ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈    བཤེས་གཉེན་ཚུལ་བཞིན་བསྟེན་མཛད་གཞོན་ནུ་འོད། །ཅེས་བསྔགས་པ། དགེ་བའི་བཤེས་གཉེན་ཕྱ་ཡུལ་པ་ཆེན་པོ་ནི། སྟོད་ལུང་གོལ་གོ་ལུང་དུ་ཡབ་གཡུང་དྲུང་འབར་དང༌། ཡུམ་སྟོད་ལུང་པའི་ལྕམ་མོ་གྱི་ལྗང་བཟའ་ལྕམ་བུ་གཉིས་ཀྱི་སྲས་སུ་ཤིང་མོ་ཡོས་ལ་འཁྲུངས། མཚན་འབུམ་རྟག་ཅེས་བཏགས། སྔོན་ཡུན་རིང་པོ་ནས་ལམ་ལ་སྦྱངས་པའི་བག་ཆགས་སད་པས་བྱིས་པའི་སྤྱོད་ཚུལ་རྒྱང་བསྲིངས་ཏེ་དམ་པའི་ཆོས་འཚོལ་བ་ལྷུར་མཛད་པ་ཞིག་ཡོད་པ་ལས། དགུང་ལོ་བདུན་པ་ལ་སྟོད་ལུང་པ་ཆེན་པོ་དང་མཇལ། དགེ་བའི་བཤེས་གཉེན་བསྟེན་ཚུལ་ཁྱད་པར་དུ་འཕགས་པ་ཞིག་ཡོད་པས་སྟོད་ལུང་པ་ཆེན་པོ་ཤིན་ཏུ་མཉེས་ནས་ཆོས་ཅི་རིགས་གནང༌། དེ་ནས་དགུང་ལོ་བཅུ་གཉིས་པ་ལ་ཚ་ཐོག་དགོན་པར་རྣལ་འབྱོར་པའི་སློབ་མ་སྒོམ་པ་བྱང་གྲགས་ཀྱིས་མཁན་པོ་དང༌། སྤྱན་སྔའི་སློབ་མ་ཡེ་ཤེས་རྒྱལ་མཚན་གྱིས་སློབ་དཔོན་མཛད་ནས་རབ་ཏུ་བྱུང༌། མཚན་གཞོན་ནུ་འོད་དུ་བཏགས། བཅུ་གསུམ་པ་ལ་གོལ་གོ་ལུང་གི་གཉེར་ལོ་གཅིག་མཛད། བཅུ་བཞི་པ་ལ་ཡུམ་འདའ་ལ་ཁད་པའི་སར་བྱོན་ནས་སྐྱབས་འགྲོ་དང་སེམས་བསྐྱེད་འབོགས་པར་མཛད། ཡུམ་གྲོངས་པ་གཟིགས་པས་རྐྱེན་བྱས་སྲིད་པ་མཐའ་དག་ལ་ཞེན་པ་ལོག་སྟེ་ཐུགས་ལ་སྐྱོ་ཤས་ཆེན་པོ་སྐྱེས་ནས་སྟོད་ལུང་པ་མར་གྲོ་ཟར་ན་བཞུགས་པའི་སར་དགུང་ལོ་བཅུ་དྲུག་ལ་བྱོན། བསླབ་བཏུས་སྤྱོད་འཇུག་ལ་སོགས་པའི་ལམ་གྱི་རིམ་པའི་མན་ངག་གི་གཞུང་རྣམས་ལེགས་པར་གསན་ནས་ཐུགས་ལ་ངེས་པར་མཛད། དགེ་བའི་བཤེས་གཉེན་སྟོད་ལུང་པ་ཆེན་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་ཞབས་ཏོག་ལོ་ལྔ་ཙམ་ཞིག་མཛད། ལན་ཅིག་སྤྱན་