ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཐེག་མཆོག་ལམ་གྱིས་རྒྱུད་སྦྱངས་དགྱེར་སྒོམ་ཞབས།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
དགེ་སྦྱོར་ལ་བརྩོན་པ་ཤུགས་དྲག་ལ་རྒྱུན་རིང་བ་མཛད་པས་ཏིང་ངེ་འཛིན་མཚན་ཉིད་ཚང་བ་ཤིང་རྟ་ཆེན་པོའི་གཞུང་ལས་ཇི་ལྟར་གསུངས་པ་ལྟར་ཐུགས་རྒྱུད་ལ་འཁྲུངས་ཏེ། ཏིང་ངེ་འཛིན་མཚན་ཉིད་བཞི་ལྡན་ཐུགས་རྒྱུད་ལ་འཁྲུངས་ནས། རིན་པོ་ཆེ་ལ་རྟོགས་པ་ཕུལ་བས།    ཁྱེད་ལ་ལོ་དྲུག་ཅུ་བདུན་ཅུ་ལོན་ཙ་ན་སེ་བོ་ཐལ་མོ་སྦྱོར་བ་ལོང་ངེ་བ་ཅིག་འོང་བར་འདུག་གི།   དེའི་དུས་སུ་འབུམ་པ་གཅིག་བརྩིགས་ཤིག་མ་བརྩིགས་ན་སད་ཆེན་པོ་ཧ་པ་ཡིན་ནོ་གསུང༌། དགེ་བཤེས་རྟག་ཐོག་པའི་ཞལ་ནས། རིན་པོ་ཆེ་སྣེའུ་ཟུར་པ་ལ་ནུབ་གཅིག་ལ་རྟོགས་པ་འབུལ་པ་བཞི་བྱུང་བ་ལ།   ཏིང་ངེ་འཛིན་མཚན་ཉིད་བཞི་ལྡན་ཐུགས་རྒྱུད་ལ་འཁྲུངས་པ་གཅིག་བྱུང་བས།   དེ་ཁོ་ན་ལ་དད་པར་བྱུང་སྟེ། ཕྱིས་རྩད་དཔྱད་ཙ་ན་དགེ་བཤེས་རིན་ཆེན་སྒང་པ་དེ་ཡིན་པར་སྣང་གསུང་ངོ༌།   །ཏིང་ངེ་འཛིན་གསལ་ཆ་ཤིན་ཏུ་ཆེ་བས་སངས་རྒྱས་དང་བྱང་སེམས་མང་པོའི་ཞལ་གཟིགས་ཏེ་ཡུམ་གྱི་པུས་མོ་ལ་བརྟེན་ནས་བྱ་ར་བྱེད་པའི་དུས་སུ་ལྷ་ཞིག་གི་ཞལ་མཐོང༌། དེ་ཙ་ན་ངོས་མ་ཟིན་པ་ལ་ཕྱིས་རྒྱུད་སྡེ་མཐོང་བས། གཤིན་རྗེ་གཤེད་ཡིན་པར་སྣང་གསུང༌།   སྣེའུ་ཟུར་ན་བཞུགས་པའི་དུས་སུ་ཇོ་བོ་མི་གཡོ་བའི་ཞལ་གཟིགས།    སྣེའུ་ཟུར་པ་གཤེགས་ནས་དགུང་ལོ་ཉི་ཤུ་རྩ་དགུ་པ་ལ་ཡོན་བདག་ཀུན་གྱིས་གདན་དྲངས།   དབྱར་གཅིག་ལྷབ་མོར་བཞུགས།   ལམ་རིམ་ཚར་གཅིག་གསུངས།   དེ་ནས་རིན་ཆེན་སྒང་དུ་བྱོན་ནས་གཙུག་ལག་ཁང་རྙིང་མ་དང་དགོན་པ་རིན་ཆེན་སྒང་ས་མོ་ཕག་ལ་རྨང་བཏིངས། འདིར་བཞུགས་པའི་དུས་སུ། ལྷོ་ཕྱོགས་ཀྱི་རྒྱུད་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞལ་གཟིགས། ལྷོ་ནུབ་མཚམས་སུ་སངས་རྒྱས་སྨན་གྱི་བླའི་ཞལ་གཟིགས། ནུབ་ཕྱོགས་རྒྱ་མཚོའི་འགྲམ་ན་ཇོ་བོ་ཐུགས་རྗེ་ཆེན་པོ་གངས་རི་ལྟ་བུའི་ཞལ་གཟིགས་པ་ཡིན་གསུང༌།   