ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
དཔལ་ནམ་མཁའ་དྲི་མ་མེད་པ་དང༌། །ཕ་མཉམ་མེད་འཇམ་དཔལ་སྙིང་པོའི་ཞབས། །སྲས་དཔག་མེད་སེམས་དཔའི་འཁོར་དབུས་སུ། །ཆོས་ཐེག་མཆོག་དགའ་སྟོན་འགྱེད་པ་དེར། །བདག་གདུང་བའི་སེམས་ཀྱིས་གསོལ་འདེབས་ན། །ཐུགས་བརྩེ་བའི་ལྕགས་ཀྱུས་དྲངས་སུ་གསོལ། །དུས་དེང་སང་བསྟན་པའི་གཟུགས་བརྙན་འདི། །ལར་ཡིད་ལ་བརྣགས་ཀྱང་ཕན་པ་མེད། །དོན་དེ་ཕྱིར་ཡིད་དགའ་ཆོས་འཛིན་དུ། །དུས་མྱུར་པ་ཉིད་དུ་བགྲོད་པར་སྨོན། །ཚེ་འདི་ནང་འགགས་པའི་དེ་མ་ཐག །རྗེ་རྒྱལ་ཚབ་ཆོས་ཀྱི་མདུན་ས་དེར། །ཡིད་དང་བའི་རླུང་གིས་རབ་འཕངས་ནས། ཆོས་ཐེག་པ་ཆེ་ལ་སྤྱོད་པར་ཤོག །ཚེ་འདི་ནང་རང་གཞན་དོན་འགྲུབ་པའི། །ལས་མཐུ་དང་ལྡན་པ་མ་མཆིས་ན། །ཕ་ཁྱེད་ལ་ཐུགས་རྗེ་ཚད་མེད་པས། །དུས་ད་ལྟ་གནས་དེར་དྲང་དུ་གསོལ། །མི་ཁོ་བོའི་འདི་ཕྱིའི་བདེ་ལེགས་ཀུན། །རྗེ་བླ་མ་ཁྱེད་རྣམས་མཁྱེན་ལགས་པས། །དུས་འདི་ནས་བྱང་ཆུབ་མ་ཐོབ་པར། །ལམ་ངན་པའི་གཡངས་ལས་བསྐྱབ་ཏུ་གསོལ། །ཅེས་པའོ། །དེ་ནས་རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོ་ཆོས་གྲྭ་ཆེན་པོ་གངས་ཅན་ཆོས་འཕེལ་གྱི་མཁན་པོར་འབྱོན་དགོས་ཚུལ་སྡེ་བ་ལྷུན་པོ་རྩེ་པ་དང་མཆོད་ཡོན་ཐམས་ཅད་ཀྱིས་ནན་གྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་ལྔ་མཆོད་ཆེན་མོའི་ཉིན་ཆོས་གྲྭ་ཆེན་པོ་གངས་ཅན་ཆོས་འཕེལ་གྱི་ཁྲི་ཐོག་ཏུ་ཕེབས། ཚོགས་པ་ལ་ལམ་རིམ་ཆེན་མོའི་གཟབས་བཤད་དང༌། དེའི་དུས་གངས་ཅན་དགེ་བཤེས་རགས་ཤིང་མང་བས། དཀའ་བཅུ་རབ་འབྱམས་བཞི་བཅུ་ཙམ་གྱིས་གསོལ་བ་བཏབ་ནས་ལམ་རིམ་གྱི་ཁྲིད་རྒྱས་པར་སྩལ། ཐམས་ཅད་ཀྱིས་ངག་འཛིན་དང་ཤར་སྒོམ་དུ་མཛད།དཔྱིད་དུས་ཚོགས་པར་སྣར་ཐང་བརྒྱ་རྩའི་རྗེས་གནང་དང༌། གནས་པ་པཎ་ཆེན་མཁར་བྲག་པ། ཤར་བྱང་སློབ་དཔོན་གཉིས་སོགས་དགེ་བཤེས་དྲག་རིམ་ཉི་ཤུ་སྐོར་ལ་དགོངས་ཇ་ཉིས་སྦྲེལ་གྱི་རིང༌། རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པའི་བཤད་ལུང་གནང༌། མཇུག་ཏུ་མདོ་སྔགས་གྱི་དཀའ་གནས་ཀྱི་འབེལ་མཆིད་དང་རིགས་ལུང་རྒྱུན་རིང་ཉིན་རེ་བཞིན་མཛད་དེ་བཤད་སྒྲུབ་ཤིན་ཏུ་འཕེལ།   དེ་ནས་ཁྲོ་ཕུའི་སྨོན་ལམ་ལ་ཕེབས་ཏེ་སྐྱ་སེར་ཕོན་ཆེ་བ་འཚོགས་པར་དགེ་འདུན་རྣམས་ལ་མང་ཇ་དང་འགྱེད་སོགས་རྒྱ་ཆེར་གནང་ཞིང༌། སྐྱེ་བོ་སྟོང་ཕྲག་དུ་མ་འཚོགས་པ་ལ་བྱམས་པ་ལུང་བསྟན་པའི་མདོ་དང༌། སྐྱེས་རབས་ཐུན་རེའི་སྤྱི་ཆོས་ཀྱི་སྲོལ་གསར་དུ་བཙུགས། མདོར་ན་སངས་རྒྱས་ཀྱི་བསྟན་པ་དང༌། སེམས་ཅན་གྱི་ཕན་བདེ་རྒྱས་པ་རྗེ་ཉིད་མཐོང་ཐོས་དྲན་རེག་ཏུ་གྱུར་པ་ཐམས་ཅད་རྗེ་བཙུན་གྱི་ཞབས་དྲུང་དུ་སྐྱེས་ནས། བྱམས་པའི་བསྟན་པ་ལ་བྱ་བ་བྱེད་པའི་སྨོན་པ་རྒྱ་ཆེར་མཛད། གངས་ཅན་གྱི་ཆོས་སྡེ་སྐྱོང་རིང་དབྱར་ཆོས་གངས་ཅན་དང༌། སྟོན་དུས་སོགས་རྒྱུན་པར་དབེན་དགོན་རང་དུ་བཞུགས་ནས་བཤད་སྒྲུབ་ཀྱི་རྒྱུན་བསྐྱངས། དེ་ནས་གངས་ཅན་ཡང་ཡུན་རིང་འཛིན་མི་ཐུབ། གང་བྱེད་རིང་ཕན་པ་ཞིག་བྱའོ་སྙམ་དུ་དགོངས་ནས་འདུ་ཁང་ལ་ཞིག་གསོ་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་སྤྱི་འཇོག་སོགས་ཆོས་ཟང་ཟིང་གཉིས་ཀའི་སྒོ་ནས་བཀའ་དྲིན་ཟླ་མེད་མཛད། དེ་ནས་སྲད་རྒྱུད་དུ་ཕེབས་ནས་སློབ་དཔོན་རིན་པོ་ཆེ་རྒྱུད་ཆེན་སངས་རྒྱས་རྒྱ་མཚོའི་དྲུང་དུ་འཇམ་རྡོར། གཤིན་རྗེ་གཤེད་དམར་ནག་གཉིས། འཇིགས་བྱེད་ལུགས་གསུམ་སོགས་བླ་མེད་དང༌། རྡོར་དབྱིངས། དཔལ་རྩེ་སོགས་རྣལ་འབྱོར་རྒྱུད། རྣམ་སྣང་མངོན་བྱང༌། ཕྱག་རྡོར་དབང་བསྐུར་བ་སོགས་སྤྱོད་རྒྱུད་དང༌། དམ་ཚིག་གསུམ་བཀོད། རྣམ་རྒྱལ་མ། རྣམ་འཇོམས། གདུགས་དཀར། འོད་ཟེར་ཅན། སྟོན་པ་ལ་ཁྲུས་ཀྱི་ལྷ་མོ་བརྒྱད་ཀྱིས་བསྐོར་བ་དང༌། ཡང་སྟོན་པ་ལ་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་དབང་སོགས། རྒྱུད་སྡེ་བཞིའི་རིགས་ཀྱི་དབང་སུམ་ཅུ་སྐོར་དང༌། འདུས་པ། བདེ་མཆོག རྣལ་འབྱོར་མའི་སྔགས་བཏུ། སྒྲུབ་ཐབས་བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ། ལེགས་ལྡན། སྟག་ཞོན། དུད་སོལ་མ།ཏྲཀ་ཤད་རིགས་མང་པོ། ཕག་མོ། སྲོག་སྒྲུབ་མ། དུས་མཚན་མ། ནམ་མཁའི་གོས་ཅན་མ་སོགས་ཀྱི༌རྗེས་གནང༌། རྣམ་སྲས་བཀའ་མི་འདྲ་བ་བཅུ་གསུམ། དེའི་བེའུ་བུམ་ཡོངས་རྫོགས་ཀྱི་ལུང་རྣམས་དང༌།གཞན་ཡང་ཟབ་རྒྱས་ཀྱི་གདམས་པ་ཞལ་ཤེས་ཤིན་ཏུ་