ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་མཁས་གྲུབ་ཆེན་པོ་ཤེས་རབ་སེངྒེའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
   དེ་ནས་ཕྱིར་ལོག་ཕེབས་དུས་རྗེ་དགེ་འདུན་གྲུབ་ཀྱིས་རྗེ་འདི་ཉིད་ལ་ཕྱག་ཕུལ་ཏེ་ཞབས་སྤྱི་བོར་བླངས་ནས་ཡུན་རིང་དུ་བཞུགས་པའི་གསོལ་བ་བཏབ་སྟེ་གྲྭ་པ་མཚན་ཉིད་པ་རྣམས་ཁྲིད་ནས་ཤེལ་དཀར་ཕྱོགས་སུ་ཕེབས། རྗེ་འདི་ཉིད་ཀྱིས་གྲྭ་པ་སྔགས་པ་རྣམས་འཁྲིད་ནས་བསམ་གྲུབ་རྩེར་ཕེབས་ཏེ་རེ་ཞིག་བཞུགས་ནས་རྒྱུད་ཀྱི་འཆད་ཉན་འཕེལ་བར་ཡོང་པའི་ཚེ།   རྗེ་བླ་མ་ཙོང་ཁ་པ་ཆེན་པོས་སྔར་ལུང་བསྟན་གནང་བ་བཞིན་གནོད་སྦྱིན་མོའི་སྤྲུལ་པ་བདག་མོ་ཤཱཀྱ་དཔལ་གྱིས་གདན་དྲངས། དེར་ཆོས་རྗེ་འཕགས་འོད་ཡོན་ཏན་རྒྱ་མཚོ་སོགས་ལ་གསང་འདུས་དང་བདེ་མཆོག་སོགས་གསང་སྔགས་ཀྱི་ཆོས་མཐའ་ཡས་པ་ཞིག་གསུངས་ཏེ་ཁོང་དཔོན་སློབ་རྣམས་དགེ་ལྡན་པའི་ཆོས་རྒྱུད་འཛིན་པ་ལ་བསྒྱུར།   འཕགས་འོད་ཡོན་ཏན་རྒྱ་མཚོ་རྡོ་རྗེ་སློབ་དཔོན་དུ་བསྐོས་ཏེ་གནས་དེར་རྒྱུད་ཀྱི་འཆད་ཉན་བཙུགས། བྱིན་རླབས་ཀྱི་རྟེན་དུ་སྔར་རྗེ་རིན་པོ་ཆེས་གནང་བའི་དམ་ཅན་ཆོས་རྒྱལ་ཞལ་འབག་དང༌། འཆམ་གོས་དབྱུག་ཏོ་བཅས་གནང༌། དེ་ནས་སྲད་ཀྱི་སའི་ཆར་དགའ་ལྡན་ཕོ་བྲང་ཞེས་པའི་དགོན་གནས་བཏབ་སྟེ་རྒྱུད་ཀྱི་རྒྱལ་པོའི་འཆད་ཉན་འཛུགས་པར་མཛད་ནས་འདུལ་འཛིན་དཔལ་ལྡན་བཟང་པོ་འཆད་ཉན་པར་བསྐོ་བཞག་མཛད། བྱིན་རླབས་ཀྱི་རྟེན་དུ་རྗེ་རིན་པོ་ཆེས་གནང་བའི་འགྲེལ་པ་བཞི་སྦྲགས་ཀྱི་གླེགས་བམ་གནང༌། དེ་ནས་དབུས་ཕྱོགས་སུ་ཕེབས་ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྒྱུད་ཀྱི་འཆད་ཉན་བཙུགས། དེ་ནས་དམ་པའི་ཆོས་ཀྱི་འབྱུང་གནས་ཞ་ལུར་ཕེབས་ཏེ་མཁན་ཆེན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དཔལ་མཆོག་དང་རྩེ་མོ་དང་རྡོར་དབྱིངས་སོགས་རྒྱུད་སྡེ་འོག་མ་རྣམས་ཀྱི་དབང་དང་རྒྱུད་བཤད། ལུང་དང་མན་ངག་དཔག་ཏུ་མེད་པ་གསན་ཅིང་དེ་དག་ལ་སྦྱངས་པ་མཛད་པས་མཁས་པར་གྱུར།   དེ་ནས་སླར་ཡང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས།    