ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

༈   བློ་བཟང་རྒྱལ་བའི་རིང་ལུགས་པངྨོའི་ཚལ།  །དཔལ་ལྡན་ཡེ་ཤེས་འོད་ཀྱིས་རྒྱས་མཛད་པའི།  །རིས་མེད་འགྲོ་བའི་འདྲེན་པ་ཀུན་གྱི་གཙོ།  །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།   །ཞེས་སྔགས་པ།  བདེ་ལྡན་ཞིང་གི་མགོན་པོ་སྙིགས་དུས་འགྲོ་བའི་མགོན་དུ་བསམས་བཞིན་དུ་བྱོན་པ༌པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོ་ནི།   ཤངས་བཀྲ་ཤིས་རྩེར་ཡབ་ཐང་ལྷ་དང༌།ཡུམ་ཉི་ཟླ་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་དུས་ཀྱི་ཕོ་ཉ་ཞེས་པ་ས་ཕོ་རྟའི་ལོ་ཧོར་ཟླ་བཅུ་པའི་ཚེས་བཞི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་སྐུ་འཁྲུངས། དེའི་ཚེ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་གནས་དེར་ལྷགས་ཏེ་མཁའ་དབྱིངས་འཇའ་སྤྲིན་གྱིས་ཁྱབ་པར་བྱས། མེ་ཏོག་གི་ཆར་ཕབ།   དགའ་བའི་ཅ་ཅོའི་སྒྲ་བསྒྲགས།    རྗེ་བཙུན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོས་བཀའ་བསྒོས་དམ་ལ་བཞག་པའི་སྲུང་མ་ཐམས་ཅད་དང༌།    ཁྱད་པར་དཔལ་ལྡན་དམག་ཟོར་རྒྱལ་མོ་དང༌།  ནེ་སེར་ཇོ་བོ་ཆེན་པོ་གཉིས་འབྲལ་མེད་དུ་བྱོན་ཏེ་རྗེ་འདི་སྐུ་བལྟམས་པ་དང་མཉམ་དུ་དཔལ་ལྡན་ལྷ་མོས་ནག་ཕྱོགས་བདུད་སྡེ་ཟིལ་གྱིས་གནོན་ཕྱིར་དྲེའུའི་ངར་སྐད་ཡང་ཡང་འདོན་པ་དང༌། གཟིམ་ཁང་གི་ཁོ་ར་ཁོར་ཡུག་ཏུ་ཚེག་སྒྲ་དང་འུར་སྒྲ་ཆེན་པོ་ནར་མར་བྱུད༌།   ནེ་སེར་བས་ནི་རྒྱུན་དུ་གུས་པས་མཆོད་པའི་ཚུལ་དང༌།   གནས་བདག་གི་ཚུལ་དུ་སྤྲུལ་པ་སྣ་ཚོགས་བསྟན་ཏོ། །དེ་ལྟར་ཡུམ་ལས་སྐུ་བལྟམས་པའི་རྒྱལ་སྲས་གཞོན་ནུ་དེ་ནི་སྲིད་ཞིའི་དགེ་ལེགས་ཐམས་ཅད་གཟུགས་ཅན་གཅིག་ཏུ་བསྡུས་ཏེ་ཟླ་བ་དག་པའི་གཟུགས་སུ་བྱས་པ་ལྟར།   པགས་པའི་མདོག་ནི་དཀར་ཞིང་དྭངས་ལ་འོད་འཚེར་བ།   