ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་མཁན་ཆེན་དཀའ་བཞི་བ་གྲགས་པ་གཞོན་ནུའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈    མཁན་ཆེན་དཀའ་བཞི་བ་གྲགས་པ་གཞོན་ནུ་ནི། དབུ་རུ་སྟོད་ཀྱི་ལྷ་ལྕང་རི་མོ་ཅན་ཞེས་བྱ་བའི་གྲོང་གྱད་གསར་དུ།   ཡབ་གྱད་གསར་དགོས་པ་ཞེས་བྱ་བའི་སྲས་སུ་མེ་མོ་སྦྲུལ་གྱི་ལོ་ལ་སྐུ་འཁྲུངས།   སྐུ་གཞོན་ནུ་ནས་ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ།   མཁན་པོ་གྲགས་པ་འབུམ་ལ་རབ་ཏུ་བྱུང་སྟེ།    མཚན་གྲགས་པ་གཞོན་ནུ་དཔལ་བཟང་པོར་བཏགས།   དེ་ནས་མཁན་ཆེན་བདེ་བ་དཔལ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་ལུང་དང་མན་ངག་མང་དུ་གསན་ཞིང༌། དགུང་ལོ་ཉི་ཤུ་བཞེས་པ་གཡག་སྡེ་བའི་དབང་པོ་ཞེས་བྱ་བར།   མཁན་ཆེན་བདེ་བ་དཔལ་གྱིས་མཁན་པོ་དང༌། སློབ་དཔོན་ཐུགས་རྗེ་དཔལ་བཟང་པོས་ལས་སློབ།   སློབ་དཔོན་ཆོས་ལྡན་དཔལ་བཟང་པོས་གསང་སྟོན་མཛད་དེ།   མེ་ཕོ་བྱི་ལོའི་དབྱར་ཟླ་འབྲིང་པོའི་དུས་དད་པའི་དགེ་སློང་བཅུ་དྲུག་གི་དབུས་སུ་བསྙེན་པར་རྫོགས་པར་མཛད་དེ། ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་བར་མཛད་དོ།    །དེ་ནས་མཁན་ཆེན་བདེ་བ་དཔལ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང༌། དེའི་རྩ་བའི་མན་ངག་མངོན་རྟོགས་རྒྱན་དང་སྤྱོད་འཇུག་སོགས་གསན་ཞིང༌། ཁྱད་པར་རྒྱལ་སྲས་དམ་པ་རྣམས་ཀྱི་ཐུགས་དམ་གྱི་མཐིལ་ཐེག་པ་ཆེན་པོའི་བློ་སྦྱོང་གི་ཁྲིད་གསན་ཏེ་ཉམས་ཁྲིད་དུ་བསྐྱངས།   གཞན་ཡང་མཁན་ཆེན་བདེ་བ་དཔལ་ལ་སྐྱེར་སྒང་པའི་ཐུགས་རྗེ་ཆེན་པོ།    དོན་ཡོད་ཞགས་པའི་སྐོར།འཇམ་དཔལ་རྣོན་པོ། དཔའ་བོ་གཅིག་སྒྲུབ་དཀར་པོ། རྣམ་རྒྱལ་མ། རྣམ་འཇོམས།སྨན་བླ་རྣམས་ཀྱི་རྗེས་གནང་དང༌། ཆོས་སྤྱོད་མང་པོའི་ལུང༌། མི་གཡོ་དཀར་སྔོ། དམིགས་པ་སྐོར་གསུམ་ལ་སོགས་པ་གསན། ཁྲོ་ཕུའི་སློབ་དཔོན་དཀའ་བཞི་པ་གཞོན་མཛེས་ལ་མངོན་པ་ཀུན་ལས་བཏུས་དང་ཚད་མ་རྣམ་ངེས་ལེགས་པར་བསླབས།   མཁས་པ་ཡོན་ཏན་འབུམ་ལ་འདུལ་བ་མདོ་རྩ་དང་མངོན་པ་མཛོད་གསན། གཡག་སྡེ་ལོ་ཙཱ་བ་བསོད་ནམས་སེང་གེ་ལ་བདེ་མཆོག་དང་གཤེད་དམར་སོགས་བཀའ་ལུང་མང་པོ་དང༌།  རོང་པ་ཤེས་རབ་སེང་གེ་ལ་དུས་འཁོར་དང་གཤིན་རྗེ་གཤེད་སོགས་རྭ་ལུགས་ཀྱི་ཆོས་སྐོར་མང་པོ་དང༌། སྟོན་པ་ཀུན་དགའ་རྒྱལ་པོ་ལ་སྦྱོར་དྲུག་གི་སྐོར་དང༌།    