ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈  དགེ་ལེགས་ཡོན་ཏན་མ་ལུས་འབྱུང་བའི་གནས། །དྲི་མེད་བློ་བཟང་བསྟན་པའི་ཁང་བཟང་རྩེར། །ཆོས་ཀྱི་རྒྱལ་མཚན་འཛིན་པའི་དཔལ་ཡོན་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ།པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི།གངས་ཅན་གྲུབ་མཆོག་རྒྱལ་བ་དབེན་ས་པ་ཆེན་པོ་འཇམ་མགོན་བླ་མའི་མདོ་སྔགས་ཀྱི་བསྟན་པ་སྤེལ་བའི་སླད་དུ།སྙིགས་མའི་འགྲོ་བ་རྣམས་ཐུགས་རྗེས་མ་བཟོད་པ་དང་རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེའི་མཐུས་བསམ་བཞིན་དུ་བྱོན་པ་ཞིག་སྟེ།དེ་ཡངབདག་ཉིད་ཆེན་པོ་འདི་གང་དུ་འཁྲུངས་པའི་ཡུལ་ནི་གཙང་རོང་གི་ཡུལ་ལྷན་ཞེས་བྱ་བ་རྩི་ཤིང་ནགས་ཚལ་རྒྱས་ཤིང༌། འབྲུ་བཅུད་ལོ་ཏོག་འཕེལ་བ་སྔོན་བྱོན་དམ་པ་མང་པོས་བྱིན་གྱིས་བརླབས་པ་སོགས་དགེ་མཚན་ཁྱད་པར་ཅན་དང་ལྡན་པ་ཞིག་སྟེ།དེ་ལྟ་བུའི་ཡུལ་དེའི་ནང་དྲུག་བརྒྱར།སྦ་ཡེ་ཤེས་དབང་པོ་དང༌།མཚུངས་མེད་གཡག་སྡེ་པཎ་ཆེན་སོགས་དམ་པ་དུ་མ་འཁྲུངས་པའི་རིགས་སུ་ཡབ་ནི་ཤེར་ཕྱིན་བརྒྱད་སྟོང་པ་རྒྱུན་དུ་ཁ་ཏོན་མཛད་པ་སོགས་ལུང་དང་རྟོགས་པའི་ཡོན་ཏན་གྱིས་རྒྱུད་ཕྱུག་པ་དྲུང་འཚོ་བ་ཀུན་དགའ་འོད་ཟེར་ཞེས་བྱ་བ་དང་ཡུམ་ནི་རང་བཞིན་གྱིས་དྲང་ཞིང་ཉོན་མོངས་ཆུང་ལ་སྐྱེ་བོ་ཀུན་ལ་ཕན་སེམས་ཆེ་བ་སོགས་ཀུན་གྱིས་བསྔགས་འོས་སུ་བྱེད་པ་མཚོ་རྒྱལ་ཞེས་བྱ་བ་གཉིས་ཀྱི་སྲས་སུ།རབ་མྱོས་ཞེས་པ་ལྕགས་ཕོ་རྟའི་ལོ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་འཁྲུངས་སོ། །དེའི་ཚེ་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་ད་ནི་འགྲོ་བ་མགོན་དང་བཅས་སོ་ཞེས་དགའ་བའི་ཅ་ཅོའི་སྒྲ་སྒྲོགམེ་ཏོག་འཐོར་ཞིང་གོས་ཀྱིས་གཡབ་མོ་བྱེད།ལྷ་འགའ་ཞིག་གིས་རྒྱལ་སྲས་གཞོན་ནུ་འདི་ལ་མངལ་གྱི་དྲི་མས་གོས་པ་དག་པར་བྱ་བའི་ཕྱིར་ཁྲུས་གསོལ།གནོད་སྦྱིན་ལག་ན་རྡོ་རྗེ་འཁོར་བརྒྱ་ཕྲག་མང་པོ་དང་བཅས་པས་ཕྱོགས་ཕྱོགས་སུ་འཁོད་ནས་བར་ཆད་བསྲུང༌། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་རྒྱལ་སྲས་འདིའི་དོན་གྲུབ་པར་གྱུར་ཅིག་ཅེས་བདེན་ཚིག་གི་སྨོན་ལམ་མཛད་པར་ངེས་ཏེ།སྐུ་གསུམ་མངོན་དུ་གྱུར་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཞིང་འདིར་གདུལ་བྱའི་དོན་དུ་སྤྲུལ་པའི་སྐུ་བཟུང་བ་ཡིན་པས་ན་ཞིང་གང་དང་གང་དུ་སྤྲུལ་པའི་སྐུ་བྱོན་པ་དེ་དང་དེའི་ཚེ་སྔར་བཤད་པའི་རྟགས་དང་མཚན་མ་དེ་དག་འབྱུང་བར་རྒྱལ་བའི་བཀའ་ལས་གསུངས་སོ། །དེ་ལྟ་བུའི་རྒྱལ་སྲས་གཞོན་ནུ་དེ་མཐུན་པའི་དངོས་པོ་དག་གིས་བསྐྱེད་བསྲིངས་ཤིང་ལྷ་དང་བླ་མའི་ལུང་བསྟན་ལྟར་མཚན་ཆོས་རྒྱལ་དཔལ་ལྡན་བཟང་པོ་ཞེས་བཏགས་སོ། །རྒྱལ་སྲས་གཞོན་ནུ་དེ་ནི་བསྐལ་པ་མང་པོའི་སྔོན་རོལ་ནས་ལམ་ལ་སྦྱངས་པའི་མཐུ་གྲུབ་པ་ཡིན་པས་སྐུ་ན་ཤིན་ཏུ་ཕྲ་བའི་གནས་སྐབས་དེར་ཡང་བྱིས་པ་གཞན་དག་གི་ངང་ཚུལ་ལས་འདས་ཏེ།ཐུགས་རབ་ཤིན་ཏུ་གསལ་བས་གཞན་དག་གིས་སྒྲོལ་མ་དང༌།ཤེས་རབ་སྙིང་པོ་སོགས་ངག་འདོན་བྱས་པ་ན་ཞལ་ནས་གསུང་བར་མ་མཛད་ཀྱང་ཐུགས་ལ་ཚིག་འབྲུ་གོ་རིམ་དང་བཅས་པ་གསལ་བར་ཤར།དྲུང་འཚོ་བ་ཞག་རེ་བཞིན་མཚན་བརྗོད་ཁ་ཏོན་འཆག་མེད་མཛད་པ་གསན་པས་དགུང་ལོ་གསུམ་པའི་སྐབས་མཚན་བརྗོད་ཐུགས་ལ་གསལ་བ་ངག་ཏུའང་གཙང་སིང་ངེ་པ་འདོན་ནུས་པ་བྱུང༌།དགུང་ལོ་ལྔ་ལོན་དུས་ཞག་རེ་བཞིན་མཚན་བརྗོད་ཚར་ལྔ་རེ་ཞལ་ཏོན་དུ་མཛད།དེ་དུས་དབེན་དགོན་པ་དཔོན་སློབ་ཀྱིས་དབྱར་གནས་དྲུག་བརྒྱར་མཛད་པས།དེའི་ཚེ་རྒྱལ་སྲས་གཞོན་ནུ་དེ་ཕྱི་རོལ་ཏུ་ཐབས་ཅི་བྱས་ཀྱང་བཞུགས་མ་འདོད་པར་དབེན་དགོན་ཚོགས་པའི་ནང་དུ་བྱོན་ཏེ་གྲལ་གོང་དེར་བཞུགས་པ་ཞིག་བྱུང༌།དེའི་རྒྱུས།རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་ག་དང༌། མགོན་པོ། ཆོས་རྒྱལ། ལྷ་མོ། ཕྱག་བཞི་པ། གུར་ཞལ་རྣམས་ཀྱི་བསྐང་གསོ་རྣམས་ཚོགས་པའི་ཞོར་ཐེགས་པ་མཁྱེན།དགག་དབྱེ་གྲོལ་ནས་གྲྭ་པ་རྣམས་བསོད་སྙོམས་ལ་བྱོན། མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ཟླ་བ་གཅིག་ཙམ་དེར་བཞུགས་པའི་ཇའི་གྲལ་དུ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས། སྲས་ཆུང་འདི་དབྱར་གནས་ཀྱི་རིང་ཚོགས་དཀྱིལ་རང་དུ་བཞུགས་ཚུགས་ཤིང༌། ཡི་དམ་དང་བསྐང་གསོ་རྣམས་ཀྱི་ཞོར་འདེགས་ཀྱང་ལེགས་པར་ཡོང་འདུག་གསུངས་པས། དྲུང་འཚོ་བ་ཆེན་མོ་ན་རེ། འདི་ཤེས་རབ་དགའ་རབ་ཡིན་པ་འདྲ། བདག་གིས་ཁ་ཏོན་བྱས་པའི་རྣ་འཇགས་ཀྱིས་ན་ནིང་ལོ་གསུམ་པའི་མཇུག་ཏུ་མཚན་བརྗོད་ཤིན་ཏུ་བྱང་བ་བྱུང་ནས། ཁ་སང་སྐབས་ཤིག་ཉིན་རེ་ལ་ཚར་མང་པོ་འདོན་གྱིན་འདུག་ལགས།ད་ལྟ་སྐུ་ཞབས་སུ་རྒྱུགས་ཕུལ་དང་གསུང༌། རྒྱལ་སྲས་གཞོན་ནུ་དེས་དེ་འཕྲལ་དུ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་སྔོན་དུ་བཏང༌། རྒྱ་གར་སྐད་ནས། མངོན་པར་བསྟོད་དོའི་བར་དང༌། མཇུག་ཏུ་ཤེས་བྱ་མཁའ་དབྱིངས་མའི་སྨོན་ལམ་དང་བཅས་པ་དག་ཅིང་གསལ་བསང་བ་ཞིག་བསྐྱར་བས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཐུགས་ཤིན་ཏུ་དགྱེས་ནས་འདོན་ཁྱེར་དག་ཅིང་བྱང་བ་འདུག བཙུན་པ་ཞིག་བྱེད་དགོས་པ་ཡིན། བཙུན་ཆས་ལེན་མིན་བལྟའོ་གསུངས་ནས་དབུ་པཎ་དེ་ཕུད་ནས་རྒྱལ་སྲས་གཞོན་ནུའི་དབུ་ལ་གཡོགས་ནས་བཙུན་པ་ལེག་པོ་ཡོང་བ་འདུག་ཅེས་གསུངས་ཏེ། དེ་ནི་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་རྒྱལ་སྲས་གཞོན་ནུ་འདི་རྒྱལ་བ་དབེན་ས་པ་ཆེན་པོའི་སྤྲུལ་སྐུར་ཡིད་ཆེས་ནས་མ་འོངས་པའི་རྟེན་འབྲེལ་བསྒྲིག་པའི་ཕྱིར་དེ་ལྟར་མཛད་པ་ཡིན་ཏེ། རྒྱལ་བ་དབེན་ས་པ་ཆེན་པོ་སྐུའི་བཀོད་པ་བསྡུ་བར་ཕྱོགས་པའི་དྲུང་དུ། མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ཉིད་ཀྱིས་དངོས་སུ་ཚིག་གི་ལམ་ནས་ཞུ་བ་ནི་མ་སྤོབས། ཡིད་ལ་གདུང་བ་མི་བཟད་པ་སྐྱེས་ཤིང༌། སྐུའི་སྐྱེ་བ་མྱུར་དུ་འབྱོན་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་ཐུགས་ལ་གང་ཤར་རྒྱལ་བ་དབེན་ས་པ་ཆེན་པོས་ཐུགས་ཀྱིས་མཁྱེན་ནས། དྲུང་རབ་འབྱམས་པ་དེ་ཙམ་གྱི་ཐུགས་ངལ་མཛད་མི་དགོས། ངེད་ཀྱང་སྤེལ་བའི་དེ་རུ་མྱུར་དུ་ཡོང༌། ཞེས་གསུངས་པས། མཁས་གྲུབ་སངས་རྒྱས་ཡེ་ཤེས་སླར་ཡང་འཇིགས་པ་དང་མོས་པས་ཐུགས་ཆད་ཆོད་དུ་སོང་བས་རྒྱུ་མཚན་ཞུ་མ་ཐུབ། སླར་ལྷ་ཁུད་སྤེལ་བ་ཟེར་བ་འདིར་རེ་བ་བཅས་ཏེ་བརྟགས་ཀྱང་དོགས་པ་ཙམ་ཡང་མ་བྱུང༌། ཕྱིས་དྲུག་བརྒྱ་བའི་སྤེའུ་མཐོན་པོ་དེ་ལ་རང་དགོངས་སམ་སྙམ་པ་བྱུང་ཞིང༌། མནལ་ལམ་དུའང་རྒྱལ་བ་དབེན་ས་པ་དྲུག་བརྒྱར་སྤྲུལ་སྐུ་སྟོན་པའི་ལུང་བསྟན་མཚར་བ་ཞིག་བྱུང༌། འོན་ཀྱང་ད་དུང་གདེངས་མ་བཀལ་བར་དེ་དུས་རྗེ་གླང་མིག་པ་ཆོས་ཀྱི་རྒྱལ་མཚན་པ་ཞེས་བྱ་བ་དེ་མངོན་མཁྱེན་ཐོགས་མེད་དུ་གསུང་བར་བྱེད་པས་ཁོང་ལ་དྲུག་བརྒྱའི་སྲས་པོ་འདི་རྒྱལ་བ་དབེན་ས་པ་ཆེན་པོའི་སྤྲུལ་སྐུ་ཡིན་མིན་བརྟག་པ་ཞུས་པ་ན། དྲུག་བརྒྱའི་དེ་སྐྱེ་བ་གཅིག་འཕར་དགོས་བྱུང་བ་མ་གཏོགས་ཐེ་ཚོམ་དགོས་པ་མི་བདོག མིང་ཡང་ངེད་གཉིས་མཚུངས་པ་ཡོད་པས་ཆོས་ཀྱི་རྒྱལ་མཚན་ཞེས་འདོགས་པར་མཛོད་གསུང་བས། མཁས་གྲུབ་སངས་རྒྱས་ཡེ་ཤེས་རང་ཉིད་ཀྱི་མཚན་ལྟས་དང་རྒྱལ་བ་དབེན་ས་པ་ཆེན་པོ་ཞིང་གཤེགས་ཁའི་གསུང་རིས་དང༌། སྲས་ཆུང་དེ་རང་གི་མཛད་སྤྱོད་དང་ཡོན་ཏན་མཚུངས་པ་མེད་པ་དེ་དག་གཟིགས་པས་ཐུགས་ཡིད་ཆེས་ཏེ་དབེན་ས་པ་ཆེན་པོའི་སྤྲུལ་སྐུར་ངོས་བཟུང༌། ཕྱིས་རབ་བྱུང་སྒྲུབ་པར་མཛད་དུས་རྗེ་གླང་མིག་པས་གསུང་བ་ལྟར་ཆོས་ཀྱི་རྒྱལ་མཚན་ཞེས་མཚན་བཏགས་དེའི་སྟེང་དུ་བློ་བཟང་ཞེས་སྦྱོར་བར་མཛད་དོ། །དེ་ལྟར་རྒྱལ་བ་དབེན་ས་པ་ཆེན་པོ་ཉིད་ཀྱིས་ལྷན་དྲུག་བརྒྱར་སྤྲུལ་པའི་སྐུ་འབྱོན་པར་ཞལ་གྱིས་བཞེས་པ་དང༌། ལྷ་དང་བླ་མ་གཞན་གྱི་ལུང་བསྟན་དང༌། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་མངོན་སུམ་དུ་རྒྱལ་སྲས་འདིའི་མཛད་སྤྱོད་རྣམས་གཟིགས་པས་ཐུགས་གཏིང་ནས་ཡིད་ཆེས་ཤིང༌། འཕྲལ་དུ་ཡོངས་ལ་བསྒྲགས་ན་བར་ཆད་བྱུང་དོགས་པས་ཡབ་ཡུམ་ལའང་དེ་རིགས་མ་གསུང་བར་དོན་གྱིས་པཎ་ཞྭ་དབུ་ལ་གཡོགས་ཏེ་འཇམ་མགོན་སྙན་རྒྱུད་ཀྱི་བསྟན་པའི་བདག་པོར་འགྱུར་བའི་རྟེན་འབྲེལ་བསྒྲིག་པར་མཛད་པའོ། །རྒྱལ་སྲས་གཞོན་ནུ་དེ་དགུང་ལོ་ལྔ་པའི་དུས་དེ་ཉིད་དུ་བདེ་གཤེགས་བདུན་གྱི་ཆོ་ག་བཟུང་སྟེ་དུས་བཟང་རྣམས་སུ་འཆག་མེད་ཞལ་འདོན་མཛད། རྡོར་གཅོད་ཅིག་ཡང་ཡང་བཀླག་པར་མཛད་པས། ཀློག་བྱང་བ་དང་ཐུགས་སུ་ཆུད་པ་མཉམ་དུ་བྱུང༌། དུས་དེ་སྐབས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱང་སྟོན་དུས་ཕལ་ཆེར་དྲུག་བརྒྱར་བཞུགས་པས། ཚེ་དབང༌། མགོན་པོ་ཕྱག་དྲུག་པའི་བཀའ་རྫོགས་པ། རྟ་མགྲིན་གྱི་རིམ་པ་མང་པོའི་རྗེས་གནང༌། རྟ་པོད་ཀྱི་ལུང་། རིགས་གསུམ་མགོན་པོ། སྒྲོལ་མ།    རྣམ་རྒྱལ། རྣམ་འཇོམས། ཆོས་སྐྱོང་མང་པོའི་རྗེས་གནང་སོགས་དབང་ལུང་མང་དུ་ཞུ་བར་མཛད། དགེ་བའི་བཤེས་གཉེན་རིན་པོ་ཆེ་གྲངས་ཅན་པ་ལ་བརྒྱད་སྟོང་པ་སོགས་ཤེར་ཕྱོགས་དང༌།མདོ་མང་དང༌། འདུལ་བ་ལུང་དང༌།   རྒྱུད་འགའ་ཞིག་སོགས་ལུང་ཤིན་ཏུ་མང་བ་དྲུང་འཚོ་བ་ཆེན་མོ་སོགས་དང་ལྷན་ཅིག་ཞི་བར་མཛད། མེས་པོ་དྲུང་འཚོ་བ་ཉིད་ཀྱི་དྲུང་དུ་ཕུ་བོ་དྲུང་འཚོ་བ་རྟ་མགྲིན་བཟང་པོའི་རིགས་བརྒྱུད་ཀྱི་སྲུང་མ་དྲང་སྲོང་ཆེན་པོ་རཱ་ཧུ་ལའི་རིགས་གཏད། གདམས་པ་ཡོངས་རྫོགས་ཀྱི་ལུང༌། ཞང་བློན་གྱི་རྗེས་གནང༌། སྒྲུབ་སྐོར།རྒྱུད་བཞིའི་ལུང་སོགས་སྨན་དཔྱད་ཀྱི་སྐོར་ཀྱི་དབང་ལུང་རྣམས་ཀྱང་ཞོར་ལ་གསན། དགུང་ལོ་བདུན་པའི་དུས་སུ་འགྲམ་སོ་གཉིས་གསར་དུ་སྐྱེས་པས། འཇིག་རྟེན་གྱི་ཁ་དངགས་སུ་ཕག་འགྲམ་སྐྱེས་ན་ཚེ་ཕྱེད་སོན།ཟེར་བ་གསན་པས་འདི་ཡང་ཕག་འགྲམ་ཡིན་འདུག་ལ། དེ་ལྟར་ན་མྱུར་དུ་འཆི་བར་འགྱུར་བར་གདོན་མི་ཟའོ་སྙམ་དུ་འཆི་བ་རྩོལ་མེད་དུ་དྲན་པ་ནར་མར་བྱུང་ངོ༌། སྦྱིན་པ་ནི་འཇིག་རྟེན་ཕྱི་མར་ནོར་བཅོལ་བ་ལེན་པ་དང་འདྲ་སྙམ་དུ་དགོངས་ཏེ་རང་ཉིད་ཀྱི་ཁ་ཟས་ལ་བགོ་བཤའ་བྱས་ཤིང་བཟའ་གཏུང་སོགས་ཕྱག་ཏུ་ཅི་བྱུང་སློང་མོ་བ་དང༌། ཁྱི་དང་བྱ་བྱེའུ་སོགས་ལ་སྦྱིན་པར་མཛད་ཅིང༌།ཕྱི་མ་བདེ་འགྲོའི་རྟེན་བཟང་ཐོབ་པ་ཚུལ་ཁྲིམས་ལ་རག་ལས་པར་དགོངས་ནས་མི་དགེ་བཅུ་ལ་སྡོམ་སེམས་བསྟེན་གོམས་ཡང་ཡང་མཛད།ཚུལ་འདི་ནི་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་རང་ཉིད་ཀྱི་ཞལ་ནས་སྤྱིར་ན་བྱིས་པ་ཆུང་ངུའི་གནས་སྐབས་ནས། རབ་ཏུ་འབྱུང་ཁའི་བར་རང་བཞིན་གྱི་ཁ་ན་མ་ཐོ་བ་གཞན་ལྟ་ཞིག བསམས་བཞིན་དུ་སྲོག་ཆགས་གྲོག་སྦུར་ཕྲ་མོ་བཀུམས་པ་ཙམ་ཡང་དྲན་ལམ་ན་མ་མཆིས་སོ། །ཞེས་གསུངས། རྒྱལ་སྲས་གཞོན་ནུ་དེ་སྔོན་ཡུན་རིང་པོ་ནས་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པ་ཞིག་ཡིན་པས་སྐུ་ན་ཕྲ་མོ་དེ་དུས་ནས་གཞན་གྱིས་བསྐུལ་བ་ལ་མི་བལྟོས་པར་ཁྱིམ་དུ་འདུག་པ་ལ་བཙོན་རར་བཅིངས་པའི་འདུ་ཤེས་བཅོས་མ་མིན་པ་འཁྲུངས་ནས་ཁྱིམ་ན་གནས་པ་ལ་ནམ་ཡང་དགའ་བར་མི་མཛད་ཅིང༌། སྤྱིར་རབ་ཏུ་བྱུང་བ་དང་ཁྱད་པར་དབེན་དགོན་པའི་དགེ་སློང་དག་བྱུང་ན་ལྷག་པར་དགྱེས་ཤིང༌། རང་དབང་འདུས་ན་དེ་དག་དང་འགྲོགས་ནས་བཞུགས་པ་ལ་ཡུན་ཇི་ཙམ་རིང་ཡང་ཐུགས་སྐྱོ་བ་མི་སྐྱེ།   ན་མཉམ་གཞན་དང་དལ་བར་རྩེ་བའི་དུས་སུ་རྔུལ་གཟན་ཤམ་ཐབས་སུ་བྱས། དྲུང་གནས་ཚུལ་ཁྲིམས་པའི་ཞྭ་སེར་བསམས་བཞིན་བླངས་ནས་དབུ་ལ་བཞེས་ཏེ་བྱིས་པ་མང་པོའི་དབུས་སུ་རེས་འགའ་ཆོས་འཆད་ཉན། རེས་འགའ་བགྲོ་གླེང༌། རེས་འགའ་གྲྭ་ཚང་འཛུགས་པ་ལྟ་བུའི་རྩེད་མོ་འབའ་ཞིག་མཛད་པ་ཞིག་ཡོད་པར་སྐུ་ཐོག་མཉམ་པའི་སྐྱེ་བོ་མང་པོའི་མངོན་སུམ་དུ་གྱུར་པ་ཡིན་ནོ་ཞེས་རྗེ་ཉིད་ཀྱི་གསུང་ལས་འབྱུང་ངོ༌། །དེ་ནས་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོ་དགུང་ལོ་བཅུ་གསུམ་པའི་ངོ་མཐོང་བའི་ཚེ་ཉེ་དུ་ལ་སོགས་པའི་འཆིང་བ་མེད་པར་མ་ཟད། དེ་དག་གིས་མཐུན་པའི་རྐྱེན་ཉེ་བར་སྦྱར་ཏེ་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ཉིན་ཁྱིམ་ནས་འཐོན་ཏེ་དབེན་ས་ཆོས་ཀྱི་ཕོ་བྲང་དུ་ཕེབས། ཟླ་བ་དེ་ཁའི་ཚེས་བཅུ་གསུམ་ལ་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་ཐོག མཁས་གྲུབ་ཆེན་པོ་རྗེ་བཙུན་སངས་རྒྱས་ཡེ་ཤེས་ཀྱིས་མཁན་སློབ་ཟུང་འབྲེལ་དུ་མཛད་ནས། གྲིབ་ཚོད་ཉི་མའི་བརྒྱད་ཆ་ཤར་བ་ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་བཞེས་ཤིང༌། མཚན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། རབ་ཏུ་བྱུང་འཕྲལ་མཁན་སློབ་ཚོགས་པ་དང་བཅས་པ་རབ་སྟོན་གྱ་ནོམ་པས་མཉེས་པར་མཛད་དོ། །དེའི་ཚེ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་དགོང་ཇའི་ཐོག་ཚོགས་ལ་བྱིན་རླབས་ཉེ་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ལམ་གྱི་གནད་ཚང་བ་ཤིན་ཏུ་ཟབ་ཅིང་རྒྱས་པ་ཞིག་གནང༌། ཟླ་བ་དེའི་གསུང་མཆོད་དང་བསྟུན་སྨན་ཐང་པ་ཆོས་ཀྱི་རྗེ་དཀོན་མཆོག་ལྷུན་གྲུབ་པས་སྔོན་ནས་གསོལ་བ་བཏབ་པ་ལྟར