ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་གསང་བདེ་འཇིགས་གསུ
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈   ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོ་གཉིས་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་མདོ་སྔགས་གཉིས་ཀའི་ཐུན་མོང་བའི་ལམ་གྱི་རིམ་པ་དང༌། ཐུན་མོང་མིན་པ་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པ་གཉིས་ལས།   ཐུན་མོང་བའི་ལམ་གྱི་རིམ་པ་ལ་ཇོ་བོ་རྗེ་ལ་རྒྱུད་པའི་ཆུ་བོ་གསུམ་འདྲེས་པས་རྒྱ་ཆེན་སྤྱོད་རྒྱུད་དང༌།    ཟབ་མོ་ལྟ་རྒྱུད་དང༌། རྒྱ་ཆེན་སྤྱོད་རྒྱུད་ལས་ཕྱེ་བ་རླབས་ཆེན་སྤྱོད་པའི་རྒྱུད་གསུམ་གྱི་བླ་མ་གོང་མ་རྣམས་ཀྱི་རྣམ་པར་ཐར་པ་མདོར་བསྡུས་བརྗོད་ཟིན་ནས་རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པའི་བླ་མ་རྣམས་ཀྱི་རྒྱུད་རིམ་ལ་ཇོ་བོ་རྗེས་ཉམས་ལེན་བྱིན་རླབས་རྒྱུད་པ་ཞེས་ཐ་སྙད་མཛད་ལ། འདི་ལ་ཡང་རྡོ་རྗེ་ཐེག་པ་སྤྱིའི་བརྒྱུད་རིམ་དང༌། ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཐུན་མོང་མིན་པ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བརྒྱུད་རིམ་གཉིས་ལས། དང་པོ་མདོ་སྔགས་སྤྱིའི་བརྒྱུད་རིམ་ལ་ཡང་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་མཐའ་ཡས་པ་ཡོད་མོད་ཀྱང་འདིར་མཐའ་དག་བྲི་མི་ནུས་པས་གཞན་དུ་ཤེས་པར་བྱ་ཞིང༌། འདིར་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་མགོན་པོ་འཇམ་པའི་དབྱངས་ཀྱིས་སྙིགས་དུས་ཀྱི་ཚེ་ཐུང་འདི་ལ་མྱུར་བ་ལས་ཀྱང་ཆེས་མྱུར་བར་འཚང་རྒྱ་བར་འདོད་པ་རྣམས་ཀྱིས་བཤེས་གཉེན་བསྟེན་ཚུལ་ནས་སྤྱོད་པ་སྤྱི་བསླབ་ཀྱི་བར་ཐུན་མོང་བའི་ལམ་གྱི་རིམ་པ་ལ་མྱོང་བ་ཐོན་ངེས་བྱས་ནས་བདེ་གསང་འཇིགས་གསུམ་གྱི་དབང་དང་མན་ངག་རྣམས་ཐོབ་པར་བྱས་ལ་དེ་གསུམ་ཡ་མ་བྲལ་བའི་ཉམས་ལེན་ལ་འབད་དགོས་ཚུལ་རྒྱུ་མཚན་དུ་མས་འདོམས་པར་མཛད་པ་ལྟར་བསྟན་པའི་སྙིང་པོ་མཐར་ཐུག་པའི་ཉམས་ལེན་གྱི་གནད་འདི་དག་མ་ནུབ་ན་ཅི་མ་རུང་སྙམ་དུ་སྨོན་པས་གསང་བདེ་འཇིགས་གསུམ་གྱི་དབང་ལུང་མན་ངག་གི་བརྒྱུད་རིམ་བླ་མ་རྣམས་ཀྱི་མཚན་ཙམ་ཞིག་བརྗོད་པ་ནི། སྟོན་པ་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཐུགས་རྗེ་ཅན་འདིས