སྔ་ཕྱོར་པ་ན་བཞུགས་པའི་སར། སྟོད་ལུང་པ་དཔོན་སློབ་གཉིས་ཀྱིས་མཇལ་དུ་བྱོན་པས། སྤྱན་སྔའི་མངོན་པར་ཤེས་པས་གཟིགས་ནས། ཇོ་བོ་སྟོན་པ་རེ་སྐྱིད་ན་འཁོར་འདི་ལྟ་བུ་ཡོད་པ་ཞེས་ཡང་ཡང་གསུང་བས། དགེ་བའི་བཤེས་གཉེན་བཞེད་ན་འབུལ་ཞུས་པས། ཇོ་བོ་སྟོན་པས་ཅང་འབུལ་ཕོད་དམ་གསུང་བས། མཉེས་པར་བྱུང་སྙམ་ནས། དར་ཡུག་གཅིག་བཏགས་ནས་ཕུལ་བས་ལོ་གཅིག་སོང་བ་ན་ཇོ་བོ་སྟོན་པ་རང་ལ་དགོས་གསུངས་ནས། ན་བཟའ་ཕྲུག་ཅིག་བསྐོན་ནས་སྟོད་ལུང་པའི་སར་བཏང༌།དེ་ཙ་ན་སྟོད་ལུང་པའི་ཞལ་ནས། ངའི་དགེ་བའི་བཤེས་གཉེན་མ་མཉེས་པར་བྱས་ཨང་གསུང༌། མ་མཉེས་པར་མ་བགྱིས། སྟོན་པ་རང་ལ་དགོས་རྒྱུག་གསུང་བས་འོངས་པ་ལགས་ཞུས་པས། འདི་ཅི་ཟེར་བ་ཡིན། ངས་ཁྱོད་ཕུལ་ཟིན་པ་ཡིན་པས་དོ་ནུབ་ལས་མ་སྡོད་པར་རྒྱུག་ཅིག་གསུང༌། སྔར་བཀྱོན་པས་སུ་འཚེར་བ་ལ་ད་རེས་ལས་དགའ་བ་ཅིག་མ་བྱུང་གསུང༌། དེ་ནས་སྤྱན་སྔའི་སྐུ་མདུན་དུ་བྱོན་པས་སྤྱན་སྔའི་ཞལ་ནས། འུ་ཅག་ཕ་བུ་གཉིས་ད་གདོད་སྐྱིད་གཅིག་བྱའོ་གསུང༌། ལོ་དགུའི་བར་དུ་ཞབས་ཏོག་ཚུལ་བཞིན་དུ་མཛད་པས། སྤྱན་སྔ་མཉེས་པའི་གསུང་མང་པོའང་བྱོན། མཚན་མོ་མཎྜལ་བྱས་ནས་གསོལ་བ་བཏབ་པས། སྤྱན་སྔའི་ཕྱག་ན་རིང་བསྲེལ་མང་དུ་ཡོད་པ་འཕེལ། སྤྱན་སྔའི་ཞལ་ནས། ཁྱོད་ཁོ་ན་ཚེ་རབས་སུ་སྐྱིད་ཅིག་གསུང༌། པོ་ཏོ་བའི་ཞལ་ནས། ཁྱེད་རྣམ་པ་ལས་དགའ་བ་ཅིག་སྨད་མ་གི་ན་ལི་མེའི་བུ་ལ་ཉི་གནས་ཤིག་ཡོད་ཀྱི།   ཁྱོད་དེར་སོང་ལ་ལྟོས་དང་མ་ཐའང་ཁོང་འཛུམ་པ་ཅིག་བྱས་ནས་གཏོང་གི་གསུང༌། སྤྱན་སྔའི་གསུང་ནས། ཁྱོད་ཀྱི་ཤེས་རབ་འདིས་ལྷ་ས་སྙེ་ཐང་ཕྱགས་ཤིང་ཐོགས་པ་ཅིག་བྱས་ན་འོང་གསུང༌། ཡང་ཁྱོད་ནི་ཐར་ཟིན་གྱི་ང་མ་འཇོག་ཅིག་གསུང༌།སྤྱན་སྔ་ཤིན་ཏུ་མཉེས་པས། ཁོང་བཙུན་ཆུང་བྱུང་ཙ་ན། ངེད་རྒན་པོ་ཀུན་ཁྱི་དང་འདྲ་ཟེར་ནས་ཕྲག་དོག་བྱེད་པ་ཡང་བྱུང༌། ལན་ཅིག་སྟོད་ལུང་པས་སྤྱན་སྔ་མཇལ་དུ་བྱོན་ཙ་ན། བཙུན་ཆུང་འདི་ཅི་འདྲ་ཞུས་པས། ཁོ་སྒོར་སོང་ནས་བཤད་གསུངས་ནས་བྱ་ཡུལ་བ་སྒོར་བཞུད་པ་དང་བཙུན་ཆུང་འདིའི་དབང་དུ་བྱས་ན། དད་པ་ང་བས་ཆེ།   ཤེས་རབ་ང་བས་ཆེ། བརྩོན་འགྲུས་ང་བས་ཆེ། སྙིང་རྗེ་ང་བས་ཆེ། ནམ་མཁའ་ལ་མདུང་བསྐོར་གསུང༌།   ཆོས་གསུང་ཚད་ཐམས་ཅད་ཀྱི་རྩར་འཇོགལན་ཅིག་ཉན་ཕུའི་དགོན་པར་མང་ར་དང་བྱ་ཡུལ་བ་གཉིས་ལ་དང་སྟབས་ཤིག་ཏུ་མཛད།སྤྱན་སྔས་རབ་གནས་ཀྱི་ཆོ་ག་རྣལ་མར་བསླབས་པ་དགེ་བཤེས་ཀོར་ཆེན་པོ་དང༌། མང་ར་སྒོམ་པ་གཉིས་ཡིན།སྨྱུག་རུམ་ན་བཞུགས་དུས། ཁྱོད་ལ་དགོས་གསུང་ནས་རབ་ཏུ་གནས་པའི་ཆོ་ག་རྒྱས་པ་རྣལ་མ་ཅིག་བྱ་ཡུལ་བ་ལ་གདོད་བསླབས་པ་ཡིན་གསུང༌། ཡང་སྤྱན་སྔའི་ཞལ་ནས། བྱ་ཡུལ་བ་ལ་ཁྱོད་སྒྲུབ་པ་པོ་ཞིག་འོང་སྙམ་ཙ་ན། ཚོགས་སྡུད་པ་ཅིག་འོང་བར་འདུག་གསུང༌། ནུབ་ཅིག་གི་རྨི་ལམ་ན་འབུམ་པ་ཅིག་ལ་མེ་ལོང་མང་པོ་བཀབ་པ་ཅིག་རྨིས་ཞུས་པས། ཁྱོད་ཁ་ན་རེ་སྡུག རྟག་ཏུ་མི་ངོ་ཞི་ཆེ་ལྟ་དགོས་བྱ་བའི་རྟགས་ཡིན་གསུང་བ་ལ། དེ༌ཐུགས་མད་པར་གདའ། དགེ་བའི་བཤེས་གཉེན་གྱི་ཞབས་ཏོག་བྱེད་ཙ་ན། གྲྭ་པ་དེ་ཙམ་ཞིག་གི་ངོ་ལྟ་དགོས་པ་བྱུང༌།   ད་ལྟ་འདི་ཙམ་ཞིག་གི་ངོ་ལྟ་དགོས་བྱུང་གསུང༌།   མི་གཞན་གྱི་བསམ་པ་ལ། སྤྱན་སྔའི་ཞབས་ཏོག་ཁོ་ན་ལ་འཁོལ་བས་ཆོས་ཤེས་པ་ཅང་འོང་ངམ་སྙམ་ནས་དེ་སྐད་ཟེར་བ་ལ། ངའི་རྣ་བའི་ལམ་དུ་བྱུང་བས་ཆོག་པ་ཡིན་གསུང༌།   ནངས་ཅིག་ཐལ་བ་འབོད་དུ་བྱོན་པས། སྐས་གདང་གསུམ་པའི་ཁར་ཕེབས་པའི་ཚེ།   