དབུ་གདུགས་ལྟར་ཟླུམ་ཞིང་རྒྱས་ལ་སྤྱི་གཙུག་མཐོ་བ།   སྤྱན་དཀྱུས་རིང་ཞིང་དཀར་ནག་འབྱེས་པ།  ཤངས་ཀྱི་གཟེངས་མཐོ་ཞིང་མཆུ་སྒྲོས་བིམ་པ་ལྟར་དམར་བ་སོགས་མཚན་དཔེ་དང་ལྡན་པ་འཇིག་རྟེན་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞིག་བྱུང་ངོ༌།  །དེའི་ཚེ་དཀར་ཕྱོགས་ཀྱི་ལྷ་དང་ཀླུ་རྣམས་ཀྱིས་ཁྲུས་གསོལ་བར་ངེས་ཤིང༌།   དངོས་སུ་ཡབ་ཡུམ་གྱི་མཆོད་གནས་དགེ་སློང་རྣམ་དག་གཅིག་གིས་སྐུ་ཁྲུས་ཡང་ཡང་གསོལ།    འཁྲུངས་ནས་ཟླ་བ་གཉིས་ཙམ་སོང་བ་ན་ཕྱག་གཉིས་ཐལ་མོ་ཡང་ཡང་སྦྱོར་བར་མཛད་པ་དང༌།   ཞལ་ནས་མ་ཎི་དང་དམིགས་བརྩེ་མ་རྒྱུན་དུ་འདོན་པར་མཛད།  བྱིས་པ་ཐ་མལ་པའི་སྤྱོད་པ་ལས་རྣམ་པ་ཀུན་ཏུ་འདས་ཏེ་སྐྱིལ་ཀྲུང་བཅས་ནས་ཐུགས་དམ་མཛད་པ་དང༌།   ཕྱག་ཐལ་མོ་སྦྱར་ཏེ་མཆོག་གསུམ་གྱི་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་མཛད་པ་དང་ཆོས་སྟོན་པའི་ཕྱག་རྒྱ་མཛད་པ་དང༌།   རྡོ་དྲིལ་བཟུང་ནས་ཐུགས་དམ་མཛད་པ་དང༌།གླེགས་བམ་ལ་གཟིགས་ནས་ཀློག་པའི་ཚུལ་མཛད་པ་སོགས་སྐྱེ་བོ་དམ་པའི་སྤྱོད་པས་དུས་འདའ་བར་མཛད་པ་ཞིག་བྱུང་བ་ན་ཕྱོགས་ཐམས་ཅད་དུ་དེའི་སྙན་གྲགས་རྒྱས་ཏེ་བཀྲ་ཤིས་ལྷུན་པོ་ནས་མགྲོན་གཉེར་ས་ཁུད་པ་བརྟག་པ་མཛད་དུ་བྱོན་པར་རྗེ་གོང་མའི་སྐུའི་ཉེར་སྤྱད་རྣམས་འཁྲུལ་མེད་དུ་ངོས་འཛིན་པར་མཛད་པ་སོགས་འཁྲུལ་བྲལ་ཡིད་ཆེས་ཀྱི་ངེས་པ་རྙེད།འོན་ཀྱང་འཇིག་རྟེན་ཐམས་ཅད་ཡིད་ཆེས་པར་བྱ་བའི་ཕྱིར་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་དང་མི་དབང་བསོད་ནམས་སྟོབས་རྒྱས་མཆོད་ཡོན་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་བཅས་ནས།    