ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་དང་པོ།ཕུང་པོ་ལྔ་ལས་འདུ་བྱེད་ཀྱི་ཕུང་པོ།
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།
ཡིད་ཀྱི་ལས་ཞེས་བྱ་བ་ཡང་སེམས་གཡོ་བར་བྱེད་པ་ལ་བྱ་བས་ཡིད་ཀྱི་ལས་ཞེས་མ་བརྗོད་ཀྱང༌།སེམས་མངོན་པར་འདུ་བྱེད་ཅེས་བརྗོད་ཡིད་ཀྱི་ལས་ཡིན་ནོ་ཞེས་ཞར་གྱིས་ཐོབ་ན།ཡིད་ཀྱི་ལས་ཞེས་བརྗོད་པ་ཅིར་དགོས་ཞེ་ན། ཕུང་པོ་ལྔའི་རབ་བཤད་ལས།རྣམ་པར་རྟོག་པ་དང༌།དཔྱོད་པ་ལ་སོགས་པ་ཡང༌།སེམས་མངོན་པར་འདུ་བྱེད་པའི་རང་བཞིན་ཏེ།སེམས་གཡོ་བར་བྱེད་པ་ཡིན་དུ་ཟིན་ཀྱང་ཡིད་ཀྱི་ལས་མ་ཡིན་ཏེ།རྣམ་པར་ཤེས་པ་མི་གཡོ་བའི་ཆོས་ལས་གཡོ་བ་བཞིན་དུ་བྱེད་པ་ནི་སེམས་པས་བྱེད་ཀྱི་སེམས་ལས་བྱུང་བ་གཞན་གྱིས་མི་བྱེད་པས་ན་ཡིད་ཀྱི་ལས་ཞེས་བྱ་སྟེ།དེས་ནི་སེམས་ལས་བྱུང་བ་གཞན་བཀར་བ་ཡིན་ནོ།དེ་ལ་ཡིད་ཀྱི་ལས་ཞེས་བྱ་བས་སེམས་པའི་རང་བཞིན་བསྟན་ཏོ།།ཡོན་ཏན་དང་ཉེས་པ་གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ནི་དེའི་ལས་ཡིན་པར་བསྟན་ཏོ།།ཞེས་གསུངས་སོ།
སེམས་པ་དེ་ལ་རྟེན་གྱི་སྒོ་ནས་ཕྱེ་ན་དྲུག་སྟེ།མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ།རྣ་བའི་འདུས་ཏེ་རེག་ལས་བྱུང་བའི་སེམས་པ།སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ།ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ།ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ།ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་རྣམས་སོ།།སེམས་པ་འདི་ཡིད་ཀྱི་ལས་ཡིན་ལ།སྤྱིར་ལས་ལ་སེམས་པའི་ལས་དང་བསམ་པའི་ལས་གཉིས་སུ་ཡོད་དེ།མངོན་པ་མཛོད་ལས།ལས་ནི་སེམས་པ་དང་དེས་བྱས།སེམས་པ་ཡིད་ཀྱི་ལས་ཡིན་ནོ།དེས་བསྐྱེད་ལུས་དང་ངག་གི་ལས།ཞེས་གསུངས་པ་ལྟར་རོ།བསམ་པའི་ལས་ལ་ལུས་ངག་གི་ལས་གཉིས་སུ་ཡོད་ཅིང༌།དེ་ཡང་སྤྱིར་མཐའ་ཡས་ཀྱང་གཙོ་ཆེ་བ་རྣམས་བསྡུས་པ་ནི་ལུས་ངག་གི་ལས་བདུན་དང༌།ཀུན་སློང་དང་བཅས་པའི་དབང་དུ་བྱས་ནས་ལས་ཀྱི་ལམ་བཅུར