བཀའ་སྡེ་སྣོད་ཀྱི་དོན་མ་ལུས་པར་ཐུགས་ལ་ལམ་གྱིས་ཤར། ཏིང་ངེ་འཛིན་གྱི་ངང་དུ་ཁྱུར་གྱིས་འགྲོ་བ་ཞིག་བྱུང་བས་བླ་མའི་ཞབས་ཏོག་ལ་ཡིད་ཆེས་ཏེ། སྐྱིད་སྨད་པའི་དགེ་བཤེས་འདི་རྣམས་བླ་མའི་ཞབས་ཏོག་ལ་མི་འབད་པར་ཐོས་པ་ཁོ་ན་ལ་འབད་པ་འདི་ནོར་བ་ཡིན་གསུང༌།   ལན་ཅིག་སྤྱན་སྔའི་ཞལ་ནས།   ཁྱོད་ཀྱིས་ཆ་བ་དེར་ཅི་བཏབ་བམ། མདང་ད་ནངས་ཤེད་ཨེན་རེ་སྐྱེས་གསུང༌།   ཟླ་བ་གཅིག་ལ་ན་བཟའ་དྲོད་མ་རང་ཡང་བཅུ་གསུམ་ཕུལ་གསུང༌། ངས་རིན་པོ་ཆེ་དེ་རྫས་ཡོ་བྱད་དད་པ་ཤེས་རབ་ཀྱིས་མཉེས་པ་མ་ལགས་ཏེ།    ལུས་ལ་ཞོ་ཤ་ཡོད་པས་ཤ་ཁྲག་ལྦུ་བར་སོང་སོང་དུ་འབུངས་པ་ཡིན། ད་ལྟ་མཁས་བཙུན་སྟོན་སྒོམ་ཐམས་ཅད་འདུན་པ་འདི་ཡང་དགེ་བཤེས་དེ་མཉེས་པར་བྱས་པ་ལས་བྱུང་བ་ཡིན་གསུང༌།    ལན་ཅིག་ཡུལ་དུ་བྱོན་ནས་ཐུགས་རྩོལ་མཛད་པས་གསེར་སྲང་བཅུ་གཉིས་རྙེད། སྟོད་ལུང་པས་བརྒྱད་གནང་བྱུང་བས་གསེར་སྲང་ཉི་ཤུའི་འབུལ་བ་མཛད། སྤྱན་སྔ་འདའ་ཁར་མ་འོངས་པ་ན་ཐུགས་ལ་གདགས་པར་ཞུ་ཞུས་པས། སྤྱན་སྔའི་ཞལ་ནས།    ཇི་སྲིད་ཆོས་ཀྱི་སྐུ་ཞིག་ཏུ་མ་གྱུར་གྱི་བར་དུ་འུ་ཅག་གཉིས་ཕ་སྤད་བྱེད་པ་ཡིན་མོད་གསུང་སྟེ་ང་དེ་ལ་རེ་བ་ཡིན་གསུང༌། སྤྱན་སྔ་གཤེགས་རྟིང་ཕུ་ཆུང་བ་དང༌།    པོ་ཏོ་བའི་སར་གསེར་སྲང་རེའི་འབུལ་བ་བསྐྱལ། པོ་ཏོ་བའི་ཞལ་ནས། ངའི་འདིར་སྡོད་ཁང་པ་ཡང་རྩིག   བརྒྱགས་ཀྱང་ངས་སྦྱར་ཏེ་སྒོམ་དུ་གཞུག་གི་གསུང་བ་ལ། སྟོད་ལུང་པས་བཀྱོན་གྱི་དོགས་ནས་མ་བཞུགས་གསུང༌།   ཕུ་ཆུང་དུ་བྱོན་དུས་ཇོ་བོ་མི་གཡོ་པའི་ཞལ་གཟིགས།    