ད་སྔ་གཟིགས་བཞིན་པ། གཙོ་ངོས། > མི་སྣ་མཚམས་སྦྱོར། > དགེ་རྒན་གཟི་བྱིན།
༄༅། །སློབ་དཔོན་ཆེན་མོ་རྒན་སངས་རྒྱས་རྒྱལ་ལགས་ཀྱི་མཛད་རྗེས་མདོར་བསྡུས།
སྤེལ་དུས།2011-11-27 11:26:31  ཡོང་ཁུངས།ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།ཕག་མོ་ཚེ་བརྟན།

DSC_1337.JPG

དེ་རིང་ང་ཚོ་ཡིད་ཤིན་ཏུ་སྐྱོ་བའི་ངང་ནས་མིང་དུ་གྲགས་པའི་མཁས་པ་དང༌། སློབ་གསོ་པ། རྩིས་རིག་གི་སྐད་གཉིས་སློབ་གསོའི་སྲོལ་འབྱེད་པ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པ། རྒྱལ་ཁབ་དང་མི་རིགས་ལ་སྙིང་ཁོང་རུས་པའི་གཏིང་ནས་བརྩེ་ཞིང་ལྷག་བསམ་དཀར་བའི་དགེ་རྒན་སངས་རྒྱས་རྒྱལ་ལ་མྱ་ངན་ཞུ་རྒྱུ་ཡིན།

       སྙིང་ཉེ་བའི་བློ་མཐུན་དམ་པ། རྒན་སངས་རྒྱས་རྒྱལ་ལགས་སྙུང་གཞི་ཕོག་རིང་ད་དུང་རྒྱལ་ཁབ་ཀྱི་མི་རིགས་སློབ་གསོའི་ལས་དོན་ལ་སྔར་བཞིན་ཐུགས་འཁུར་དང་ཞུམ་པ་མེད་པས་སྙིང་སྟོབས་བསྐྱེད་མོད། མཐར་གང་ལྟར་བྱས་ཀྱང་སྙུང་གཞི་ཟློག་མ་ཐུབ་པར་ཕྱི་ལོ༢༠༡༡ལོའི་སྤྱི་ཟླ༧པའི་ཚེས༢༦ཉིན་གྱི་ཕྱི་དྲོའི་དུས་ཚོད༢དང་སྐར་མ
༤༦སྟེང་ངང་རྒྱུད་བཟང་ཞིང་གཤིས་རྒྱུད་འཇམ་པའི་ཁོ་རང་ཟི་ལིང་རང་ཤག་ཏུ་ཡ་མཚན་པའི་ལྟས་དང་བཅས་ཚེ་འཕོས་ཤིང༌།  ཏག་ཏག་དགུང་ལོ༥༥ཡིན།
       ཁོང་ནི་སྤྱི་ལོ༡༩༥༧ལོར་མདོ་སྨད་རྡོ་སྦིས་ཡུལ་གྱི་གཤོང་བ་སྡེ་བར་ཕལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། སྤྱི་ལོ༡༩༧༤ལོ་ནས་མཚོ་སྔོན་ཞུན་ཧྭ་རྫོང་རྐང་ཚྭའི་འབྲོག་སྡེ་ཞིག་ཏུ་དམངས་སྒྲུབ་དགེ་རྒན་བྱས། ༡༩༧༥ལོ་ནས
༡༩༧༨ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྩིས་རིག་སྡེ་ཁག་ཏུ་སློབ་སྦྱོང་བྱས། ༡༩༧༨ལོ་ནས
༡༩༨༧ལོའི་བར་དུ་སྔ་གཞུག་ཏུ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་དང་མཚོ་སྔོན་སློབ་གསོ་སློབ་གླིང་དུ་རྩིས་རིག་གི་དགེ་རྒན་བྱས་ཤིང༌། དེང་རབས་ཀྱི་རྩིས་རིག་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་པའི་སྲོལ་ཐོག་མར་ཕྱེས་ཤིང༌། དངོས་བརྒྱུད་གང་རུང་ནས་བོད་རྒྱའི་སྐད་གཉིས་སྨྲ་བའི་དགེ་རྒན་སྟོང་ཕྲག་ལྔ་ལྷག་སྐྱེད་བསྲིངས་བྱས་ཏེ། བོད་ཁུལ་གྱི་ས་གནས་སོ་སོར་མི་རིགས་སློབ་གསོའི་རྨང་གཞི་འདིང་བ་ལ་དགེ་རྒན་གྱི་དཔུང་སྡེའི་འབོར་ཆེན་མཁོ་སྤྲོད་བྱས།
        སྤྱི་ལོ༡༩༨༧ལོ་ནས༡༩༨༨ལོའི་བར་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བའི་དགོངས་པ་ལྟར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་སྟོན་ཁང་གི་མགོ་ཁྲིད་ཀྱི་འགན་ཁུར། དེའི་རྗེས་སུ་སླར་ཡང་མཚོ་སྔོན་སློབ་གསོ་སློབ་གླིང་དུ་ལོག་ནས་ལོ་ངོ་གཅིག་གི་རྗེས་ཏེ། ༡༩༩༠ལོ་ནས༡༩༩༡ལོའི་བར་དུ་མཚོ་སྔོན་མགོ་ལོག་ཁུལ་སློབ་གསོ་ལས་ཁུངས་སུ་མགོ་ཁྲིད་ཟུར་པའི་འགན་ཁུར། དེའི་རིང་ལ་གཞི་རིམ་བོད་ཀྱི་སློབ་གསོའི་ལས་དོན་ལ་རྟོག་དཔྱོད་དང་ཞིབ་འཇུག་བྱེད་ཞོར་དུ་རྗེ་བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ་བསྟེན་ནས་མདོ་སྔགས་རིག་གནས་ཀྱི་གཞུང་ལ་ཐོས་བསམ་བྱས། དེ་རྗེས༡༩༩༡ལོ་ནས་ད་ལྟའི་བར་དུ་སྔ་ཕྱིར་མཚོ་སྔོན་སློབ་གསོ་སློབ་གླིང་གི་མི་རིགས་སྡེ་ཁག་གི་ཀྲུའུ་རིན་གཞོན་པ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་མི་རིགས་དགེ་ཐོན་སློབ་གླིང་གི་གླིང་གཙོ་གཞོན་པའི་འགན་ཁུར་ཏེ། སྔར་བཞིན་བོད་ཡིག་གི་ལམ་ནས་དེང་རབས་རྩིས་རིག་གཙོ་བྱས་པའི་བོད་ཀྱི་སྐར་རྩིས་རིག་པ་སོགས་སློབ་ཁྲིད་བྱས། དེ་དང་དུས་མཚུངས་སུ་སིན་གཱ་ཕོ་ནན་ཡང་རྩིས་ཚནབཟོ་རིགས་སློབ་ཆེན་དང༌། ཨ་རིའི་ལྭ་ཇི་ནེ་ཡཱ་ སློབ་གྲྭ་ཆེན་མོ། ཤང་ཀང་སློབ་གྲྭ་ཆེན་མོ། པེ་ཅིན་སློབ་གྲྭ་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། པེ་ཅིན་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་སུ་བོད་ཀྱི་རིག་གནས་དང་འབྲེལ་བའི་གསུང་བཤད་ཀྱང་སྣ་ཚོགས་གནང་མྱོང༌།
      ལོ་ངོ་བཅུ་ཕྲག་དུ་མའི་བྱ་བའི་ཞོར་དུ་སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་དར་རྒྱས་དང༌། རྗེ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས། རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། རྗེ་གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ། གཅན་ཚ་ངང་རོང་དགོན་པའི་དགེ་བཤེས་འཇམ་དབྱངས་དམ་ཆོས་སོགས་མཁས་གྲུབ་དམ་པ་མང་པོ་བསམ་སྦྱོར་གཉིས་ཀྱིས་བསྟེན་ནས། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བྱས། ཁྱད་པར་དུ་རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོའི་མདུན་དུ་སྐར་རྩིས་རིག་པ་ལ་སྦྱངས་པ་བྱས་པར་མ་ཟད། སྔ་ཕྱིར
༼གྲངས་རིག་རྒྱ་མཚོའི་འཇུག་ངོགས༽དང༌།༼དབྱིབས་རིག་ཞིབ་འགྲེལ༽མཐོ་རིམ་སློབ་འབྲིང་གི༼གྲངས་རིག༽༼ཚབ་རྩིས༽༼གྲངས་རིག་སློབ་ཁྲིད་བྱེད་ཐབས༽༼མཐོ་རིམ་ཚབ་རྩིས༽༼གྲངས་རིག་དབྱེ་ཞིབ༽སོགས་དེང་རབས་ཀྱི་རྩིས་རིག་གི་སྐོར་དང༌། ༼སྐར་རྩིས་དང་སྐྱེ་ཁམས༽༼སྐྱེ་དགུ་ཕན་བདེའི་འབྱུང་གནས༽༼ལམ་རིམ་བརྗེད་བྱང་ཆེན་མོ་ཕན་བདེ་འབྱུང་གནས༽སོགས་པར་སྐྲུན་བྱས། དེ་ལས་གཞན་ཡང༼བོད་ཡིག་ཨང་ཀིས་མཚོན་བྱེད་འཕྲུལ་གྱི་གཤོག་པ༽༼སིན་གཱ་ཕོའི་སྐད་གཉིས་སློབ་གསོ་དང་བསྡུར་ཏེ་དཔྱད་པ༽༼དུས་རབས་ཉེར་གཅིག་པའི་བོད་ཀྱི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས༽༼བོད་རིགས་སློབ་གྲྭ་ཆེན་མོའི་བསླབ་གཞི་བཅོས་བསྒྱུར་སྐོར་གྱི་དཔྱད་གཏམ༽༼བོད་རིགས་འབྲོག་ཁུལ་གྱི་ཐོན་ཁུངས་སྐོར་གྱི་དཔྱད་གཏམ༽སོགས་དཔྱད་རྩོམ་བཅུ་ཕྲག་ལྷག་སྤེལ་ཡོད།
