|
(༣) སེམས་པའི་ནུས་པ་ནི།
རང་སྟོབས་ཀྱིས་སེམས་ཡུལ་ལ་སྐུལ་བར་བྱེད་པ་སྟེ། ཀློག་འདོན་གྱི་བརྒྱུད་རིམ་དུ་སློབ་མས་རྩོམ་ཡིག་གི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་མཚོན་ཐབས། རྩོམ་གཤིས་ཁྱད་ཆོས་སོགས་ལ་དམིགས་ནས། དབྱེ་འབྱེད་དང་ལོངས་སྤྱོད། གདེང་འཇོག་སོགས་བྱེད་པའི་ནུས་པ་ལ་སྟོན་ཏེ། དེ་ནི་ཀློག་འདོན་སང་ངོས་འཛིན་ནུས་པའི་རྨང་གཞི་སྟེང་སྔར་ལས་ལྷག་པའི་འཕེལ་རྒྱས་དང་མཐོར་འདེགས་ཤིག་ཡིན་པས། ནུས་པ་དེ་ཡོད་མེད་དང་དྲག་ཞན་ནི་ཀློག་འདོན་གྱི་སྤུས་ཚད་དང་གྲུབ་འབྲས་ལ་ཐད་ཀར་འབྲེལ་བ་ཡོད་པ་ཡིན། དེའི་ཕྱིར། ནུས་པ་དེ་ནི་ཀློག་འདོན་གྱི་ནུས་པ་འགྲུབ་བྱེད་ཀྱི་གྲུབ་ཆེན་ཞིག་ཡིན།
རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་བརྒྱུད་རིམ་དུ། སེམས་པའི་ནུས་པ་ལ་སྦྱངས་བྱའི་ནང་དོན་དང་བརྒྱུད་ལམ་སྣ་ཚོགས་ཡོད་ལ། ཡིག་གཟུགས། སྒྲ། དོན་སོགས་ལ་དབྱེ་འབྱེད་བྱས་ཏེ། རྩོམ་གྱི་གྲུབ་སྟངས་ཀྱི་རྩ་བའི་ཆོས་ཉིད་ལ་སྔར་ལས་ལྷག་པའི་ངེས་ཤེས་ཐོབ་པ་དང་། མིང་སོ་སོའི་མཚན་ཉིད་དང་དོན་གྱི་དབྱེ་བ། ལྷག་པར་དུ་ངེས་པའི་ཚིག་སོ་སོ་མ་འདྲེས་པ། རྣམ་གྲངས་གང་གིས་བརྗོད་ཀྱང་དོན་ཉེ་བ་དང་དོན་འདྲ་བ་རྣམས་དང་། དོན་ལྡོག་པ། བསྟོད་སྨད་ཀྱི་མིང་རྣམས་བར་གྱི་ཁྱད་པར་ཕྱེ་ནས་ཚིག་དོན་གྱི་ནུས་པ་མཐོར་འདེགས་བྱེད་པ། རྩོམ་ཡིག་ནང་དོན་གྱི་གཙོ་ཕལ་དང་རགས་ཞིབ། ཡིན་མིན། སྙིང་བཅུད་དང་སྙིགས་མ། བདེན་བཟང་ཡག་གསུམ་དང་རྫུན་ངན་གཙོག་གསུམ་སོགས་ལ་དབྱེ་འབྱེད་བྱས་ཏེ། རྩོམ་ཡིག་ལ་བིས་འཛིན་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་བ། རྩོམ་ཡིག་གི་སྒྲིག་བཀོད་ཀྱི་ཁྱད་ཆོས་དང་གཟུགས་བརྙན་བཟོ་བསྐྲུན་བྱེད་པའི་ཐབས་བཀོད། ཞིབ་འབྲི་དང་ཡིད་འགྱུར་མཚོན་པའི་ལག་ཐབས་སོགས་ལ་དབྱེ་འབྱེད་བྱས་ཏེ། སྒྱུ་རྩལ་ལ་སེམས་པར་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་བ། རྟག་ཏུ་རྩོམ་རིག་ཀློག་པའི་སློབ་འཁྲིད་ཀྱི་དོན་དངོས་ལ་བསྟུན་ཏེ་གདེང་འཇོག་རང་བཞིན་གྱི་བྱ་འགུལ་སྤེལ་བ་སྟེ། དཔེར་ན། བཀླགས་རྗེས་ཀྱི་མྱོང་ཚོེར་དང་གདེང་འཇོག་ཆུང་ངུ་། དཔེ་ཀློག་ཟིན་བྲིས་འབྲི་བ་དང་ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ཏེ། མདོར་ན། དེ་དག་སྤེལ་ནས། སློབ་མ་ལ་མི་སྣ་གྲགས་ཅན། རྩོམ་གྲགས་ཅན་གྱི་མདུན་དུ་རང་གི་ལྟ་བ་སྨྲ་ཕོད་པ་མ་ཟད། དེ་དག་ཞུམ་མེད་ཀྱི་དགག་བཞག་བྱེད་ཕོད་པའི་བསམ་པ་བསྐྱེད་པ་བཅས་ཡིན་ནོ། །
(༤) ཡིོད་བྱེད་ཀྱི་ནུས་པ་ནི།
རང་ཡུལ་ལ་རང་སྟོབས་ཀྱིས་གཏོད་པར་བྱེད་པ་སྟེ། ཡི་གེ་དབྱེ་འབྱེད་དང་ངོས་འཛིན། སེམས་པ་ལ་སོགས་པའི་ནུས་པ་དུ་མའི་རྨང་གཞི་སྟེང་གྲུབ་པའི་ནུས་པ་ཞིག་ལ་བྱ་སྟེ། དེ་ནི་ཡི་གེ་གཟུགས་དབྱིབས་ལ་ངེས་ཤེས་དང་བསམ་བློའི་ནང་དོན་དབྱེ་ཞིབ་དང་ངོས་འཛིན། རྩོམ་ཡིག་གི་རང་སྣང་འདུ་ཤེས་ལ་གདེང་འཇོག ཤེས་བྱའི་རྒྱ་ཁྱོན་ཆེར་བསྐྱེད་དང་གནས་སྤོར་བྱེད་པ་སོགས་དོན་དུ་མ་འདུས་པས། དེ་ནི་སྣ་འཛོམས་རང་བཞིན་ཅུང་ཆེ་བའི་ནུས་པ་ཞིག་ཡིན། ཚིག་བཟང་དང་ལེགས་བཤད་རྨད་དུ་བྱུང་བའི་ཚན་པ། བདེན་དངོས་ཀྱི་གྲངས་ཀ ཐུན་མིན་གྱི་དོན་རྐྱེན་སོགས་ཏེ། མདོར་ན། རང་ཉིད་ལ་ཟུར་ལྟའི་རིན་ཐང་ཡོད་པའི་ཤེས་བྱ་གསར་བ་དང་ཉམས་མྱོང་། ཚན་རིག་གི་གྲུབ་འབྲས་ཐམས་ཅད་ནི། རང་ཉིད་ཀྱིས་གཟུངས་འཛིན་བྱེད་པའི་ནང་དོན་ཡིན་ལ། དེ་ལྟར་བྱས་ཚེ། ད་གཟོད་རང་ཉིད་ཀྱི་བསམ་པའི་རྒྱུ་ནོར་གྱི་བང་མཛོད་མུ་མཐུད་དུ་ཕུན་ཚོགས་དང་ཇེ་རྒྱས་སུ་གཏོང་ནུས་པ་ཡིན།
རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་བརྒྱུད་རིམ་ཁྲོད་ཀྱི་གཟུངས་འཛིན་གྱི་ནུས་པས། ཀློག་པ་དང་འབྲི་བ། ཀློག་པ་དང་བཤད་པ། སློབ་པ་དང་བཀོལ་བ་སོགས་རྩོད་སྒྲུབ་ཀྱི་སྒོ་ནས་གཅིག་གྱུར་བྱེད་པའི་སློབ་གསོའི་དགོངས་པ་མཚོན་ཡོད་པས། སློབ་འཁྲིད་ཀྱི་དོན་དངོས་བསྟུན་ནས་འཆར་གཞི་ཡོད་པའི་སྒོ་ནས་སློབ་མའི་གཟུངས་འཛིན་གྱི་ནུས་པ་སྦྱོང་བརྡར་བྱེད་དགོས་སོ། །
༢ སློ་མའི་ལྟ་ཀློག་གོམས་སྲོལ་བསྐྱེད་བསྲིང་བྱེད་པ།
ཀློག་འདོན་གྱི་གོམས་སྲོལ་ནི། རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་བསྙག་བྱའི་དམིགས་ཡུལ་ཅིག་ཡིན་ལ། དེ་ནི་མི་ཞིག་གིས་རང་དབང་གིས་དཔེ་ཀློག་བྱེད་ནུས་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པར་མ་ཟད། ཀློག་འདོན་ནུས་པའི་རྩ་བའི་ནུས་ཤུགས་ཀྱང་ཡིན། ཀློག་འདོན་གྱི་ནུས་པ་ལ་དཔེ་ཀློག་བྱེད་ཚེ་ཀླད་པ་འགུལ་བ་དང་སྨྱུ་གུ་སྤྱོད་པ། ལག་ཅའི་དཔེ་དེབ་བཀོལ་བ་བཅས་ཀྱི་གོམས་སྲོལ་འདུས་པས། རིམ་བཞིན་གསལ་བཤད་བྱས་ན།
(༡) དཔེ་ཀློག་བྱེད་དུས་ཀླད་པ་འགུལ་བའི་གོམས་སྲོལ་ནི། གཙོ་བོ་སློབ་མས་དཔེ་ཀློག་བྱེད་དུས་ཀླད་པ་འགུལ་བ་དང་བསམ་གཞིག་གཏོང་བ། གནད་དོན་ལ་དབྱེ་ཞིབ་དང་གོ་རིམ་གཅིག་བསྡུས། གནད་འགག་ལ་ཕྱོགས་སྡོམ། གཙོ་དོན་ལ་རྗེས་སྙེག་བྱེད་པ་བཅས་ཀྱི་གོམས་སྲོལ་ཡོད་པ་ལ་བྱའོ། །
(༢) དཔེ་ཀློག་བྱེད་དུས་སྨྱུག་གུ་སྤྱོད་པའི་གོམས་སྲོལ། དེ་ནི་གཙོ་བོ་སློབ་མས་སྨྱུག་གུ་སྤྱད་དེ་གནད་འགག་བཤུས་འབྲི་དང་གཙོ་གནད་ལ་རྟགས་འགོད། ལྟ་བ་ལ་དཔྱད་མཆན། ཀློག་རྗེས་ཀྱི་མྱོང་ཚོར་འབྲི་བ་སོགས་ཀྱི་གོམས་སྲོལ་ལ་བྱའོ། །
(༣) དཔེ་ཀློག་བྱེད་དུས་ལག་ཅའི་དཔེ་དེབ་བཀོལ་བའི་གོམས་སྲོལ་དེ་ནི་གཙོ་བོ་ཚིག་མཛོད་དང་ཟུར་ལྟའི་དཔྱ་གཞི་བཀོལ་ཤེས་པ་དང་། རང་རྐྱ་ཐུབ་པའིིསྒོ་ནས་ཤེས་བྱ་རྒྱུས་ལོན། གནད་དོན་རྙེད་ཅིང་ཐག་གཅོད་བྱེད་ཤེས་པའི་གོམས་སྲོལ་ལ་བྱའོ། །
(༤) དཔེ་ཀློག་བྱེད་དུས་གཙང་སྤྲ་བྱེད་པའི་གོམས་སྲོལ། དེ་ནི་གཙོ་བོ་དཔེ་ཀློག་བྱེད་དུས་འོད་སྣང་ལ་མཉམ་ འཇོག་བྱས་ཏེ་སྤྱན་གཉིས་སྲུང་བ་དང་། འདུག་སྟངས་མཉམ་འཇོག་བྱས་ཏེལུས་སེམས་བདེ་བར་དར་བསྲུང་བ། ཁོར་ཡུག་ལ་མཉམ་འཇོག་དང་གནོད་རྐྱེན་འགོག་སྡོམ་བྱས་ཏེ་བློ་སེམས་གཅིག་ཏུ་བསྡུ་བར་བྱེད་པ་སོགས་ལ་བྱའོ། །
༣ སློབ་མའི་ཀློག་འདོན་གྱི་འདུན་པ་སྐྱེད་སྲིང་བྱེད་པ།
ཀློག་འདོན་གྱི་འདུན་པ་ནི། བསམ་པའི་དངོས་པོ་ལ་དམིགས་ནས། དོན་དུ་གཉེར་བའི་རབ་ཏུ་བྱེད་པའི་ཕྱེ་བའི་རིག་པའོ། ། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། བརྩོན་འགྲུས་རྩོམ་པའི་རྟེན་བྱེད་དོ། ། སློབ་མས་དཔེ་མང་ཀློག་པ་དང་ཤེས་བྱ་རྒྱ་བསྐྱེད། མིག་རྒྱ་ཆེར་འདོན་སྒོས་རྩོམ་ཡིག་ཀློག་པའི་སློབ་འཁྲིད་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་བའི་ནང་སེམས་ཀྱི་ནུས་ཤུགས་ཤིག་ཡིན་པས། དེས་སློབ་མས་བསམ་གཞིག་བྱེད་པ་དང་མཉམ་འཇོག་བྱེད་པ། ཡིད་འཛིན་འཕར་བ། བརྩེ་དུངས་སློང་བ། རིག་པ་འཕེལ་བ་སོགས་ལ་བླ་ན་མེད་པའི་ནུས་པ་འདོན་གྱིན་ཡོད།
ཀློག་འདོན་གྱི་ནུས་པ་ལ་ཁྱབ་ཆེ་བའི་འདུན་པ་དང་དམིགས་པ། གཅིག་པའི་འདུན་པ། རྔམ་ཆེ་བའི་འདུན་པ། བླ་ན་མེད་པའི་འདུན་པ། གསར་འདོད་ཀྱི་འདུན་པ་བཅས་འདུན་པ་དུ་མ་འདུས་པས། རིམ་བཞིན་གསལ་བཤད་བྱས་ན།
(༡) ཁྱོན་ཡངས་པའི་འདུན་པ།
དེ་ནི་གཙོ་བོ་སློབ་མས་དཔེ་མང་ཀློག་པ་ལ་བསྟན་ཏེ། དུས་དང་གནས། ཤེས་བྱའི་ཁོངས་གཏོགས་སོགས་ལ་མ་ལྟོས་པར། ལུས་ཐམས་ཅད་ཀྱི་ལྟ་བ་ལ་ཐོས་བསམ་བྱ་བ་སྟེ་མིའི་རིགས་སྤྱིའི་ཤེས་རབ་ལ་བརྟེན་ནས་རང་ཉིད་ཕུན་ཚོགས་སུ་གཏོང་བ་ལ་བྱའོ། །
(༢) ཆེད་དམིགས་ཀྱི་འདུན་པ།
དེ་ནི་གཙོ་བོ་སློབ་མའི་དཔེ་ཀློག་ལ་བློ་རྩེ་གཅིག་པ་དང་མུ་མཐུད་དུ་ཡར་རྒྱས་སུ་འགྲོ་བ། ཟབ་པར་སོང་བའི་བརྟག་དཔྱོད་བྱེད་པ་སྟེ་གཟུགས་དང་ཕྱི་ངོས་ཙམ་གྱིས་ཆོག་པར་མི་འདོད་པ་ལ་བྱའོ། །
(༣) རྔམ་ཆེ་བའི་འདུན་པ།
