ད་སྔ་གཟིགས་བཞིན་པ།  མདུན་ངོས། > ཆེད་ལས་ཐ་སྙད། > སྐྱེ་དངོས།
༄༅། །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས་སྐབས་གསུམ་པ།སྐྱེ་མཆེད་བཅུ་གཉིས་ལས་བྱེ་བྲག་ཏུ་ཐ་སྙད་ཀྱི་རྣམ་བཞག
སྤེལ་དུས།01-16  ཡོང་ཁུངས།  རྩོམ་པ་པོ།

ས་བཅད་གཉིས་པ།བྱེ་བྲག་ཏུ་ཐ་སྙད་ཀྱི་རྣམ་བཞག་བསྟན་པ།

ཁམས་ཐ་མ་གཉིས་ལས་འཕྲོས་པའི་ཐ་སྙད་ཀྱི་རྣམ་བཞག་བསྟན་པ་ལ།ཡིད་ཤེས་ཀྱིས་ཐ་སྙད་བྱེད་ཚུལ་སྤྱིར་བསྟན་པ།ཐ་སྙད་ཀྱི་རྣམ་གྲངས་གཙོ་ཆེ་བ་བྱེ་བྲག་ཏུ་བཤད་པ།དེས་མཚོན་གཞན་ཡང་རྟོགས་པར་བྱ་བ་གསུམ་མོ།
 
དང་པོ།ཡིད་ཤེས་ཀྱིས་ཐ་སྙད་བྱེད་ཚུལ་སྤྱིར་བསྟན་པ།
 
སྐབས་འདིར་ཡིད་ཆོས་ཀྱི་སྐྱེ་མཆེད་ལས་འཕྲོས་ཏེ་ཐ་སྙད་ཀྱི་རྣམ་བཞག་འགའ་ཞིག་བརྗོད་པ་ལ།མིག་སོགས་ཀྱིས་ནི་རང་ཡུལ་ཐུན་མིན་གཟུགས་སོགས་ཤེས་པ་ཙམ་ལས་དེ་ལས་གཞན་པའི་སྒྲ་སོགས་ཤེསཔར་མི་ནུས་ཀྱང༌།ཡིད་ཀྱིས་ནི་རང་ཡུལ་ཐུན་མིན་ཆོས་ཁམས་ཙམ་དུ་མ་ཟད་མིག་སོགས་ཀྱི་ཡུལ་གཟུགས་སོགས་ཀྱང་ཤེས་ཤིང༌།མིག་གི་དབང་པོ་སོགས་ལྔ་པོ་ཡང་རང་རང་གི་རྣམ་ཤེས་རྣམས་དང་མཉམ་དུ་ཡུལ་སོགས་ལ་རྗེས་སུ་འགྲོ་ལྡོག་གི་ཚུལ་གྱིས་ཡོད་པར་ཤེས་ནུས་པས་གཞལ་བྱ་ཤེས་བྱའི་ཆོས་ཐམས་ཅད་ཀྱི་དོན་འཇལ་བར་བྱེད་པའི་ཡུལ་ཅན་ནོ།ཤེས་བྱའི་ཡུལ་ཙམ་པོ་དེར་མ་ཟད་ནང་དུ་རང་གི་ཤེས་པའི་རྒྱུད་གཅིག་གིས་བསྡུས་ཤིང་རང་གིས་རང་རིག་པའི་ཕྱིར་ན།ཡིད་ཤེས་ལ་རྟོག་བཅས་དང་རྟོག་མེད་གཉིས་ཡོད་པའི་རྟོག་བཅས་ཀྱི་ཤེས་པའི་ཡུལ་དུ་ནི་མིག་སོགས་སྒོ་ལྔའི་ཤེས་པ་དང༌།ཡིད་རང་དང་བཅས་པ་ཡང་འགྱུར་བས་ན་ཡིད་ནི་ཆོས་ཀུན་གྱི་ཡུལ་ཅན་ཡིན་ལ།དེའི་ཕྱིར་ན་ཡིད་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་ཀྱིས་ནི་གཟུགས་སོགས་ཕྱི་དང་དབང་སོགས་ནང་གི་ཤེས་བྱའི་ཆོས་སོ་ཅོག་ཐམས་ཅད་ལ་དེ་དང་དེའི་ཐ་སྙད་ཀྱི་རྣམ་བཞག་བྱེད་དུ་རུང་ཞིང༌།ཐ་སྙད་ཀྱི་ཚུལ་དེའི་སྒོ་ནས་ཤེས་བྱའི་ཆོས་རྣམས་ཀྱི་བླང་དོར་ལ་མ་རྨོངས་བར་འགྱུར་རོ།དེས་ན་ཡིད་ནི་ཕྱི་ནང་གི་ཆོས་ཀུན་གྱི་འཇལ་བྱེད་དམ་ཡུལ་ཅན་དང༌།ཤེས་བྱའི་ཆོས་རྣམས་ཀྱི་དོན་གྱི་ངོ་བོ་དང་ཁྱད་པར་བྱེད་བ་དང༌།བླང་དོར་སོགས་ལ་འཇུག་ལྡོག་བྱེད་པ་པོ་ཡིན་ལ།གཙོ་བོ་ཡིད་དེ་དགེ་ན་ཤེས་པ་གཞན་འཁོར་དང་བཅས་བ་ཡང་དགེ་བ་སོགས་དང༌།ཡིདདེའི་ལྟ་འདོད་སོགས་ཀྱིས་ཡིད་བྱེད་ཡོད་མེད་ཀྱི་དབང་གིས་མིག་སོགས་ཀྱི་ཤེས་བ་གཞན་རྣམས་གཟུགས་སོགས་ཡུལ་ལ་འཇུག་པའམ་ལྡོག་པར་བྱེད་པ་སོགས་ཀྱི་ཕྱིར་ཡིད་ནི་གཙོ་བོའམ་རྒྱལ་བོ་ལྟ་བུ་ཡིན་ཏེ།བཅོམ་ལྡན་འདསཀྱིསམདོལས།ཐ་སྙད་བླང་དོར་སོགས་ཆོས་ཐམས་ཅད་ཀྱི་སྔོན་དུའམ་དེ་ཀུན་ནས་སློང་བྱེད་ཀྱི་ཡིད་རང་ཉིད་འགྲོ་སྟེ་ཡིད་ནི་གཞལ་བྱ་སོགས་ལ་འཇུག་པ་མྱུར་བས་ཤིན་ཏུ་མགྱོགས་པ་ཡིན་ཞིང་ཡིད་ནི་དགེ་མི་དགེ་སོགས་ལ་དབང་བསྒྱུར་པར་བྱེད་པས་གཙོ་བོ་ཡིན།ཞེས་གསུངས་བ་ལྟར་རོ།
གཉིས་པ།ཐ་སྙད་ཀྱི་རྣམ་གྲངས་གཙོ་ཆེ་བ་བྱེ་བྲག་ཏུ་བཤད་པ།
ཐ་སྙད་ཀྱི་རྣམ་གྲངས་བཤད་པ་ལ་རྟོག་བཅས་རྟོག་མེད་དང༌།དེའི་ཡུལ་གྱི་ཁྱད་པར།དབྱེ་བ་དང་བསྡུ་བ།སྤྱི་དང་བྱེ་བྲགརྫས་ཡོད་དང་བཏགས་ཡོད།སྣང་འཇུག་དང་སེལ་འཇུགཡུལ་དང་ཡུལ་ཅན།འགལ་འབྲེལ།མཚན་མཚོན་གཞི་གསུམ།ཆོས་ཆོས་ཅན།བརྗོད་བྱ་རྗོད་བྱེད།ཤེས་བརྗོད་འཇུག་གསུམ་་སོགས་ཀྱི་དབྱེ་བ་དང་བཅུ་གཉིས་སོ།།
༡རྟོག་བཅས་རྟོག་མེད།
གང་ཤེས་པར་བྱེད་པ་པོ་ཐམས་ཅད་ནི་བློ་དང༌།གང་ཞིག་ཤེས་པར་བྱ་བའི་ཡུལ་ཐམས་ཅད་ཆོས་སུ་འདུའོ།ཤེས་བྱེད་ཀྱི་བློ་དེ་ལ་མིག་སོགས་སྒོ་ལྔའི་རྣམ་ཤེས་ནི་དུས་སོགས་རྣམ་པ་ཀུན་ཏུ་འདྲེས་སུ་རུང་ངམ་འདྲེས་འཛིན་མེད་པས་རྟོག་མེད་ཡིན་ལ།ཡིད་ལ་རྟོག་པ་དང་བཅས་པ་དང་རྟོག་པ་མེད་པ་གཉིས་ཡོད་དོ།།