ཡང་ཁོང་རང་གི་སྐུ་ལུས་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གཟིགས་པ་དང༌།   ལུས་གཞལ་ཡས་ཁང་དུ་སོང་བའི་ནང་ན་རིགས་ལྔ་བཞུགས་པ་ཅིག་གཟིགས། ཡང་གཟིམ་ཆུང་མཆོད་ཁང་གི་ཀ་བའི་རྩ་དེར་ཇོ་བོ་ཐུགས་རྗེ་ཆེན་པོ་དང༌།   ཇོ་མོ་སྒྲོལ་མ་གཉིས་མཉམ་དུ་ཞལ་གཟིགས།   ཇོ་མོ་ཕྱག་བརྒྱད་མ་ལ་དེའི་དུས་སུ་སྒྲུབ་ཐབས་དེའང་གསན།   ཕྱིས་བྱ་ཡུལ་དུ་བྱོན་ནས་དགེ་བའི་བཤེས་གཉེན་བྱ་ཡུལ་བ་ལ་འདི་འདྲའི་སྣང་བ་ཅིག་གདའ་ཞུས་པས།   ངོ་མཚར་ཆེ་ཐ་མལ་པར་མི་གདའ་གསུང༌།  བྱ་ཡུལ་བའི་ཞལ་ནས་ཇོ་བོ་དགྱེར་སྒོམ་པ་ལ་དགོས་ཏེ་མི་མཆི་ནའང༌།  འོ་ན་ཡང་འམ་བུས་དྲན་པ་གསོ་བ་ཙམ་ཞིག་བགྱི་གསུངས་ནས་ཇོ་མོ་ཕྱག་བརྒྱད་མའི་སྒྲུབ་ཐབས་ཚར་གཅིག་གསུངས་པས་སྔ་མ་ཇོ་མོས་དངོས་སུ་གསུངས་པ་དང་ཁྱད་མ་བྱུང་གསུང༌། ཡང་དགེ་བཤེས་བྱ་ཡུལ་བའི་ཞལ་ནས།   རབ་གནས་ལ་སོགས་པ་དགྱེར་སྒོམ་པ་ཉིད་ཀྱིས་ཀྱང་མཁྱེན་ནས་མཆི་སྟེ།   འཚལ་ན་ངན་བུས་ཞབས་ཏོག་བགྱི་གསུངས་ནས།ཆོས་ཐམས་ཅད་མ་ཞུས་པར་གནང༌།   ཡང་དགེ་བཤེས་བྱ་ཡུལ་བའི་ཞལ་ནས། དགོན་པ་འདིར་བཞུགས་ལ་ངའི་བཤོས་རེ་གསོལ། ང་ལ་དྲིན་ཆེ་བ་ལགས་གསུང༌།   ཡོན་བདག་ཚོ་ཅིག་གིས་དགོན་པ་བརྩིགས་ཟིན་འགོ་དགོས་པར་བདོག་ཞུས་པས།   འོ་ན་ངས་ཀྱང་དགྱེར་སྒོམ་པའི་བསྲུང་བ་བགྱི། དགྱེར་སྒོམ་པས་ཀྱང་ང་ལ་དེ་བཞིན་མཛད་པར་ཞུ་གསུང༌། ངས་དེ་ཙ་ན་དེ་བཞིན་དུ་བྱས་ན་རྒྱ་སྣུབས་དགོན་གསུམ་གྱི་མིང་ཡང་མི་འོང་གསུང༌།   གཞན་ཡང་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཞལ་གཟིགས།   རྡོ་རྗེ་གདན་ཡིན་སྙམ་པ་ཅིག་ཏུ་བྱང་ཆུབ་ཆེན་པོ་གཙོ་འཁོར་གསུམ་པ་དེ་ཞལ་གཟིགས། བྱ་ཡུལ་ན་བཞུགས་པའི་ཚེ་ཆོས་སྐྱོང་མ་དེའི་ཞལ་གཟིགས་གསུང༌།   ཡི་དམ་ལྷའི་བཟླས་བརྗོད་མཐར་ཕྱིན་པར་མཛད་པས་གཞན་ཕན་གྱི་ནུས་པ་ཁྱད་པར་ཅན་ཐོབ་སྟེ།    