ད་སྔ་གཟིགས་བཞིན་པ།  མདུན་ངོས། > མི་སྣ་མཚམས་སྦྱོར། > མཁས་བའི་ཁྱུ་མཆོག
༄༅། །ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཆོའི་རྣམ་ཐར།
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།
  དེ་ནས་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་རྗེ་འདི་ལ་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་སླར་རིམ་གྱིས་མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པ་གནང་དགོས་པར་གསོལ་བ་བཏབ་པ་ན་རྒྱལ་བ་མཆོག་འདིས་ཀྱང་ཐུགས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཤིང་རྗེ་རིན་པོ་ཆེའི་རྣམ་ཐར་ལྟར་གཞུང་ལུགས་རྣམས་ལ་གསན་སྦྱོང་གཏིང་ཕྱིན་པ་ཞིག་མཛད་པ་དང༌།   དེ་ནས་མདོ་སྔགས་ཀྱི་མན་ངག་མཐའ་དག་ལེགས་པར་གསན་ནས་ཐུགས་ཉམས་སུ་བཞེས། དེ་ནས་མཐའ་དབུས་སྐྱེ་འགྲོ་ཡོངས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་ཐུགས་བསྐྱེད་མཛད་དགོས་ཞེས་ཞལ་ཏ་ནན་ཏན་ཞུ་བར་མཛད།    པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས་ཀྱང་རྒྱལ་བ་མཆོག་གི་བཀའ་ཇི་ལྟར་གནང་བ་ལྟར་ཞུ་ཞིང་སླར་མི་རིང་བར་མདོ་སྔགས་ཀྱི་ཆོས་མཐའ་དག་གནང་དགོས་པར་གསོལ་བ་ཤུགས་དྲག་ཏུ་འདེབས་པར་མཛད་དོ།   །དེ་ནས་ཁྲི་ཆེན་ངག་དབང་མཆོག་ལྡན་པ་དགུང་ལོ་བདུན་ཅུ་དོན་ལྔར་ཕེབས་ཏེ་སྐུ་གཟུགས་ལྕི་ཞིང་བཞེངས་བཞུགས་དཀའ་བར་བྱུང་བ་ན་རྒྱལ་བ་མཆོག་ཉིད་ཁྲི་ཆེན་གྱི་གཟིམ་ཆུང་ཉིད་དུ་ཕེབས་ཏེ་མཎྜལ་སྐུ་གསུང་ཐུགས་རྟེན་དངོས་པོ་སྤམ་མཐོ་བ་དང་བཅས་ཕུལ་ཏེ་ཞབས་པད་ཡུན་རིང་བརྟན་དགོས་ཞེས་གསོལ་བ་ཤུགས་དྲག་འདེབས་པར་མཛད་པ་ན་ཁྲི་ཆེན་གྱིས་ང་རང་ཆུང་ངུ་ནས་ཆོས་སྒོར་ཞུགས།   རྒྱལ་བ་ཙོང་ཁ་པའི་བསྟན་པ་འདི་འདྲ་དང་མཇལ། ཐོས་བསམ་སྒོམ་གསུམ་ཁོ་ཐག་ཆོད་པར་བྱས།    ལྷག་པར་གངས་ཅན་འགྲོ་བའི་མགོན་པོ་ཁྱེད་ལ་སྤྱིར་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་དང༌།   ལྷག་པར་རྗེ་བླ་མའི་མན་ངག་རྣམས་འབུལ་ཐུབ་པས་ད་ནི་ཤི་ཡང་བློ་བདེ།   