དེ་ནི་གཙོ་བོ་སློབ་མའི་དཔེ་ཀློག་གི་འདུན་པ་བརྟན་ཞིང་ཡུན་རིང་པ་དང་ཤེས་བྱ་འདོད་པའི་བསམ་པ་ཤུགས་དྲག་པ་སྟེ། དཔེ་ཀློག་བྱེད་དུས་སྐོམ་པ་ཆུ་འདོད་ལྟར། གཉིད་ཟས་མི་དྲན་པ་དང་དཔེ་ཆ་འཇོག་མི་བཟོད་པ་ལ་བྱའོ། །
(༤) བླ་མེད་ཀྱི་འདུན་པ།
དེ་ནི་གཙོ་བོ་སློབ་མའི་ཡང་དག་པའི་དཔེ་ཀློག་འདོད་མོས་དང་བདེན་དོན་ལ་རྗེས་བསྙེག མི་ཚེ་ལ་བསམ་གཞིགས། ཐ་ཤལ་གྱི་འདུ་ཤེས་ལ་ནམ་ཡང་ཞེན་པར་མི་བྱ་བ་ལབྱའོ། །
(༥) གསར་འདོད་ཀྱི་འདུན་པ།
དེ་ནི་གཙོ་བོ་སློབ་མའི་ཤེས་བྱ་གསར་བ་སློབ་སྤྲོ་བ་དང་བྱ་དངོས་གསར་བར་བསྙེགས་ཏེ་ཡར་རྒྱས་ལ་མོས་པའི་བསམ་པའི་ཕུགས་འདུན་ལ་བྱ་སྟེ། དེ་ནི་རླབས་ཆེ་བའི་མི་རྣམས་ཀྱིས་གསར་གཏོད་བྱས་ཏེ་འཕྲིན་ལས་ཡོངས་འགྲུབ་བྱེད་པའི་མ་གཞི་ཡིན།
༤ སློབ་མའི་ལྟ་ཀློག་བྱེད་པའི་ཐབས་བཀོད་སྐྱེད་སྲིང་བྱེད་པ།
ཚན་རིག་གི་ལྟ་ཀློག་ཐབས་བཀོད་ནི། སློབ་མས་ཤེས་བྱ་བླངས་ནས་ནུས་ཤུགས་སུ་འགྱུར་བ་དང་རིག་པ་བསྐྱེད་བྱེད་ཀྱི་ལག་ཐབས་གལ་ཆེན་ཞིག་ཡིན། དཔེ་ཀློག་གི་ཐབས་བཀོད་ཡང་དག་ཡིན་ན། ཀྱག་ཀྱོག་གི་ཕྱི་འགྱངས་བསྐྱུར་ཏེ་དུས་ཚོད་གྲོན་ཆུང་དང་གྲུབ་འབྲས་མཐོར་འདེགས་བྱེད་ནུས་པས། སློབ་མས་ཚན་རིག་གི་ལྟ་ཀློག་གི་ཐབས་བཀོད་ངོས་འཛིན་བྱེད་པ་ལ་ནན་ཏན་གྱིས་མཛུབ་ཁྲིད་བྱེད་པ་ནི། རྩོམ་ཡིག་ལྟ་ཀློག་སློབ་འཁྲིད་ཀྱིས་གཤོལ་དུ་མི་རུང་བའི་འོས་འགན་ཡིན།
ལྟ་ཀློག་ཐབས་བཀོད་ལ་སྣ་ཚོགས་ཡོད་དེ། ལྟ་ཀློག་ཚད་ཐིག་གི་ཆ་ནས་བཤད་ན། ཞིབ་ཀློག་དང་སྤྱི་ཀློག་གཉིས་སུ་དབྱེ་ལ། མགྱོགས་མྱུར་གྱི་ཆ་ནས་བཤད་ན། མྱུར་ཀློག་དང་དལ་ཀློག་གཉིས། སྒྲ་ཡོད་མེད་ཀྱི་ཆ་ནས་བཤད་ན། གྱེར་ཀློག་དང་ཁོག་འདོན་གཉིས། དམིགས་ཡུལ་གྱི་ཆ་ནས་བཤད་ན། སློབ་སྦྱོང་རང་བཞིན་དང་གཟིགས་དཔྱད་རང་བཞིན། སྐྱོ་བསལ་རང་བཞིན་ཏེ་མདོར་ན་སྣ་ཚོགས་ཡོད་པས། འདིར་མཚམས་སྦྱོར་འོས་ཙམ་བྱས་ན།