རྟག་པ་ཆེད་འཛིན་བཟླས་ལུང་ཐུག་པ་མེད་པ་ཅིག་མཛད་པ་ལ། གཞན་ལ་ཕན་མ་ཐོགས་པ་ཡེ་མ་བྱུང༌།   སྐུ་ལུས་རྡོ་རྗེ་འདྲ་བས་ཚེམས་བསྙུང་བ་གཅིག་ཀྱང་མ་བྱུང་གསུང༌།   བྱིས་པའི་དུས་ན་ནད་ཡམས་ཆེན་པོ་ཞིག་བྱུང་བས་བྱིས་པ་མང་པོ་གུམ།    རོ་ཐམས་ཅད་མཁར་རྒྱབ་ཏུ་བསྐྱལ་གཅུང་པོ་གཉིས་ཀྱང་ན་བས་ངས་ཁོང་གཉིས་གཡས་གཡོན་དུ་བཞག་སྟེ་གཙུག་ཏོར་བཏོན་པས་ནུབ་ཅིག་གི་རྨི་ལམ་ན་མཁར་རྒྱབ་ཏུ་ཕྱིན་པས།   བྱ་མགོ་བརྙན་མི་འདྲ་བ་མང་པོ་ཐིབ་ཐིབ་འདུག   ཁྲོན་པ་གཅིག་གི་ཁ་ནའང་བྱ་མང་བོ་ཐིབ་ཐིབ་འདུག་པས། ཁྲོན་པ་དེར་བལྟས་པས་ཁོང་གཉིས་པོ་དེ་ཤི་ལ་ཁད་པ་རེ་བྱས་འདུག་པས།  ངས་ལག་པ་ནས་བཟུང་སྟེ་ཙར་ཙར་བཏོན་པ་རྨིས།  སང་ནངས་པར་ཁོང་གཉིས་པོ་སངས་དྲག་པ་ཅིག་བྱུང་གསུང༌།གཞན་སེམས་ཤེས་པའི་མངོན་པར་ཤེས་པའང་རླབས་ཆེན་པོ་མངའ་སྟེ། ཐུགས་སྲས་སངས་རྒྱས་དབོན་སྟོན་ཆེན་པོ་གཞོན་པའི་དུས་སུ་ཕྲེང་བ་འདི་བྱིན་ན་རུང་སྟེ་སྙམ་ཙ་ན།   ཕྲེང་བ་དེ་ཕྱག་ཏུ་བསྣམས་ནས་དགོས་པ་མེད་འདི་ཀུན་འདྲ་བ་མངོན་ཚན་ཆེ་བ་ཡིན་གསུང༌།    ཡང་དབོན་སྟོན་གྱི་ཞལ་ནས།དགེ་སྦྱོར་བྱེད་འདོད་མ་བྱུང་བའི་དུས་སུ་སྤྱན་སྔར་ཕྱིན་ཙ་ན།   ཞལ་རས་ནག་ཐིང་མཛད་ནས་དགོས་པ་མེད་གསུང༌། ནངས་ཅིག་དགེ་སྦྱོར་བྱེད་འདོད་ལྷན་གྱིས་བྱུང་བས་སྤྱན་སྔར་ཕྱིན་ཙ་ན། ད་ནངས་ཅི་ཙུག་བྱུང་གསུང༌།   འདི་ཙུག་གདའ་ཞུས་པས་དེ་ངས་བྱིན་གྱིས་བརླབས་པ་ཡིན།    ད་ང་རྒས་ཆོས་འདི་ཡང་དགོས། འདི་ཡང་དགོས་པ་ཡིན་གསུང༌།   དེ་དག་ནི་གཞན་གྱི་སེམས་ཤེས་པའི་ཡོན་ཏན་ནོ།   །རྫུ་འཕྲུལ་གྱི་ཡུལ་ཤེས་པའི་ཡོན་ཏན་ནི།   ཇོ་བཙུན་ཡེ་ཤེས་བླ་མས་ཆོས་ཞུ་སྙམ་ནས་གཟིམ་ཆུང་དབྱོན་པས། སྒོ་ནང་ནས་བསྡམས་ནས་བཞུགས།   