བདག་རྒན་པོ་འཆི་ཁར་ར་སྒྲེང་དུ་ཕྱིན་ཆོག་པ་དགོས་ཞེས་ཞུ་བར་མཛད། དེ་ནས་རྒྱལ་བ་མཆོག་ཁྲི་ཆེན་གྱི་གཟིམ་ཆུང་དུ་ཡང་ཡང་ཕེབས་ཏེ་ཆོས་ཀྱི་གསུང་གླེང་ཆེས་མང་བ་གནང་ཞིང༌།    ར་སྒྲེང་དུ་ཕེབས་པའི་ཐུགས་འདུན་མི་མཛད་པར་སྐུ་ཁམས་ཇི་ལྟར་བྱུང་ཡང་ཕོ་བྲང་འདི་རང་དུ་ངེད་ཅག་ཚོགས་རྫོགས་ཕྱིར་བཞུགས་དགོས་ཞེས་ཡང་དང་ཡང་དུ་གསོལ་འདེབས་མཛད་ཀྱང་ཁྲི་ཆེན་གྱིས་ད་ལམ་ཅིས་ཀྱང་དགོངས་པ་ཁྲོལ་དགོས་ཞེས་བཞུགས་སུ་མ་བཞེད། ཕེབས་རྒྱུའི་སྔ་ཞོགས་རྒྱལ་བ་མཆོག་ཉིད་ཁྲི་ཆེན་གྱི་སྐུ་མདུན་དུ་ཕེབས་ཏེ་འདི་ཕྱིར་དགེ་བའི་གསུང་གླེང་མང་དུ་མཛད་ཅིང༌།   ཕེབས་ཁར་ཁྲི་ཆེན་གྱི་ཐུགས་ཀར་དབུ་བཙུགས་ཏེ་སྤྱན་ཆབ་གསིལ་ཞིང་ཡུན་རིང་ཐུགས་སྨོན་མཛད།   ཁྲི་ཆེན་གྱིས་ཀྱང་རྒྱལ་བ་མཆོག་ལ་བྱིན་རླབས་ཞུས་བདག་སྐྱེ་བ་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ་ཞེས་གསོལ་བ་འདེབས་པར་མཛད།   དེ་ནས་རྒྱལ་བ་མཆོག་གིས་ཁྲི་ཆེན་ཞབས་བརྟན་དང་ལམ་བར་གྱི་རྐྱེན་སེལ་དུ་སེ་འབྲས་དགེ་གསུམ་སོགས་ལ་མང་ཇ་གནང་སྟེ་རིམ་གྲོ་རྒྱ་ཆེན་སྒྲུབ་པར་མཛད། མི་རིང་བར་ཁྲི་ཆེན་ཞིང་གཤེགས་པའི་བསྔོ་རྟེན་བྱུང་བ་ན། དེ་འཕྲལ་རྒྱལ་པ་མཆོག་ཉིད་འཕགས་པ་རིན་པོ་ཆེ་དང་གསེར་གདུང་སོགས་རྩེའི་ལྷ་ཁང་རྣམས་སུ་ཕེབས་ཏེ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད་ཅིང༌།    ལྷ་སའི་ཇོ་ཤཱཀ་ཀྱིས་གཙོས་རྟེན་རྣམས་ལ་མཆོད་འབུལ་རྒྱ་ཆེན་པོ་དང༌།   སེ་འབྲས་དགེ་གསུམ་བཀྲ་ཤིས་ལྷུན་པོ་རྣམས་ཀྱིས་གཙོས་གངས་ཅན་གྱི་དགོན་སྡེ་མཐའ་དག་ལ་མང་བསྐོལ་དང༌།   པཎ་ཆེན་རིན་པོ་ཆེས་གཙོས་གངས་ཅན་གྱི་བསྟན་འཛིན་མཐའ་དག་ལ་བསྔོ་རྟེན་འབུལ་བར་མཛད། སྐུ་གདུང་ཞུགས་ལ་ཕུལ་ཏེ་གདུང་རུས་རྣམས་རྒྱལ་བ་མཆོག་གི་གཟིམ་ཆུང་དུ་བཞེས་ཏེ་དངུལ་གདུང་མ་གྲུབ་བར་དུ་མཆོད་འབུལ་སྨོན་ལམ་མཛད།   དངུལ་གདུང་གྲུབ་འཕྲལ་གདུང་རུས་རྣམས་དངུལ་གདུང་གི་བུམ་ནང་དུ་བཞུགས་སུ་གསོལ་ཏེ་དགོངས་རྫོགས་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད་དོ།   །རྒྱལ་བ་མཆོག་འདི་ནི་གངས་ཅན་ལྷ་ཅིག་ཐུགས་རྗེ་ཆེན་པོར་ཡོངས་སུ་གྲགས་པ་ལྟར་འགྲོ་བ་ལྷ་དང་བཅས་པའི་ཕྱག་གི་གནས་ཡིན་པ་དང༌།    ཐུན་མོང་བའི་སྣང་ངོར་ཡང་གངས་རིའི་ཁྲོད་ན་འགྲན་ཟླ་མེད་པའི་མཁས་གྲུབ་ཏུ་གྱུར་ཅིང་འཇམ་དབྱངས་གོང་མ་བདག་པོ་ཆེན་པོས་བཏེག་སྟེ་ཡངས་པའི་ས་ཆེན་པོ་ལ་དབང་ཕྱུག་གི་སྟོབས་ཀྱིས་མངའ་མཛད་པ་ཞིག་ཡིན་ཡང་ཆེ་འགྱིང་དང་རློམ་པའི་དྲི་ཙམ་ཡང་མེད་པར་ལམ་སྟོན་པའི་བཤེས་གཉེན་ལ་འདི་ལྟ་བུའི་གུས་པ་དང་སྲི་ཞུ་མཛད་པ་ནི། འབྲོམ་རིན་པོ་ཆེས་ཇོ་བོ་རྗེ་ཇི་ལྟར་བསྟེན་པའི་རྣམ་ཐར་བསྐྱངས་ཏེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཆོས་རྣམ་དག་བྱེད་པ་ལ་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་བསྟེན་ཚུལ་འདི་ལྟར་བྱ་དགོས་སོ་ཞེས་འདོམས་པར་མཛད་པ་ངོ་མཚར་རྨད་དུ་བྱུང་པའི་རྣམ་པར་ཐར་པ་ཞིག་གོ།   །དེ་ནས་ཨང་དཀར་ཞབས་དྲུང་གིས་ཡུན་རིང་པོ་ནས་གསོལ་བ་བཏབ་པ་ལྟར་དགེ་འདུན་སྟོང་དང་སུམ་བརྒྱ་སྐོར་ལ་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སློབ་མ་རྗེས་བཟུང་གི་ཆོ་ག་ནས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་མཐའ་རྟེན་དང་བཅས་པའི་བར་ཡོངས་སུ་རྫོགས་པ་རྒྱས་པར་སྩལ། དེ་ནས་རྒྱུད་སྨད་ཚོགས་ཡོངས་ཀྱིས་གསོལ་བ་བཏབ་ནས་དགེ་འདུན་སྟོང་དང་བརྒྱད་བརྒྱ་སྐོར་ལ་བདེ་མཆོག་ལྰུ་ཨི་པའི་དབང་སྟ་གོན་དང་བཅས་པ་རྒྱས་པར་སྩལ། དེ་ནས་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་ཕེབས་ནས་མདོ་སྔགས་ཀྱི་ཆོས་བཀའ་ཡོངས་སུ་རྫོགས་པ་གནང་དགོས་ཚུལ་གསོལ་བ་འདེབས་པར་མཛད་པས་ཐུགས་དགྱེས་བཞིན་དུ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་ཀྱི་ཐོག་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་དང་བཅས་པ།   གྲུབ་ཆེན་མི་ཏྲ་ཛོ་ཀིའི་ལུགས་ཀྱི་དཀྱིལ་འཁོར་བརྒྱ་རྩའི་དབང་ཡོངས་སུ་རྫོགས་པ། ཟུར་བཀའ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ། རྡུལ་ཚོན་ལ་བརྟེན་པའི་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་དབང་རྒྱས་པ་དང༌། ཚེ་དཔག་མེད་ལྷ་དགུ། སྤྱན་རས་གཟིགས་བཅུ་གཅིག་ཞལ་རྣམས་ཀྱི་བཀའ་དབང༌།   