ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཆོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
མཛངས་བླུན་སོགས་ལས་འབྲས་ཀྱི་བྱུང་བ་རྣམས་བཤད་ནས།   གཙོ་བོར་དཀར་ཆོས་ཐམས་ཅད་ཀྱི་རྩ་བ་དཀོན་མཆོག་དང་ལས་འབྲས་ལ་དད་པའི་དད་པ་བརྟན་པོ་མི་ཉམས་གོང་འཕེལ་དུ་འགྲོ་བའི་ཐབས་ཀྱིས་སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་ལ་འགོད་པ་སོགས་བསྟན་པ་དང་འགྲོ་བ་ལ་ཕན་པའི་བྱ་བ་བཟང་པོ་དོན་དང་ལྡན་པ་ལ་ནན་ཏན་གྱིས་འབད་འཚལ།   ཞེས་དང༌།   ཚིགས་སུ་བཅད་པའི་ཞལ་གདམས་ནི།   སྐྱབས་དུས་གསུམ་རྒྱལ་བ་མ་ལུས་པ། །དེར་ཐ་མལ་རྡོ་རྗེ་འཛིན་པའི་གཟུགས། །དོན་སྐུ་བཞིའི་མངའ་བདག་བླ་མ་རྗེ།   །ཡིད་གསོལ་བ་འདེབས་སོ་བྱིན་གྱིས་རློབས།    །ཁྱོད་སྔོན་བསགས་ལེགས་བྱས་རྒྱ་མཚོ་ལས།   །རྟེན་དལ་འབྱོར་ནོར་བུ་ལག་རྩེར་སོན།  །བཀའ་མདོ་རྒྱུད་གདམས་པའི་བྱི་དོར་གྱིས། །སེམས་རང་འོད་གསལ་བ་ཁོང་ནས་འབྱིན།   །རང་རྟོགས་ཟིན་གནས་ལ་ཐ་སྙད་ཀྱི།   །ཚིག་སྐམ་པོས་གསལ་འདེབས་མ་དགོས་ཀྱང༌།   །ཡིད་དང་བས་བསྐུལ་བའི་འཕྲིན་ལན་དུ།   །གཏམ་འདི་སྐད་སྨྲ་ལ་སྙན་གསོན་ཅིག  །སྔོན་འཁོར་བར་དེ་ཙམ་འཁྱམས་འཁྱམས་ནས།   །གཞན་ཕན་བདེ་ལྟ་ཞོག་རང་ལ་ཡང༌།   །རྡུལ་ཕྲ་མོའི་ཆ་ཡི་ཕན་པ་ཙམ།   །དེང་སྔོན་ཆད་གྲུབ་པ་ཅང་གདའ་འམ།   །ད་ཆོས་ལྡན་མི་ཡི་ལུས་སུ་གྲུབ།   །ཟབ་རྒྱ་ཆེའི་གདམས་པ་སྡེ་སྣོད་གསུམ།    །ཐོས་བསམ་པས་རྟོགས་པའི་གནས་སྐབས་འདིར།    །དོན་རྩེ་གཅིག་སྒྲུབ་ལ་ནན་ཏན་མཛོད།   །མཆོག་ཐུན་མོང་དངོས་གྲུབ་མ་ལུས་པ།    །ཡིད་གང་བསམ་སྩོལ་བའི་ནོར་བུ་དེ།   །སྐྱབས་བླ་མ་མཆོག་གསུམ་ཡིན་པས་ན།   །མོས་གུས་ཀྱི་གསོལ་འདེབས་ནན་ཏན་མཛོད།   །དུས་དེ་རིང་ཉི་མ་མ་ནུབ་གོང༌།   །ཁོང་འཆི་བདག་རྒྱལ་པོའི་ཆད་ལས་ཀྱིས། །སྲོག་དབུགས་འདི་མི་གཅོད་གདེང་མེད་པས།    །ཁྱེད་འཆི་བ་འདི་ལ་བག་གཟོན་མཛོད།  །གཉེན་འཁོར་གཡོག་ལོངས་སྤྱོད་ཐམས་ཅད་ཀྱིས། །འཕྲལ་རང་སེམས་བདེ་བའི་གོ་སྐབས་བཅོམ། །སྲེད་ཞེན་ཀྱིས་འཆི་ཁར་འཆིང་བས་ན།   །ཁྱེད་འདོད་ཡོན་འདི་ལ་དགྲ་རུ་ལྟོས། །ཟས་གོས་ཀྱི་ཕན་པས་བསྐྱངས་བསྐྱངས་ཀྱང༌།     སྐད་ཅིག་བཞིན་མི་སྡུག་འགྱུར་བ་སྟོན།   །རྫས་ངན་གྱིས་གང་པའི་རྐྱལ་པ་བཞིན།   །ཁྱེད་རང་ལུས་འདི་ལ་ཁུར་དུ་ལྟོས།   །སྔོན་དེ་ཙམ་མྱོང་བའི་སྡུག་བསྔལ་ཀུན།   །ཟག་བཅས་ཀྱི་ཕུང་པོ་འདི་ལས་བྱུང༌།   །ད་སྡུག་ལ་རྒྱན་དུ་མ་ལྟ་བར།   །ཁྱེད་འཕུང་སྣ་འདི་དང་རྒྱབ་གྱེས་མཛོད།   །ལྷ་ཚངས་དབང་སྲིད་རྩེར་ཕྱིན་ནས་ཀྱང༌།   །ལས་ཉོན་གྱིས་རང་རྒྱུད་བཅིངས་བཞིན་དུ།   །མནར་མེད་ཀྱི་མེ་ནང་ལྟུང་བས་ན།   །གནས་ཁམས་གསུམ་འདི་ལ་སྐྱོ་བར་མཛོད།    །རང་ལུས་སེམས་གདུང་བས་མནར་བའི་ཚེ། །ཁོང་དེ་འདྲའི་འགྲོ་ལ་སྙིང་རྗེ་བསྐྱེད།   །འགྲོ་ཀུན་གྱི་སྡུག་བསྔལ་ཚུར་བླངས་ནས།   །གཞན་དགའ་བདེས་ཚིམས་པའི་གཏོང་ལེན་སྦྱོངས།   །སྔོན་སེམས་ཅན་རྣམས་ཀྱིས་བདག་གི་ཕྱིར།   །སྲོག་ཡལ་བར་བོར་བའི་གྲངས་ཙམ་ཡང༌།  །དཔག་མི་ནུས་དྲིན་གྱིས་བསྐྱངས་པས་ན།   །ཡོངས་ཕ་མའི་དྲིན་ལན་སེམས་ལ་ཆོངས།    །དོན་བླང་དོར་མཐོང་བའི་མིག་དང་བྲལ།   གནས་ངན་སོང་གཡང་ཁར་གོམ་འགྲོས་འཁྱོར།   །ལས་ཉོན་མོངས་སྒྲོག་གིས་དམ་དུ་བཅིངས།   མ་ཉམ་ཐག་འགྲོ་ལ་སྙིང་རྗེ་སྒོམས།   །གནས་འཁོར་བ་སྟོང་མིན་དེ་སྲིད་དུ།   །ལྷུན་གྲུབ་ཀྱི་གཞན་དོན་རྒྱུན་འཆད་མེད།   །རང་བདེ་བ་མཐར་ཕྱིན་སངས་རྒྱས་ལ།   །དུས་མྱུར་དུ་རེ་བའི་དོན་གཉེར་མཛོད།   འཁོར་འདས་ཀྱི་ཆོས་ཅན་མ་ལུས་པ།   །རང་རྟོག་པས་བཅོས་པའི་སྒྱུ་མ་ལ། །དོན་བདེན་པར་བཟུང་ན་བསླུ་བའི་ཕྱིར། །འཁྲུལ་སྣང་ལ་མ་ཞེན་སྟོང་པར་ལྟོས།   །ཉེང་འཁྲུལ་གྱི་རྨི་ལམ་མི་བདེན་ཡང༌།   །སེམས་དགའ་སྡུག་བསྐྱེད་པའི་ནུས་པ་བཞིན།   །ལྟོས་གྲུབ་ཀྱི་རྟེན་འབྲེལ་མི་བསླུ་བས།   །ལས་རྒྱུ་འབྲས་བླང་དོར་གཟབ་པར་མཛོད།   །ལུས་སྣང་སྟོང་ལྷ་སྐུ་སྒྱུ་མ་བཞིན། །གནས་གར་སྡོད་རང་སྣང་གཞལ་ཡས་ཁང༌།   །སྒྲ་གང་གྲག་གསང་སྔགས་དར་དིར་ལ།  །ཡེངས་མེད་ཀྱི་དྲན་པ་རྒྱུན་དུ་སྟོན།  །སྙིང་དབུས་ཀྱི་མི་ཤིགས་རླུང་སེམས་དེ། །སྐྱབས་ཀུན་འདུས་ངོ་བོར་གསལ་བཏབ་སྟེ།   །ཅི་ཟ་དང་ཅི་འཐུང་བདུད་རྩིར་སྟོབས།   །ཚོགས་འཁོར་ལོའི་ལོངས་སྤྱོད་ཞེན་མེད་རོལ།   །མཐར་བེམ་རིག་འབྲལ་བར་ཕྱོགས་པའི་ཚེ། །ཐིམ་རིམ་གྱི་རྟགས་རྣམས་ངོས་བཟུང་སྟེ།   །སྔར་འདྲིས་ཀྱི་གྲོགས་དང་འཕྲད་པ་བཞིན།   །གཞིའི་འཆི་བ་འོད་གསལ་ཟིན་པར་མཛོད།   །འཕྲང་ཉམ་ང་བར་དོར་འགྲིམ་པ་ན།   །རང་གཅིག་པུ་ལས་གཞན་གྲོགས་མེད་ཕྱིར། །དུས་ད་ལྟ་ལྷ་དང་བླ་མ་ལ།   །ལམ་བདེ་བར་སྒྲོལ་བའི་སྐྱེལ་མ་ཞུས།   །ལར་སྐྱེ་འཆི་བར་དོ་གང་ལ་ཡང༌།   །དུས་ད་ལྟའི་བག་ཆགས་གཙོ་ཆེ་བས།   །དེ་སྦྱོང་བྱེད་བསྐྱེད་རྫོགས་རྣལ་འབྱོར་གྱིས། །སྐྱབས་སྐུ་གསུམ་རང་ངོ་ཤེས་པར་མཛོད།   །དུས་རྟག་ཏུ་རང་གི་སྒོ་གསུམ་ལ། །ཚུལ་ཇི་ལྟར་འདུག་སྙམ་རྟོག་དཔྱོད་ངོས།   །སེམས་ཁོ་ན་འདུལ་བའི་དགེ་སྦྱོར་གྱིས།   །ཁྱེད་ཚེ་མཇུག་དོན་ལྡན་མཛད་པར་ཞུ།   །རང་དེ་ལྟར་དགེ་ལ་འབུངས་བཞིན་དུ།   །གཞན་དད་ལྡན་སྐྱེ་བོ་བགྲང་ཡས་ལ།  །རྣམ་དཀར་གྱི་ས་བོན་འདེབས་པའི་ཕྱིར།   །དུས་གཞན་དོན་སྤྱོད་པས་འདའ་བར་མཛོད། །བདག་སྒོ་གསུམ་བྱ་བ་ཅི་བགྱིས་པ།   །བསྟན་འགྲོ་བ་ཡོངས་ལ་གནས་སྐབས་ཀུན།   །ཕན་རླབས་ཆེན་ཁོ་ནར་གྱུར་ཅིག་སྙམ།   །སྨོན་འདུན་གྱི་འཚམས་སྦྱོར་རྒྱུན་དུ་མཛོད།  །དགེ་འདི་ཡིས་བློ་བཟང་གྲགས་བསྟན་མཆོག ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པ་དང༌།   །མ་མཁའ་མཉམ་སེམས་ཅན་མ་ལུས་པ།   །དཔལ་སྐུ་གསུམ་གོ་འཕང་ཐོབ་གྱུར་ཅིག   །ཅེས་པ་རྣམས་གནང་ངོ༌།  །དེ་ནས་འབྲས་སྤུངས་སྔགས་པ་བླ་ཟུར་བློ་བཟང་ཆོས་འཕེལ་གྱིས་གསོལ་བ་བཏབ་ནས་འབྲས་སྤུངས་འདུ་ཁང་ཆེན་མོར་སྡེ་སྣོད་འཛིན་པ་སྟོང་ཕྲག་མང་པོ་ལ་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་སྩལ། དེ་ནས་རྒྱུད་སྟོད་ཚོགས་ཡོངས་ཀྱིས་གསོལ་བ་བཏབ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཡོངས་རྫོགས་ཀྱི་སྟེང་དུ་གཞན་མང་པོ་དང་བཅས་དགེ་འདུན་སྟོང་དང་ལྔ་བརྒྱ་སྐོར་ལ་དཔལ་གསང་བ་འདུས་པའི་དབང་བཞི་སྟ་གོན་དང་བཅས་པ་རྒྱས་པར་སྩལ།  