ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཤེས་གཉེན་དམ་པ་བྱམས་པ་ཆོས་ལྡན་གྱི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈   བཤེས་གཉེན་དམ་པ་བྱམས་པ་ཆོས་ལྡན།   ཞེས་བསྔགས་པ། དགེ་བའི་བཤེས་གཉེན་སེམས་དཔའ་ཆེན་པོ་བྱམས་པ་ཆོས་ལྡན་ནི་སྐུ་གཞོན་ནུ་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང༌། ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་དེ། མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པ་ན།རིག་སྔགས་འཆང་བའི་སྡེ་ཆེན་པོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་བདེ་གསང་འཇིགས་གསུམ་གྱི་རིམ་པ་གཉིས་ཀྱི་གནད་རྣམས་དང༌།   དཀྱིལ་འཁོར་བྲི་སྒྲུབ་སོགས་ཆོ་ག་ཕྱག་ལེན་མཐའ་དག་ལ་སྦྱངས་ཏེ་རྒྱུད་དོན་ལ་མི་འཇིགས་པའི་གདེང་ཐོབ་པ་ན་ཀུན་གྱིས་བསྔགས་འོས་སུ་གྱུར་ཏེ། རྒྱུད་པའི་རྡོ་རྗེ་སློབ་དཔོན་མཛད། དེ་ནས་ངེས་འབྱུང་ཤུགས་དྲག་པོས་བསྐུལ་ནས་སྒྲུབ་པ་སྙིང་པོར་བྱ་བར་བཞེད་དེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གང་ནས་བྱོན་པ་དང་འབྱོན་པར་འགྱུར་བའི་ལམ་པོ་ཆེ་གསུང་རབ་དགོངས་འགྲེལ་དང་བཅས་པའི་སྙིང་པོའི་དོན་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཉམས་སུ་ལེན་པ་ལ་རྒྱུད་ལྡན་བླ་མ་དམ་པའི་མན་ངག་དགོས་པར་གཟིགས་ནས་ཁྲི་རིན་པོ་ཆེ་སྦྱིན་པ་རྒྱ་མཚོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་བྱང་ཆུབ་ལམ་གྱི་རིམ་པའི་མྱོང་ཁྲིད་ལེགས་པར་གསན། དེ་ནས་དགའ་ལྡན་གྱི་ཁྲི་སོགས་མཐོན་པོའི་གོ་ས་ལ་རེ་བ་མ་མཛད་པར་ཚེ་འདི་བློས་བཏང་སྟེ་དབུས་སྟོད་ལོ་དགོན་པར་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ལེན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་མཛད་པས་མྱོང་བ་ཕུལ་ཕྱིན་ཐོན་པ་ན་སྐལ་བ་དང་ལྡན་པ་གཞན་དག་ལའང༌། བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་སྩལ་ཏེ། དེ་དུས་བྱང་ཆུབ་ལམ་གྱི་རིམ་པ་ལ་སྙིང་ནས་བློ་སྦྱོང་བར་འདོད་པ་རྣམས་བཤེས་གཉེན་དམ་པ་འདི་ལ་བརྟེན་པ་ཞིག་བྱུང་ངོ༌། །དམ་པ་འདིས་ནི་བཀའ་གདམས་གླེགས་བམ་ལས། ཐེ་ཚོམ་ཐམས་ཅད་སྤང་བྱ་ཞིང༌།   །སྒྲུབ་ལ་ནན་ཏན་གཅེས་སུ་བྱ། །ཞེས་གསུངས་པ་དང༌། རྗེ་རིན་པོ་ཆེས། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ།   །ཞེས་གང་གསུངས་པ་དེ་ལྟར་དུ་བསྒྲུབས་ཏེ།   ཚེ་འདིའི་གཡེང་བ་དང་ཟབ་ཟབ་སྙན་སྙན་གྱི་ཆོས་སྣ་མང་པོ་ལ་འཇུག་པ་དོར་ཏེ་དཔལ་ཨ་ཏི་ཤ་དང༌། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་གཉིས་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་ཉིད་ལ་ཆིག་སྒྲིལ་དུ་བྱས་ཏེ། ཕྱི་རབས་གྱི་གདུལ་བྱ་ཡོངས་ཀྱི་མིག་ལྟོས་སུ་ཆེ་བ་ཞིག་མཛད་དོ། །དེ་ལྟར་སྒྲུབ་པ་མཐར་ཕྱིན་པར་མཛད་ནས། སྐུ་ཚེ་འདིའི་འདུ་བྱེད་དོར་བ་ན་བུ་ཕ་ཁྱིམ་དུ་འགྲོ་བ་ལྟར་དགའ་བཞིན་སྤྲོ་བཞིན་དུ་རྗེ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་ཕེབས་སོ།   །ཁྲི་རིན་པོ་ཆེ་སྦྱིན་པ་རྒྱ་མཚོ་དང༌། བཤེས་གཉེན་དམ་པ་འདི་གཉིས་ཀྱི་རྣམ་ཐར་ཞིབ་མོ་མ་མཐོང་བས་སླར་རྙེད་ན་འདིར་བསྣན་པར་བྱའོ།   །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་བཤེས་གཉེན་དམ་པ་བྱམས་པ་ཆོས་ལྡན་ལ་གསོལ་བ་འདེབས་ཤིང༌། བཤེས་གཉེན་དམ་པ་འདིའི་རྣམ་ཐར་ལྟར་བློ་སྣ་མང་པོ་མི་བྱ་བར་བྱང་ཆུབ་ལམ་གྱི་རིམ་པ་ཉིད་ལ་ཉམས་ལེན་ཆིག་བསྒྲིལ་དུ་བྱའོ།  །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号