གྲུབ་རྒྱལ་ལུགས་ཚེ་དབང་ཐུན་མོང་མ་ཡིན་པ།   རྗེས་གནང་གི་གྲས་སློབ་དཔོན་ཨ་བྷ་ཡཱ་ཀ་རས་ཕྱོགས་གཅིག་ཏུ་བསྡེབས་པའི་སྒྲུབ་ཐབས་རྒྱ་མཚོ།   བ་རི་བའི་སྒྲུབ་ཐབས་བརྒྱ་རྩ།   སྣར་ཐང་པའི་སྒྲུབ་ཐབས་བརྒྱ་རྩ་རྣམས་ཡོངས་སུ་རྫོགས་པ་དང༌།   རྡོ་རྗེ་སེམས་དཔའ། རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ།  སྨན་བླ་བདེ་གཤེགས་བདུན།  འཇམ་དབྱངས་ནག་པོ།     ཁྱུང་ཁྲ།   མཁའ་འགྲོ་མ་སེང་གེའི་གདོང་ཅན།   མགོན་པོའི་རྗེས་གནང་བཅུ་གསུམ།  སྐུ་རྐྱང་ལ་སྙིང་ཞུགས་དང་བཅས་པ།   མགོན་པོ་ཕྱག་བཞི་པ།   དཔལ་ལྷ།  ཛམ་ལ་འབྲུག་ཞོན་རྣམས་ཀྱི་རྗེས་གནང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད།   གྲུབ་རྒྱལ་ལུགས་ཚེ་དཔག་མེད་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད་ལྕང་སྐྱ་རྡོ་རྗེ་འཆང་དེ་ཉིད་ཀྱི་གསུང་ལ་གནས་རྙིང་པ་ཀུན་དགའ་བདེ་ལེགས་ཀྱི་གསུང་ནས་ཁ་སྐོང་གནང་བ།   སྐྱབས་མགོན་ཐམས་ཅད་མཁྱེན་པ་ཉིད་ཀྱི་བཀའ་འབུམ་དང༌།   ཕྲེང་བ་སྐོར་གསུམ།   སྒྲུབ་ཐབས་རྒྱ་མཚོ་དང༌།   བརྒྱ་རྩའི་རྒྱ་གཞུང་རྣམས་ཀྱི་ལུང་རྣམས་དང་བཅས་ཟླ་བ་དྲུག་གི་རིང་ལ་རྒྱུན་མི་འཆད་དུ་སྩལ།  དེ་སྐབས་པཎ་ཆེན་མཆོག་གི་སྤྲུལ་པའི་སྐུ་ཉིད་འཁོར་ལོ་སྒྱུར་དྲུག་གི་བཀའ་དབང་དང༌།   དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གི་སྐབས་སུ་ཆུ་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་དབུས་སུ་སེང་གེའི་ཁྲི་ལ་རྡོ་རྗེ་འཛིན་པའི་ཆས་འཇུག་ཡོངས་སུ་རྫོགས་པ་དང་བཅས་ཏེ་བཞུགས་སུ་གསོལ། གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས་མཆོད།   རྗེ་བླ་མ་ཉིད་ནས་དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་ཤིན་ཏུ་བརྟན་པོས་ནམ་མཁའ་གང་བའི་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སྤྱན་དྲངས་ཏེ། རྣམ་རྒྱལ་ཆེན་པོའི་བུམ་པ་ལ་སོགས་པའི་ཆུའི་དབང་བསྐུར་ཞིང་ཤིས་པ་བརྗོད་པའི་ཚིག་གི་སྒོ་ནས་མེ་ཏོག་གི་ཆར་ཕབ།  
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号