲུབས་ཤིག སུ་ལ་ཡང་དེ་ལས་ལྷག་པར་ཐབས་མེད་དོ་གསུངས་ནས་གཤེགས། ཐུགས་ཤིན་ཏུ་མཉེས་པས་ཉིན་རེ་བཞིན་པོ་ཏོ་བས་ཆོས་ཀྱི་གཏམ་རེ་ཆེད་དུ་སྐྱེལ་བར་མཛད་དོ། །དགེ་བཤེས་ཁ་རག་སྒོམ་ཆུང་པ་འདིས་རག་མའི་ཕུར་སྒོམ་ཞིང་བཞུགས་པ་ན་ནགས་ལ་མེ་མཆེད་པས་སྲོག་ཆགས་གྲིབ་སོ་ལྟར་བྲོས་ཀྱང་མ་ཐར་བར་ཚིག་པ་ལ། མི་བཟོད་པའི་བརྩེ་བས་རྗེ་བཙུན་སྒྲོལ་མ་ལ་འཕྲལ་དུ་རང་གིས་བརྩམས་པའི་བསྟོད་པས་བསྟོད་ནས་མེར་མཆོངས་པས། མེ་རང་ཞིར་གྱུར་ཏེ། ངེས་པར་དྲོད་རྟགས་དང་ལྡན་ཞིང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པས་བྱ་རི་དྭགས་རྣམས་ལ་ཟས་བསྟབས་པ་ཕྱག་ནས་ལེན་ནོ། །ཡང་ལན་ཅིག་པོ་ཏོ་བའི་སྤྱན་སྔར་བྱོན། ལམ་རིམ་བློ་ལྡོག་བཞིའི་རྟོགས་པ་ཕུལ་བས་མཉེས་ཏེ། སྐྱེས་བུ་སྨྲ་བའི་སེང་གེར་སོང་གསུང་ངོ༌། །དེ་ནས་དགེ་བཤེས་སྒོམ་ཆུང་པ་ཁ་རག་ཏུ་སྒོམ་དུ་འབྱོན་པར་བཞེད་ནས་དགེ་བཤེས་པོ་ཏོ་བ་ལ་ཕྱག་འཚལ་དུ་བྱོན། འབྲལ་མི་ཕོད་པར་གཉིས་ཀ་སྤྱན་ཆབ་བྱུང༌། ཕན་ཡུལ་རྒྱལ་དུ་ཕེབས་པ་ན། ཆོས་ཞུ་བ་དང་འབུལ་བ་ཆེན་པོ་ཡང་བྱུང༌། དེ་ནས་ཁ་རག་ཏུ་བྱོན་ནས་ཁ་རག་ཕུག་པ་ནག་པོར་ཐུགས་དམ་མཛད། ཁ་རག་སྒོམ་ཆུང་ཞེས་གྲགས་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ། དེར་ཚོགས་པ་སྟོང་ཙམ་འདུས་པ་ལ་བྱང་ཆུབ་ལམ་གྱི་རིམ་པ་རྒྱ་ཆེར་སྤེལ་ལོ། །ཁ་རག་སྒོམ་ཆུང་པའི་ཞལ་ནས། དད་པ་མེད་པའི་མི་ལ་ཡོན་ཏན་གྱི་རྣམ་པ་གང་ཡང་མི་འབྱུང་བས། དགེ་བའི་བཤེས་གཉེན་བསྟེན་ཅིང་མདོ་སྡེ་བལྟ། བརྩོན་འགྲུས་མེད་པའི་མི་ལ་ཡོན་ཏན་གྱི་རྣམ་པ་གང་ཡང་མི་འབྱུང་བས། འཆི་བ་མི་རྟག་པ་སྒོམ་ཞིང་ལེ་ལོ་སྤོང༌། ང་རྒྱལ་ཅན་གྱི་གང་ཟག་ལ་ཡོན་ཏན་གྱི་རྣམ་པ་གང་ཡང་མི་འབྱུང་བས། རང་མགོ་སྨད་ལ་དམན་ས་བཟུང༌། ཆོས་དེ་གསུམ་དང་ལྡན་ན་ཉན་ཐོས་ཀྱི་རྟེན་དུའང་རུང༌། བྱང་ཆུབ་སེམས་དཔའི་རྟེན་དུའང་རུང༌།གསང་སྔགས་ཀྱི་རྟེན་དུའང་རུང༌། མདོར་ན་