ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར།
སྤེལ་དུས།04-22  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
  བསྟན་པ་ལ་བྱ་བ་མཛད་ཕྱིར་རྗེ་རང་ཉིད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པའི་དྲི་བསུང་ལ་འཁོར་བའི་དད་ལྡན་གྱི་སྐྱེས་བུ་གཙང་དབུས་ཁམས་གསུམ་མཐའ་དག་དང༌། ཐ་ན་རྒྱ་མཚོའི་མཐའ་དང་གླིང་བར་ཚུན་ཆད་ནས་རང་དབང་མེད་པར་འདུས་པ་དག་ལ་དགེ་བསྙེན།   དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་གནང་བ་ནི་བགྲང་བ་ལས་འདས་ཏེ།    འཛམ་གླིང་ཡངས་པའི་རྒྱལ་ཁམས་ཐམས་ཅད་རྗེ་ཉིད་ལ་བསླབ་པ་མནོས་པའི་ཁྲིམས་ལྡན་གྱིས་ཁྱབ་ཅིང༌། ལྷག་པར་གངས་ཅན་འགྲོ་བའི་མགོན་པོ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་དཔལ་བཟང་པོར།   དགེ་ཚུལ་གྱི་སྡོམ་པ། དགེ་སློང་གི་སྡོམ་པ།    གསང་བདེ་འཇིགས་གསུམ་གྱི་དབང་རྣམས་ཕུལ་ཏེ་སྡོམ་པ་གསུམ་ལྡན་དུ་བསྒྲུབས་ཤིང༌།  རྗེ་རྒྱལ་བ་གཉིས་པའི་བསྟན་པའི་བདག་པོར་མངའ་གསོལ་བས་འཛམ་གླིང་ཡངས་པའི་རྒྱལ་ཁམས་མཐའ་དག་རྒྱལ་བ་ཡབ་སྲས་གཉིས་ཀྱི་འཕྲིན་ལས་རྣམ་པར་དཀར་བའི་གདུགས་གཅིག་གིས་ཁྱབ་ཅིང༌། རྗེ་བཙུན་བླ་མ་ངག་དབང་བྱམས་པ་ལ་དགེ་སློང་གི་སྡོམ་པ་དང༌། ཆོས་བཀའ་གཞན་ཡང་མང་དུ་གནང་ནས་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་བརྙན་ལི་དམར་ལས་གྲུབ་པ་ཕྱག་ཏུ་གནང་ནས་ཐེག་ཆེན་བསྟན་པའི་སྙིང་པོ་རྗེ་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེའི་སྲོག་ཤིང་དུ་མངའ་གསོལ།དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པ་གཙོ་བོར་བཏོན་པའི་སྒོ་ནས་རྗེ་རྒྱལ་བ་གཉིས་པའི་ལུགས་སྲོལ་བཟང་པོ་རྒྱ་ཆེར་སྤེལ་དགོས་པའི་ཞལ་ཏ་གནང་ཞིང༌།   ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་རྗེ་བཙུན་བླ་མ་འདིའི་འཕྲིན་ལས་རྒྱ་ཆེར་འཕེལ་བའི་རྟེན་འབྲེལ་བསྒྲིག་པར་མཛད་པས་ཤར་ཕྱོགས་རྒྱ་མཚོའི་མཐའ་ལ་ཐུག་གི་བར་དུ་བྱང་ཆུབ་ལམ་གྱི་རིམ་པའི་འཕྲིན་ལས་ཀྱིས་ཁྱབ་པ་འདི་ཡང་རྗེ་འདི་ཉིད་ཀྱི་ཐུགས་རྗེའི་ནུས་མཐུ་ལས་གྲུབ་པ་ཡིན་པས་གངས་ཅན་པ་རྣམས་ལ་བཀའ་དྲིན་ཟླ་མེད་དུ་མཛད་པ་ཡིན་ནོ།   །མ་འོངས་པ་ན་བསྟན་པ་སྤྱི་དང་ཁྱད་པར་རྗེ་རྒྱལ་བ་གཉིས་པའི་སྙན་རྒྱུད་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་ཐམས་ཅད་མཁྱེན་པར་བགྲོད་པའི་མྱུར་ལམ་ཞེས་གྲགས་པ་དཔལ་དབེན་ས་སྙན་རྒྱུད་ཀྱི་མན་ངག་རྣམས་ཆེས་གསལ་བར་བཀོད་པ་སྔོན་མེད་པའི་ལེགས་བཤད་འདི་མཛད་ཅིང༌།གཞན་ཡང་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ།   ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྣམ་བཤད་གསུང་རབ་ཀུན་གྱི་གནད་བསྡུས་པ་ལེགས་བཤད་སྙིང་པོ། སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག་ཐམས་ཅད་མཁྱེན་པར་བགྲོད་པའི་ཉེ་ལམ།   པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་གསལ་བར་སྟོན་པ་ནོར་བུའི་ཕྲེང་བའི་སྨད་ཆ། རྗེ་ཙུང་སྤྲུལ་སྐུ་དགེ་འདུན་ཆོས་རྒྱལ་དབང་ཕྱུག་གི་རྣམ་ཐར་གྲུབ་དབང་དགྱེས་པའི་རོལ་མཚོ། བླ་མའི་རྣལ་འབྱོར་གྱི་འགྲེལ་པ་དང་བཀའ་དྲིན་གསོལ་འདེབས། བློ་ཆེན་རྒྱལ་ཀུན་མ། རྒྱུད་ཀྱི་
རྒྱལ་པོ་དཔལ་གསང་བ་འདུས་པའི་བཤད་པ་རྫོགས་པའི་འོག་ཏུ་རྡོ་རྗེ་སློབ་དཔོན་ལ་གཏང་རག་གི་མཆོད་པ་སོགས་བྱ་ཚུལ།   ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བླ་བརྒྱུད་གསོལ་འདེབས་དང་ཤིས་བརྗོད། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་སྒྲུབ་ཐབས།   ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་ཆོག ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱལ་མཚོ་ལྷ་དགུའི་སྦྱིན་སྲེག་གི་ཆོ་ག དྲིས་ལན་གྱི་སྐོར།    ཚེ་སྒྲུབ་འཆི་མེད་བདུད་རྩིའི་ཆུ་རྒྱུན།   འཕགས་མ་གདུགས་དཀར་ཅན་གྱི་སྒྲུབ་ཐབས་མཆོག་ཐུན་དངོས་གྲུབ་ཆར་འབེབས།   གཤིན་པོ་རྗེས་འཛིན་ཐར་པའི་ལམ་སྟོན།  བླ་མའི་རྣལ་འབྱོར།  བློ་མའི་བསྟོད་ཚིག་གསོལ་འདེབས། ཡི་དམ་འགའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། བརྟན་བཞུགས་ཚིགས་བཅད་མང་པོ། ལྷ་འགའི་སྒྲུབ་ཐབས་དང་རྗེས་གནང་བྱེད་ཚུལ།  བསྙེན་གནས་བསྲུངས་པ་དང་སྨྱུང་གནས་བྱས་པའི་ཕན་ཡོན།    སྐུ་གདུང་གི་དཀར་ཆག་ལེ་ཚན།   རྟེན་སོགས་བཞེངས་པའི་རྒྱབ་ཡིག དགོན་སྡེ་འགའ་ཞིག་གི་ཁྲིམས་སུ་བཅའ་བ། རྟེན་གསུམ་བཞེངས་པ་སོགས་ཀྱིས་མཚོན་པའི་དགེ་བསྔོའི་སྨོན་ལམ་ཚིགས་བཅད། མགོན་དཀར་ཡིད་བཞིན་ནོར་བུའི་གཏོར་ཆོག་དགེ་ལེགས་ཀུན་འབྱུང༌།   ཡེ་ཤེས་ཀྱི་མགོན་པོ་གྲི་གུག་དང་ཚེར་གསེབ་ཆོས་སྐྱོང་བསྟན་མ་གསུམ་གྱི་གཏོར་ཆོག བསྟན་སྲུང་རྒྱ་མཚོར་མཆོད་གཏོར་འབུལ་ཚུལ་དང་འཕྲིན་བཅོལ། བསངས་ཀྱི་ཆོ་ག    སྙན་ངག་མེ་ལོང་ལས་ལེའུ་གཉིས་པའི་དཔེར་བརྗོད་མཚོ་བྱུང་དགྱེས་པའི་མུ་ཏིག  ལེའུ་གཉིས་པའི་གཟུགས་ཅན་བཅུ་གཉིས་པ་ཡན་གྱི་དཔེར་བརྗོད། མདོ་རྒྱུད་ཟབ་མོའི་ལུང་རྗེས་གནང་དབང་ཁྲིད་གསན་ཡིག་གཞན་ཕན་རིན་ཆེན་དབང་རྒྱལ་ལྷག་བསམ་པུཎྜ་རི་ཀའི་ཕྲེང་བས་སྤུད་པ།    སྐུ་གཞོན་ནུ་ཉིད་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་དུ་མ་ཞིག་གུས་པ་ཆེན་པོས་བསྟེན་པའི་སྒོ་ནས་རབ་འབྱམས་མདོ་དང་རྒྱུད་སྡེའི་གཞུང་ལ་ལེགས་པར་བསླབས་ནས། ཐོས་བསམ་སྒོམ་པ་དང་འཆད་རྩོད་རྩོམ་པ་ལ་སོགས་པ།     སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་མཆོད་པ།   རིས་མེད་པའི་དགེ་འདུན་མང་པོ་ལ་བསྙེན་བཀུར་བ་སོགས་བསྟན་འགྲོའི་བྱ་བ་མཐའ་དག་ལ་བརྩོན་པར་མཛད་པའི་རྣམ་ཐར་འོད་དཀར་ཅན་གྱི་ཕྲེང་བ་རྣམས་མཛད་དེ་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ནས་དགུང་ལོ་དོན་ལྔ་ལ་ཕེབས་པ་མེ་མོ་སྦྲུལ་གྱི་ལོ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་ཏོ། །རྗེ་འདི་ལ་ནི་ནོར་འཛིན་ཡངས་པའི་ཁྱོན་ལ་གནས་པའི་ཆེ་དགུ་མཐའ་དག་གིས་གུས་པས་མཆོད་ཅིང་རིས་སུ་མ་ཆད་པའི་བསྟན་འཛིན་དམ་པ་ཕལ་མོ་ཆེས་རྗེ་འདི་པ་ལས་བསླབ་སྡོམ་བླངས་ཤིང༌།ཆོས་ཀྱི་བཀའ་དྲིན་ནོས་པས་ན་རྒྱུད་འཛིན་གྱི་སློབ་མས་སའི་སྟེང་ཁྱབ་པས་མཐའ་དག་བགྲང་བར་ག་ལ་ནུས། ཐུགས་སྲས་ཀྱི་གཙོ་བོ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་དང༌།   མདོ་ཁམས་བསྟན་པའི་སྒྲོན་མེ་ཆབ་མདོ་འཕགས་པ་ལྷ།   བྲག་གཡབ་སྤྲུལ་སྐུ་རྣམ་གཉིས།   དབང་ཕྱོགས་བསྟན་པའི་སྒྲོན་མེ་རྗེ་ལྕང་སྐྱ་རིན་པོ་ཆེ་ཡེ་ཤེས་བསྟན་པའི་སྒྲོན་མེ།   བ་སོ་སྤྲུལ་པའི་སྐུ།    འཇམ་མགོན་བསྟན་པའི་སྲོག་ཤིང་རྗེ་བཙུན་ངག་དབང་བྱམས་པ།   གྲུབ་པའི་དབང་ཕྱུག་རྗེ་དོན་ཡོད་མཁས་གྲུབ།   གྲུབ་ཆེན་བློ་བཟང་བྱམས་པ།    སྔགས་ཆེན་དགེ་ལེགས་རབ་རྒྱས།   རྗེ་ཞལ་སྔ་ནས་འཇམ་དབྱངས་ཆོས་འཕེལ།   ཐོས་བསམ་གླིང་པ་ཆེན་པོ་དཔལ་ལྡན་ཡེ་ཤེས།   རྡོ་རྗེ་འཛིན་པ་བློ་བཟང་རིག་གྲོལ།   བྱ་བྲལ་གྲུབ་པའི་དབང་ཕྱུག་བློ་བཟང་རྣམ་རྒྱལ།   སྔགས་ཆེན་དམ་ཆོས་དཔལ་འབྱོར།   སྙན་རྒྱུད་འཕྲིན་ལས་ཀྱི་བཀའ་བབ་ཞབས་དྲུང་ལྷ་པ་སྤྲུལ་སྐུ་བློ་བཟང་འཕྲིན་ལས།   དབང་དང་རྗེས་གནང་གི་བཀའ་བབ་རྡོ་རྗེ་འཛིན་པ་ཡེ་ཤེས་དཔལ་འབྱོར།རྒྱུད་འཛིན་འཕྲིན་ལས་ཀྱི་བཀའ་བབ་གྲུབ་པའི་དབང་ཕྱུག་བློ་བཟང་བཟོད་པ་སོགས་བསྟན་འཛིན་དམ་པ་བགྲང་བ་ལས་འདས་པ་བྱོན་ནོ། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ལ་གསོལ་བ་འདེབས་ཤིང་རྗེ་འདིའི་མཛད་པ་བཟང་པོ་རྣམས་དྲན་པར་བྱས་ལ་འཇམ་མགོན་བསྟན་པའི་སྙིང་པོ་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོས་བློ་སྣ་ནང་དུ་བཀུག་སྟེ་བྱང་ཆུབ་ལམ་གྱི་རིམ་པ་ལ་བག་ཆགས་ཅི་ཐེབས་བྱའོ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号