ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་མཁན་ཆེན་བདེ་བ་དཔལ་གྱི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

      ༈     མཁན་ཆེན་བདེ་བ་དཔལ་ནི།    གཙང་རོང་གཡག་སྡེར་ལྕགས་མོ་ཡོས་ལ་སྐུ་འཁྲུངས།   སྐུ་གཞོན་ནུ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་རབ་ཏུ་བྱུང་སྟེ་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོན་པར་མཛད།  དགུང་ལོ་ཉི་ཤུ་ལོན་པ་ལྕགས་ཕོ་ཁྱིའི་ལོ་ལ་མཁན་ཆེན་ལྷོ་བྲག་པ་བྱང་ཆུབ་དཔལ་གྱིས་མཁན་པོ། སློབ་དཔོན་བསོད་ནམས་བཟང་པོས་ལས་སློབ། སློབ་དཔོན་དབང་ཕྱུག་གྲགས་པས་གསང་སྟོན་མཛད་དེ། དགེ་འདུན་གྱི་དབུས་སུ་ཆིག་རྫོགས་མཛད་ནས་འདུལ་བ་ལུང་སྡེ་བཞི་ནས་གསུངས་པའི་དགེ་སློང་གི་བསླབ་བྱ་ཕྲ་རགས་རྣམས་མིག་འབྲས་ལྟར་བསྲུང་བར་མཛད་ཅིང༌། སྦྱངས་པའི་ཡོན་ཏན་སྟན་གཅིག་པའི་བརྟུལ་ཞུགས་ལ་གནས་པའི་ངང་ནས་མཁན་པོའི་དྲུང་དུ་མེ་ཏོག་འཕྲེང་བརྒྱུད་མཁན་ཆེན་པ་ཉིད་ཀྱིས་མཛད་པའི་ཊྰིཀྐ་དང་སྦྱར་བ་དང༌། སྤྱོད་འཇུག་སོགས་མདོ་ཕྱོགས་ཀྱི་གཞུང་དང་མན་ངག་མང་དུ་གསན།   ཁྱད་པར་མཁན་ཆེན་བྱང་ཆུབ་དཔལ་བ་ལ་སྣེའུ་ཟུར་པ་ནས་བརྒྱུད་པའི་ལམ་རིམ་དང༌།   དམིགས་པ་སྐོར་གསུམ་ལ་སོགས་པ་མི་གཡོ་བའི་སྒྲུབ་ཡིག་རྣམས་དང༌།ཆོས་རྗེ་པཎ་ཆེན་ནས་བརྒྱུད་པའི་འཇམ་དཀར་སྒྲོལ་དཀར་བདེ་མཆོག་དཀར་པོ་གཉན་གྱི་སྒྲོལ་མ་ལ་སོགས་པ་བཀའ་ལུང་མང་དུ་གསན། སློབ་དཔོན་ཡོན་ཏན་དཔལ་ལ་ཐེག་པ་ཆེན་པོ་བློ་སྦྱོང་གི་གདམས་པ་ཟབ་མོ་དང༌། སློབ་དཔོན་བཀྲ་ཤིས་བསོད་ནམས་ལ་ལག་སོར་བ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་དང༌།   བླ་མ་རྫོང་ཕུ་བ་ལ་དོན་ཡོད་ཞགས་པའི་སྒྲུབ་སྐོར་རྣམས་གསན། གཞན་ཡང་གཡག་སྡེ་ལོ་ཙཱ་བ།    མདོ་ཕུག་གི་སློབ་དཔོན་དཀོན་མཆོག་གྲགས།  འགྲོ་མགོན་འཕགས་པ།མཁན་པོ་སེང་གེ་ཟིལ་གནོན། རིན་པོ་ཆེ་ཁྲོ་ཕུ་བ་སོགས་བསྟེན་ཏེ།    གཞུང་དང་གདམས་པ་མང་པོ་གསན་ཞིང་མཁན་ཆེན་བྱང་ཆུབ་དཔལ་གཤེགས་ནས་ལོ་གསུམ་གྱི་བར་སློབ་དཔོན་བསོད་ནམས་སྟོབས་ཀྱིས་ཚོགས་པའི་དབུ་མཛད་བྱས།  དེའི་བར་དགའ་བ་གདོང་དུ་དབྱར་ཉི་མ་བརྩོན་འགྲུས་ལ་ཕར་ཕྱིན་གསན།   དེ་ནས་དགུང་ལོ་སུམ་ཅུ་རྩ་བརྒྱད་པ་ལྕགས་ཕོ་འབྲུག་ལ་གདན་སར་བྱོན། ཉི་ཤུ་རྩ་བདུན་གྱི་རིང་གདན་ས་མཛད་ནས་མེ་ཕོ་སྟག་ལ་དཀའ་བཞི་པ་ལ་གདན་ས་གཏད་ནས་ཟུར་བཞུགས་མཛད་དེ་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ལུས་པ་ཉམས་ལེན་གྱི་ལུས་གཅིག་ཏུ་དྲིལ་བ་བྱང་ཆུབ་ལམ་གྱི་རིམ་པ་དང༌།    དེའི་སྙིང་པོ་བདག་གཞན་མཉམ་བརྗེའི་བློ་སྦྱོང་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པས་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་མྱོང་བ་ཕུལ་ཕྱིན་ཐོན་ཞིང་ཐུགས་རྗེ་ཆེན་པོ་དང་རྣམ་པར་རྒྱལ་མའི་ཞལ་གཟིགས། ཚུལ་ཁྲིམས་ཀྱི་དྲི་ངད་བཟང་པོ་ལྡང༌།   ཆོས་སྐྱོང་རྣམ་ཐོས་སྲས་ཀྱིས་འཕྲིན་ལས་བསྒྲུབ་པར་མཛད་དོ།  །དེ་ནས་དྲུག་ཅུ་རྩ་བདུན་བཞེས་པ་མེ་མོ་བྱ་ལ་སྐུ་གཤེགས།སྐུ་གདུང་བཞུ་བའི་ཚེ་ཐུགས་ལ་མེས་མ་རེག་པར་སྒྲ་དང་བཅས་ཏེ་བྱོན་པ་ད་ལྟའང་བྱེས་ཀྱི་རྟེན་གྲལ་ན་བཞུགས་སོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号