མང་བ་གསན། སྲད་རྒྱུད་ན་བཞུགས་སྐབས་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་མྱུར་བར་ཕེབས་དགོས་པའི་མནལ་ལམ་གསལ་བ་བྱུང༌། དེ་ནས་ཚུར་ལམ་ཞ་ལུར་ཕེབས། རྗེ་འདི་སྐུ་ན་ཕྲ་མོ་ནས། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་ཐུགས་དད་ལྷག་པར་ཆེ་བ་ཞིག་ཡོད་པའི་སྟབས་རི་མཐིལ་གཉིས་ཀའི་གནས་གཟིགས་ཀྱང་ཞིབ་ཏུ་མཛད། རིང་པོ་མ་ལོན་པར་མྱང་ཕྱོགས་ལ་ཕེབས་དགོས་བྱུང༌། དགེ་ཚ་དང་བསྟུན་དཔལ་འཁོར་བདེ་ཆེན་དུ་གྲྭ་ཚང་སོ་སོར་འདོད་ཆོས་ཀྱི་ཆར་ཕབ་ཅིང༌། སྤྱི་ཐོག་ཏུ་བླ་མ་སློབ་དཔོན་མང་པོ་དགེ་བཤེས་རགས་བསྡུས་རྣམས་ལ་བདེ་མཆོག་ལྰུ་ཨི་པའི་དབང་ཡོངས་རྫོགས་མཛད།དེ་ནས་དབེན་དགོན་དུ་ཕེབས་ཏེ་དགའ་ལྡན་སྒྲུབ་རྒྱུད་ཀྱི་བསྟན་པ་ནམ་ཡང་མི་ཉམས་པར་བྱ་བའི་ཕྱིར་དང་རྗེ་གོང་མ་རྣམས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་དད་པ་ཅན་གྱི་རྫས་རྣམས་ཆུད་མི་ཟ་བར་གཏེར་དུ་སྦ་བའི་ཕྱིར་སྐུ་གསུང་ཐུགས་རྟེན་གསར་བཞེངས། མཚོད་རྫས་གསར་བཞེངས། དགེ་འདུན་གྱི་མཁོ་བའི་ཡོ་བྱད་གསར་བཞེངས་སོགས་གངས་རིའི་ཁྲོད་ཀྱི་སྒྲུབ་སྡེ་ཞིག་ལ་འགྲན་ཟླ་དང་བྲལ་བ་བསྐྲུན་པར་མཛད། དེ་ནས་བཀྲ་ཤིས་ལྷུན་པོའི་བླ་མ་དགེ་འདུན་ཚང་མས་དད་འདུན་རྩེ་གཅིག་པས་བཀྲ་ཤིས་ལྷུན་པོར་རྗེ་དགེ་འདུན་གྲུབ་ཀྱི་གདན་སར་ཕེབས་དགོས་ཞེས་ནན་ཆེར་གསོལ་བ་བཏབ་པ་ལ་བརྟེན་ནས་དགུང་ལོ་སོ་གཅིག་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་ཏུ་ཕེབས་འདུས་པ་རྒྱ་མཚོའི་དབུས་སུ་མི་འཇིགས་སེང་གེའི་ཁྲི་ལ་ཞབས་སེན་བཀོད་ནས་ཚོགས་ཆེན་ལ་སྣར་ཐང་བརྒྱ་རྩའི་རྗེས་གནང༌། སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། བཀའ་གདམས་ཆོས་འབྱུང་ཆེན་མོའི་ལུང༌། རྩ་བ་ཤེས་རབ། དབུ་མ་འཇུག་པ། མངོན་རྟོགས་རྒྱན་རྣམས་ཀྱི་ལུང་གནང༌། དེ་ནས་རིམ་གྱིས་ཆོས་འཁོར་རྒྱ་ཆེར་བསྐོར་ཞིང༌། དཔྱིད་གངས་ཅན་དུ་ཕེབས་ནས་རབ་བྱུང་བསྙེན་རྫོགས་མང་དུ་གནང་ཞིང་གཞན་ཡང་ཆོས་འཁོར་རྒྱ་ཆེར་བསྐོར། ཁྲོ་ཕུའི་སྨོན་ལམ་ལ་ཕེབས་ནས་སེར་སྐྱ་བགྲང་བ་ལས་འདས་པ་ལ་ཐར་པའི་ས་བོན་བཞག་སྟེ་རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། གངས་ཅན་པ་རྣམས་དབུ་མཁྲེགས། སྟབ་སྟོབ་ཏུ་འདུན་པ་ཤིན་ཏུ་དཀའ་བ་ཞིག་ཡིན་ནའང༌། རྗེ་འདི་ལ་ནི་རྩ་བའི་དགོན་པ་འདེབས་པ་པོ་པཎ་ཆེན་བཟང་པོ་བཀྲ་ཤིས་ལས་ཀྱང་དད་མོས་ཆེ་བར་མཛད་དོ། །དེ་ནས་གངས་ཅན་གྱི་གདན་ས་འཇོག་པར་མཛད་ནས་བཀྲ་ཤིས་ལྷུན་པོར་དབྱར་གནས་ཐོག་ཚོགས་པར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ཐོར་བུའི་ལུང་དང༌། འཇུག་པའི་ཊྰིཀ་ཆེན་དགོངས་པ་རབ་གསལ་གྱི་ལུང་སྩལ། དེའི་སྟོན་གསེར་ཁང་གོང་པ་དཔོན་སློབ་ཀྱིས་གདན་དྲངས། དགོན་རྒྱ་འོག་དང་བཅས་པ་ལ་འགྲོ་དོན་འཕྲིན་ལས་ཇི་ལྟར་མཛད་ཚུལ་དེ་ཁའི་དུས་མཁན་ཆེན་ནོར་བཟང་རྒྱ་མཚོས་བསྐུལ་ནས་དེ་འཕྲལ་ཚིགས་བཅད་དུ་མཛད་པའང་ཡོད་དོ། །དེ་ལྟར་གསེར་ཁང་གྲྭ་ཚང་པ་རྣམས་ཀྱིས་སྤྱན་དྲངས་རྗེས། སྣ་ཚོགས་དབྱིག་གི་ལོའི་བར་གྱི་སྟོན་རིམ་བཞིན་དཔལ་འཁོར་བདེ་ཆེན་གྱི་གྲྭ་ཚང་གཞི་གནས་པ། ལེགས་གྲུབ་པ། ལྷ་ཁང་པ། ནོར་བུ་དགེ་ལྡན་པ་རྣམས་ཀྱིས་རིམ་གྱིས་རང་རང་གི་དགོན་རྒྱ་འོག་དང་བཅས་པར་གདན་དྲངས་ཏེ་རྙེད་པ་དང་བཀུར་སྟི་བཟང་པོ་བགྲན་པ་བཞིན་དུ་བསྒྲུབས། སྐྱ་སེར་གྱི་སྐྱེ་བོ་སྟོང་ཕྲག་མང་པོ་ལ་གང་འཚམ་གྱི་ཆོས་ཀྱི་ཆར་ཕབ་སྟེ་ངན་འགྲོའི་སྒོ་གཏན་བཅད་ཅིང་མཐོ་རིས་དང་ཐར་པའི་ལམ་ལམ་པོ་ཆེ་བཞིན་དུ་མཛད་དོ། །དེ་ནས་བཀྲ་ཤིས་ལྷུན་པོར་དགུན་ཆོས་ལ་འཇམ་དབྱངས་ཆོས་སྐོར་ཡོངས་སུ་རྫོགས་པ་གནང༌། དཔྱིད་དབེན་དགོན་དུ་རི་ཁྲོད་པ་རྣམས་ལ་འདོད་ཆོས་ཅི་རིགས་སྩལ་ནས། སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩའི་ལྷ་གཙོ་བོ་རྣམས་ཀྱི་བསྙེན་སྒྲུབ་ཞིག་མཛད། དེ་ནས་ཤངས་ཁུལ་གྱི་དད་ལྡན་རྣམས་ཀྱིས་གདན་དྲངས་ཏེ་ཤངས་ཕུ་མདའི་སེར་སྐྱ་མཐའ་དག་ལ་ཞལ་མཇལ་དང་གསུང་གི་བདུད་རྩི་སྩལ་ཏེ་ཐར་བའི་ས་བོན་ཐེབས་པར་མཛད། དེ་ནས་བཀྲ་ཤིས་ལྷུན་པོའི་དགུན་ཆོས་དང་བསྟུན་ནས་དགོངས་ཇའི་ཐོག་སྐྱེས་རབས་ཐུན་རེའི་གཟབས་བཤད་སྩལ། དེ་ཡང་སྙིགས་མ་ལྔ་ལྷག་པར་བདོ་བའི་དུས་འདི་འདྲ་བར་ནི་ཡུལ་རྟེན་ཕུན་སུམ་ཚོགས་པ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号