རྒྱལ་ཚབ་རིན་པོ་ཆེར་དུས་འཁོར་གྱི་ཆོས་སྐོར་གསན་པའི་ཐུགས་འདུན་ཡོད་པ་ལ་དགེ་སྦྱོང་དཀར་པོས་རྟ་ནག་ཏུ་གདན་དྲངས་ཏེ་རི་ཁུད་ཆོས་སྡེ་ཕུལ་བས་དེ་ཉིད་ཞལ་བདག་གནང་སྟེ་ལོ་ཁ་ཤས་འཆད་ཉན་འཕེལ་བར་བཞུགས། དེ་དུས་རི་བོ་དགེ་འཕེལ་དུ་ཕེབས་ནས་ཀུན་མཁྱེན་ཤེས་རབ་དཔལ་བཟང་ཡབ་སྲས་ཀྱི་དྲུང་དུ་ཡང་ཆོས་བཀའ་མང་པོ་གསན་པར་མཛད། དེ་ནས་རྗེ་དགེ་འདུན་གྲུབ་པ་དཔོན་སློབ་རྣམས་ལ་སྟོད་ཕྱོགས་ནས་ཕེབས་ཏེ་ཡབ་སྲས་མཇལ་བས་ཕན་ཚུན་ཐུགས་ཤིན་ཏུ་དགྱེས་པར་གྱུར། དེ་ནས་ཡབ་སྲས་བཀའ་བགྲོས་གནང་སྟེ་རྗེ་དགེ་འདུན་གྲུབ་པ་རི་ཁུད་ཀྱི་གདན་སར་བསྐོས་ནས་རྗེ་འདི་ཉིད་ཀྱིས་དབུས་སུ་ཕེབས།   དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མཁས་གྲུབ་རིན་པོ་ཆེར་དུས་འཁོར་གྱི་དབང་དང་རྒྱུད་འགྲེལ་གྱི་བཤད་པ་སྦྱོར་དྲུག་གི་ཁྲིད་སོགས་གསུང་ཆོས་མང་པོ་གསན། རྒྱུད་ཁང་ཉིད་དུ་ཐུགས་དམ་ལ་བརྩོན་པར་བཞུགས་པས་བར་གཅོད་ཅུང་ཟད་བྱུང་བ་ཐུགས་དམ་གྱིས་བཟློག་པར་མཛད། གནས་དེར་འདུས་པའི་རིམ་པ་དང་པོའི་ལམ་ལ་གོམ་པར་མཛད་པས་ཐ་མལ་གྱི་སྣང་ཞེན་འགགས་ཤིང༌། རིམ་པ་གཉིས་པའི་ལམ་ལ་མཉམ་པར་འཇོག་པར་མཛད་པས་ཀུན་རྟོག་གཡོ་བྱེད་ཀྱི་རླུང་རྣམས་ངྷུ་ཊྰིར་ཐིམ་པར་གྱུར།    དེ་ལ་བརྟེན་ནས་མཉམ་གཞག་ཏུ་བདེ་བ་ཆེན་པོ་འཁྲུངས་ཤིང༌།   བདེ་བ་ཆེན་པོས་སྟོང་པ་ཉིད་ངེས་པར་མཛད་དེ་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཡུན་རིང་དུ་སྐྱོང་བར་མཛད་ནས་མཉམ་གཞག་དེ་ལས་བཞེངས་པའི་རྗེས་ཐོབ་ཏུ་ཡུལ་དུ་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་རྣམ་རོལ་དུ་འཆར་བ་དང༌། དེ་གཉིས་ཀྱང་ལྷ་སྐུར་འཆར་བ་བྱུང་ཞིང༌། སྲོག་རྩོལ་གསུམ་གྱི་རྡོར་བཟླས་དང༌། རླུང་བུམ་པ་ཅན་དང་ཁྱབ་བྱེད་ཀྱི་རླུང་ལ་རྡོར་བཟླས་གནང་བས་གྲུབ་པའི་དབང་ཕྱུག་ཏུ་གྱུར། དེ་ནས་སྔར་གསན་པའི་མདོ་སྔགས་ཀྱི་ཆོས་རྣམས་གདུལ་བྱ་རྣམས་ལ་བཤད་ན་ལེགས་པར་དགོངས་ཏེ། ཆོས་དོན་དུ་གཉེར་བ་རྣམས་ལ་བྱང་ཆུབ་ལམ་རིམ་དང་འདུས་པ་བདེ་མཆོག་སོགས་ཀྱི་ཁྲིད་དང་བཤད་པ་དབང་རྗེས་གནང་སོགས་གནང་ཞིང༌།  