ལ་མོ་ཆོས་སྐྱོང་སྤྱན་དྲངས་ནས་ལུང་བསྟན་ཞུས་པར་བཀྲ་ཤིས་རྩེའི་སྲས་པོ་འདི་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི་སྐུའི་ཡང་སྲིད་འཁྲུལ་མེད་ཡིན་ཚུལ་སྔ་ཕྱིའི་རྒྱུ་མཚན་དུ་མ་དང་བཅས་ལུང་བསྟན་ནས་འཕྲལ་དུ་གདན་སར་སྤྱན་དྲངས་ནས་མངའ་གསོལ་བྱེད་དགོས་ཚུལ་གསུང་བ་ལྟར་དགུང་ལོ་གསུམ་དུ་ཕེབས་པ་ལྕགས་ཕོ་སྤྲེའུའི་ལོ་ཟླ་བ་དགུ་པའི་ཚེས་ཉེར་དྲུག་གི་ཉིན་རྒྱལ་བ་ཐམས་ཅད་མཁྱེན་པ་ཆེན་པོ་ནས་བློ་བཟང་དཔལ་ལྡན་ཡེ་ཤེས་ཞེས་མཚན་གསོལ་གནང་ཞིང༌། གངས་ལྗོངས་ཀྱི་སའི་ཆ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་གཏམ་སྙན་དར་ཕྱར་བྱས།   དེ་ནས་དགུང་ལོ་བཞིར་ཕེབས་པ་ལྕགས་མོ་བྱའི་ལོ་ཟླ་བ་དྲུག་པའི་ཚེས་གཅིག་རྒྱལ་ཕུར་འགྲུབ་སྦྱོར་འཛོམ་པའི་ཐོག་བཀྲ་ཤིས་ལྷུན་པོ་ནས་ཕྱག་མཛོད་ཆེན་མོ་བློ་བཟང་ཚེ་དབང་དྲུང་འཁོར་རགས་རིམ་དང་བཅས་ཕེབས་ཏེ་བཀྲ་ཤིས་རྩེ་ནས་གདན་དྲངས།   རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་ཚབ་དང༌།   འཇམ་དབྱངས་གོང་མ་བདག་པོ་ཆེན་པོའི་བཀས་མངགས་པའི་མི་དྲག་མང་པོ་དང༌།  མི་དབང་བསོད་ནམས་སྟོབས་རྒྱས་སྐུ་འཁོར་གཏོས་ཆེ་བ་བཅས་རྒྱ་བོད་ཧོར་གསུམ་གྱི་རྟ་པ་སྟོང་ཕྲག་མང་པོ་དང༌།  བཀྲ་ཤིས་ལྷུན་པོའི་བླ་མ་དགེ་འདུན་ཚང་མའི་ཐོག་ཕྱོགས་འདུས་ཀྱི་དགེ་འདུན་ཁྲི་ཁྲག་མང་པོས་མཆོད་པའི་བྱེ་བྲག་སྣ་ཚོགས་པ་ཐོགས་ཏེ་བསུས་ནས་ཟླ་བ་དྲུག་པའི་ཚེས་བཞི་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་ཕོ་བྲང་རྒྱལ་མཚན་མཐོན་པོའི་གཟིམ་ཆུང་བཀའ་གདམས་ཕོ་བྲང་དུ་ཕེབས་སོ།   །དེ་ནས་སའི་སྟེང་གི་ཆེ་དགུ་མཐའ་དག་གིས་ཞབས་ཀྱི་པངྨོ་ལ་སྤྱི་བོས་གཏུགས་ཏེ།མངོན་པར་མཆོད་ཅིང་མཁོ་དགུའི་ཡོ་བྱད་ཐམས་ཅད་རྫོགས་ལྡན་གྱི་སྤྲིན་བཞིན་དུ་འདུས་ཏེ་རྗེ་འདི་པའི་ཞབས་དྲུང་དུ་ཕུལ་ནས་གསོལ་བ་འདེབས་པ་ལ་བརྩོན་པར་གྱུར་ཏོ། །དེ་ནས་རྗེ་འདི་པས་གཟིམ་ཆུང་གི་སྐུ་གསུང་ཐུགས་རྟེན་རྣམས་ལ་ལེགས་པར་གཟིགས་ཏེ་འདི་དང་འདིའོ་ཞེས་ངོས་འཛིན་མཛད་ཅིང༌། རྗེ་གོང་མའི་དུས་ཀྱི་སྐུ་གསང་ཐུགས་རྟེན་དངོས་སུ་མ་བཞུགས་པ་འགའ་ཞིག་གར་ཡོད་ཅེས་བཀའ་འདྲི་མཛད་པས་ཐམས་ཅད་ཡིད་ཆེས་ཀྱི་དད་པའི་གནས་ལ་བཀོད། དེ་ནས་ཡི་གེ་འབྲི་ཀློག་བརྡ་ཕུལ་བ་ཙམ་གྱིས་མཁྱེན་ཅིང༌།   