༢ཡིད་རྟོག་བཅས་རྟོག་མེད་ཀྱི་ཡུལ་གྱི་ཁྱད་པར།
ཡིད་རྟོག་མེད་ཀྱི་ཤེས་པའི་ཡུལ་རང་ནི།།ཡུལ་རྒྱ་གར་ནག་སོགས་དང༌།དུས་འདས་བ་དང་མ་འོངས་པ།རྣམ་པ་གསེར་བུམ་དང་ཟངས་བུམ་སོགས་ཀྱི་ཁྱད་པར་གཞན་དང་མ་འདྲེས་པ།སྐད་ཅིག་མ་རང་དུས་ཀྱི་ཡུལ་དུས་གནས་སྐབས་དེར་ཡོད་པའི་རྫ་བུམ་ལྟ་བུའི་རང་མཚན་མིང་གི་སྒྲ་དང་དངོས་སུ་ནམ་དུ་ཡང་འདྲེས་སུ་མི་རུང་བའོ།སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་པའི་ཡིད་ཀྱི་ཡུལ་དུ་ནི།བུམ་པ་ལ་སོགས་པའི་དངོས་པོའི་ཆོས་རྣམས་ཀྱི་ལྟོ་ལྡིར་བུའི་རང་རང་གི་དོན་གྱི་སྤྱིའི་རྣམ་པ་ཙམ་ཞིག་རང་གི་ཡིད་ངོར་སྣང་བ་དེ་ཡིན་སྟེ།དོན་སྤྱི་བློ་ངོར་སྣང་བ་འདི་ནི་མིང་གི་སྒྲ་དང་རྣམ་པ་ཀུན་ཏུ་འདྲེས་སུ་རུང་བ་ཡིན་པས་བུམ་སོགས་བློ་ངོར་སྣང་བ་འདི་ལ་དོན་གྱི་སྤྱིའམ་སྒྲ་ཡི་དོན་ཞེས་བྱ་སྟེ།ལྟོ་ལྡིར་བ་བུམ་པ་ཡིན་ལྟ་བུའི་བརྡའམ་མིང་ལ་སྔར་འདྲིས་ཤིང་བྱང་བ་རྣམས་ཀྱིས་རྣམ་པ་བློ་ངོར་སྣང་བ་དེ་དང་མིང་གི་སྒྲ་གཉིས་པོ་བསྲེས་ནས་བརྗོད་བྱར་བཟུང་བ་དེའི་སྒོ་ནས་ཡུལ་ཤར་ནུབ་སོགས།དུས་འདས་མ་འོངས་ད་ལྟར་དང་རྣམ་པ་བཟང་ངན་སོགས་བསྲེས་བའི་ཚུལ་གྱིས་བུམ་པ་སོ་རྙིང་དང་བཟང་ངན་འབྱུང་ཁུངས་ལསོགས་པ་ལྟ་བུ་ཆོས་རྣམས་ཀྱི་ཐ་སྙད་ཀྱི་རྣམ་བཞག་རྣམ་པ་སྣ་ཚོགས་པ་བྱེད་དོ།།
༣དབྱེ་བ་དང་བསྡུ་བ།
སྤྱིར་དབྱེ་གཞི་ཤེས་བྱ་དང༌།ཤེས་བྱ་དེའི་ནང་གི་དབྱེ་བ་དོན་བྱེད་ནུས་པའི་དངོས་པོ་ཕུང་ལྔ་སོགས་དང་དངོས་མེད་ནམ་མཁའ་སོགས་གཉིས་དང༌།དེའི་ནང་གི་དངོས་པོ་ལ་ཡང་བེམ་པོ་དང་ཤེས་པ་དང་ལྡན་མིན་འདུ་བྱེད་དེ་གསུམ་དུ་དབྱེ་བ་ལྟ་བུའི་ཕྱེ་བའི་ཐ་སྙད་དང༌།བེམ་ཤེས་ལྡན་མིན་གསུམ་པོ་དེ་དག་གོང་མ་དངོས་པོའི་ཆོས་སུ་བསྡུ་བ་དང༌།དངོས་དངོས་མེད་ཤེས་བྱ་སོགས་གོང་མར་བསྡུ་བ་བསྡུ་བའི་ཐ་སྙད་གོ།