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ་ཞུ་བར་མཛད། དེའི་དཔྱིད་དུས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་ལྟར་རྗེ་རིན་པོ་ཆེས་མཛད་པའི་བྱམས་མགོན་གྱི་བསྟོད་པ་ཚངས་ཅོད་མ་དང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་པ་བསྟོད་སྤྲིན་རྒྱ་མཚོ་དང༌། རྣམ་རྒྱལ་མའི་བསྟོད་པ་འཆི་མེད་གྲུབ་པ་དང༌། རྡོ་རྗེ་རྣམ་འཇོམས་ཀྱི་བསྟོད་པ་རྣམས་འཛིན་པ་ལ་འབད་རྩོལ་མ་དགོས་པར་ལན་རེ་གཟིགས་པ་ཙམ་གྱིས་ཐུགས་སུ་ཆུད་དེ་རྒྱུན་དུ་ཞལ་འདོན་མཛད། བཀའ་གདམས་ལྷ་བཞི་དང༌།འཇམ་དབྱངས་རིགས་འགའ་ཞིག་དང༌། འཇིགས་བྱེད། མགོན་པོ་ཕྱག་དྲུག་པ་རྣམས་རྒྱུན་བསྙེན་གྱི་ཚུལ་དུ་མཛད། དེའི་ཚེ་ཡི་དམ་དང་ཆོས་སྐྱོང་གི་གཟུངས་མང་ཙམ་བཟླས་རེས་ཀྱིས་མནལ་ལམ་དུ་དུར་ཁྲོད་འཇིགས་སུ་རུང་བ་དང༌། ཁྲོ་བོ་དང༌། གཅན་གཟན་སྣ་ཚོགས་པའི་རྣམ་པ་འབྱུང་བ་དང༌།དངོས་སུ་ཡང་ཡི་དམ་རྡོ་རྗེ་འཇིགས་བྱེད་དང༌། མགོན་པོ་ཕྱག་དྲུག་པ་སོགས་དམ་ཅན་ཆོས་སྲུང་མང་པོའི་ཞལ་གཟིགས། འཇམ་མགོན་བསྟན་པའི་སྲུང་མ་རྣམས་ཀྱིས་འཕྲིན་ལས་རྣམ་བཞི་སྒྲུབ་པར་ཞལ་གྱིས་བཞེས་པ་སོགས་དག་པའི་གཟིགས་སྣང་དཔག་ཏུ་མེད་པ་བྱུང་ཞིང༌། རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་དྲན་པ་དང༌། འདས་པའི་དུས་དང་མ་འོངས་པར་འབྱུང་འགྱུར་མང་པོ་ཐུགས་ལ་ཤར། སྐལ་བ་དང་ལྡན་པ་རེ་གཉིས་ལ་དེ་བཞིན་དུ་ལུང་བསྟན་ཡང་མཛད། དེ་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་དབྱར་ཆོས་ལ་ལམ་རིམ་གྱི་ཁྲིད་ཚོགས་ཆོས་སུ་གསུངས་པ་བསྒྲིམས་ཏེ་གསན་པས་ཚིག་དོན་ཐམས་ཅད་ཐུགས་སུ་ཆུད། དབྱར་ཐོག་དེ་ལ་དབེན་དགོན་དུ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཐོག་མར་ཚུགས་ཐོག་བདག་ཉིད་ཆེན་པོ་འདིས་གཙོས་དབེན་དགོན་འདུས་ཚོགས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཡི་དམ་གྱི་དབང་བཞི་རྒྱས་པར་གནང་བས་དབང་དོན་བརྡ་འཕྲོད་ཅིང་དམིགས་རིམ་ཤིན་ཏུ་གསལ་བ་དང༌། དབང་བཤད་གསན་སྟོབས་ཀྱིས་བླ་མེད་སྤྱིའི་དབང་གི་རྣམ་གཞག་ལ་འཁྲུལ་མེད་ཀྱི་ངེས་པ་རྙེད་དེ་སྔགས་ལམ་ལ་གདེང་ཐོབ་པ་བྱུང་སྟེ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའོ། །དེའི་སྟོན་རྗེ་འདི་པ་འཁོར་དང་བཅས་པས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་བཀའ་གདམས་གླེགས་བམ་ཆ་ལག་དང་བཅས་པ། ཇོ་བོའི་ལམ་ཡིག་རྒྱས་བསྡུས། ཤ་ར་པའི་ལམ་རིམ། རྒྱལ་སྲས་བཀའ་འབུམ།   