ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་མཁན་ཆེན་ཆོས་སྐྱབས་བཟང་པོའི་རྣམ་ཐར།
སྤེལ་དུས།04-22  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈    ཟབ་ཅིང་རྒྱ་ཆེའི་ཆོས་ལ་མངའ་བརྙེས་པས། །སྐལ་ལྡན་འགྲོ་བ་ཀུན་གྱི་སྐྱབས་སུ་གྱུར། །འཕྲིན་ལས་བཟང་པོས་བསྟན་པ་རྒྱས་མཛད་པ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བསྔགས་པ་མཁན་ཆེན་ཆོས་སྐྱབས་བཟང་པོ་ནི་གཉལ་དུ་རིགས་རུས་ཕུན་སུམ་ཚོགས་པ་ཞིག་ཏུ་སྐུ་འཁྲུངས། ཆུང་ངུའི་དུས་སུ་ཡབ་ཡུམ་གཉིས་ཀྱིས་བསྣམས་ནས་མཁན་ཆེན་མཚོ་སྣ་པ་ཆོས་གྲྭར་ཕེབས་པ་དང་ཐུག་སྟེ་མཇལ་བའི་ཚེ།    མཚོ་སྣ་པའི་སྐུ་ཆོས་རླུང་གིས་བསྐྱོད་པ་བྱིས་པ་ཆུང་ངུ་འདིའི་སྟེང་དུ་གཡོགས་པ་ལྟར་བཀབ་པར་གྱུར་པས་མཁན་ཆེན་མཚོ་སྣ་པ་བཞད་ཅིང་ཆེར་དགྱེས་ནས་བྱིས་པ་འདི་ངའི་ཆོས་གོས་ཀྱིས་བསྐྱབས་པ་ལྟར་འདུག་པས་འདི་ང་ལ་བྱིན་ཅིག་ཅེས་ཡབ་ཡུམ་གཉིས་ལ་གསུངས་པས་ཡབ་ཡུམ་གཉིས་ཀྱིས་ཀྱང་མཚོ་སྣ་པའི་བཀའ་ལྡོག་མ་ནུས་པར་ཕུལ་བས་མཁན་ཆེན་མཚོ་སྣ་པས་བཞེས་ཏེ་ཆོས་སྐྱབས་བཟང་པོ་ཞེས་མིང་བཏགས། ལོ་བདུན་ལོན་པ་ན་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་ལེགས་པར་བསླབས། ལོ་ལོན་པ་ན་བསྙེན་པར་རྫོགས་པར་མཛད་དེ་སྤྱན་གྱི་འབྲས་བུ་ལྟར་བསྐྱངས། རང་ཉིད་ལ་ཡོད་པའི་ལུང་དང་མན་ངག་ཐམས་ཅད་གནང་ཞིང༌། ལྷག་པར་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་གྱི་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་མ་ལུས་པར་གནང༌། མཁན་ཆེན་མཚོ་སྣ་པ་ཞིང་གཤེགས་ནས་དགེ་བའི་བཤེས་གཉེན་མོན་གྲ་པ་ཚུལ་བཞིན་དུ་བསྟེན་ནས་མོན་གྲ་པ་ལ་མངའ་བའི་བཀའ་དང་གདམས་ངག་མང་པོ་གསན་ཞིང་ལྷག་པར་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡང་དང་ཡང་དུ་གསན་ཏེ།ཉམས་སུ་བཞེས་པས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་རང་གི་རྒྱུད་ལ་སྐོར་ནས་ཉམས་སུ་ལེན་པ་དང༌། གཞན་ལ་སྟོན་པ་ལ་མི་འཇིགས་པའི་སྤོབས་ཐོབ་པར་གྱུར་ཏོ། །བདག་ཉིད་ཆེན་པོ་འདི་ནི་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང༌། ལམ་གྱི་རྟོགས་པ་མཐོན་པོར་བྱོན་ཏེ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་ཞིག་ཡིན་ཞེས་གྲགས་སོ། །མཁན་ཆེན་ཆོས་སྐྱབས་བཟང་པོ་འདིས་དགེ་བའི་བཤེས་གཉེན་མཚོ་སྣ་པ་དང་མོན་གྲ་པ་གཉིས་ཀ་ལ་གཏུགས་ཏེ་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་གྱི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡང་དང་ཡང་དུ་གསན་ཏེ་སྦྱངས་པ་མཐར་ཕྱིན་མཛད་པ་ནི། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཁོང་པ་ལ་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་གྱི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་གསན་པར་འགྱུར་བ་འདི་ལ་དགོངས་པར་མངོན་ཞིང༌། རྗེ་ཐམས་ཅད་མཁྱེན་པས་བཀའ་གདམས་གཞུང་པའི་བཤད་སྲོལ་ལྟར་གྱི་ལམ་རིམ་གྱི་ཁྲིད་གསན་ནས་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་ལ་གནང་ནས་ས་ཆེན་པོའི་ཁྱོན་འདི་ཐམས་ཅད་ཆོས་འདིའི་འཕྲིན་ལས་ཀྱིས་ཁྱབ་པ་འདི་བྱུང་ངོ༌། །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་ཕྱིར་མི་ལྡོག་པའི་སེམས་དཔའ་ཆེན་པོ་མཁན་ཆེན་ཆོས་སྐྱབས་བཟང་པོ་ལ་གསོལ་བ་འདེབས་ཤིང༌།བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་རྒྱལ་བའི་བཀའ་དང་གཞུང་ལུགས་མ་ལུས་འདུ་བའི་ཆོས་ཀྱི་རྒྱ་མཚོ་ཆེན་པོ་བྱང་ཆུབ་ལམ་གྱི་རིམ་པ་ལ་སློབ་པའི་ཚེ་བཀླགས་ལུང་ཙམ་རེ་ཐོབ་པ་དང༌། དམིགས་སྐོར་རེ་གཉིས་གོ་བས་ཚིམ་པར་མི་བྱ་བར་དགེ་བའི་བཤེས་གཉེན་མཁས་པ་ལ་གཏུགས་ཏེ་ཡང་དང་ཡང་དུ་མཉན་ནས་ངེས་པ་གཏིང་ཚུགས་པ་བསྐྱེད་པ་དང༌། ཇི་ཙམ་ཐོས་པ་དེ་ཙམ་དུ་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号