ཁྱད་པར་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་སྤྱན་སྔར་འདུས་པའི་རྒྱུད་ཀྱི་བཤད་སྲོལ་འཛིན་པར་ཞལ་གྱིས་བཞེས་པ་བཞིན་དུ་དེའི་ཚེ་སྣེའུ་གདོང་ནས་དཔོན་ནམ་མཁའ་དཔལ་འབྱོར་གྱིས་སྦྱིན་བདག་མཛད་དེ་ནན་གྱིས་གསོལ་བ་བཏབ་པའི་ངོར་སྟོད་ལུང་གི་གནམ་རྩེང་ལྟེང་དུ་ཕེབས།   གནས་དེར་དགེ་བའི་བཤེས་གཉེན་མང་དུ་འདུས་པ་ལ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་གྱི་བཤད་པ་རྗེ་བླ་མ་རྡོ་རྗེ་འཆང་གི་གསུང་རྒྱུན་བཞིན་གནང་བས་དགེ་བའི་བཤེས་གཉེན་དེ་རྣམས་ལ་ཐུགས་བསྐྱེད་ཤིན་ཏུ་ཆེ་བ་བྱུང་ཞིང་ཁོང་དཔོན་སློབ་རྣམས་ཀྱང་དད་པ་ལྷག་པར་འཁྲུངས།   དེ་ནས་བཟུང་སྟེ་རྗེ་འདི་ཉིད་ཀྱི་ཐུགས་ལ་དགེ་བའི་བཤེས་གཉེན་འདི་རྣམས་སྡོམ་གསུམ་གྱི་ཉམས་ལེན་ལ་གནས་པའི་ངང་ནས་འདུས་པའི་རྒྱུད་འགྲེལ་དང་བསྐྱེད་རྫོགས་གཉིས་ཀྱི་འཆད་ཉན་རྒྱུན་ཚུགས་ཤིག་བྱུང་ན་དགོངས་ཏེ། དཔོན་སློབ་རྣམས་ཕྱོགས་ཕྱོགས་སུ་ཆོས་བར་བཏེག་ནས་དབྱར་སོས་གཉིས་རྒྱུད་འགྲེལ་གྱི་བཤད་པ་དང༌། སྟོན་དུས་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད།   སྦྱོར་བ་ཡན་ལག་དྲུག་གི་ཁྲིད། ནཱ་རོ་ཆོས་དྲུག་གི་ཁྲིད། འཁོར་ལོ་སྡོམ་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད།   དེའི་རྫོགས་རིམ་རིམ་པ་ལྔའི་ཁྲིད། རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་བཞིའི་ཁྲིད་རྣམས་འདེབས་པར་མཛད་ལ།   འདི་རྣམས་ལ་ཁྲིད་ཆེན་དྲུག་ཅེས་གྲགས་ཤིང༌།   དེའི་སྟེང་དུ་འཁོར་ལོ་ཆེན་པོའི་རྫོགས་རིམ་གྱི་ཁྲིད་དང༌།     ཡེ་ཤེས་ཞབས་ལུགས་ཀྱི་འདུས་པའི་རིམ་གཉིས་ཀྱི་ཁྲིད་བསྣན་ནས་ཁྲིད་ཆེན་བརྒྱད་དུ་ཡང་གྲགས་པ་དང༌།   དེའི་སྟེང་དུ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང༌།   དབུ་མ་ཐལ་འགྱུར་བའི་ལྟ་ཁྲིད་ཀྱང་འདེབས་པར་མཛད་དོ།    །དེ་རྣམས་ཀྱི་ནང་ནས་འདུས་པ་དང་འཁོར་ལོ་སྡོམ་པ་གཉིས་ཀྱི་རྫོགས་རིམ་གྱི་ཁྲིད་ལ་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་སློབ་གཞན་ལ་མེད་པའི་མན་ངག་ཞལ་ཤེས་ཡི་གེ་མེད་པ་མང་པོ་ཡང་རྗེ་འདི་ཉིད་ལ་ཡོད་པས་དེ་རྣམས་ཀྱང་གསུངས་ཤིང༌།   