་གསུངས་སོ།།དེ་ལྟར་ཡང་མཛོད་ལས།དེ་ལས་ཆེ་ལོང་བསྡུས་ནས་ནི།།དགེ་དང་མི་དགེ་ཅི་རིགས་པར།ལས་ཀྱི་ལམ་ནི་བཅུར་གསུངས་སོ།།ཞེས་གསུངས་པ་ལྟར་རོ།ཡང་ལས་ལ་དབྱེ་ན།དགེ་བ་དང༌།མི་དགེ་བ་དང༌།ལུང་མ་བསྟན་གྱི་ལས་གསུམ་མོ།།ཡང་ལས་རྣམ་པ་གསུམ་སྟེ།བསོད་ནམས་ཀྱི་ལས་དང༌།བསོད་ནམས་མིན་པའི་ལས་དང༌།མི་གཡོ་བའི་ལས་སོ།།ལས་འདི་དག་གི་ངོས་འཛིན་དང༌།འབྲས་བུ་ཇི་ལྟར་འགྲུབ་པའི་ཚུལ་དང༌།འཕེན་བྱེད་དང་རྫོགས་བྱེད་ཀྱི་ཁྱད་པར་དང༌།མྱོང་བར་ངེས་པ་དང་མ་ངེས་པའི་ཁྱད་པར་དང༌།མྱོང་བར་ངེས་པ་ལ་ཡང་མཐོང་ཆོས་མྱོང་འགྱུར་དང༌།སྐྱེས་ནས་མྱོང་འགྱུར་དང༌།ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ཁྱད་པར་སོགས་ཞིབ་ཏུ་ཤེས་པ་ཤིན་ཏུ་གལ་ཆེ་ཡང་འདིར་ཡི་གེ་ཧ་ཅང་མང་བས་ས་ནས་མ་སྤྲོས་སོ།།
ཁ༢རེག་པ།
རེག་པའི་ངོ་བོ་ནི།མངོན་པ་ཀུན་ལས་བཏུས་ལས།རེག་པ་གང་ཞེ་ན།གསུམ་འདུས་ནས་དབང་པོའི་འགྱུར་བ་ཡོངས་སུ་གཅོད་པ་སྟེ།ཚོར་བའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཚོར་བ་བདེ་བ་སོགས་གང་མྱོང་འགྱུར་དང་རྗེས་སུ་མཐུན་པའི་ཡུལ་ཡོངས་སུ་གཅོད་པའི་རིག་པ་ཞིག་གོ།འདིར་དབང་པོའི་འགྱུར་བ་ཞེས་གསུངས་པ་ནི།དཔེར་ན་མིག་གི་དབང་པོ་གཟུགས་ཡིད་དུ་འོང་བ་དང་ཕྲད་པས་ཚོར་བ་བདེ་བ་ལ་ཆགས་པའི་རྒྱུར་འགྱུར་བ་ལྟར།རེག་པས་གཟུགས་ཡིད་དུ་འོང་བ་ཡོངས་སུ་བཅད་པས་ཚོར་བ་བདེ་བའི་རྒྱུར་འགྱུར་བས་ན་དེ་ལྟར་དུ་གསུངས་སོ།།ཕུང་པོ་ལྔའི་རབ་བཤད་ལས།རེག་པ་གང་ཞེ་ན།གསུམ་འདུས་ནས་ཡོངས་སུ་གཅོད་པ་སྟེ།གསུམ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་མོ།།དེ་དག་རྒྱུ་དང་འབྲས་བུའི་དངོས་པོར་ལྷན་ཅིག་ཏུ་ཚོགས་པ་ནི་འབྲས་བུ་ཞེས་བྱ་སྟེ།ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་ནི་རྒྱུ་ཡིན་ནོ།།དེའི་རྒྱུ་ལས་བྱུང་བའི་རེག་པ་ནི་འབྲས་བུ་ཡིན་ཏེ།གསུམ་འདུས་པའི་རྒྱུ་ལས་གང་བྱུང་བའི་སེམས་ལས་བྱུང་བ་དེ་ལ་རེག་པ་ཞེས་བྱའོ།།དེ་ལ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