ཞིབ་ཀློག་གི་ཐབས་བཀོད་དེ། དེ་ནི་ལེའུ་དང་ཚན་པ་རྣམས་ཚིག་རེ་རེ་འདེད་པའི་སྒོ་ནས་ཞིབ་ཏུ་བསམ་གཞིགས་དང་གཙོ་གནད་ངོས་འཛིན་བྱེད་པའི་ལྟ་ཀློག་ཐབས་བཀོད་ལ་བྱ་སྟེ། ཐབས་བཀོད་དེའི་རེ་བ་ནི། ལྟ་ཀློག་ཁྱོན་ཡངས་པ་དང་ཞིབ་འཇུག་ཚགས་ཞིབ་པ། གཙོ་གནད་ངོས་ཟིན་པ། རོ་བྲོ་མྱོང་ཞིང་བརྟག་དཔྱོད་ཡོད་པ་བཅས་ཡིན་ནོ། ། ཐབས་བཀོད་དེའི་མཐོང་སླ་བའི་བྱེད་སྟངས་འདི་དག་སྟེ།
སྔོག་གཉོབ་བྱེད་སྟངས་ཏེ། ཚིག་གིས་འབྲུ་ནོན་པ་དང་བྲོ་རོ་ཞིབ་ཏུ་མྱོང་བ། མིང་ཚིག་ལ་མཆན་འདེབས་པ་དང་དོན་སྙིང་ལ་ངོས་འཛིན། རྩོམ་རྒྱུད་བཙལ་སྔོག་དང་བརྒྱུད་རིམ་དབྱེ་འབྱེད། སྙིགས་དོར་བཅུད་ལེན། ཐོབ་ཤོར་ལ་དབྱེ་ཞིབ་སོགས་བྱེད་པའི་སྒོ་ནས་གདེང་འཇོག་འོས་འཚམ་བྱེད་པ་ལ་གོའོ། །
(༡) རྟགས་འགོད་པའི་བྱེད་སྟངས་ཏེ། གོར་ཐིག་དང་ཐིག་རིང་སོགས་ཀྱི་རྟགས་ལ་བརྟེན་ནས་ལེགས་པར་བཤད་པའི་ཚིག་དང་རྨད་དུ་བྱུང་བའི་ཚན་པ། ས་བཅད། གཙོ་གནད་སོགས་ལ་རྟགས་བཀོད་པའི་སྒོ་ནས་བསམ་གཞིག་སློང་བ་དང་ཡང་ཡང་རོ་བྲོ་མྱང་པ་ལ་བྱའོ། །
(༢) ཟུར་ཀློག་བྱེད་སྟངས་ཏེ། ཚིག་མཛོད་དང་ཡིག་ཆ་སོགས་ལ་ཟུར་ཀློག་བྱེད་པའི་སྒོ་ནས་རིག་པའི་རྩལ་བསྐྱེད་པ་དང་ཉམས་མྱོང་བསྡུ་ལེན། བློ་བསྐྱེད་བཙལ་སྔོག དཀའ་གནད་སེལ་བ་སོགས་བྱས་ནས་ཞིབ་ཀློག་གི་ནང་དོན་གཏིང་ཟབ་མོར་ངོས་འཛིན་བྱེད་པའོ། །
(༣) ཟིན་བྲིས་འདེབས་པའི་བྱེད་སྟངས་ཏེ། དཔེ་ཆ་ཀློག་ཞོར་དང་ཟིན་བྲིས་འདེབས་ཞོར་ཏེ། ལེགས་པའི་ཚིག་དང་དཀའ་གནད་ཟིན་བྲིས་སུ་འདེབས་པ་དང་། ཡང་ན་རྟོགས་པ་དཔྱད་མཆན་དུ་འགོད་པ། ཡང་ནས་བཅད་ཕྱོགས་བསྡུས་བྱེད་པ་སོགས་ཏེ། དེ་ཐམས་ཅད་ནི་ནན་མོ་བྱེད་དགོས་པའི་གནད་ཡིན་པ་ཤེས་དགོས་སོ། །
