གུ་གུལ་ཚབ་ནི།གཟའ་ལྡུམ་མགོ་དགུས་བྱ་སྟེ།གཟའ་ལས་རྣམ་རྒྱལ་དུ།དངོས་ནི་བོད་ཡུལ་སྐྱེས་པར་དཀའ།།གལ་ཏེ་སྐྱེས་ན་རི་རྒྱལ་ནི།།དབྱར་དགུན་མེད་པར་ཁ་བ་འབབ།།སྟོན་དཔྱིད་མེད་པར་བུ་ཡུག་འཚུབ།།དེ་འདྲ་གཉན་པོའི་རི་ལ་སྐྱེ།།རིང་ཐུང་ཚབ་ནི་ཁྲུ་གང་ཙམ།།སྡོང་པོ་གྲུ་བཞི་བ་སྤུ་ཅན།།རྩ་བ་གཅིག་ལ་མཇུག་མ་དགུ།།འབེན་གང་ཙམ་ནས་ཁ་རླངས་དྲོ།མདུང་གང་ཙམ་ལ་ཁ་བ་མེད།།བབས་པའི་འབུ་སྦྲང་རོ་ཕུང་འབྱུང༌།།མེར་བུས་དུད་པ་སྔོ་དམར་འཐུལ།།དུད་པས་བསླེབས་ཚད་སྲོག་ཆགས་འབྲུལ།།ཆུ་རུ་བླུགས་ན་ཁོལ་བར་འགྱུར།།འདི་ཡོད་ས་ན་གངས་ཐིགས་ཡོད།།ཁོང་གཉིས་སྲུ་མཚན་ཡིན་པར་བཤད།།ནུས་པ་ནི།འཁྲུངས་དཔེར།གཟའ་ལ་གཟའ་དུག་ནག་པོ་ཟེར།བགེགས་ལ་གུ་གུལ་ནག་པོ་ཟེར།།རྨ་ལ་ཡན་ལག་བཅད་འབྱོར་ཟེམ།གཉན་གཟེར་གཉན་འཇོམས་ཡ་མེད་ཟེར།ཞེས་གསུངས་པ་གྲིབ་སྐམ་བྱས་པས་ངེས་པར་འོང༌།ཡང་ཀླུ་བདུད་རྡོ་རྗེ་ནག་པོའི་པུཥྤ་གཏང་སྟེ།རྐྱང་བཤད་སྐབས་སུ། ཀླུ་བདུད་ནག་པོས་གཟའ་ཀླུ་འབམ་གདོན་འཇོམས།།ཞེས་སོ།།་
བ་ཤ་ཀའི་ཚབ་ལ།བྱང་ལུགས་ལྡུམ་ནག་དོམ་མཁྲིས་འབྲས་སྙེ་མ་ལ་མཛད་ཀྱང༌།ཟུར་ལུགས་ཕྱི་མ་རྣམས་གཡུ་སྡོང་གསེར་རལ་ལ་བྱེད་དེ།འཁྲུངས་དཔེར།རོ་ཁ་ནུས་པས་ཁྲག་ཚད་སེལ།།ཞེསདང།རིན་ཆེན་སྒྲོན་མེར།གཡུ་སྡོང་གསེར་རལ་ཁྲག་འགྱིང་ཞི།།རིམས་ནད་མཁྲིས་པ་ཁྲག་ཚད་འཇོམས།།ཞེས་པ་འཐད་ཆེའོ།།
བ་ལེ་ཀའི་ཚབ་ནི།གུར་ཏིག་གིས་བྱ་སྟེ།འཁྲུངས་དཔེར།རོ་ཁ་མཁྲིས་ཚད་མགོ་གཟེར་དང༌།མཆིན་ཚད་སྣོད་ཚད་སེལ་བར་བྱེད།།ཅེས་གསུངས།ཡང་ཟངས་ཏིག་རོ་ཁ་བ་དེས་བྱ་སྟེ།རིན་ཆེན་སྒྲོན་མེར།ཟངས་ཏིག་མཆིན་མཁྲིས་ཚ་བ་སེལ།།ཞེས་གསུངས།ཡང་ཟིལ་བའི་གྲས་སྨུག་ནག་ཟིལ་བའམ་དོམ་ནག་ཟིལ་བ་ཟེར་བའི་སྲིབ་སྐྱེ་པུཥྤ་དམར་སྨུག་ཅན་རོ་ཁ་བ་དེས་མཆིན་མཁྲིས་ཚད་པ་འཇོམས་པས་དེ་གཏོང་བར་རིན་ཆེན་སྒྲོན་མེར་གསུངས།
སླེ་ཏྲེས་ཚབ་ནི།ཀཎྡ་ཀ་རི་གཏོང་སྟེ།རྒྱུད་གཞུང་དུ་མ་ནས་ནུས་པ་མཚུངས་པར་གསུངས།ཡང་ཤིང་བྲ་མའི་རྩ་བར་བྱེད་དེ།རང་བྱུང་བས།བྲ་མས་ཤ་ཡི་ནད་རྣམས་འཇོམས།།ཞེས་དང༌།དྷ་རྨས།བྲ་མས་འབྲས་གཞིལ་ནད་རྣམས་བྱེར་བ་སྡུད།།ཅེས་དང༌།རྒྱུད་ལས།བྲ་མའི་རྩ་བས་ཤ་ཚད་རྩ་ཚད་སེལ།།ཞེས་རུང་ཙམ་དང༌།ཡང་ཤིང་བྱིས་ཚེར་གཏོང་སྟེ།ལྗོན་ཤིང་ལས།བྱིས་ཚེར་རླུང་ནད་ཀུན་ལ་ཕན།།སྒེར་དུ་ཕོ་རླུང་ཞི་བར་བྱེད།།བསྐོལ་ཐང་ཚད་པ་ལྕི་འཐིབ་སེལ།།ཞེས་དང༌།རྒྱུད་ལས།སྐམ་པས་འཕྲལ་གྱི་རིམས་ལ་ཕན།།ཞེས་གསུངས་སོ།
བྱི་ཏང་ཀའི་ཚབ་ནི།སྲིན་ཤིང་སྣ་མའི་འབྲས་བུ་གཏོང་སྟེ།འཁྲུངས་དཔེར།ནུས་པས་སྲིན་གསོད་མེ་དྲོད་སྐྱེད།།ཅེས་དང༌།སྐབས་རེར་ཕུར་སྨུག་གླ་རྐང་གི་མེ་ཏོག་པ་ཊ་བཅས་བྱ་སྟེ།འཁྲུངས་དཔེར།ཕོ་གླང་སྲིན་གསོད་ཁྱད་དུ་བསྔགས།།ཞེས་གསུངས་པས་གང་རུང་ངོ༌།།
མ་རུ་རྩེའི་ཚབ་ནི།སྒོག་པ་ཤ་རྩི་པུཥྤ་པ་ཊ་བཅས་དུས་བཏུས་གཏོང་སྟེ།རང་བྱུང་པས།ཤ་བརྩི་ཡིས་སྲིན་རྣམས་སེལ།།ཞེས་དང༌། འཁྲུངས་དཔེར།རོ་ནི་མངར་ལ་ཅུང་ཟད་ཚ།།རང་གི་ནུས་པས་མོ་ནད་དང༌།།སྲིན་ནད་མ་ལུས་འཇོམས་པར་བྱེད།།ཅེས་དང༌།ཡང་ཕུར་ནག་ཤིང་རིགས་མེ་ཏོག་སྔོན་པོ་ཅན་གྱི་པུཥྤ་ཕ་ལ་བཅས་གཏང་སྟེ།འཁྲུངས་དཔེར།ནུས་པས་སྲིན་གསོད་ཕོ་གླང་འཇོམས།། གསུངས་པས་གང་རུང་ངོ༌།།
སྒོག་སྐྱའི་ཚབ།སྒོག་པ་རྒྱ་བོ་ཞེས་པའི་མེ་ལོ་གཏང་སྟེ། འཁྲུངས་དཔེར།རོ་ཚ་ནུས་པས་གྲང་རླུང་དང༌།།ཕོ་མཆིན་མཁལ་མའི་གྲང་ནད་དང༌།།སྲིན་འཇོམས་ཁོག་པའི་ཆུ་བསགས་འབྱིན།། ཞེས་གསུངས།བཙོང་དང་རི་སྒོག་ཆབ་ལ་སྐྱེ་ཞེས་པ་གཉིས་རི་ཀླུང་གི་ཁྱད་པར་ལས་རིགས་གཅིག་ཏུ་ངེས་སོ།