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་རུང་བ་ཡིན་གསུང་ངོ༌། །གཤེགས་ཁར་ཡང་ལྷོ་པ་ལ།སྐྱེ་སའི་ཡུལ་སྤོངས། ཉེ་དུ་དང་ཐག་བསྲིངས། བཤེས་གཉེན་རྟག་ཏུ་བསྟེན། ཧྲུལ་བོའི་གོས་གྱོན།དམན་པའི་ས་བཟུང༌། ངན་པའི་ཟས་ཟོ། རྒྱ་སྐད་ཆུ་བཞིན་འཐུང་ལ་སྒྲུབ་པ་གྱིས་གསུང་བའི་གདམས་ངག་གནང༌། དེ་ནས་སྟོན་མོ་བཟང་པོ་ཞིག་མཛད་དེ་འདི་ཐ་མའི་ཟས་ཡིན་ནོ་གསུང༌། ངའི་རུས་བུ་ལྷག་རོལ་བསྡུས་ལ། བྱང་ར་སྒྲེང་ན་དཔལ་ལྡན་དགོན་པ་བའི་སྐུ་འབུམ་ཡོད་པས། དེའི་གྲིབ་མ་དང་བསེར་བུ་ཕོག་སར་སྐྱོལ་ཅིག་གསུང་ནས་མྱ་ངན་ལས་འདས་སོ། །དགེ་བཤེས་དགོན་པ་བའི་ཐུགས་སྲས་རྒྱ་ལྕགས་རི་བ་དེ་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་རྩལ་ཐོན། ཡི་དམ་ལྷའི་ཞལ་གཟིགས།མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པ་ཞིག་བྱུང་སྟེ། ལམ་གྱི་རིམ་པ་རྒྱ་ཆེར་སྤེལ་བར་མཛད། དྭགས་པོ་ལྷ་རྗེ་ཡང་དགེ་བཤེས་རྒྱ་ལྕགས་རི་བ་འདིའི་སར་བྱོན་ནས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་རྫོགས་པར་གསན་ནས་ཉམས་བཞེས་མཐར་ཕྱིན་པར་མཛད་ཅིང༌། རྗེ་མི་ལའི་ཞབས་དྲུང་ནས་ནཱ་རོ་ཆོས་དྲུག་དང་ཕྱག་ཆེན་གསན་ནས་ཉམས་རྟོགས་ཕུལ་ཕྱིན་འཁྲུངས་ཏེ་སྐལ་བ་དང་ལྡན་པ་མཐའ་ཡས་པ་ལ་ཇོ་བོ་རྗེའི་མན་ངག་བྱང་ཆུབ་ལམ་རིམ་དང༌། རྗེ་མི་ལ་ནས་བརྒྱུད་པའི་མན་ངག་རྣམས་ཟུང་འབྲེལ་དུ་འདོམས་པར་མཛད་པས་སྒམ་པོ་པ་ལ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་གྲགས་པའང་རྒྱུ་མཚན་དེ་ལྟར་ཡིན་ནོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་དགོན་པ་བ་ལ་གསོལ་བ་འདེབས་ཤིང་བདག་ཉིད་ཆེན་པོ་འདིའི་མཛད་པ་རྣམ་ཐར་ལྟར་བྱང་ཆུབ་ལམ་གྱི་རིམ་པ་ལ་སྒྲུབ་པ་མཐར་ཕྱིན་པ་ཞིག་བྱའོ། ། 3/3 མདུན་ངོས། 上一页 1 2 3 |
|
|
|
|
|
 |
ཉེ་ལམ་གསར་བརྗེས། |
|
|
|
|
|
|
|
 |
ཀློག་མཁན་མང་ཤོས། |
|
|
|
|
|
|
|
|