བླ་མ་གྲུབ་མཆོག་ལའང་གསང་སྔགས་ཀྱི་སྐོར་མང་པོ་གསན་ཏེ། ཐོས་པའི་ཕ་རོལ་ཏུ་སོན་ནོ། །ལན་ཅིག་ཟླ་བ་གཟའ་འཛིན་གྱི་དུས་སུ། མ་ཤའི་སྦྱོར་བ་མཛད་པས་མེ་ཏོག་འཁྲུངས། མནལ་ཅུང་ཟད་བྱུང་བའི་གཟིགས་སྣང་ལ། རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་ནས། ང་སྤྱན་དྲངས་ནས་ཅི་འདོད་པ་ཡིན་གསུང༌། རལ་གྲི་དེ་གནང་འཚལ་ཞུས་པས། རིགས་པའི་རལ་གྲི་ལ་བྱིན་ཡོད། ཁྱོད་རྡོ་རྗེ་འདི་ཁྱེར་གསུངས་ནས།གསེར་གྱི་རྡོ་རྗེ་སོར་བཞི་པ་ཞིག་གནང་བ་མངོན་སུམ་ལྟ་བུར་བྱུང་སྟེ།   གསུང་རབ་ཀྱི་ཚིག་དོན་འབྱེད་པ་ལ་གཏུགས་པ་མེད་པའི་རྣམ་དཔྱོད་ཕུལ་དུ་བྱུང་བ་ཐུགས་ལ་འཁྲུངས་སོ། །དེ་ནས་དགུང་ལོ་སོ་བརྒྱད་བཞེས་པ་ཤིང་ཕོ་རྟའི་ལོ་ལ་ཚོགས་ཀྱི་མཁན་པོ་མཛད། འདུལ་བ་མདོ་རྩ།   མངོན་པ་ཀུན་ལས་བཏུས། ཚད་མ་བསྡུས་པ། ཕར་ཕྱིན་སོགས་གཞུང་བཤད་དུ་མ་དང༌།   ཐེག་པ་ཆེན་པོའི་བློ་སྦྱོང་ལ་སོགས་པའི་མན་ངག་གིས་སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་པར་མཛད་དེ། བླ་མ་བདག་ཉིད་ཆེན་པོ་ལ་སོགས་པ་ས་སྐྱ་པའི་གདུང་བརྒྱུད་དང༌། བུ་སྟོན་རིན་པོ་ཆེ། བྱང་སེམས་བསོད་ནམས་གྲགས་པ་སོགས་མཁས་བཙུན་མང་པོའི་ཡོངས་འཛིན་མཛད་ཅིང༌།འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ངང་ནས་མྱང་སྨད་པ་སྣམ་འབི་ལུང་རི་ཁྲོད་དུ་སྒྲུབ་པ་རྩེ་གཅིག་དུ་མཛད་ཅིང༌། སྐལ་བ་དང་ལྡན་པ་གཞན་དག་ལའང་ལམ་རིམ་དང་བློ་སྦྱོང་ལ་སོགས་པའི་ཆོས་མང་དུ་སྩལ་སྐུ་ཚེ་འདིའི་མཛད་པ་རྫོགས་པ་ན་དགུང་ལོ་ང་དགུ་བཞེས་པ་ཤིང་མོ་ཡོས་ཀྱི་ལོ་ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ལ་ཟླ་བ་གཟའ་ལས་གྲོལ་བ་དང་དུས་མཉམ་དུ་བདེ་བར་གཤེགས་པའི་ཚུལ་བསྟན་ཏོ།   །དེའི་ཚེ་སྤུར་ལ་འཇའ་ཚོན་ཀ་བ་ལྟར་ཟུག་པ་དང༌། མེ་ཏོག་གི་ཆར་ཆེན་པོ་བབས། དེ་ནས་ཚོང་དུས་མགུར་མོའི་ཡོན་བདག་རྣམས་ཀྱིས་སྐུ་གདུང་ཚོང་དུས་སུ་གདན་དྲངས་པ་ན། མཁྱེན་རབ་དབང་ཕྱུག་བུ་སྟོན་རིན་པོ་ཆེས་ཐོག་དྲངས་སྣམ་སྦྱར་གྱོན་པའི་དགེ་སློང་ཉིས་བརྒྱ་ལྷག་ཙམ་གྱིས་སྤོས་དང༌།    གདུགས་དང་རྒྱལ་མཚན་དང་རོལ་མོ་ལ་སོགས་པའི་མཆོད་པ་མང་པོ་དང༌།   སྐྱེ་བོའི་ཚོགས་ཀྱི་ཁྲོམ་ཆེན་པོས་བསུ་བ་བྱས་ནས།   ཚོང་དུས་ཀྱི་གྲོང་ཁྱེར་དང་ཉེ་བར་སྐུ་གདུང་བཞུ་བའི་ཚེ་མེ་ཏོག་གི་ཆར་ཆེན་པོ་བབས་ཤིང་རིང་བསྲེལ་མང་བོ་བྱོན།    དུས་ཕྱིས་སྐུ་གདུང་གི་སཱཙྪ་དང་གདུང་ཐལ་བཞུགས་པའི་ཁང་བུ་ལའང་རིང་བསྲེལ་འཛག་པ་བྱུང་སྟེ། ངོ་མཚར་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号