       ཞིབ་འཇུག་གི་ལས་གཞི་གཙོ་བོར་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་སྒོས་བོད་ཀྱི་རོང་འབྲོག་ས་ཁུལ་དུ་བོད་རིགས་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་སྒྲུབ་པ་དང༌། མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང༌། རྩི་ཤིང༌། ཆུ་བོ་བཅས་དང་འབྲེལ་བའི་ས་གནས་སློབ་གྲྭའི་བསླབ་གཞི་སྒྲིག་པའི་འགན་ཁུར་ཏེ་དཔེ་ཆ་ལྔ་དང༌། ཤང་ཀང་སྦྱིན་སྤྲོ་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་སྒོས། བོད་མིའི་འདུ་ཤེས་དང༌། བོད་ཀྱི་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོ། བོད་ཀྱི་རི་མོ། བོད་ཀྱི་གླུ་གར། བོད་ཀྱི་ལག་ཤེས་བཟོ་ལས་བཅས་ཀྱི་དཔེ་དེབ་བཅུ་རྩོམ་སྒྲིག་གི་གཙོ་འགན་ཁུར་པར་མ་ཟད། ཤང་ཀང་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་སྒོས་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ༼www.teducn.comབཅས་ལས་གཞི་མང་པོ་བསྒྲུབས།
      དེ་བས༡༩༨༦ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་དཔེ་ལེགས་ཅན་དང༌།༡༩༩༦ལོར་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭ་རུ་མི་རིགས་འཛིན་གྲྭ་བསྒྲུབས་པའི་དཔེ་ལེགས་ཅན་དང༌། ༢༠༠༡ལོར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་མཛད་རྗེས་ཨང་གཉིས་པའི་བྱ་དགའ་སོགས་ཁྱོན་བསྡོམས་རྟགས་མ་སུམ་ཅུ་ལྷག་ཐོབ་ཅིང༌། རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་སྐབས་དང་པོ་ནས་དྲུག་པའི་བར་གྱི་ཨུ་ཡོན་དང༌། མཚོ་སྔོན་ཞིང་ཆེན་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་དགེ་ཐོན་སློབ་ཆེན་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་སློབ་གསོའི་ལྟེ་གནས་ཀྱི་མགོ་གཙོ་གཞོན་པ་བཅས་ཀྱི་འགན་བཞེས།
      ཡིད་ཕངས་པ་ཞིག་ལ༼བཀྲ་ཤིས་པདྨོའི་གླིང༽ཞེས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་རྒྱ་ཆེ་བའི་ལས་གཞི་ཞིག་སྟེ། མིང་གཞན་ལ་ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤྱི་གླིང་ཞེས་བྱ་ཞིང༌། ནང་དོན་བྱེ་བྲག་ཏུ༼ཙོང་ཁ་སློབ་གྲྭ་ཆེན་མོ༽༼བོད་ཀྱི་ལོ་རྒྱུས་རིག་གནས་དངོས་མང་བཤམས་སྟོན་ཁང༽༼རྡོ་རྗེ་རྣལ་འབྱོར་མའི་དུས་འཁོར་བློས་བསླངས༽༼མདོ་དབུས་མཐོ་སྒང་རི་སྐྱེས་སྲོག་ཆགས་སྐྱེས་དངོས་གླིང༽༼མདོ་དབུས་ཁམས་གསུམ་དམངས་སྲོལ་གླིང༽བཅས་སྐུ་འབུམ་ལུང་ཁོག་འདིར་འཛུགས་རྒྱུའི་འཆར་གཞི་དང་དམིགས་ཡུལ་སྤུས་གཙང་ཞིག་བཟོས་ཟིན་པར་མ་ཟད། སྙན་ཞུ་ཡང་སྲིད་གཞུང་དང་ཁེ་ལས་པ་རེ་འགར་དངོས་དང་བརྒྱུད་པའི་སྒོ་ནས་ཕུལ་ཟིན་མོད། ད་ནི་བྱ་གཞག་རླབས་པོ་ཆེ་འདི་ཉིད་ལས་འཕྲོ་ཅན་དུ་ལུས་སོང་བ་ནི་ང་ཚོ་ཚང་མའི་འགྱོད་པ་ཞིག་རེད།