དེར་ཐེམ་པ་ལ་སྙེས་ནས་བཞུགས་ཙ་ན། དགེ་བཤེས་ཆེན་པོ་ཕྱི་ངེས་ནས་བྱོན་བྱུང་གསུང་ངོ༌། །དེ་ལྟར་དགུང་ལོ་བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་དགོས་པ་རིན་ཆེན་སྒང་དུ་བཞུགས་ནས་ལམ་གྱི་རིམ་པ་འདིས་གདུལ་བྱ་མང་པོའི་དོན་མཛད་ཡིན་ཏེ། རྩ་ཚིག་འདི་རྣམས་ཨ་ཏི་ཤས་དགོན་པ་བ་ལ་ཁྲིད་པ་དེ་ཀ་ཉིད་ཡིན། བཤད་པ་དང་ལུང་ཀུན་པོ་ཏོ་བ་ཆེན་པོའི་གཞི་ཆེ། རང་རེའི་ཡིག་སྣས་མ་ཆོག་པར་གཞན་ལ་བལྟས་ནས་བཤད་པ་ཚིག་ཁ་ཡར་རེ་བྱེད་དེ། ཚིལ་མང་ཁ་ན་མེད།   མདའ་གཞུ་པང་པ་གང་ཡང་གཏད་ས་མདེའུ་རྩེ་གང་ལས་མེད་པ་ཡིན།   འུ་ཅག་ཐེག་པ་ཆེན་པོ་བའི་དབང་དུ་བྱས་ན་གཏད་ས་བློ་སྣ་གཞན་དོན་དུ་འགྱུར་བ་ལ་བྱའོ་གསུང༌།   ཡང་བླ་མ་ཞལ་བཞུགས་པའི་དུས་སུ་ཐེ་ཚོམ་དང་སྒྲོ་འདོགས་ཐམས་ཅད་ཆོད་པར་བྱས་ནས་ཞལ་མི་བཞུགས་པའི་དུས་སུ་དོད་ཐུབ་པར་བྱས་ཏེ་དགེ་སྦྱོར་བྱེད་དགོས་པ་ཡིན་གསུང༌།   གཞན་ཡང་བླ་མ་གོང་མ་དེ་སྐུ་ཡལ་ནས་བླ་མ་དེའི་གདམས་ངག་མི་ཉམས་ཤིང་འཕེལ་བའི་དགེ་བཤེས་དང་གྲོགས་པོ་ལ་བརྟེན་པ་གལ་ཆེ།     རང་གི་བླ་མའི་མཛད་སྤྱོད་དང་མི་མཐུན་པའི་བླ་མ་གཉིས་པ་མི་བཙལ། བཙལ་ན་བླ་མ་སྔ་མའི་བྱིན་རླབས་དུང་གི་རྡུལ་ཕྱིས་པ་བཞིན་དུ་འགྲོ་གསུང༌། ཡང་བླ་མ་ཞལ་མི་བཞུགས་པའི་དུས་སུ་དགེ་འདུན་ཆོས་དང་མཐུན་པའི་གྲོགས་ལ་བརྟེན་ནས་བླ་མའི་མན་ངག་གི་རྒྱབ་ཏུ་མདོ་སྡེ་བལྟས་ན་ཡང་མི་ཉམས་པ་ཡིན་གསུང༌།   ཡང་རང་གི་བླ་མ་འདས་ནས་དེའི་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་ལེན་པའི་བླ་མ་ཕྱི་མ་ཅིག་ལ་བརྟེན་ནའང་རང་མི་ཉམས་པ་ཡིན་བྱ་བ་ནན་ཏན་དང་བཅས་པ་གསུང༌།   ཡང་དབོན་སྟོན་ལ་གདན་འདྲེན་པ་གཉིས་བྱུང་གསུངས།    དེའི་ནུབ་མོ་དབོན་སྟོན་གྱི་རྨི་ལམ་ན་ལྷའི་བུའི་མཆོད་པ་ཡིན་ཟེར་བ་ཚན་ཅིག་དང་མི་དཀར་པོ་གཙང་སིང་བ་གཅིག་བྱུང༌།དགེ་བཤེས་དགྱེར་སྒོམ་ཆེན་པོ་ན་བཟའ་མཐང་རྐྱང་གཅིག་དང་དབུ་ཞྭ་ལྟེབ་མོ་དེ་གསོལ། ཕྱག་འཁར་དེ་བསྣམས་ནས་མི་དཀར་པོ་དེ་དང་གཉིས་བྱོན་ནས། དབོན་སྟོན་གྱི་དབུ་སྔས་སུ་ཕྱག་འཁར་དེ་བཙུགས་གདམས་ངག་ཁ་ཡར་ཞིག་གསུང༌།   