་དུས་གཅིག་ཏུ་འདུས་པ་ལས།དེ་ཉིད་ཀྱི་དུས་ན་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དང༌།བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་གསུམ་སྐྱེ་བར་བྱེད་པ་དང་རྗེས་སུ་མཐུན་པའམ་ཚོར་བ་གསུམ་སྐྱེ་བའི་རྒྱུ་ལྟ་བུར་དབང་པོ་ཡོངས་སུ་འགྱུར་རོ།ཅི་ལྟར་དབང་པོ་ཚོར་བ་བདེ་བ་ལ་སོགས་པ་སྐྱེ་བར་འགྱུར་བ་དང་རྗེས་སུ་མཐུན་པར་འགྱུར་བའམ།ཚོར་བ་སྐྱེ་བའི་རྒྱུ་ལྟ་བུར་འགྱུར་བ་དེ་དང་འདྲ་བར་ཡུལ་དང་ཚོར་བ་བདེ་བ་སོགས་པ་སྐྱེ་བར་འགྱུར་བ་དང་རྗེས་སུ་མཐུན་པར་ཡོངས་སུ་གྱུར་བའམ།ཚོར་བ་སྐྱེ་བའི་རྒྱུ་ལྟ་བུར་ཡོངས་སུ་འགྱུར་བའི་ཡུལ་གྱི་རྣམ་པ་ཇི་ལྟ་བུ་ལྡིན་པས་གཅོད་པར་བྱེད་པ་ནི་རེག་པ་ཞེས་བྱའོ།།དེའི་ལས་ནི་ཚོར་བའི་རྟེན་བྱེད་པ་སྟེ།ཚོར་བ་སྐྱེ་བའི་རྒྱུ་བྱེད་པའི་དོན་ནོ།།ཞེས་གསུངས་པ་དང༌།མདོ་ལས་ཀྱང་རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་ཞེས་བཤད་པ་དང་མདོ་གཞན་དག་ལས་ཚོར་བ་མྱོང་བའི་རེག་པ་ལ་བརྟེན་ནས།བདེ་བའི་ཚོར་བ་སྐྱེའོ་ཞེས་གསུངས་སོ།།
འདི་ལ་ཡང་རྟེན་གྱི་སྒོ་ནས་ཕྱེ་ན་དྲུག་སྟེ།མིག་གི་འདུས་ཏེ་རེག་པ་དང༌།རྣ་བའི་འདུས་ཏེ་རེག་པ་དང༌།སྣའི་འདུས་ཏེ་རེག་པ་དང༌།ལྕེའི་འདུས་ཏེ་རེག་པ་དང༌།ལུས་ཀྱི་འདུས་ཏེ་རེག་པ་དང༌།ཡིད་ཀྱི་འདུས་ཏེ་རེག་པ་རྣམས་སོ།
ཁ༣ཡིད་ལ་བྱེད་པ།
ཡིད་ལ་བྱེད་པ་ནི།མངོན་པ་ཀུན་ལས་བཏུས་ལས།ཡིད་ལ་བྱེད་པ་གང་ཞེ་ན།སེམས་ཀྱི་འཇུག་པ་སྟེ།དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།རང་དང་མཚུངས་ལྡན་གྱི་སེམས་དམིགས་པ་བྱེ་བྲག་པ་ལ་གཏད་པའི་རིག་པ་བྱེ་བྲག་པ་ཞིག་གོ།དེ་ཡང་རབ་བཤད་ལས།ཡིད་ལ་བྱེད་པ་གང་ཞེ་ན།སེམས་ཀྱི་འཇུག་པ་སྟེ།འཇུག་པ་ཞེས་བྱ་བ་ནི་སེམས་ཡུལ་ལ་འགྲོ་བར་བྱེད་པའམ་དེར་ལྟ་བར་བྱེད་པ་སྟེ།བསྒོམ་པར་བྱ་བ་ཡུལ་དམིགས་པའི་ཁྱད་པར་ལ་སོགས་པ་དམིགས་པར་བྱ་བའི་ཡུལ་གང་ཡང་རུང་བ་ལ་སེམས་མངོན་དུ་ལྟ་ཞིང་དེར་ཕྱོགས་པར་བྱེད་པས་ན་སེམས་ཀྱི་འཇུག་པ་ཞེས་བྱ་སྟེ།དེ་ལྟ་བུར་བྱེད་པ་དེ་ལ་ཡིད་ལ་བྱེད་པ་ཞེས་བྱའོ།།དེའི་ལས་ནི་དམིགས་པ་ལ་སེམས་འཛིན་པ།འོ།།དམིགས་པ་ལ་སེམས་འཛིན་ཅེས་བྱ་བའི་དོན་ནི་ཀེང་རུས་ལ་སོགས་པ་དམིགས་པའི་ཡུལ་སེམས་ཡང་ནས་ཡང་དུ་འཇོག་པར་བྱེད་པ་ནི་སེམས་འཛིན་པ་ཞེས་བྱའོ།།དེ་བས་ན་དམིགས་པའི་ཡུལ་ལ་སེམས་ཀྱི་སྐད་ཅིག་མའི་རྒྱུན་དུ་དམིགས་པ་དེ་ནི་དེའི་ལས་བཤད་ཀྱི།སེམས་ཀྱི་སྐད་ཅིག་མ་དེ་ལ་དམིགས་ནས།སྐད་ཅིག་མ་གཉིས་པ་ལ་སོགས་པའི་ཚེ་སྐད་ཅིག་མ་གཞན་ལ་དམིགས་པ་དེ་ནི་དེའི་ལས་སུ་མི་གཞག་གོ།ཞེས་གསུངས་པ་ལྟར་རོ།།སེམས་པ་དང་ཡིད་ལ་བྱེད་པ་གཉིས་ཀྱི་ཁྱད་པར་ནི།སེམས་པས་ནི་སེམས་སྤྱིར་ཡུལ་ལ་གཡོ་བར་བྱེད་པ་ཡིན་ལ།ཡིད་ལ་བྱེད་པས་ནི་ཡུལ་བྱེ་བྲག་པ་ལ་སེམས་ཕྱོགས་པར་བྱེད་པའོ།
ཚོར་བ་ལ་སོགས་པའི་སེམས་བྱུང་ལྔ་པོ་དེ་ལ་ཀུན་འགྲོ་ཞེས་བརྗོད་པའི་རྒྱུ་མཚན་ནི།སེམས་ཀུན་ལ་རྗེས་སུ་འགྲོ་བའི་སེམས་བྱུང་ཡིན་པས་ན་དེ་ལྟར་དུ་བརྗོད་དོ།།དེ་ཡང་ཀུན་འགྲོ་ལྔ་པོ་གང་རུང་ཞིག་མ་ཚང་ན་ཡུལ་གྱི་ལོངས་སྤྱོད་མི་རྫོགས་ཏེ།ཚོར་བ་མེད་ན་མྱོང་བ་མེད་པར་གྱུར་ལ།འདུ་ཤེས་མེད་ན་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མ་འཛིན་པ་མེད་ལ།སེམས་པ་མེད་ན་ཡུལ་ལ་ཕྱོགས་པ་མེད་ཅིང༌།ཡིད་ལ་བྱེད་པ་མེད་ན་དམིགས་པ་བྱེ་བྲག་པ་ལ་ཡིད་གཏོད་པ་མེད་པར་འགྱུར་ལ།རེག་པ་མེད་ན་ནི་རྟེན་མེད་པར་འགྱུར་བས་ཡུལ་གྱི་ལོངས་སྤྱོད་རྫོགས་པ་ལ་ཀུན་འགྲོ་ལྔ་ག་ཚང་དགོས་པར་གསུངས་སོ།།
ཀ༢ཡུལ་ངེས་ལྔ།
ཡུལ་ངེས་ལྔ་ནི།འདུན་པ།མོས་པ།དྲན་པ།ཏིང་ངེ་འཛིན།ཤེས་རབ་རྣམས་སོ།
ཁ༡འདུན་པ།
འདུན་པའི་ངོ་བོ་ནི།མངོན་པ་ཀུན་ལས་བཏུས་ལས།འདུན་པ་གང་ཞེ་ན།འདོད་པའི་དངོས་པོ་ལ་དེ་དང་དེ་ལྡན་པར་བྱེད་འདོད་པ་ཉིད་དེ།བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ།ཞེས་གསུངས་པ་ལྟར།བསམས་པའི་དངོས་པོ་ལ་དམིགས་ནས་དོན་དུ་གཉེར་བའི་རིག་པའོ།།རབ་བཤད་ལས།འདོད་པ་གང་ཞེ་ན།འདོད་པའི་དངོས་པོ་ལ་འདོད་པ་སྟེ།འདོད་པ་ཡང་འདོད་པའི་དངོས་པོ་ཉིད་ལ་འདོད་པ་སྐྱེའི།འདོད་པ་མ་ཡིན་པའི་དངོས་པོ་ལ་འདོད་པ་མི་སྐྱེ་བས་ཡུལ་ངེས་པའོ།དེ་ལ་འདོད་པའི་དངོས་པོ་ནི་བལྟ་བར་འདོད་པའི་དངོས་པོ་གཟུགས་དང་མཉན་པར་འདོད་པའི་དངོས་པོ་སྒྲ་ལ་སོགས་པའོ།འདོད་པ་ནི་བལྟ་བར་བྱ་བའི་ཡུལ་དང་མཉན་པར་བྱ་བའི་ཡུལདེ་ལ་ཇི་ལྟར་བལྟ་ཇི་ལྟར་མཉན་སྙམ་སྟེ།བལྟ་བར་བྱ་བ་དང་མཉན་པར་བྱ་བའི་ཡུལ་ལ་མཐོང་ཞིང་ཐོས་ཀྱང་ཇི་མ་རུང་སྙམ་དུ་སྨོན་པ་ནི་འདོད་པ་ཞེས་བྱའོ།།དེའི་བརྩོན་འགྲུས་ཀྱི་རྟེན་བྱེད་པ་སྟེ།འདོད་པ་ཡོད་ན་བརྩོན་འགྲུས་རྩོམ་པའི་ཕྱིར་རོ།ཞེས་གསུངས་པ་ལྟར་རོ།
འདུན་པ་དེ་ལ་དབྱེ་ན་རྣམ་པ་གསུམ་སྟེ།ཕྲད་པར་འདོད་པའི་འདུན་པ་དང༌།མི་འབྲལ་བར་འདོད་པའི་འདུན་པ་དང༌།དོན་དུ་གཉེར་བའི་འདུན་པ་རྣམས་སོ།།དོན་གཉེར་གྱི་འདུན་པ་ལ་ཡང་འདོད་པ་དོན་དུ་གཉེར་བ་དང༌།ལྟ་བ་དོན་དུ་གཉེར་བ་སོགས་མང་དུ་ཡོད་དོ།།
ཁ༢མོས་པ།
མོས་པའི་ངོ་བོ་ནི།མངོན་པ་ཀུན་ལས་བཏུས་ལས།མོས་པ་གང་ཞེ་ན།ངེས་པའི་དངོས་པོ་ལ་ཇི་ལྟར་ངེས་པ་བཞིན་དུ་འཛིན་པ་སྟེ།མི་འཕྲོགས་པ་ཉིད་ཀྱི་ལས་ཅན་ནོ།ཞེས་གསུངས་པ་ལྟར།རང་གི་ཚད་མས་ངེས་ཟིན་པའི་ཡུལ་རྣམས་ལ་འདི་ཁོ་ན་ལྟར་ཡིན་གྱིགཞན་དུ་མ་ཡིན་ནོ་སྙམ་དུ་འཛིན་པའི་རིག་པའོ།།དེ་ལ་རབ་བཤད་ལས།མོས་པ་གང་ཞེ་ན།ངེས་པའི་དངོས་པོ་ཉིད་ལ་དེ་བཞིན་དུ་འཛིན་པ་སྟེ།མོས་པའི་ཡུལ་ནི་ངེས་པའི་དངོས་བོ་ཁོ་ན་ཡིན་གྱིམ་ངེས་པའི་དངོས་པོ་ལ་མོས་པ་མི་འཇུག་པས་ན་ཡུལ་ངེས་པར་བསྟན་པའོ།།ཞེས་གསུངས་པའོ།།
འདིར་བྱེད་ལས་ཀྱི་ཁྱད་པར་ལ་མི་འཕྲོགས་པའི་ལས་ཅན་ཞེས་གསུངས་པ་ནི།རང་གིས་ངེས་ཟིན་པའི་དོན་ལ་མོས་པ་བརྟན་པོ་རྙེད་པ་ན་ཕ་རོལ་ཀྱི་རྒོལ་བས་དེ་ལས་གཞན་དུ་སྒྱུར་མི་ནུས་པའི་དོན་ཏེ།དཔེར་ན་སྐྱབས་འགྲོའི་སྐབས་ནང་པ་དང་ཕྱི་པའི་སྟོན་པའི་ཁྱད་པར་ལ་བསམས་ནས་གང་ནི་བསླུ་བ་མེད་པའི་སྐྱབས་ཡིན་སྙམ་དུ་དཔྱད་པ་ན།སྟོན་པ་སངས་རྒྱས་ཉག་གཅིག་བསླུ་བ་མེད་པའི་སྐྱབས་སུ་ངེས་ཤིང༌།དེས་བསྟན་པའི་ཆོས་དང༌།ཆོས་དེ་ཚུལ་བཞིན་དུ་སྒྲུབ་པའི་དགེ་འདུན་རྣམས་ཀྱང་བསླུ་བ་མེད་པའི་སྐྱབས་སུ་ཚད་མས་ངེས་ནས་གཏན་གྱི་སྐྱབས་སུ་མོས་པ་བརྟན་པོ་རྙེད