ཤིང་ཀུན་ཚབ་ནི།ཀླུང་གི་སྒོག་པ་ཀེ་ཛི་ཞེས་པའི་མེ་ཏོག་དཀར་པོ་རྩབ་འབུ་འདྲ་བ་གཏོང་སྟེ།འཁྲུངས་དཔེར།རོ་ནི་མངར་ཚ་སྲིན་ནད་དང༌།།ཕོ་བའི་གྲང་རླུང་རྩད་ནས་འབྱིན།།ཞེས་གསུངས། རི་སྒོག་ཤ་རྩིའི་མེ་ཏོག་དང༌།སྐབས་རེར་ཏང་ཀུ་ནག་པོ་ལྕ་ནག་གི་ལོ་མས་ཀྱང་རུང་སྟེ།འཁྲུངས་དཔེར།ནུས་པས་གྲང་ནད་སྙིང་རླུང་འཇོམས།།ཞེས་དང༌།བཟོས་མ་ནི།རི་དྭངས་ཨེ་ནྱ་ཡ་ན་ཡི།།ཀླད་ཚིལ་ལྷ་མིན་ཁྲག་བཅས་པ།།མིག་དང་ཟླ་བ་རྩེ་མོའི་ཆ།།རབ་ལྡན་འདམ་བཏགས་བཅོས་པ་ཉིད།།སྦྱོར་བའི་ཤིང་ཀུན་རླུང་ནད་གྲང༌།།སྲིན་རིགས་འཇོམས་ལ་ཕ་ལམ་བཞིན།།ཞེས་པ་དེ་བྱའོ།།
པོ་སོ་ཆའི་ཚབ་ནི།ལྡུམ་སོ་ཆ་ཟེར་བ་སྟག་ཡུངས་པར་གྲགས་པ་དེ་གཏོང་སྟེ།རིན་ཆེན་སྒྲོན་མེར།ལྡུམ་བུ་སོན་ཆས་བད་ཀན་སྐྱུག།ཅེས་སོ།།
ད་ཏྲིག་ཚབ་རམ་དམར་ཞེས་པ་ཀླུང་གི་རྟ་མོན་སྟོན་བརྐོས་གཏོང་སྟེ།རིན་ཆེན་སྒྲོན་མེར།རོ་ནི་མངར་ཁ་འཁྲུ་བའི་རིགས།།ཚ་གྲང་མེད་པར་གཅོད་པར་བྱེད།།ཅེས་སོ།།
མོན་ཆ་རའི་ཚབ་ནི།རང་བྱུང་བས།བེ་ནག་འབྲས་བུ་མོན་ཆ་ར།།འཁྲུ་བའི་རིགས་གཅོད་བདུད་རྩི་ཡིན།།ཞེས་དང༌།རི་སྟོད་མོན་ཆུང་དགེ་བརྡལ་རྩ་བ་དུས་བརྐོས་ཀྱང་རུང་སྟེ།རིན་ཆེན་སྒྲོན་མེར།མོན་ཆུང་རྩ་བས་འཁྲུ་གཅོད་བྱེད།།ཅེས་སོ།།
སྨག་གི་ཚབ་ནི་ན་རམ་ཟིལ་བུ་ཚ་སྐམ་བྱས་པ་གཏོང་སྟེ།རིན་ཆེན་སྒྲོན་མེར།ན་རམ་ཟིལ་བུས་ཐུར་བཤལ་གཅོད།།རྩ་སྒོ་འགགས་ཤིང་ཆུ་སེར་སྐེམ།།ཞེས་སོ།།
ཀ་པེད་ཚབ་ནི།མེ་ཏོག་བྱ་རྐང་ཆེ་བའི་པུཥྤ་དེ་གཏོང་སྟེ།འཁྲུངས་དཔེར།འཁྲུ་བའི་རིགས་ཀུན་འཇོམས་པ་སྟེ།ཁྱད་པར་ཚ་འཁྲུ་གཅོད་པའི་མཆོག།ཅེས་གསུངས་པ་དེའམ།ཡང་ན་ཀླུང་ཤོད་ཀྱི་ཐང་དུ་སྐྱེས་པའི་ཤོ་མང་དམར་ཁམ་འདིས་འཁྲུ་བ་ཐམས་ཅད་གཅོད་ནུས་པར་འཁྲུངས་དཔེར་འབྱུང་བས་གང་རུང་ངོ༌།།
བིལ་བའི་ཚབ་ནི།རི་ཡི་ཆག་མོན་གྱི་རྩ་བ་དུས་བརྐོས་ཀྱིས་རུང་སྟེ།འཁྲུངས་དཔེར།ཆག་མོན་འཁྲུ་གཅོད་ཆུ་སེར་སྐེམ།།ཞེས་གསུངས།
དུར་བྱིད་ཚབ།ཁྲོན་བུ་བྱང་ཐང་སྐྱེས་པའི་བོངས་རིང་བ་དུས་བརྐོས་རུང་སྟེ།རིན་ཆེན་སྒྲོན་མེར། སྤང་ལ་སྐྱེས་པའི་ཁྲོན་ཆེན་པ།དུར་བྱིད་དངོས་བཞིན་ནུས་པ་རྣོ།།ཞེས་གསུངས།ད་ལྟ་རྒྱམ་གྱི་རྔོག་མདར་སྐྱེ་བ་དེ་ཤིན་ཏུ་ལེགས།
དཎྡའི་ཚབ་ཐར་ནུའི་རྩ་བ་དུས་བརྐོས་མཁྲེགས་པ་གཏོང་སྟེ།འདིས་དྲག་པོར་བཤལ་ནུས་པའོ།ཐར་ནུ་དངོས་ནི་ཁཎྡ་ཚད་ལྡན་ཉིད་དགོས་སོ།།
ཤི་རི་ཁཎྡའི་ཚབ་ནི།ཐར་ནུ་ཆེ་དང་ཁྲོན་བུ་བཟང༌།།དུས་བརྐོས་རྩ་བ་གཟུགས་མིག་ཆ།།དམར་ཟལ་ཆུལ་ཁཎྡ་བསྐོལ།།ཤྲྰི་ཁཎྡ་མཁྲིས་ནད་སྦྱོང༌།།ཞེས་འབྱུང་བས་སོ།།
དོང་གའི་ཚབ།ཐར་ནུ་སྔོན་བུ་ཁྲོན་བུ་གསུམ།།དུས་བཏུས་ཟླ་མེ་ཐགས་ཤེས་ཆ།།བ་ཆུར་བསྐོལ་བའི་དུམ་བུ་ཉིད།།སྦྱོར་བའི་དོང་ག་འཇམ་བཤལ་བསྔགས།།ཞེས་པའོ།།
ཨ་ག་རུ་ནག་པོའི་ཚབ་ནི།ཤིང་བརྔས་ནག་གི་སྙིང་པོའི་རྭ་འདྲ་དེ་ཨར་ནག་རིགས་ཡིན་པས་དེ་དང༌།སྐབས་རེར་སྲིན་ཤིང་ཛ་ཡ་དཀར་པོའི་སྡོང་པོའི་སྙིང་པོ་ནག་སྣུམ་དྲི་བསུང་ཅན་དེ་བཏང་སྟེ།དྷ་རྨ་སྭ་མིས།སྙིང་སྲོག་རླུང་དང་སྲིན་ནད་འཇོམས།།རོང་སྐྱེས་ནག་པོ་ཞེས་ཀྱང་བྱ།།སྲིན་དགྲ་སྟོང་འཇོམས་ཞེས་ཀྱང་བྱ།།ཞེས་གསུངས།
ཨར་སྐྱའི་ཚབ།ཕུར་ནག་ཤིང་རིགས་པུཥྤ་སྔོན་པོ་ཅན་གྱི་རྩ་བ་མཁྲེགས་པ་དེས་མཛད།
ཨར་སྨུག་གོ་སྙོད་ཚབ།བ་ལུ་དཀར་པོའི་ལོ་མ་ཁ་འབུས་དེས་རླུང་དང་བད་ཀན་འཐབ་པར་ཕན་པས་དེའམ་ཁ་ཅིག་ཐང་མ་སྒྲོན་ཤིང་ལ་བྱེད་པའང་མཐོང༌།
སེང་ལྡེང་དངོས་མ་རྙེད་ན་སྐྱེར་བའི་བར་ཤུན་ནམ།སྤ་ཤུག་གི་ཁནྡ་གཉིས་གང་རུང་བཏང་བ་ཆུ་སེར་ལ་ཆེས་བསྔགས་པའོ།།
ཙི་ཏྲ་ཀའི་ཚབ།སུ་རུ་པཉྩ་དེ་ཙི་ཏྲ་ཀའི་རིགས་སུ་གཏོགས་པས་དེའམ།ཡང་ན་དབྱི་མོང་ཟ་བྱེད་ནག་པོ་ཚ་སྐམ་བྱས་པ་དེ་མེ་འདྲ་མེ་དྲོད་སྐྱེད་ཅེས་གསུངས།།