སྤྱན་སྔའི་ཐུགས་དམ་ཡིན་པས་མྱ་ངན་སེལ་བ་ལ་བྱོན་པའི་ཞད་དུ་གདའ། ལན་ཅིག་མགོན་པོ་གྲི་གུག་ཐོད་པ་ཅན་གྱི་ཞལ་གཟིགས། ཐུགས་རྗེ་ཆེན་པོའི་རིགས་དཔག་ཏུ་མེད་པའི་ཞལ་གཟིགས། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་གཟིགས་གསུང༌། ལན་ཅིག་བྲུལ་གྱིས་ར་བ་སྐོར་བར་བཞུགས་དུས་སྐྱོ་སངས་ལ་བྱོན་པས།   སློབ་དཔོན་ནྰག་པོ་རྟི་དང་ཞལ་མཇལ་ཞིང་ཆོས་གསུངས།    དེ་ནས་ནང་དུ་བྱོན་ནས་མཆོད་པ་ཕུལ་གསོལ་བ་བཏབ་པས། མཁའ་འགྲོ་མ་མང་པོ་གར་བྱེད་ཅིང་བྱུང་བ་ཞལ་གཟིགས་གསུང༌། སྤྱན་སྔ་འདའ་ཁར་ཁྱོད་འཚེངས་བྱ་བ་ལན་གསུམ་གསུངས། ཁྱོད་མི་ཆོས་ཀྱི་ཡུལ་དུ་མ་འགྲོ་དགེ་སློང་མ་བྱེད་གསུང་བ་ལ། ཕྱིས་མང་ར་སྒོམ་པའི་ཞལ་ནས། བྱ་ཡུལ་བ་ལ་ཁྱོད་དགེ་སློང་བྱ་དགོས་གསུང་བས།སྤྱན་སྔ་ལ་གསོལ་བ་བཏབ་སྟེ་རྨི་ལམ་བརྟག་པར་མཛད་པས། གདུང་རྟེན་གཅིག་ལ་ལུགས་ལན་གཉིས་མི་དགོས་བྱ་བ་ཅིག་བྱུང༌། དེར་མི་གནང་བ་ཡིན་སྙམ་ཡོད་ཙ་ན་དགེ་བཤེས་མང་རས་དབང་མ་བྱུང་བས། ཡང་དགེ་སློང་བྱེད་པར་གསོལ་བ་བཏབ་པས། སྣམ་སྦྱར་རྒྱ་གར་མ་ཅིག་གནང་བ་རྨིས་ནས།དགེ་སློང་བྱེད་པར་གནང་བ་བྱུང་སྙམ་ནས་མཁན་པོ་འཆད་འུ་པས་མཛད། མང་རས་ལས་སློབ། རྒྱ་ཤེས་རབ་འབར་གྱིས་གསང་སྟེ་བ་མཛད་ནས་བསྙེན་པར་རྫོགས། དེ་ནས་གླང་རི་ཐང་པ་ལ་མདོ་རྩ་ཚར་གཅིག་གསན། རྒྱ་ཤེས་རབ་འབར་ལ་ཚར་གཉིས། སྟོད་ལུང་གི་སློབ་དཔོན་ཤེས་རབ་བླ་མ་ལ་ཚར་གཅིག་སྟེ་ཚར་བཞི་ཉན་གསུང༌། གཞན་གྱིས་ཆོས་གསན་དུས་ན་ཟིན་བྲིས་མཛད་དམ་མ་མཛད་ཞུས་པས། ཟིན་བྲིས་འདྲ་བས་གར་ཡང་མི་ཕྱིན། ཆོས་ཐམས་ཅད་དུས་གཅིག་ལ་ལམ་གྱིས་ཤེས་དགོས་པ་ཡིན་གསུང༌། སྤྱན་སྔའི་ཞབས་ཏོག་ལོ་དགུ་མཛད་དེ། རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་དང༌། འབྲོམ་རིན་པོ་ཆེས་ཇོ་བོ་བསྟེན་པ་དང་མཚུངས་པར་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