མི་དཀར་པོ་དེ་དང་དགྱེར་སྒོམ་ཆེན་པོ་གཉིས་ཤར་ལྷོ་མཚམས་ཀྱི་ནམ་མཁའ་ལ་གཤེགས་པ་ཅིག་རྨིས། དེ་ནས་ཚ་བ་ཐོན་རྗེས་ལ་ཞལ་ཆེམས་ཁ་ཡར་ཞིག་གསུངས་པ་ན།དབོན་སྟོན་སྐུ་ན་གཞོན་པས་མཆི་མ་མ་ཐུབ།    དེ་མིན་ན་དེའི་ཚེ་གསུང་ཁ་ཡར་འོང་བ་འདུག་པ་ལ་གསུང༌། གཞན་ཡང་རྟེན་བྱིན་རླབས་ཅན་འདི་དང་འདི་ཡོད། ཀ་བ་ལི་དང་བེའུ་བུམ་ན་ཆོས་འདི་དང་འདི་ཡོད། མི་ལག་འགྲིམ་དུ་མ་གཞུག ང་ལ་དུས་རྟག་ཏུ་སྣང་དམིགས་ཀྱི་དངོས་པོ་འདི་འོད་དམ་འཇའི་རྣམ་པར་ཡོད་པ་ཡིན། ཁྱོད་ལའང་དེ་ལྟར་བྱུང་ན་ཆོས་བཤད་དང་རབ་གནས་དང་གཏོར་ཆེན་བཟླས་ལུང་ལ་སོགས་པ་རྣམས་གྱིས་གསུང༌། ཁྱོད་རང་ཡང་ཆོས་དང་མཐུན་པར་གྱིས་ལ་སྡེ་དགོན་འདི་གཉིས་ཆོས་དང་མཐུན་པར་བྱུང་ན་སྐྱོངས། མ་མཐུན་ན་ཞོག་གསུང་བས་བྱ་སྟབས་བདེ་བར་བྱུང༌།དེ་ནས་དགུང་ལོ་བརྒྱད་ཅུ་རྩ་གཉིས་པ་ལྕགས་མོ་ཡོས་ཀྱི་ཉེར་དགུ་ལ་རིན་ཆེན་སྒང་དུ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་དེ།   སྐྱིལ་ཀྲུང་ལམ་གྱིས་མཛད་ནས། ཕྱག་ས་གནོན་མཉམ་གཞག་མཛད།དབུའི་སྟེང་ན་ཡར་རླང་པ་བུམ་པའི་ཁ་ཆངས་འདྲ་བ་ཅིག་བྱུང༌། འུ་ཅག་སྣང་བ་མ་དག་པས་དེ་ལས་མ་མཐོང་གཞན་དུ་ན་འོད་དུ་འོང་བ་ཡིན་གསུང༌། དེ་ནས་གདུལ་བྱ་རྣམས་ཀྱིས་སྐུ་གདུང་ལ་མཆོད་པ་དང་སྨོན་ལམ་རྒྱ་ཆེན་པོ་མཛད་དོ། །བདག་ཉིད་ཆེན་པོ་འདི་ལ་སློབ་མ་བརྒྱད་བརྒྱ་ཙམ་འཚོགས་པའི་ནང་ནས་སློབ་མ་ཆེ་བ་ནི། ཐུགས་ཀྱི་སྲས་འགྲོ་མགོན་སངས་རྒྱས་དབོན་སྟོན་ཡིན་ལ་གཞན་ཡང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་དུ་བྱོན་ནོ།   །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་དགྱེར་སྒོམ་པ་ཆེན་པོ་ལ་གསོལ་བ་འདེབས་ཤིང༌། བཤེས་གཉེན་ཆེན་པོ་འདིའི་རྣམ་ཐར་ལྟར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་བློ་སྦྱངས་ནས་མྱོང་བ་བཅོས་མིན་ཐོན་པར་བྱ་ཞིང༌།   ཐ་ན་སྨོན་ལམ་གྱི་ཡུལ་དུ་བྱས་ཏེ་ཡང་བློ་སྦྱང་བར་བྱའོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号