ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་མཁན་ཆེན་རྒྱལ་སྲས་བཟང་པོའི་རྣམ་ཐར།
སྤེལ་དུས།04-21  ཡོང་ཁུངས།http://www.teducn.com  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈   རྒྱལ་སྲས་བཟང་པོ་ཞེས་བསྔགས་པ། མཁན་ཆེན་རྒྱལ་སྲས་བཟང་པོ་ནི། ངོ་མཚར་བའི་ལྟས་དང་བཅས་ཤུད་ཕུ་བའི་རིགས་སུ་སྐུ་འཁྲུངས།   ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་ངེས་འབྱུང་གི་བསམ་པས་རྒྱུད་བསྐུལ་ཏེ།   དགུང་ལོ་བཅུ་གཅིག་པ་ལ་མཁན་ཆེན་སེང་གེ་བཟང་པོའི་དྲུང་དུ་རབ་ཏུ་བྱུང༌།   འདུལ་འཛིན་མཚོ་སྣ་བ་དང་དགེ་བའི་བཤེས་གཉེན་མོན་གྲ་པ་སོགས་དམ་པ་མང་པོའི་ཞབས་ལ་གཏུགས་ཏེ། དཀའ་ཆེན་བཞི་ལ་སྦྱངས་པ་མཐར་ཕྱིན་པར་མཛད་ནས་དགུང་ལོ་བཅོ་ལྔ་ལོན་པའི་ཚེ་འདུལ་བའི་བཤད་པའང་མཛད།   མཁན་ཆེན་སེང་གེ་བཟང་པོའི་དྲུང་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་ལམ་རིམ་གྱི་མན་ངག་སྤྱོད་འཇུག་ལ་སོགས་པ་བཀའ་གདམས་ཀྱི་ཆོས་རྣམས་གསན།   ཐུགས་རྗེ་ཆེན་པོའི་ཆོས་སྐོར་རྣམས་ཀྱང་ཡོངས་སུ་རྫོགས་པར་གསན་ནས་ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་རྣམས་ལ་མྱོང་བ་ཐོན་པར་མཛད། སྒྲོ་བ་དགོན་པའི་གདན་སར་ཕེབས་ཏེ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས།   མོན་གྲ་པ་ཆེན་པོ་དགེ་འདུན་གྱི་སྡེ་མང་པོ་དང་བཅས་སྤྱན་དྲངས་ཏེ་ཆོས་འཁོར་བཙུགས། ལྷོ་བྲག་གྲུབ་ཆེན་སོགས་སྐལ་བ་དང་ལྡན་པ་མང་པོ་ལ་ལམ་གྱི་རིམ་པའི་ཁྲིད་དང་བཀའ་གདམས་ཀྱི་ཆོས་རྣམས་རྒྱས་པར་གནང༌།   དེ་ནས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལ་ལུགས་གཉིས་ཀྱི་ཞལ་ཏ་ལེགས་པར་གནང་ནས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཞི་བར་གཤེགས། ལྷོ་བྲག་ཕྱོགས་སུ་བཀའ་གདམས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ་སྐུ་གདུང་རིལ་པོར་སྒྲོ་བ་དགོན་པའི་གསེར་འབུམ་གྱི་ནང་དུ་བཞུགས་སོ།    །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁན་ཆེན་རྒྱལ་སྲས་བཟང་པོ་ལ་གསོལ་བ་འདེབས་ཤིང་དམ་པ་འདིའི་རྣམ་ཐར་ལྟར་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དམ་པ་ཚུལ་བཞིན་དུ་བསྟེན་ནས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བསྒོམ་པ་ལ་བརྩོན་པར་བྱའོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号