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ནི་ཐུབ་པའི་རྣམ་ཐར་གྱི་སྐབས་སུ་བཤད་ཟིན་པ་ལྟར་ཡིན་ལ། ཐུབ་པའི་དབང་པོ་ནས་ད་ལྟའི་བར་དུ་རྡོ་རྗེ་ཐེག་པའི་བླ་མ་བརྒྱུད་རིམ་ཇི་ལྟར་བྱུང་བ་ནི། སྟོན་པ་ཞལ་བཞུགས་དུས་ནུབ་ཕྱོགས་ཨོ་ཌི་ཡའི་ཡུལ་ན་རྒྱལ་པོ་ཨིནྡྲ་བྷོ་ཏི་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དེ་ཁང་བཟང་གི་ཐོག་ན་གནས་པའི་ཚེ་དགེ་སློང་དགྲ་བཅོམ་པ་ནམ་མཁའ་ལ་འཕུར་ཏེ་ཤར་ནུབ་ཏུ་འགྲོ་བ་དག་མཐོང་བ་ན་འདི་དག་ཅི་ཡིན་ཞེས་དྲིས་པས། བློན་པོ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་རྒྱུས་ཡོད་པ་དག་གིས་འདི་དག་ནི་ཤཱཀྱའི་རྒྱལ་པོ་ཟས་གཙང་གི་སྲས་པོ་སངས་རྒྱས་ནས་འཕགས་ཡུལ་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དེའི་ཉན་ཐོས་དག་ཡུལ་གཞན་དང་གཞན་དུ་རྒྱུ་བ་ན་ནམ་མཁའ་ལ་འཕུར་ཏེ་འགྲོ་བས་རྒྱལ་པོས་གཟིགས་པ་དེ་དག་ཀྱང་སངས་རྒྱས་ཀྱི་ཉན་ཐོས་དག་གོ། །ཞེས་བརྗོད་པ་ན་རྒྱལ་པོ་ཕྱིར་མི་ལྡོག་པའི་དད་པ་སྐྱེས་ཏེ་སངས་རྒྱས་ལ་གསོལ་བ་བཏབ་པས་སྟོན་པས་མཁྱེན་བཞིན་དུ་འཁོར་དང་བཅས་པ་རྫུ་འཕྲུལ་གྱིས་བྱོན་ནས་རྒྱལ་པོའི་ཁང་བཟང་དུ་ཕེབས་ཏེ་རྒྱལ་པོ་ལ་ཆོས་བསྟན་པས་རྒྱལ་པོ་དད་པ་ལྷག་པར་སྐྱེས་ཤིང༌། འདི་སྐད་དུ་བདག་གིས་ཁྱིམ་པའི་རྟགས་ཆ་ལུགས་མ་བོར་བར་འདི་ཉིད་དུ་གནས་ནས་འཚང་རྒྱ་བར་ནུས་པ་ཞིག་འདོད་ཅེས་ཞུས་པས་རྒྱལ་པོ་དེ་རིན་པོ་ཆེ་ལྟ་བུའི་གདུལ་བྱ་ཡིན་པས་བཅོམ་ལྡན་འདས་ཀྱིས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་རྡོ་རྗེ་འཆང་གི་སྐུར་བཞེངས་ནས་དབང་བསྐུར། གདམས་ངག་བསྟན། རྒྱུད་གསུངས།   ཕྱག་ན་རྡོ་རྗེས་ལེགས་པར་ཁྲིད་པས་རྒྱལ་པོ་ཨིནྡྲ་བྷོ་ཏིས་ལམ་ཐུན་མོང་བ་དང་ཐུན་མོང་མིན་པའི་རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ཏེ་སྤྲོས་བཅས་ཀྱི་སྤྱོད་པ་སྤྱད་ནས་ཚེ་དེ་ཉིད་ལ་ཟུང་འཇུག་གི་སྐུ་གྲུབ།    དེ་ནས་རྒྱལ་པོ་ཨིནྡྲ་བྷོ་ཏིས་ཡུལ་དེའི་སྐྱེ་བོ་རྣམས་ལ་རྡོ་རྗེའི་ཐེག་པ་བསྟན་པས་གྲུབ་པ་ཐོབ་པ་བགྲང་བ་ལས་འདས་པ་བྱུང་ཞིང་དཔལ་གསང་བ་འདུས་པའི་དབང་དང་གདམས་ངག་རྣམས་སྤེལ་བ་ལ་བཀའ་བབས་པ་ཀླུ་མོ་རྣལ་འབྱོར་མ་ལ་རྫོགས་པར་གནང༌། དེས་རྒྱལ་པོ་བི་སུ་ཀ་པ་ལ་གནང༌།   