DSC_1269.JPG
         མདོར་ན། དེང་རབས་ཀྱི་རིག་གནས་བོད་རིགས་ཅན་དང༌། བོད་ཀྱི་སྲོལ་རྒྱུན་རིག་གནས་དེང་རབས་ཅན་དུ་སྒྱུར་བའི་ལས་དོན་དང༌། རྒྱ་བོད་ལོ་ཙཱའི་བྱ་བ་བླ་ལྷག་ཏུ་བསྒྲུབས་ཏེ་སློབ་གསོ་དང་མི་རིགས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་མོ་བཞག
         ཁོང་གིས་སྐུ་ཚེ་ཧྲིལ་བོར་ཏང་གི་སློབ་གསོའི་མཛད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐའ་འཁྱོལ་ཡོང་བ་བྱས་ཏེ། ཏང་གི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཁྱད་པར་མི་རིགས་སློབ་གསོའི་ལས་དོན་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད།
         དགེ་རྒན་ཁོང་ཚེ་འཕོས་པ་འདི་ནི་ཀྲུང་གོའི་སློབ་གསོའི་མཁའ་དབྱིངས་སུ་བཀྲག་མདངས་འཚེར་བའི་སྐར་མ་འོད་ཆེན་ཞིག་ནུབ་པར་གྱུར་པ་དང༌། ཁྱད་པར་དུ་མི་རིགས་སློབ་གསོ་དང་སྐད་གཉིས་སློབ་གསོར་གྱོང་གུད་ཆེན་པོ་ཞིག་བཟོས་སོང༌།
         ང་ཚོ་ཡིད་རབ་ཏུ་སྐྱོ་བའི་ངང་ནས་བློས་ཐུབ་ཀྱི་གྲོགས་པོ་དམ་པ། དགེ་རྒན་སངས་རྒྱས་རྒྱལ་ལགས་ལ་མྱ་ངན་ཞུས་ཏེ་ཁོང་གི་བླ་མེད་ཀྱི་གཤིས་ཀ་དང་འགྱུར་མེད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་གཞིར་བྱས། མྱ་ངན་ནི་སྤོབས་པ་དང༌། སྤོབས་པ་ནི་སྒུལ་ཤུགས་སུ་བསྒྱུར་ཏེ། འབྱུང་འགྱུར་གྱི་སྤྱི་ཚོགས་ཁྲོད་དགེ་རྒན་དམ་པ་ཁོང་ལ་མིག་དཔེར་བལྟས་ནས་ཁ་མིན་དོན་གྱིས་ཤེས་ལྡན་མི་སྣ་མང་པོ་ཞིག་སྐྱེད་སྲིང་བྱ་བར་འབད་པར་བྱའོ། །
         མཇུག་མཐར། སྙིང་ཉེ་བའི་དགེ་རྒན། ཞེ་མཐུན་པའི་དགེ་གྲོགས། རྒྱུད་འཇམ་པའི་མགོ་ཁྲིད། མི་རིགས་སློབ་གསོའི་དཔའ་བོ།  སྐད་གཉིས་སློབ་གསོའི་དེད་དཔོན། དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་ལགས་ཀྱི་དགོངས་པ་ཡུན་ནས་ཡུན་དུ་གནས་པའི་སྨོན་འདུན་ཞུ། །
       ཞེས་པ་འདི་ཡང༼མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་མིང་འཛིན་པའི་གྲལ་མཐའ་བ་སྐ་ཕུག་ཕག་མོ་ཚེ་བརྟན་ནས་རེམ་རེམ་མགྱོགས་མགྱོགས་ངང་ཁ་ཞེ་གཉིས་མེད་ཀྱི་རང་གི་དགེ་རྒན་དམ་པ། བློས་ཐུབ་ཀྱི་གྲོགས་པོ་ཁོང་ལ་དད་གདུང་ཆེན་མོས་རང་གི་ཤེས་ཚོད་འདི་ཙམ་འབྲི་ཁུལ་བྱས་པའང་རྣམ་པ་ཀུན་ཏུ་དྲན་རྟེན་གྱི་རྒྱུར་གྱུརད་ཅིག༽
 
ཕྱི་ལོ༢༠༡༡ལོའི་སྤྱི་ཟླ༧པའི་ཚེས༢༧ཉིན་ལ་བྲིས་པ་དགེ་ལེགས་འཕེལ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2010 Teducn.com
E-mail:gangjian_xn@yahoo.com.cn
phone:18697115278
  དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@yahoo.com.cn
འབྲེལ་གཏུགས་ཁ་པར། 18697115278 青ICP备10000257号