༤སྤྱི་དང་བྱེ་བྲག
ཤེས་བྱ་ནི་དངོས་དངོས་མེད་དང་དངོས་པོ་ནི་བེམ་པོ་དང་ཤེས་པ་སོགས་ཀྱི་སྤྱི་ཡིན་པ་ལྟ་བུའི་ཐ་སྙད་དང༌།དངོས་དངོས་མེད་དང་བེམ་པོ་སོགས་ནི་དེའི་བྱེ་བྲེག་ཡིན་པ་བྱེ་བྲག་གི་ཐ་སྙད་དོ།
༥རྫས་ཡོད་དང་བཏགས་ཡོད།
མིང་དང་རྟོག་པས་བཏགས་པ་ཙམ་ལ་མི་ལྟོས་པར་ཆོས་གང་ཡང་རང་ཉིད་རྫས་སུ་ཡོད་པ་སྔོན་པོ་ལྟ་བུ་རང་མཚན་དང༌།དེ་ལྟར་རྫས་སུ་མེད་ཀྱང་བཏགས་པ་ཙམ་གྱིས་ཡོད་པ་སྤྱི་དང་གང་ཟག་ལ་སོགས་པ་ལྟ་བུ་བཏགས་ཡོད་དེ།ཀུན་བཏུས་ལས།དབང་པོ་སྤྱོད་ཡུལ་བརྗོད་པ་དང༌།དེ་ལས་གཞན་པ་ལ་མི་ལྟོས་པ་ནི་རྫས་སུ་ཡོད་པའོ།།ཐམས་ཅད་ཀྱང་རྫས་སུ་ཡོད་པའོ།།བདག་ལ་རྫས་སུ་མངོན་ཞེན་སྤང་ཕྱིར་རྫས་སུ་ཡོད་པར་བརྟག་གོ།དབང་པོའི་སྤྱོད་ཡུལ་བརྗོད་པ་དང་དེ་ལས་གཞན་ལ་ལྟོས་བ་དང་བཅས་བ་བཏགས་ཡོད་དོ།།ཐམས་ཅད་ཀྱང་བཏགས་པས་ཡོད་པའོ།།བདག་ལ་བཏགས་པར་མངོན་ཞེན་སྤང་བའི་ཕྱིར་རོ།།ཀུན་ནས་ཉོན་མོངས་བར་འགྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ།།ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཡོད་པའོ།།བདག་ཀུན་ཉོན་གྱི་རྒྱུར་ཞེན་པ་སྤང་ཕྱིར་རོ།དོན་དམ་པར་ཡོད་པ་ནི་རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པར་ཡོད་པའོ།།ཐམས་ཅད་ཀྱང་དོན་དམ་པར་ཡོད་པའོ།།བདག་ལ་རྣམ་པར་དག་པའི་རྒྱུར་མངོན་ཞེན་སྤང་བའི་ཕྱིར་རོ།།ཤེས་བྱ་ནི་གཟུགས་སོགས་གཞི་ལྔའོ།།གང་དུ་ཉོན་མོངས་བ་དང་རྣམ་བྱང་དང༌།གང་ཀུན་བྱང་དང༌།གང་གིས་ཀུན་བྱང་དང༌།དེའི་གནས་སྐབས་དང༌།རྣམ་བྱང་གང་ཡིན་པ་དེའི་དབང་དུ་བྱས་ནས།ཐམས་ཅད་ཀྱང་ཤེས་བར་བྱ་བ་དག་གོ།ཞེས་གསུངས་བ་ལྟར།རྫས་བཏགས་ཀྱི་ཐ་སྙད་དོ།།