(༤) མཛེས་ཀློག་བྱེད་སྟངས་ཏེ། དོན་བརྗོད་དང་ཡིད་འགྱུར་མཚོན་པའི་རྩོམ་སྟངས་ཀྱིས་རྒྱུན་དུ་སྤྱོད་པའི་ཞིབ་ཀློག་གི་ཐབས་བཀོད་ཅིག་ཡིན། དེའི་རེ་བ་ནི་གསོན་ཉམས་ལྡན་པའི་གྱེར་འདོན་བྱས་པ་ལ་བརྟེན་ནས་ཡིད་འགྱུར་འཕར་ཞིང་གཟུགས་རྣམ་འགྱུར་བ། རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀྱི་བརྩེ་དུང་དང་ཡིད་སེམས་སོགས་གཞི་གཅིག་ཏུ་འདྲེས་པའི་སྒོ་ནས་བརྩམས་ཆོས་ཀྱི་བསམ་བློའི་བརྩེ་དུང་གཏིང་ཟབ་མོར་རྒྱུས་ལོན་བྱེད་པ་དེའོ། །
སྤྱི་ཀློག་བྱེད་ཐབས་ནི། ཁྱོན་ཡོངས་བལྟ་བའི་སྒོ་ནས་ཕལ་བ་དོར་ཞིང་གཙོ་གནད་འཛིན་པའི་ཀློག་འདོན་གྱི་ཐབས་བཀོད་ཅིག་སྟེ། དེའི་རེ་བ་ནི། མིག་དབང་རྣོ་ཞིང་རིག་པ་མྱུར་བ། བླངས་པ་ཡང་དག་ཡིན་ཞིང་རགས་ཙམ་ལྟ་བ་ཁྱབ་ཆེ་བ་སོགས་ཡིན་པས། དེར་མཐོང་སླ་བའི་རྣམ་པ་འགའ་བཀོད་ན།
(༡) སྤྱི་ཀློག་བྱེད་སྟངས། དེ་ནི་གཙོ་བོ་གདམ་གསེས་བྱེད་པའི་དམིགས་ཡུལ་ལ་གཏད་ནས། ཅུང་ཟད་མྱུར་པའི་སྒོ་ནས་དཔེ་དེབ་སྤྱི་དང་དེའི་སྔོན་འགྲོའི་གཏམ་སོགས་བཀླགས་ནས། དཔེ་དེབ་ཀྱི་ནང་དོན་རགས་བསྡུས་དང་སྒྲིག་པ་པོའི་དམིགས་དོན་ལ་ངེས་ཤེས་འདྲེན་པ་དང་། དཀར་ཆག་ལ་བལྟས་ནས། དོན་གྱི་སྒྲིག་གཞི་དང་མཚན་བྱང་སོགས་ལ་བལྟས་ནས་དཔེ་དེབ་ཀྱི་ཕྱོགས་ཡོངས་ཀྱི་རྣམ་པ་ངེས་པར་བྱེད་པ་ཞིག་གོ །
(༢) བཙལ་ཀློག་བྱེད་སྟངས། དེ་ལ་ལྡིང་ཀློག་བྱེད་སྟངས་ཀྱང་ཟེར་ཏེ། གཙོ་བོ་བསྒྲུབ་བྱ་དང་སྒྲུབ་བྱེད། རྩིས་གྲངས། ཟླ་ཚེས། དྲིས་ལནསོགས་དམིགས་ཡུལ་དུ་བཟུང་ནས། འབྲེལ་མེད་ཀྱི་ལེ་ཚན་དང་ཚིག་ཉོག དཔེར་བརྗོད་སོགས་ཅི་ནུས་ཀྱིས་མི་ཀློག་པའི་ཐབས་ཤིག་ལ་བྱ།
(༣) ཟུར་ཀློག་བྱེད་སྟངས། དེ་ནི་གཙོ་བོ་སློབ་ཚན་མ་བཀླག་པའི་སྔོན་དུ། དགེ་རྒན་གྱི་གླེང་སློང་དང་མཚམས་སྦྱོར། རེ་བ། དེས་བསྟན་པའི་ཟུར་ཀློག་དཔེ་ཆ་སོགས་ལ་ཟུར་ལྟ་བྱེད་པ་མ་ཟད། སློབ་ཚན་རྗེས་ཀྱི་བསམ་གཞིག་དང་གཤར་སྦྱངས་སོགས་ལའང་ནན་མོའི་སྒོ་ནས་ཟུར་ལྟ་བྱེད་པ་ཞིག་གོ །