དེས་ཀྱང་བསྒོམས་པས་གྲུབ་པ་ཐོབ་སྟེ་དཔལ་ལྡན་ས་ར་ཧ་པ་ལ་གནང༌། དེས་ཀྱང་བསྒོམས་པས་གྲུབ་པ་ཐོབ་སྟེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་དཔལ་གསང་བ་འདུས་པའི་དབང་ལུང་མན་ངག་ཐམས་ཅད་རྫོགས་པར་གནང༌།   འཕགས་པ་ཀླུ་སྒྲུབ་ཀྱིས་ལྷོ་ཕྱོགས་དཔལ་གྱི་རི་བོར་བསྒོམས་ནས་སྐུ་ཚེ་དེ་ལ་ཟུང་འཇུག་གི་སྐུ་བརྙེས་ནས་སྲས་ཀྱི་ཐུ་བོ་ཨཱརྱ་དེ་བ་དང༌། ཀླུའི་བྱང་ཆུབ་དང༌། ཤཱཀྱ་བཤེས་གཉེན་དང༌། ཟླ་བ་གྲགས་པ་སོགས་ཐུགས་སྲས་མང་པོ་ལ་དཔལ་གསང་བ་འདུས་པའི་དབང་ལུང་མན་ངག་རྣམས་རྫོགས་པར་གནང༌། སློབ་དཔོན་ཨཱརྱ་དེ་བ་དང༌། སློབ་དབོན་ཀླུའི་བྱང་ཆུབ་དང༌། སློབ་དཔོན་ཤཱཀྱ་བཤེས་གཉེན་དང༌། སློབ་དཔོན་ཟླ་བ་གྲགས་པ་བཞི་གས་དཔལ་གསང་བ་འདུས་པའི་ལམ་རིམ་གཉིས་མཐར་ཕྱིན་ཏེ་སྐུ་ཚེ་དེ་ལ་ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་བརྙེས།    གཞན་ཡང་སློབ་དཔོན་སངས་རྒྱས་བསྐྱངས་སོགས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་ཟུང་འཇུག་གྲུབ་པ་ཆེས་མང་ངོ༌།  །སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་དེ་དག་ལས་གསང་བ་འདུས་པའི་དབང་ལུང་མན་ངག་གི་བརྒྱུད་རིམ་མཐའ་ཡས་པ་བྱུང་མོད་ཀྱང་མཐའ་དག་བགྲང་བར་ག་ལ་ནུས། ཡོངས་སུ་གྲགས་པའི་དབང་གི་བརྒྱུད་རིམ་ནི། སློབ་དཔོན་མ་ཏངྐི་པ། དེས་གྲུབ་ཆེན་ཏེ་ལོ་པ། དེས་པཎ་ཆེན་ནཱ་རོ་པ། དེས་སྒྲ་བསྒྱུར་མར་པ་ལོ་ཙཱ། དེས་མཚུར་སྟོན་དབང་གི་རྡོ་རྗེ།   དེས་འཁོན་སྟོན་གད་པ་ཀྰིརྟི། དེས་བྱ་སྒང་བ་བསོད་ནམས་རིན་ཆེན། དེས་ཐུར་ལྷ་བ་ཚུལ་ཁྲིམས་སྐྱབས། དེས་ཐང་སྦེ་པ་འཕགས་པ་སྐྱབས། དེས་གསེར་སྡིངས་པ་གཞོན་ནུ་འོད། དེས་ཀུན་མཁྱེན་ཆོས་སྐུ་འོད་ཟེར། དེས་ཀུན་མཁྱེན་འཕགས་པ་འོད། དེས་ཆོས་རྗེ་བུ་སྟོན་རིན་ཆེན་གྲུབ།   དེས་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས། དེས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོ། དེས་མཁས་གྲུབ་དགེ་ལེགས་དཔལ་བཟང༌། དེས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན། དེས་གྲུབ་ཆེན་ཆོས་རྡོ་རྗེ། དེས་རྒྱལ་བ་བློ་བཟང་དོན་གྲུབ། དེས་མཁས་གྲུབ་སངས་རྒྱས་ཡེ་ཤེས། དེས་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན།    