་རྒྱལ་བ་སྲས་བཅས་ཀུན་གྱིས་བསྔགས་འོས་སུ་གྱུར་པ་ཞིག་མཛད། དགུང་ལོ་ཉི་ཤུ་རྩ་དགུའི་ཐོག་ཏུ་སྤྱན་སྔ་བ་སྐུ་གཤེགས། དེ་ནས་ལོ་བཞི་སྐུ་མཚམས་ལ་བཞུགས། ཚོགས་བསྡུས་པའི་སྔ་ཤོས་གཉེར་དུ་བྱན་དར་མ་རཏྣས་སྤྱན་དྲངས་ཏེ་ཆོས་གསུངས། དེ་ནས་དགོན་པ་འདེབས་པར་དགོངས་པ་ལ།བྱ་ཡུལ་གྱི་ཤུལ་དེ་ན་སྔགས་བཙུན་བཟའ་མི་གཉིས་ཡོད་པས། དེ་གཉིས་ཀྱིས་གནས་དེ་ཞ་པ་ལ་ཕུལ།ཞ་པས་གླང་རི་ཐང་པ་ལ་ཕུལ། ཁོང་གིས་བརྟག་པ་མཛད་པས་ས་དེ་གཉན་པར་འདུག་གསུང་ནས་མ་བཞེས། སླར་ཞ་པས་བྱ་ཡུལ་པ་ལ་ཕུལ་བས་ཐུགས་དགྱེས་ཏེ། ས་བདག་ཕལ་ཆེ་བ་གནས་གཞན་དུ་སྤོ་བའི་ཆོ་ག་མཛད། ཀླུ་གཉན་ཆེ་བ་གཅིག་གི་སྟེང་དུ་གཟིམ་མལ་བཅས་ནས་བཏུལ། དེ་ནས་ས་དེ་ཕ་བོང་ཐག་ཐུག་ཏུ་ཡོད་པ་ལ་ལ་བཅག ལ་ལ་སྦེད་པ་ལ་སོགས་པའི་རྩོལ་བ་ཆེན་པོ་མཛད་དེ། དབུ་རྩེ་ཀ་བ་བཅུ་གཉིས། ཁྱམས་ཀ་བ་བཞི་བཅུ་རྩ་གཉིས་ཡོད་པ་རྣམས་ཤིང་ཕོ་རྟའི་ལོ་ལ་རྨད་བཏིངས་ནས། ལོ་བཅུ་གསུམ་པ་མེ་རྟའི་ནང་ཚུན་དུ་དགོན་པ་གཏོར་ཚུགས་ཡན་རྫོགས་པར་གྲུབ། ཤ་ར་བ་དང་ཡང་ཐུགས་གཅུགས་པས་ཁོང་གི་གྲྭ་པ་རྣམས་ཀྱང་གཙུག་ལག་ཁང་བརྩིག་པའི་ལས་མི་ལ་བཏང༌། ཉེ་གནས་ཤེར་སེང་བྱ་བས་ཤིང་རྣམས་ཉང་པོ་ནགས་ཤོད་ནས་དྲངས། དབུ་རྩེ་ཚར་ནས་ཤེར་སེང་ན་རེ།ཆེན་པོ་ཞིག་ནི་ཚར། ད་ཁེངས་པར་མཛོད་ཅིག་ཟེར་བ་ལ་དགེ་བཤེས་ཀྱི་ཞལ་ནས་ཤོང་བར་གྱིས་ཤིག་གསུངས། ཁྱམས་སྟོད་ཚར་ཁྱམས་སྨད་མ་ཚར་བ་ལ་གནས་བརྟན་སེ་ཆུང་བྱ་བས་ཤེར་སེང་ལ་དུག་བཏང་བས། འཆི་ཁར་དགེ་བཤེས་ཀྱིས་ཁྱོད་འཇིགས་མི་དགོས། ང་དང་ལྷན་དུ་འོང་གི་གསུངས་ནས་བུམ་ཆོག་མཛད་པས་ངན་སོང་ནས་ཐོན་གསུང༌།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号