ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བྱང་ཆུབ་ཐུགས་ཀྱི་བཀའ་བབ་འཆད་ཁ་བ།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈   བྱང་ཆུབ་ཐུགས་ཀྱི་བཀའ་བབ་འཆད་ཁ་བ། །ཞེས་བསྔགས་པ་སེམས་དཔའ་ཆེན་པོ་འཆད་ཁ་བ་ནི། ལྕགས་མོ་སྦྲུལ་ལ་ལོ་རོར་ཡབ་འཕགས་པ་སྐྱབས་དང༌། ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཞབས་ལ་འཁོར་ལོའི་མཚན་དང་ལྡན་པ་སོགས་སྐྱེ་བོ་དམ་པའི་རྟགས་དང་ལྡན་པ་ཞིག་བྱུང༌། གཞོན་ནུ་ནས་ཆོས་ཀྱི་བག་ཆགས་སད་དེ་ལོ་རོར་བླ་མ་རས་ཆུང་པ་དང་མཇལ་པས་ཁོང་གི་སར་ཟླ་བ་གཉིས་ཙམ་བཞུགས། གདམས་པ་མང་དུ་གསན་ནས་ཚུར་འབྱོན་ཁར་བླ་མའི་ཞལ་ནས་འདིར་བཞུགས་ཁྱོད་ལ་ཆོས་ཀྱིས་ཕན་པ་ཅིག་འོང་བར་སྣང་གསུང་བས་དེར་འབྱོན་པའི་རྩིས་སུ་བྱས་ནས་ཚུར་ཕེབས། ཡུལ་ནས་རྟ་སྔོན་པོ་ཞིག་ལ་ཁལ་བཀལ་ནས་བྱོན་ཙ་ན་ལོ་རོ་ཞིང་གསར་ན་གཉལ་པ་ཆེན་པོ་ཆོས་བར་མཛད་ཅིང་བཞུགས་པས་དད་དེ་རྒྱལ་བའི་བསྟན་པ་ལ་རབ་ཏུ་འབྱུང་བར་མཛད་བཞེད་ནས་གནས་དེར་དགུང་ལོ་ཉི་ཤུ་རྩ་གཅིག་གི་ཐོག་བཤེས་གཉེན་རྩི་བོར་བ་ལ་མཁན་པོ་ཞུས།   ཆག་རིན་ཆེན་འཆང་ལ་སློབ་དཔོན་ཞུས་ནས་རབ་ཏུ་བྱུང་མཚན་ཡེ་ཤེས་རྡོ་རྗེར་བཏགས། དེར་རྡོ་རྗེ་བཙན་པོ་རའི་ཆོས་འཁོར་གྱི་རིམ་གྲོ་ལ་བླ་མ་རས་ཆུང་པ་སྤྱན་དྲངས་པའི་ཕྱགས་ཕྱིར་ཐེགས། བླ་མས་སྦྱིན་སྲེག་ལན་ཉི་ཤུ་ལྷག་ཙམ་མཛད་ནས་ད་རེས་ཀྱི་འདི་ལ་རྟ་གཅིག་གི་ཚིགས་པ་བུར་བ་ཞིག་ཀྱང་མི་འོང་བ་ང་རང་གིས་ཁས་ལེན་གསུངས་ནས་ཆོས་འཁོར་ལ་ནི་མ་བཞུགས་པར་བཞུད།  ཆོས་འཁོར་དེ་ལ་གླང་གཉོས་ལ་སོགས་པའི་གཉལ་ལོ་རོ་བྱར་གསུམ་གྱི་དགེ་བཤེས་དཔག་ཏུ་མེད་པ་འཚོགས། ལོ་ཙཱ་བ་ཡང་གསུམ་བཞི་བྱོན། ཆོས་འཁོར་དེ༌ལ་རྔོག་ལོ་ལ་སོགས་པའི་སྡེ་སྣོད་འཛིན་པ་མང་པོ་དབུ་མ་དང་སེམས་ཙམ་སོགས་ཀྱི་གླེང་སླང་མང་པོ་མཛད་ཀྱིན་སྣང་བས་དེ་ཆོས་ཇི་སྐད་བྱ་བ་ཡིན་དྲིས་པས་གྲུམ་མཐའ་བྱ་བ་ཡིན་ཟེར། དེས་ཐུགས་ཕྲོགས་ནས་གཉལ་དུ་ཡང་གྲུབ་མཐའ་རྩད་དཔྱད་གནས་དེར་འདུལ་བ་འཛིན་པ་ཚ་རོང་པ་དང༌། ཞང་ཤེས་རབ་སྤྲིང་དྭགས་པོ་གཙང་འདུལ་བ་རྣམས་ལ་མཁན་སློབ་ཞུས་ནས་དགུང་ལོ་ཉི་ཤུ་རྩ་གསུམ་ལ་བསྙེན་རྫོགས་མཛད། དེ་ནས་ཤ་མི་ལ་འདུལ་བ་གསན་ཅིང་བཞུགས་ཙ་ན་ཡར་ཀླུངས་སུ་ཆོས་འཁོར་ཆེན་པོ་ཞིག་བྱུང་བའི་དུས་དགེ་བཤེས་གཉགས་དང༌། ཤ་མི་དང༌། མར་འགོས་ལ་སོགས་པ་དགེ་བཤེས་བཙན་ལ་མདོ་སྡེ་རྒྱན་གསན་པ་གཟིགས་པས་དེར་བཙན་ལ་དད་པར་བྱུང་སྟེ་དགེ་བཤེས་བཙན་ལ་མདོ་སྡེ་རྒྱན་ཚར་དྲུག་གསན། ཞར་ཆོས་པ་དང་བཅས་པས་རྩ་འགྲེལ་ཚར་ཕྱེད་དང་བཅུ་གཉིས་གསན། དགེ་བཤེས་འཆད་ཁ་བ་འདི་སྔགས་པ་ཞིག་གི་རིགས་སུ་འཁྲུངས་ཏེ་ཡབ་ཀྱི་ཕ་ཆོས་སྔགས་སྙིང་མའི་གླེགས་བམ་མང་པོ་ལའང་གཟིགས། རས་ཆུང་པ་ལས་རྗེ་བཙུན་མི་ལའི་གདམས་ངག་རྣམས་ཞུས་ཏེ་སྔགས་གསར་མའི་རྒྱུད་དང་རྒྱུད་འགྲེལ་གྱི་གླེགས་བམ་མང་པོ་ལའང་གཟིགས། དགེ་བཤེས་བཙན་དང་བྱ་ཡུལ་བ་ལ་སོགས་པ་བླ་མ་གཞན་ཡང་མང་པོ་ལ་གཏུགས་ཏེ་སྡེ་སྣོད་གསུམ་དང་གཞུང་ལུགས་མང་པོ་ལའང་སྦྱངས། ཁྱད་པར་གྲུབ་མཐའ་བཞི་ལ་མཁས་པར་སྦྱངས་ཏེ་མདོ་སྔགས་ཀྱི་པོ་ཏི་བརྒྱ་ཙམ་ཞིག་ཐུགས་ལ་བཞུགས་ཀྱང༌།ཐུགས་ཀྱི་གཏིང་ན་ངེས་པར་འཚང་རྒྱ་བ་ལ་ཆོས་གཞན་ཞིག་ཡོད་ཡོད་དགོངས་ཏེ་ཐུགས་ཀྱི་གཏིང་མི་བདེ་ཞིང་བློ་ཐག་མ་ཆོད་པ་ཞིག་ནར་མར་བྱུང༌། དེ་ནས་དགེ་བཤེས་མྱང་ལྕགས་ཞིང་པ་ལ་བློ་སྦྱོང་ཚིག་བརྒྱད་མ་གསན། དེ་ནས་ལུགས་སྨད་པ་ཅན་དུ་བྱོན་ནས་སྣེའུ་ཟུར་པའི་ལུགས་ཀྱི་ལམ་རིམ་གྱི་ཁྲིད་གསན་ལུགས་སྨད་པས་དང་པོ་ཕུ་ཆུང་བའི་ལུགས་ཀྱི་རྟེན་འབྲེལ་ཡང་ཕ་བོང་ཁ་པ་ལས་གསན་པས་དགེ་བཤེས་ལུགས་སྨད་པ་ལ་རྟེན་འབྲེལ་གྱི་ཁྲིད་དེ་ཡང་གསན། ཉན་ས་དང༌། བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་གསན་ཏེ་ལོ་བཞི་བསྟེན། དགེ་བཤེས་དོལ་པ་ལོ་ལྔ་བསྟེན་ནས་བེའུ་བུམ་སྔོན་པོ་ལ་སོགས་པ་གསན།གྲའི་སོ་ཐང་པ་ལ་རྡོ་རྗེ་རྣམ་འཇོམས་གསན། ཁོང་ལ་བདག་དབུ་རུ་བྱང་དུ་བཀའ་གདམས་ཤིག་ཉན་དུ་འགྲོ་བས་བཏོག་པ་ཅིག་མཛད་དགོས་ཞུས་པས། ཁྱོད་ཡང་དག་པའི་དགེ་བའི་བཤེས་གཉེན་ཞིག་དང་མ་མཇལ་བར་ལ་དམྱལ་བའི་མེ་ནང་དུ་བསྲེགས་ཀྱང་བར་ཆད་མི་འབྱུང་བར་ངས་ཤེས་ཀྱི་གསུང༌། དེ་ནས་གླང་རི་ཐང་པ་ལ་དད་ནས་མཇལ་དུ་བྱོན་ཏེ་ལྷ་སར་ཕེབས་དུས་གླང་རི་ཐང་པ་འདས་ཟེར་བ་གསན། ད་འོ་ན་ཁོང་གི་ཤུལ་ན་རྟོགས་པ་གང་མཐོ་དྲིས་པས། གཉན་མཐོ་ཟེར་ནས་འཁོར་གཉིས་བལྟར་བཏང༌།ཁོང་རང་གིས་ལྷ་སར་གསོལ་བ་འདེབས་ཀྱིན་བཞུགས། དེར་འཁོར་གཉིས་ལོག་བྱུང་ནས། གཉན་དང༌། བ་ཝ། མདོ་སྡེ་གསུམ་གདན་ས་ལ་མ་མཐུན་པར་འདུག་ཟེར་བ་གསན་པས། གདན་ས་ལ་མ་མཐུན་ན་བློ་སྦྱོང་གི་རེ་བ་མེད་སྙམ་དུ་གླང་ཐང་དུ་འབྱོན་རྩིས་བཤོལ། འོན་ཀྱང་དགེ་བཤེས་དེ་གསུམ་གདན་ས་ལ་མ་མཐུན་པ་དེ་ཆེ་འདོད་ཀྱིས་མ་མཐུན་པ་མིན། དགེ་བཤེས་གླང་ཐང་བའི་རྣམ་ཐར་ལྟར་གསུམ་གས་དམའ་ས་བཟུང་སྟེ་གཅིག་ལ་གདན་ས་བསྐོས་ན་ང་བས་ཉིད་ཅག་ཡོན་ཏན་ཆེ་བས་ང་མི་འོས་ཉིད་ཅག་གིས་མཛད་དགོས་ཞེས་ཟེར། གཞན་གཉིས་ཀྱང་དེ་ལྟར་ཟེར་ནས་མ་མཐུན་པ་ཡིན་ཞེས་བཀའ་གདམས་གོང་མའི་གསུང་སྒྲོས་ལས་འབྱུང་ངོ༌། །དེ་ནས་དགེ་བཤེས་འཆད་ཁ་བ་རང་ལོ་སུམ་ཅུ་པ་ལྕགས་ཁྱི་ལ་ཤ་ར་བ་ཆེན་པོ་ཞོའི་ཁང་པ་ན་བཞུགས་པའི་སྤྱན་སྔར་མཇལ། དབྱར་དེ་ཉན་ཐོས་ཀྱིས་གསུང་ཞིང་འདུག་པ་ཉན་པས། བྱིངས་སེ་ཉོག་སེ་བ་ཅིག་ལས་བློ་ཁུལ་བ་མ་བྱུང༌། དེར་བློ་སྦྱོང་གི་ཚིག་གསལ་བར་མ་བྱུང་བ་ལ་ཉིན་གཅིག་གྲྭ་པ་རྣམས་སྟོན་མོ་ལ་སོང་ནས། དགེ་བའི་བཤེས་གཉེན་ཤ་ར་བ་འབུམ་པ་ལ་བསྐོར་བ་མཛད་པའི་དྲུང་དུ་ཕྱིན་ནས་ཁོང་རང་གི་ཕྱམ་ཚེ་བཏིངས་ཏེ། དགེ་པའི་བཤེས་གཉེན་པ་འདིར་བཞུགས་པར་ཞུ་དང་ཞུས་པས། དེར་སྡད་ནས་ཅི་བྱེད་གསུང༌། གྲོས་ཤིག་ཞུ་བ་ལགས་བྱས་པས། ངས་གྲོས་ཐག་ཐམས་ཅད་ཆོས་ཁྲིའི་ཁ་ནས་བཅད་པ་ཡིན། དེར་མ་ཆོད་པ་ཅི་ཡོད་གསུངས།བདག་གིས་མཐོང་བའི་དཔེ་ཅིག་ན། །ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་བུབ་ཁ་རང་གིས་ལོང༌། །ཟེར་བ་ཅིག་གདའ་བ་འདི་ཟབ་མི་ཟབ་ཇི་ལྟར་ལགས། གནས་ཁང་མ་རྙེད་པ་དང༌། གྲོགས་ཀྱིས་བློ་རྩ་གཡེངས་པ་སོགས་བྱུང་དུས་སེམས་ལ་ཕན་པར་བྱུང་པ་ལགས་ཞུས་པས།   དགེ་བའི་བཤེས་གཉེན་ཤ་ར་བའི་ཞལ་ནས། ཇོ་བོ་སྟོན་པ། ཁྱོད་ཀྱི་སེམས་ལ་ཕན་མི་ཕན་གྱི་ཁ་ན་ཅི་ཡོད། ཡང་དག་པའི་སངས་རྒྱས་མི་སྒྲུབ་ན་ཕར་ཞོག སྒྲུབ་ན་ཆོས་དེ་ལ་མ་བརྟེན་པར་འགྲུབ་མི་སྲིད་གསུང༌། འོ་ན་བདག་ཅག་ལུང་ཆོས་པ་ལགས་པས། དེ་ལ་ལུང་ཞིག་དྲང་བར་ཞུ་ཞུས་པས། མགོན་པོ་ཀླུ་སྒྲུབ་ལ་ཚད་མར་མི་འཛིན་པ་སུ་ཡོད། དེས་རིན་པོ་ཆེའི་ཕྲེང་བར། བདག་ལ་དེ་དག་སྡིག་སྨིན་ཅིང༌།།བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་བྱ་བ་གསུངས་པ་ལགས་གསུང༌། འོ་ན་བདག་ལ་དེའི་གདམས་པ་ཅིག་ཞུ་འཚལ་ཞུས་པས། ཇོ་བོ་རང་རྐྱེན་ཐུབ་པར་གྱིས་ཤིག ངས་གདམས་ངག་རྣམས་རིམ་གྱིས་བྱའོ་གསུངས་ནས་བློ་སྦྱོང་གི་ཁྲིད་ལོ་བཅུ་གཉིས་ཉམས་ཁྲིད་དུ་བསྐྱངས་པས། བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་གང་ནས་བདག་གཅེས་འཛིན་གྱི་འཁྲི་བ་རྩད་ནས་ཆོད་པ་བྱུང་སྟེ། ཞལ་ནས། སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །བདག་འཛིན་འདུལ་པའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་བློ་སྦྱོང་ལ་གདེང་ཐོབ་པའི་གསུང་བྱོན་ནོ། །དགེ་བཤེས་ཤ་ར་བ་དེ་ཚོགས་པ་སྟོང་ཕྲག་མང་པོ་ལ་ལམ་རིམ་གྱི་ཁྲིད་དང༌བྱམས་ཆོས་སྡེ་ལྔ། ས་སྡེ་རྣམས་རྒྱུན་དུ་རྒྱ་ཆེར་གསུང་བར་མཛད་ཀྱང་བདག་གཞན་མཉམ་བརྗེའི་མན་ངག་མཐར་ཐུག་པ་རྣམས་དགེ་བཤེས་འཆད་ཁ་བ་སོགས་རེ་གཉིས་ལྐོག་ཏུ་གནང་བ་ལས་ཚོགས་སུ་མི་གསུང༌། ལན་ཅིག་རྒྱུད་བླ་གསུང་བ་ན། བདག་གི་དགེ་བ་དང་བདེ་བ་ཇོ་བོ་སེམས་ཅན་ལ་གཏོང༌སེམས་ཅན་གྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་རང་གིས་བླངས་དགོས་པ་ཡིན་ཏེ། ཐུགས་ཀྱིས་ལྕོགས་ན་དེ་བཞིན་དུ་མཛོད་ཅིག་གསུང་བས། ང་ལ་འཁྲིག་ཡོད་པས་གོ། །གཞན་གོ་བ་ཙམ་ཡང་མི་འདུག་གསུང༌། ཡང་དགེ་བཤེས་འཆད་ཁ་བའི་ཞལ་ནས། ཤ་ར་བ་ལ་འདི་རྩད་མ་ཆོད་ཀྱི་རིང་ལ་ཇི་ཙམ་པའི་ཆོས་དང་གདམས་ངག་ཐོས་ཀྱང་སངས་རྒྱས་སྒྲུབ་པ་ལ་ད་དུང་འདི་ཙུག་མིན་པ་ཅིག་ག་ཤེད་ན་ཡོད་དེ་འོང་སེམས་པ་མིན་པ་ཁོ་ཐག་ཆོད་པ་མ་བྱུང་བ་ལ། དགེ་བཤེས་ཤ་ར་བ་ལས་འདི་རྩད་ཆོད་པ་དང༌།ད་བྱུང་འདི་ལས་ལྷག་པ་གང་ནའང་མེད་སྙམ་ནས་ཐག་ཆོད། འགྲམ་ཆུ་མི་ལྡང་ཉན་སྙིང་མི་འདོད། ལྷོད་སོང་བ་ཅིག་བྱུང་གསུང༌།

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号