ཤིང་མངར་ཚབ།སྔོ་འདམ་བུ་ཀ་ར་བྱ་སྟེ།འཁྲུངས་དཔེར། མཆིན་ཚད་རུས་ཚད་སྨུག་པོ་དང༌།།མཚོན་གྱིས་ཕོག་པའི་གློ་ནད་སེལ།།ཞེས་དང༌།རང་བྱུང་པས།འདམ་བུ་ཀ་རས་གློ་ནད་དང༌།།རྩ་ཡི་ཚད་པ་སེལ་བར་བྱེད།།ཅེས་གསུངས།
རྒུན་འབྲུམ་ཚབ།མངར་སེའུ་ཤིང་གི་འབྲས་བུ་སྨིན་ནས་ནག་པོར་སོང་བ་དེར།རིན་ཆེན་སྒྲོན་མེར།མངར་སེའུ་འབྲས་བུ་སྨུག་ནག་སྤུང༌།།རོ་མངར་སྐྱུར་བས་གློ་ནད་དང༌།།བད་ཀན་སེལ་ཞིང་བསིལ་དུ་འགྲོ།ཞེས་གསུངས།གཞུང་ཆེན་གཞན་ནས་མི་འབྱུང་བས་རུང་ཙམ།ཡང་ན་ལུག་མུར་མོ་རིགས་རྡོག་ཆུང་གློ་འཁྲུགས་ལ་བསྔགས་པས་ཀྱང་རུང་ངོ༌།།
པུ་ཤེལ་རྩེའི་ཚབ།སོག་ཀའི་འབྲས་བུ་པུ་ཤེལ་རྩེ།།ཆ་མཉམ་ཁཎྡས་ཚ་སྐྱུག་གཅོད།།ཅེས་གསུངས་པས་དེ་བྱ།།
ནིམ་པའི་ཚབ།ཏིག་ཏ་རབ་བསིལ་གྱི་མེ་ལོ་རྩ་བཅས་གཏང་སྟེ།དྷ་རྨ་སྭ་མིས།འཆི་བདག་ཞགས་གཅོད་རབ་བསིལ་མཚན་ཉིད།།བྱང་བལྟའི་གངས་འདབས་གཡའ་སྤང་མཐོངས་སུ།མཁའ་འགྲོ་འདུ་བའི་གནས་ཆེན་རྣམས་སྐྱེ།།རྩ་བ་གསེར་མདོག་ལ་ཕུག་དབྱིབས་ཞེ།ལོ་མ་གཡུ་ལོ་རྒྱ་ལྕང་དབྱིབས་ཅན།།མེ་ཏོག་མཐིང་ཁ་ཨུཏྤལ་ཇི་བཞིན། །རིམས་སོགས་འཇོམས་ལ་བསིལ་ངད་ཆེར་འགྲོ།རོ་ནི་བསྐ་ཁ་ལྕེ་ལ་ཡུན་ཆགས།།ཀྴ་ཡ་ལ་སོགས་མཁྲིས་ནད་བདུད་རྩི།།ཞེས་གསུངས་སོ།།
གསེར་མེའི་ཚབ་ནི།གསེར་ཏིག་སྒོ་བཟང་དེ་ཉིད་བྱ་སྟེ།འཁྲུངས་དཔེར།ནུས་པས་མཁྲིས་ཚད་མགོ་ནད་དང༌།།རིམས་ཚད་སེལ་བའི་བདུད་རྩི་ཡིན།།ཞེས་གསུངས།ཡང་ཏིག་ཏ་མེ་ཏོག་སེར་པོ་ཅན་ལོ་སྡོང་འབྱར་བག་ཡོད་པ་སྤུང་ནས་སྐྱེས་པ་རག་ཏིག་ཏུ་གྲགས་པ།དྭགས་པོའི་སྨན་ནག་ཏུ་གདམས་པ་ལས།ཟངས་ཏིག་ཏུ་བཞེད་པ་དེ་གཏོང་སྟེ།འཁྲུགས་དཔེར།མཁྲིས་པའི་ཚད་པ་སེལ་བར་བྱེད།།ཅེས་གསུངས་སོ།།