ཁྲིད་དེ་རྣམས་དུས་ཕྱིས་ཀྱང་ལན་རེ་གཉིས་ཙམ་མིན་པར་ལོ་རེ་བཞིན་འདེབས་པར་མཛད་པས་བསྟན་པའི་རྒྱུན་ལ་ཕན་པར་བྱུང་ཞིང་བློ་ལྡན་རྣམས་ཀྱིས་བསྔགས་པའི་གནས་དང༌།  སྐྱེ་དགུ་རྣམས་ཀྱི་བདེ་སྐྱིད་ཀྱི་གསོས་སུ་གྱུར་པ་ལགས།  དེ་ནས་རྒྱུད་ཀྱི་འཆད་ཉན་རྒྱུད་ཆེན་སྦྱིན་པ་དཔལ་བ་ལ་གཏད་ཅིང༌། གྲྭ་ཚང་གི་བྱིན་རླབས་ཀྱི་རྟེན་དུ་རྗེ་རིན་པོ་ཆེས་གནང་བའི་གསང་བ་འདུས་པའི་གསེར་སྐུ་བྱིན་རླབས་ཅན་དེ་གནང་ངོ༌།  །དེ་ལྟར་རྒྱུད་ཀྱི་འཆད་ཉན་གནང་བཞིན་པའི་ངང་ནས་སྐུ་འཁོར་རྣམས་ལ་དཔེ་ཆ་འདི་རྣམས་དགེ་འདུན་གྲུབ་པའི་སར་སྐྱོལ། རྒྱུད་སྡེའི་འཆད་ཉན་འདི་སྦྱིན་པ་དཔལ་བས་གྱིས།  དེའི་གྲོགས་དགོས་པ་གྲགས་པ་བཟང་པོ་ལ་ཆོལ།   ཞེས་གསུངས་ནས་མྱ་ངན་ལས་འདའ་བའི་ཐུགས་འདུན་གཏད།  དེ་ནས་རྒྱུད་ཀྱི་གྲྭ་ཚང་དང་ལྷན་ཅིག་ཏུ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པའི་ངང་ནས་ཐུན་མཚམས་སུ་ཆོས་གསན་མི་རྣམས་ལ་རང་རང་གི་འདོད་པ་དང་མཐུན་པའི་ཆོས་རྣམས་སྩལ།  དེའི་ཚེ་རྗེ་འདི་ཉིད་ཀྱི་ཐུགས་རྒྱུད་ལ་མངོན་པར་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས་སོ། །དེ་ནས་སྐུ་ཚེ་འདིའི་དངོས་ཀྱི་གདུལ་བྱ་རྫོགས་ཏེ་ཞིང་གཞན་དུ་འབྱོན་པར་དགོངས་པ་ན་ཐུགས་དམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བཞུགས་ཤིང༌།  དེའི་ཚེ་དག་པའི་གཟིགས་སྣང་ལ་སྐུ་མདུན་གྱི་བར་སྣང་ལ་རྗེ་བཙུན་བྱམས་པ་དང་འཇམ་དབྱངས་གཉིས་ཀྱིས་ཤེར་ཕྱིན་གསུངས་ཤིང༌།   ཤེར་ཕྱིན་གྱི་མདོ་སྒྲོགས་ཤིག་ཅེས་བཀའ་སྩལ་པ་ཡང་དེ་བཞིན་དུ་མཛད་ཅིང༌། དཔལ་གསང་བ་འདུས་པ།   འཁོར་ལོ་སྡོམ་པ།   དུས་ཀྱི་འཁོར་ལོ་སོགས་ཡི་དམ་མང་པོའི་ཞལ་གཟིགས།    དེ་གའི་ངང་ནས་འོད་གསལ་ཆོས་སྐུ་མངོན་དུ་མཛད་ནས་དེའི་ངང་ལ་ཡུན་རིང་མཉམ་པར་འཇོག་པ་གནང༌། དེ་ལས་ལོངས་སྐུར་བཞེངས་པའི་ཚེ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་དང་རོལ་མོའི་སྒྲ་ལ་སོགས་པས་མཆོད་ཅིང་ནམ་མཁའ་གཡའ་དག་པ་ལ་འཇའ་འོད་ཀྱིས་ཁྱབ་པ་དང༌།   དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་རོལ་མོའི་སྒྲ་ལ་སོགས་པས་མཆོད་ཅིང་བསུས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དྲུང་དུ་ཕེབས་སོ།   །དེ་ནས་རྗེས་འཇུག་རྣམས་ཀྱིས་སྐུ་གདུང་ལ་མཆོད་པ་རྒྱ་ཆེར་བྱས་ཏེ་ཞུགས་ལ་ཕུལ་བ་ན་དབུ་ཐོད་རིལ་པོར་མ་ཉམས་པར་བྱོན་པ་དང༌།   རིང་བསྲེལ་ཆེས་ངོ་མཚར་བར་བྱོན་པ་དག་ནི་རྗེ་དགེ་འདུན་གྲུབ་ཀྱིས་བཞེས་ཏེ་བཀྲ་ཤིས་ལྷུན་པོའི་ཐུབ་ཆེན་གྱི་སྐུའི་ནང་དུ་བཞུགས་སོ།    །དེ་ལྟར་རྗེ་ཤེས་རབ་སེང་གེ་འདིས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྟན་པའི་སྙིང་པོ་མཐར་ཐུག་པ་རྣམས་རྒྱ་ཆེར་སྤེལ་བར་མཛད་པས་རྒྱུད་འཛིན་གྱི་སློབ་མ་མཐའ་ཡས་པ་བྱོན་ཞིང༌།   རྒྱུད་ཀྱི་བཤད་སྲོལ་འཛིན་པ་ནི་གཙང་དུ་འདུལ་ནག་པ་དཔལ་ལྡན་བཟང་པོས་སྲད་དུ་རྒྱུད་གྲྭ་བཙུགས་ཏེ་འདུས་པའི་བཤད་སྲོལ་མ་ཉམས་པར་བསྐྱངས།   པཎ་ཆེན་བཟང་པོ་བཀྲ་ཤིས་ཀྱིས་གངས་ཅན་དུ་མདོ་སྔགས་གཉིས་ཀའི་བཤད་གྲྭ་བཙུགས་ཏེ་བཤད་སྲོལ་མ་ཉམས་པར་བསྐྱངས།    རྒྱུད་ཆེན་སྦྱིན་པ་དཔལ་བས་རྒྱུད་སྨད་གྲྭ་ཚང་དུ་རྗེའི་སྔགས་ཀྱི་བཤད་སྲོལ་མ་ཉམས་པར་བསྐྱངས།   རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་འཆུམ་མདའ་སོགས་སུ་རྒྱུད་ཀྱི་བཤད་སྲོལ་མ་ཉམས་པར་བསྐྱངས་པ་ལ་རྒྱུད་སྟོད་དུ་གྲགས་པ་བྱུང༌།   འཕགས་འོད་ཡོན་ཏན་རྒྱ་མཚོས༌ལྷུན་པོ་རྩེར་འདུས་པའི་བཤད་སྲོལ་མ་ཉམས་པར་བསྐྱངས་ཤིང་སྒྲོན་གསལ་གྱི་མཆན་བུ་རྗེ་བདག་ཉིད་ཆེན་པོའི་དགོངས་པ་རྨ་མེད་པར་བཀོད་པ་སྒྲོན་གསལ་རྣམ་ངེས་ཞེས་བྱ་བའི་ལེགས་བཤད་རྨད་དུ་བྱུང་བ་འདི་མཛད་དོ། །གཞན་ཡང་རྒྱུད་འཛིན་གྱི་སློབ་མ་མཐའ་ཡས་པ་བྱུང་ཞིང་ཐམས་ཅད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་ཞིང་འཕྲིན་ལས་ནམ་མཁའ་དང་མཉམ་པ་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའོ།  །དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་མཁས་གྲུབ་ཆེན་པོ་ཤེས་རབ་སེང་གེ་ལ་གསོལ་བ་འདེབས་ཤིང༌། བདག་ཉིད་ཆེན་པོ་འདིའི་རྣམ་ཐར་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་བག་ཆགས་ཅི་ཐེབས་བྱའོ། །

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号