དེ་ནས་དད་ལྡན་སུམ་ཅུ་སྐོར་ཞིག་ལ་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་དང༌།   འཇིགས་བྱེད་སྔགས་བཏུ་དང༌།   སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་རྗེས་གནང་མང་དུ་སྩལ།   དེ་ནས་སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག་པའི་བསྟན་པ་ནམ་ཡང་མི་ནུབ་པར་ཡུན་རིང་དུ་གནས་པའི་ཕྱིར་དང༌།  རྗེ་བདག་ཉིད་ཆེན་པོས་སྐུ་དང་སྲོག་ལའང་མ་གཟིགས་པར་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་བསྒྲུབས་པའི་བསྟན་པའི་སྙིང་པོ་མཐར་ཐུག་པ་འདི་ཆེས་ཆེར་འཕེལ་པར་བྱ་བའི་ཕྱིར་ཕོ་བྲང་ཆེན་པོ་པོ་ཏ་ལར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་རྒྱལ་བ་ཙོང་ཁ་པ་ཆེན་པོས་་གསལ་བར་མཛད་པ་ཇི་བཞིན་དུ་གསར་བཞེངས་མཛད་དེ་ཇི་སྲིད་རྒྱལ་བསྟན་ནམ་གནས་ཀྱི་བར་དུ་ནམ་ཡང་མི་ཉམས་པའི་མཆོད་པའི་རྒྱུན་དང་བདེ་གསང་འཇིགས་གསུམ་གྱི་མཆོད་པ་རྒྱུན་འཛུགས་པ་མཛད།ཚ་གན་ནོ་མོན་ཧན་གྱིས་གསོལ་བ་བཏབ་ནས་དགེ་འདུན་སྟོང་དང་བདུན་བརྒྱ་སྐོར་ལ་རྡོ་རྗེ་ཕྲེང་བའི་དབང་དང་ཕྱག་རྡོར་འཁོར་ཆེན་གྱི་དབང་བཅས་སྩལ།   དེ་ནས་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་དབུས་སུ་ཕེབས་ནས་རྒྱལ་བ་མཆོག་ལ་དགེ་ཚུལ་གྱི་སྡོམ་པ་ཞུ་བར་མཛད་པ་ན་རྒྱལ་བ་མཆོག་འདིས་ལྷ་ལྡན་དུ་ཆིབས་བསྐྱོད་ནས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་རྗེ་འདིས་མཁན་སློབ་སྦྲགས་མ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་ཚུལ་གྱི་སྡོམ་པ་ཕུལ་ཏེ་ཐུབ་པའི་རྒྱལ་ཚབ་མཆོག་ཏུ་མངའ་གསོལ། 
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号