་པ་ན་མུ་སྟེགས་སོགས་ཀྱིས་ཁ་དྲང་མི་ཐུབ་པར་ནང་པ་སངས་རྒྱས་པའི་གྲངས་སུ་ཆུད་ཅིང༌།དེ་ལ་བརྟེན་ནས་དཀར་ཆོས་ཐམས་ཅད་འཕེལ་བ་ལྟ་བུའོ།།རབ་བཤད་ལས།མི་སླུ་བའི་ལུང་དང་མངོན་སུམ་དང་རྗེས་དཔག་པའི་རིགས་པས་དངོས་པོ་རྣམས་ལ་མི་རྟག་པ་དང༌།སྡུག་བསྔལ་བ་དང་བདག་མེད་པའི་རང་བཞིན་དུ་གཏན་ལ་དབབ་པར་བྱས་ཤིང་ཐེ་ཚོམ་མེད་པར་བྱས་པ་ནི་ངེས་པའི་དངོས་པོའོ།།དེ་བཞིན་དུ་འཛིན་ཅེས་བྱ་བ་ནི་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པར་གཏན་ལ་ཕབ་ཅིང་ཡིད་ཆེས་པར་བྱས་པ་དེ་ལ་དངོས་པོ་རྣམས་ནི་མི་རྟག་པ་དང༌།སྡུག་བསྔལ་བ་ལ་སོགས་པ་ཁོ་ནར་བདེན་པའི་རྟག་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་འཛིན་པ་ནི་ངེས་པ་ཞེས་བྱའོ།།ཡང་ན་ཕུང་པོ་ལྔ་ལ་གཟུགས་ནི་དབུ་བའི་གོང་བུ་ལྟབུ།ཚོར་བ་ནི་ཆུའི་ཆུ་བུར་དང་འདྲ་བ།འདུ་ཤེས་ནི་སྨིག་རྒྱུ་ལྟ་བུ།འདུ་བྱེད་ནི་ཆུ་ཤིང་གི་སྙིང་པོ་དང་འདྲ་བ།རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་ཡིན་པར་ཡིད་ཆེས་བར་བྱས་ནས་དེ་ལ་དེ་བཞིན་དུ་བདེན་ནོ་ཞེས་འཛིན་པ་ནི་དངོས་པོ་ལ་དེ་བཞིན་དུ་འཛིན་པ་ཞེས་བྱ་སྟེ།དེ་ལ་མོས་པ་ཞེས་བྱའོ།།དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང༌།གཟུགས་ནི་དབུ་བ་ལྟ་བུ་སྟེ།།ཚོར་བ་ཆུ་ཡི་ཆུ་བུར་འདྲ།།སྨིག་རྒྱུ་ལྟ་བུ་འདུ་ཤེས་ཏེ།།འདུ་བྱེད་ཆུ་ཤིང་འདྲ་བའོ།།རྣམ་ཤེས་སྒྱུ་མ་འདྲ་བར་ནི།།ཉི་མའི་གཉེན་གྱིས་རབ་ཏུ་གསུངས།།ཞེས་བཤད་དོ།།དེའི་ལས་ནི་མི་འཕྲོགས་པར་བྱེད་པ་སྟེ།དངོས་པོ་རྣམས་ལ་མི་རྟག་པ་ལ་སོགས་པར་ཡིད་ཆེས་པར་གྱུར་ན།རང་གི་ལྟ་བ་ལས་མུ་སྟེགས་ཅན་ལ་སོགས་པ་རྒོལ་བ་གཞན་གྱིས་ལྟ་བ་གཞན་དུ་བསྒྱུར་བར་མི་ནུས་པའི་ཕྱིར་རོ།།ཞེས་གསུངས་པ་བཞིན་ནོ།དེ་ཡང་སྤྱོད་འཇུག་ལས།དགེ་བའི་ཕྱོགས་ན་ཐམས་ཅདཀྱི།།རྩ་བ་མོས་པར་ཐུབ་པས་གསུངས།།དེའི་ཡང་རྩ་བ་རྟག་ཏུ་ནི།།རྣམ་སྨིན་འབྲས་བུ་བསྒོམས་པས་སོ།།ཞེས་སོགས་གསུངས་པ་ལྟར་རོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号