དེས་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། དེས་རྗེ་བཙུན་བློ་བཟང་ཡེ་ཤེས། དེས་རྡོ་རྗེ་འཛིན་པ་བློ་བཟང་རིག་གྲོལ། དེས་མཁས་ཤིང་གྲུབ་པ་རྡོ་རྗེ་འཛིན་པ་ཡེ་ཤེས་དཔལ་འབྱོར། བཀའ་དྲིན་མཚུངས་མེད་རྡོ་རྗེ་འཛིན་པ་ཆེན་པོ་དེའི་ཞབས་དྲུང་དུ་བདག་གིས་དཔལ་གསང་བ་འདུས་པའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ།ཡང་རྗེ་ཐམས་ཅད་མཁྱེན་པ་ནས་རྗེ་བཙུན་ཤེས་རབ་སེང་གེ་འདུལ་ནག་པ་དཔལ་ལྡན་བཟང་པོ། རྒྱུད་ཆེན་དགེ་འདུན་འཕེལ། རྒྱུད་ཆེན་བཀྲ་ཤིས་འཕགས། རྒྱུད་ཆེན་བསམ་གྲུབ་རྒྱ་མཚོ། རྒྱུད་ཆེན་བརྩོན་འགྲུས་འཕགས། རྒྱུད་ཆེན་རྡོ་རྗེ་བཟང་པོ། རྒྱུད་ཆེན་སངས་རྒྱས་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། ཐང་སག་པ་དངོས་གྲུབ་རྒྱ་མཚོ།   གྲུབ་པའི་དབང་ཕྱུག་དོན་ཡོད་མཁས་གྲུབ། རྗེ་བཙུན་ངག་དབང་བྱམས་པ།   རྗེ་བཙུན་བླ་མ་བཀའ་དྲིན་མཚུངས་མེད་དེ་ཉིད་ཀྱི་ཞབས་དྲུང་དུ་བདག་གིས་དཔལ་གསང་བ་འདུས་པའི་དབང་དང་རྒྱུད་ཀྱི་ལུང་རིམ་གཉིས་ཀྱི་མན་ངག་ཡོངས་སུ་རྫོགས་པ་ཐོབ། ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་སློབ་དཔོན་ཟླ་བ་གྲགས་པ།སློབ་པའི་རྡོ་རྗེ། གྲུབ་ཆེན་ནག་པོ་སྤྱོད་པ། བླ་མ་སྤྲིན་གྱི་ཤུགས་ཅན། རྗེ་རིན་པོ་ཆེ་འགོས། མང་ར་བ་སེང་གེ་རྒྱལ་མཚན། རྡོག་ཡེ་ཤེས་སེང་གེ། རྡོག་ཨཱརྱ་དེ་བ། གླན་ཚ་ཉི་མ་ལྕམ། ལྟག་པ་རིན་ཆེན་གྲགས། ཐུར་ལྷ་བ་ཚུལ་ཁྲིམས་སྐྱབས། ཐང་སྦེ་པ་འཕགས་པ་སྐྱབས།   གསེར་སྡིངས་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་པ་འོད། ཆོས་རྗེ་བུ་སྟོན་རིན་ཆེན་གྲུབ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྒྲ་བསྒྱུར་ནམ་མཁའ་བཟང་པོ།   མཉམ་མེད་རྗེ་བཙུན་རེད་མདའ་པ་ཆེན་པོ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། རྗེ་བཙུན་ཤེས་རབ་སེང་གེ། རྒྱུད་ཆེན་སྤྱིན་པ་དཔལ་བ་ནས་འདུས་པའི་བཤད་སྲོལ་སྤེལ་བའི་རྒྱུད་འཛིན་རིམ་པར་བརྒྱུད་པ་ཡོངས་སུ་གྲགས་པ་ལྟར་ལ་འདུས་པའི་བསྟན་པའི་བདག་པོ་རྗེ་བཙུན་ངག་དབང་བྱམས་པ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས། སྐྱབས་མགོན་བཀའ་དྲིན་མཚུངས་མེད་དེ་ཉིད་ཀྱི་ཞབས་དྲུང་དུ་བདག་གིས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་བཤད་པ་འགྲེལ་པ་བཞི་སྦྲགས་སུ་གྲགས་པ་ཆ་ཚང་བ་ཐོབ་བོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号