གསེར་གྱི་ཕུད་བུའི་ཚབ་ནི།ལྡུམ་སྣལ་མའི་ཕུད་གཟུགས་གཙང་ཕྱོགས་སུ་སྐྱེས་པ་བྱང་པས་བོད་སྐྱེས་གསེར་ཕུད་དུ་བཞེད་པ་དེ་དང༌།གཡའ་ཀྱི་མ་མེ་ཏོག་སེར་ཆུང་ལ་ལོ་མ་པདྨ་འདྲ་བ་དེ་བྱེད་དེ།འཁྲུངས་དཔེར།རོ་ནི་ཁ་ལ་བསིལ་བས་མཁྲིས་ནད་སྐྱུག།ཅེས་དང༌།སྐབས་རེར་སྐྱི་བའི་འབྲས་བུ་རུང་སྟེ།རྒྱུད་ལས།སྐྱི་བའི་འབྲས་བུས་མཁྲིས་པ་གྱེན་དུ་འདྲེན།།ཞེས་གསུངས།།
པ་ཏོ་ལ་ནི་སྦྱར་བས་ཚོད་མ་རུང་བ་དེ་ཡིན།འདིའི་འབྲས་བུ་སྐྱུག་སྨན་གསེར་གྱི་ཕུད་བུ་ཡིན་པར་སི་ཏུས་གསུངས།ལྗོངས་འདིར་དེའི་ཚབ་ནི།ལྷོ་ལུགས་གསེར་མེ་དང༌།བྱང་པས་རྒྱ་ཁུར་སེར་པོ་བོངས་རིང་ལ་མཛད་ཀྱང༌།འདྲ་ཡིག་དུང་མིག་རིན་སྤུངས་བུ་དོན་མ་གཉིས་ལས་འབྱུང་བ་ལྟར།རོང་ཆེན་རྣམས་ཀྱི་རི་ཐང་མཚམས་སུ་སྐྱེས་པའི་རྩ་བ་བླངས་ནས་ཕལ་ཆེར་གྱིས་ལྡུམ་རར་བཙུགས་པ་ཆུ་འདལ་པ་ཞེས་པ་ཕལ་སྐད་དུ་ཆུ་འཐག་པ་ཟེར་བ་ལོ་མ་རལ་གྲི་འདྲ་བ་རྩ་བ་ར་མཉེ་ཕྱོགས་འདྲ་ལས།སྒ་སྐྱ་ལྟར་མང་དུ་སྦྲེལ་ནས་སྐྱེས་པ་ཡན་ལག་སྤུ་ཕྲན་མང་ཞིང་རོ་མངར་ཁ་ཚ་རྣོ་ལྡན་པ་དེའོ།།ཞེས་ཚད་ལྡན་གྱི་གཞུང་རྣམས་སུ་བཤད་པ་དེ་རྣམས་མཁས་པའི་བཞེད་སྲོལ་མི་འདྲ་བ་ཡིན་པས་གང་རུང་ངོ༌།།
བཙོད་ཀྱི་ཚབ།རིན་ཆེན་སྒྲོན་མེར།ས་ཚོས་སྲིབ་དང་ཤག་ལ་སྐྱེ།།མེ་ཏོག་དཀར་སིབ་ལོ་མ་ཕྲ།།རྩ་བ་དམར་མཁྲེགས་ཚིགས་པ་ཅན།།རོ་ནི་མངར་ཁ་ཁྲག་ནད་དང༌།།རྒྱུ་གཟེར་འཇོམས་ཤིང་དུག་ནད་སེལ།།ཞེས་གསུངས་པ་དང༌།ལུག་རུ་དམར་པོ་འང་རུང་སྟེ།རིན་ཆེན་སྒྲོན་མེར་ལུག་རུ་དམར་པོ་ཁྲག་ནད་སེལ།།དུག་རྣམས་སྡུད་ཅིང་ཤ་དུག་འཇོམས།།ཞེས་གསུངས་པས་གང་རུང་གཏང༌།
སྟབ་སེང་གི་ཚབ་ནི།པདྨ་གཡུ་ལོའི་པུཥྤ་མཐིང་མདོག་དེ་བྱ་སྟེ།འཁྲུངས་དཔེར།རུས་ཆག་སྦྱོར་ཞིང་རྨ་རྣམས་གསོ།།ཞེས་གསུངས་སོ།། 4/6 མདུན་ངོས། 上一页 2 3 4 5 6 下一页 尾页 |