ལམ་མཆོག་རྩ་འགྲེལ་རྣམས་ཀྱི་ལུང་ཡོངས་སུ་རྫོགས་པར་གསན་ནོ། །དེ་ནས་རྗེ་འདི་པས་དགུན་གྱི་རིང་རིས་མེད་པའི་དམ་པ་མང་པོའི་རྣམ་ཐར་ཉིན་མཚན་ཁོར་ཡུག་ཏུ་གཟིགས་པས་ཕྱོགས་མེད་ཀྱི་བསྟན་པ་དང་དམ་པ་རྣམས་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་ཐུགས་དད་ཆེན་པོ་འཁྲུངས་ཤིང༌། བདག་ཉིད་ཀྱང་དམ་པ་རྣམས་ཀྱི་རྣམ་ཐར་འཛིན་པའི་དམ་བཅའ་བརྟན་པོ་དང་སྤྲོ་ཤུགས་འཕེལ་བར་གྱུར་ཅིང་འདི་ནང་གི་འདོད་པ་ལ་ཞེན་པ་སྤངས་ནས་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་བཅས།  རེ་ཤིག་མདོ་སྔགས་ཀྱི་ཐོས་བསམ་ཕྱོགས་རེར་མ་སོང་བ་ཞིག་བྱས་དབུས་གཙང་གི་ལྗོངས་འདིར་ཕྱོགས་རིས་སུ་མ་སོང་བར་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ་གསུང་གི་བདུད་རྩིའི་བགོ་སྐལ་ལ་སྦྱིན་ནས་འདུ་འཛིས་དབེན་པའི་ནགས་ཀྱི་སྨན་ལྗོངས་རྣམས་སུ་ཚེ་དང་སྒྲུབ་པ་སྙོམས་པ་ཞིག་ཅིས་ཀྱང་བྱེད་སྙམ་དུ་ཐུགས་ལ་བཅོས་མིན་དུ་འཆར་བ་ཞིག་བྱུང་ངོ༌། །དེ་དུས་ཐུགས་སྐྱོ་ཤས་ཤིན་ཏུ་ཆེ་ཞིང༌།  རྗེ་མི་ལ་རས་པ་དང༌། འཇམ་མགོན་ཙོང་ཁ་པ་ཆེན་པོ་དང༌།རྒྱལ་བ་དབེན་ས་པ་ཆེན་པོ་སོགས་སྔོན་བྱོན་དམ་པའི་རྣམ་ཐར་སྐྱོང་བར་བཞེད་ནས་ཞལ་ནས་ཀྱང་དེ་དང་མཐུན་པའི་གསུང་རིགས་མཛད་པས་དབེན་དགོན་པའི་དགེ་འདུན་རྣམས་རིམ་གྱིས་བཅོས་མིན་གྱི་དད་པ་རྙེད་ཅིང༌། རྒྱལ་བ་དབེན་ས་པ་ཆེན་པོའི་སྤྲུལ་སྐུར་ཡིད་ཆེས་རྙེད་དེ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་དེ་ལུགས་བྱས་ཆོག་པ་དགོས་ཞེས་ཞུས་པ་ན། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་ད་ནི་དུས་ལ་བབ་བོ་སྙམ་དུ་དགོངས་ནས་དེ་ལྟར་མཛད་པར་ཞལ་གྱིས་བཞེས་ཏེ་དགུང་ལོ་བཅུ་བཞི་པ་ཉི་མ་ཞེས་པ་་ཆུ་མོ་ལུག་གི་ལོ་ཟླ་བ་གཉིས་པའི་ཚེས་གསུམ་གྱི་ཉིན་བསླབ་གསུམ་ལྡན་པའི་དགེ་སློང་རི་ཁྲོད་པ་འདུས་པའི་ཚོགས་ཀྱི་དབུས་སུ་མི་འཇིགས་སེང་གེའི་ཁྲི་ལ་བཀོད་དེ་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས་ཤིས་པ་རྒྱས་པར་བརྗོད་ཅིང་མེ་ཏོག་གཏོར་ནས་བྱིན་གྱིས་བརླབས། དེའི་ཚེ་ནམ་མཁའ་ཤིན་ཏུ་དྭངས་པ་ལ་མེ་ཏོག་ཁ་དོག་སྣ་ལྔ་པའི་ཆར་བབས་པ་སྐྱེ་བོ་ཀུན་གྱིས་མཐོང་བ་བྱུང་ངོ༌། །ཟླ་བ་དེའི་ཚེས་བརྒྱད་ལ་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ལ་དབྱངས་ཅན་མ་དཀར་མོའི་རྗེས་གནང་ཞུས་ཏེ་ཚེས་བཅུ་ནས་དབྱངས་ཅན་མའི་བསྙེན་པ་ཞག་བདུན་མཛད་པས་རྒྱལ་བ་ཀུན་གྱི་ཡུམ་གཅིག་སྒྲ་དབྱངས་ལྷ་མོར་གྲགས་པ་དབྱངས་ཅན་མ་དཀར་མོ་ཞལ་གཟིགས། ཁྱད་པར་དབྱངས་ཅན་མ་དེའི་ཐུགས་ཀ་ནས་ལྷ་མོ་དབྱངས་ཅན་མ་སྔོན་མོ་ཕྱག་གཉིས་རིན་པོ་ཆེའི་ཡོལ་གོ་དངོས་གྲུབ་གཟུགས་ཅན་ལྟ་བུའི་ཤིང་ཐོག་གསར་པས་བཀང་བ་འཛིན་པ་ཞིག་འཐོན་ཏེ་སྣོད་བཅུད་དང་བཅས་པ་གཙོ་མོ་ལ་ཕུལ་བ། གཙོ་མོའི་ཕྱག་གཡས་སུ་བཞེས་པའི་ཤིང་ཐོག་གི་འབྲུ་གཅིག་ལས་ཚངས་པའི་སྲས་མོ་དམར་མོ་གཅིག་ཐོན་བྱུང་བ་དེས་གཙོ་མོའི་ཕྱག་ནས་ཤིང་ཐོག་སྣོད་དང་བཅས་པ་བླངས་ཏེ་རྗེ་འདི་ལ་ཕུལ་བྱུང་བ་ལོངས་སྤྱད་པས་བློ་གྲོས་ནམ་མཁའ་མཛོད་ཀྱི་སྒོ་ཐོག་མར་བྱེ་བའི་ཚུལ་བསྟན། སྐུ་ཚེ་འདིར་དེ་གོང་དུ་སྙན་ངག་སོགས་ཐ་སྙད་ཀྱི་གཙུག་ལག་ལ་ཐུགས་སྦྱོང་མ་མཛད་ནའང༌། དེ་དུས་དབྱངས་ཅན་མ་ཇི་ལྟར་གཟིགས་པ་ལྟར། ཐུན་མཚམས་སུ་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཞིག་རྩོམ་འདོད་འཁྲུངས་པ་ན། དེ་མ་ཐག་ཚིག་སྦྱོར་རྣམས་ཝལ་གྱིས་ཤར་ནས་ཐོགས་མེད་དུ་རྩོམ་པ་འདི་ལྟར་མཛད་དེ། ན་མོ་སྭ་ར་སྭ་སྟེ་ཡཱ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་ལྷའི་གླུ་དབྱངས་ཞེས་བྱ་བ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དབང་སྔོན་ཞུ་བ་འཁྱིལ་འདྲའི་ཡིད་བཞིན་མཚོ། །དལ་གྱིས་རླབས་ཕྲེང་དབུ་བའི་འཛུམ་དཀར་ཅན། །ཆུ་སྐྱེས་བླ་བྲེས་བརྒྱན་པའི་ཆུ་གཏེར་ངོགས། །རྩ་ཤ་གཞོན་ནུའི་ཁ་དོག་ལྟར་བཀྲ་བའི། །ཡིད་འཕྲོག་བཻཌྰུརྱ་སྔོན་པོའི་ནེའུ་གསིང་སྟེང༌། །ཟླ་བ་ནོར་བུའི་དོ་ཤལ་བཀྲམས་པ་ནི། །འཆི་མེད་ལམ་དུ་སྐར་ཚོགས་གསལ་བ་བཞིན། །མརྒ་ཏ་ཡི་ཁུ་བ་བྱུགས་འདྲ་བ། །ཡིད་འོང་རྐང་འཐུང་མཛེས་པའི་ལག་མཉན་ནི། །དང་པའི་བསེར་བུའི་ཕོ་ཉས་བསྐུལ་བ་ན། །ཆགས་ལྡན་ཡིད་དབང་འགུགས་པའི་གཡབ་མོ་བཞིན། །གསར་པའི་ལང་ཚོ་རྒྱས་པའི་པདྨོ་རྣམས།།ལྡེམ་ལྡེམ་གར་བསྒྱུར་གེ་སར་ཟེའུ་འབྲུ་དགོད། །མེ་ཏོག་སྦྲང་རྩིས་ཕྱུག་པའི་ལྡིང་ཁང་དུ། །བུང་བ་གཞོན་ནུ་མགྲིན་པའི་རྒྱུད་མངས་བསྒྲེང༌། །ནེའུ་ཙོའི་གཤོག་པ་ལྟར་མཛེས་ནགས་ཚལ་གྱི། །ཕུན་ཚོགས་གཞལ་མེད་ཀུན་དགའ་བསྐྱེད་པའི་དབུས། །པད་དཀར་ལན་ཚར་གཡོ་བའི་ལྟེ་བར་ནི། །བདུད་རྩིའི་འོད་ཅན་གཟི་བྱིན་རྒྱས་པའི་སྟེང༌། །འབུམ་ཕྲག་ནམ་མཁའི་ནོར་བུའི་འོད་སྟོང་གིས། །རབ་མྱོས་ཀེ་ལ་ཤ་ཡི་རྡུལ་བརྩེགས་ལ། །འཁུ་ལྡན་དུང་གི་འཁྲིལ་ཤིང་མཛེས་མ་འདི། །ལྟ་བྱེད་བདུད་རྩི་མ་ལུས་སྤུངས་པ་བཞིན། །བསིལ་འོད་བདག་པོ་ཕྱེད་པས་ཐོར་ཚུགས་དང༌། །ཐོར་ཚུགས་ནམ་མཁར་བསྒྲེང་བས་མེ་ཏོག་ཕྲེང༌། །སྤེལ་ལེགས་མེ་ཏོག་ཕྲེང་བས་སིལ་མའི་སྐྲ། །ཀུན་ཀྱང་གདུགས་དཀར་ཡན་ལག་མཆོག་གིས་མཛེས། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号