མྱུར་ཀློག་བྱེད་ཐབས། དེ་ནི་མྱུར་བའི་སྒོ་ནས་ཡི་གེ་ལ་ངོས་འཛིན་བྱེད་པ་དང་ནང་དོན་ལ་རྒྱུས་ལོན་བྱེད་པ། བརྡ་འཕྲིན་ཚུར་ལེན་བྱེད་པའི་ཀློག་ཐབས་ཤིག་ལ་བྱ། རེ་བ་ནི་སྡོད་མཚམས་ཉུང་པ་དང་མིག་ཤེས་རྣོ་བ། བསྡུ་ལེན་མྱུར་བ་བཅས་ཀྱི་སྒོ་ནས་ཏེ། མདོར་ན་དུས་ཚོད་ཉུང་བའི་སྒོ་ནས་དཔེ་ཆ་ཀློག་པ་དང་བརྡ་འཕྲིན་བླངས་པ་མང་བ། གྲུབ་འབྲས་མངོན་གསལ་ཐོབ་པ་ཞིག་ཡིན་ནོ། །
ཁོང་ཀློག་བྱེད་ཐབས། དེ་ནི་སྒྲ་ཕྱིར་མི་འདོན་པའི་སྒོ་ནས་དཔེ་ཆ་ཁོང་ཀློག་བྱེདམཔའི་ཐབས་ཤིག་ལ་བྱ་སྟེ། དེ་ནི་ཀློག་འདོན་ནུས་ཤུགས་ཀྱི་རྨང་གཞི་ཡིན་པར་མ་ཟད། ཀློག་འདོན་སློབ་འཁྲིད་ཀྱི་མཐར་ཐུག་དམིགས་ཡུལ་ཀྱང་ཡིན། ཁོང་ཀློག་ནི་བཀོལ་སྤྱོད་ཡངས་ཤིང་མང་པ། མི་རྣམས་ཀྱིས་ཕན་ཚུན་ཤེས་བྱ་བསྡུ་ལེན་བྱེད་པའི་ཐབས་ལམ་གཙོ་བོ་ཡིན། དངོས་ཡོད་འཚོ་བའི་ཁྲོད་དུ། མི་རྣམས་ཀྱི་རིག་གནས་སྦྱོང་བ་དང་དཔེ་དེབ་ཀློག་པ། དཔྱད་གཞི་བཙལ་སྔོག་བྱེད་པ་བཅས་ཀྱི་ལག་ཐབས་གཙོ་བོ་ནི་ཁོང་ཀློག་ཡིན། ཁོང་ཀློག་ནུས་པ་གལ་ཏེ་ཡོངས་འཛོམས་བྱུང་ཕྱིན་ཆད། ཚེ་གང་བོར་དེས་ཕན་མི་ཐོགས་པ་གང་ཡང་མེད། ཁོང་ཀློག་དང་གྱེར་ཀློག་གཉིས་བསྡུར་ན། ཁོང་ཀློག་ནི་མྱུར་ཞིང་བཀོལ་བདེ་བ་ཡིན་པར་མ་ཟད། ཡུལ་དུས་ཀྱི་བཀག་སྡོམ་ཀྱང་མེད། ཁོང་ཀློག་ནི་མི་རྣམས་ཀྱི་ནང་སེམས་ཀྱི་འགུལ་བསྐྱོད་ཅིག་ཡིན་པས། མིག་ཤེས་ཙམ་ལ་བརྟེན་པས་ཆོག་ལ། རྣ་ཤེས་ལ་རོགས་བཅོལ་བྱེད་མི་དགོས་པས། བློ་སེམས་གཅིག་སྒྲིལ། ཞིབ་དུ་རོ་མྱོང་། བསམ་གཞིག་བསྐྱར་གཏོང་། ངོས་འཛིན་ཟབ་འདྲེན། ཤེས་བྱ་ཡོངས་བསྡུ་བཅས་བྱེད་པ་ལ་ཧ་ཅང་སྟབས་བདེ་ཡིན་པས། བླ་ན་མེད་པའི་ཕན་ནུས་ཆེན་པོ་མངོན་ཐུབ་བོ། །
མདོར་ན། གོང་གི་ཞིབ་ཀློག་དང་སྤྱི་ཀློག མྱུར་ཀློག ཁོང་ཀློག་བཞི་བོ་གང་ཡིན་ཀྱང་རུང་། དེ་དག་ནི་ཀློག་འདོན་གྱི་བརྒྱུད་རིམ་དུ་བཀོལ་སྤྱོད་ཆེས་མང་པའི་ལག་ཐབས་འབའ་ཞིག་ཡིན་ནོ། །
2/2 གཙོ་ངོས། གོང་ངོས། 1 2 |