གང་བློ་མ།   ཤེས་བྱ་མཁའ་དབྱིངས་མ་སོགས་ཆོས་སྤྱོད་རྣམས་གཟིགས་པ་ཙམ་གྱིས་ཞལ་འདོན་དུ་མཛད་ཆོག་པ་བྱུང༌།   དེ་ནས་རྗེ་འདི་པ་དགུང་ལོ་ལྔར་ཕེབས་པ་ཆུ་ཕོ་ཁྱིའི་ལོ་རྗེ་བཙུན་བླ་མ་ངག་དབང་བྱམས་པ་མཇལ་ཁར་ཕེབས་ནས་དངོས་འབུལ་ཚན་ཆེ་བ་དང་བཅས་ཞབས་བརྟན་གསོལ་འདེབས་རྒྱས་པར་མཛད་ཅིང༌།    ལྷག་པར་སྐུ་ན་ཕྲ་མོའི་དུས་འདི་ཉིད་ནས་པཎ་ཆེན་དབེན་ས་པ་སྐུ་གོང་མ་རྣམས་ཀྱི་རྣམ་ཐར་བཟང་པོ་ལ་སྤྱན་ཡར་ལྟ་མཛད་ནས་བཅོས་སླད་མེད་པ་ཞིག་དང༌། གྲོགས་ངན་གྱི་དབང་དུ་མ་སོང་བར་ཐོས་བསམ་སྒོམ་གསུམ་ལ་ཐུགས་བརྩོན་ཆེ་བར་མཛད་དེ་ཆོས་གྲྭ་ཆེན་པོ་འདིར་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་ཆེས་ཆེར་འཕེལ་ཞིང་རྒྱས་པར་བྱ་པའི་ཐུགས་ཁུར་ཆེན་པོ་ཅི་ནས་ཀྱང་བཞེས་དགོས་ཞེས་གསོལ་འདེབས་མཛད་པ་ཐུགས་ལ་ཤིན་ཏུ་འཕྲོད་པ་བྱུང་སྟེ།   དུས་ཕྱིས་ཀྱང་བླ་མ་རིན་པོ་ཆེ་ནས་ང་ཆུང་ངུའི་དུས་ན་ཞལ་ཏ་འདི་འདྲ་མཛད་བྱུང་བ་དེ་སྙིང་ལ་ཕུར་པ་བཏབ་པ་ལྟ་བུ་ཞིག་བྱུང་ཞེས་རྗེ་འདིས་ཡང་ཡང་གསུང་ངོ༌། །དེ་ནས་ལ་མོ་ཆོས་སྐྱོང་ཆེན་པོས་དགེ་བའི་བཤེས་གཉེན་བྱམས་པ་རིན་པོ་ཆེའི་དྲུང་ནས་ཆོས་འདྲ་གསན་ན་ལེགས་ཞེས་ལུང་ཕེབས་པ་ལྟར་རྗེ་བཙུན་བླ་མ་ངག་དབང་བྱམས་པའི་དྲུང་ནས།   བྱང་ཆུབ་ལམ་སྒྲོན་གྱི་ལུང༌།   རྣམ་འཇོམས་ཀྱི་བྱབས་བསྲུང༌།  ཚེ་དབང་གྲུབ་རྒྱལ་ལུགས་དང་འཇམ་ལུགས།    རྟ་མགྲིན་གསང་སྒྲུབ།    གཙུག་ཏོར་རྣམ་རྒྱལ།    སྒྲོལ་དཀར།   གདུགས་དཀར།   ཁྱུང་ནག འཇམ་དབྱངས་ནང་སྒྲུབ།   ཁྲོ་བོ་སྨེ་བརྩེགས།   མགོན་པོ་ཕྱག་དྲུག་པའི་ཆོ་གའི་ལུང་བཅས་གསན། བཀའ་ཆོས་གསན་པའི་ཚེ། 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号