༦སྣང་འཇུག་དང་སེལ་འཇུག
རྟོག་མེད་ཀྱི་ཤེས་བ་རྣམས་ཡུལ་གྱི་རང་མཚན་སྣང་བའི་སྒོ་ནས་རྫས་རྣམས་ལ་འཇུག་པ་དང༌།ཡིད་རྟོག་བཅས་ཀྱིས་ནི་རང་ཡུལ་དེ་མིན་པའི་ཆོས་གཞན་ཐམས་ཅད་རྣམ་པར་བསལ་བས།གཞན་སེལ་ལམ་རྣམ་བཅད་དམ་རང་མིན་གཞན་དང་རང་གི་རིགས་འདྲ་ལས་ཀྱང་ལྡོག་པའི་གཉིས་ཚོགས་ཏེ་ཤིང་ལ་མཚོན་ན་ཙན་དན་དེ་ཉིད་དངོས་པོ་གཞན་མེ་ཆུ་བུམ་སྣམ་སོགས་ལས་ལྡོག་པ་དང༌།རང་གི་རིགས་འདྲ་ཤ་བ་དང་ཤུག་པ་སོགས་ལས་ཀྱང་ལྡོག་པས་ལྡོག་པ་གཉིས་ཚོགས་ཀྱིས་གཞན་ལས་ལྡོག་པའི་སྒོ་ནས་ཙན་དན་དུ་བཏགས་པ་ལྟ་བུ་རྣམས་ལ་སེལ་བས་འཇུག་པ་ཡིན་ཞིང༌།གཞན་སེལ་དེ་འདྲའི་རྒྱུ་མཚན་གྱིས་བཏགས་པ་དེ་ལ་ནི་ལྡོག་པ་ཞེས་བྱའོ།།དེ་ལྟའི་གཞན་སེལ་དེ་ལ་ཡང་དོན་རང་མཚན་མེའི་ཚ་བ་ལྟ་བུ་དེ་རང་མིན་རིགས་མི་མཐུན་པ་དང་མཐུན་པ་གཞན་མཐའ་དག་ལས་ལོག་པའི་ངོ་བོར་རང་བཞིན་གྱིས་གནས་པའི་ཆ་ནས་ནི་དོན་རང་མཚན་གྱི་གཞན་སེལ་ཞེས་བྱ་བ་དང༌། དོན་གྱི་གཞན་སེལ་བ་དེ་དང་མཐུན་པར་དེ་བཞིན་དུ་འཛིན་པའི་བློ་དེ་ལ་བློ་ཡི་གཞན་སེལ་ཞེས་བྱ་སྟེ་གཉིས་ཡོད་དོ།།དེ་ལྟར་སེལ་བའམ་རྣམ་པར་བཅད་པ་དེའི་སྟོབས་ཀྱིས།གཞན་བུམ་པ་མིན་པ་ཁམ་ཕོར་སོགས་ཀྱི་ཆོས་ཐམས་ཅད་ཕར་རྣམ་པར་བཅད་པ་ལ་ཁེགས་ན།བསྒྲུབ་བྱའི་བུམ་པ་རང་ཉིད་ཚུར་ཡོངས་གཅོད་དུ་གྲུབ་པ་ཡིན་ཅིང༌།ཡང་བུམ་པ་ལྟ་བུའི་ཆོས་གཅིག་གི་སྟེང་ན་མངོན་པར་འདུ་མ་བྱས་བ་ལས་ལོག་པའི་ཆ་ནས་བྱས་བ་ཡིན་པ་དང་སྐྱེ་འཇིག་མེད་པ་རྟག་པའི་ཆོས་རྣམས་ལས་ལོག་པའི་ཆ་ནས་མི་རྟག་པ་དང་སེམས་ལྡན་ལས་ལོག་པའི་ཆ་ནས་སེམས་མེད་ཡིན་པ་སོགས་ལྡོག་པའི་ཆོས་དུ་མར་འབྱེད་པའི་ཐ་སྙད་ཀྱི་རྣམ་བཞག་བྱེད་དོ།།
༧ཡུལ་དང་ཡུལ་ཅན།
ཤེས་བྱའི་ཆོས་ཐམས་ཅད་འཇལ་བར་བྱེད་པའི་ཡུལ་ཅན་གྱི་བློ་ལ་རིགས་བཞི་སྟེ།མ་རྟོགས་པ་དང༌།ལོག་པར་རྟོགས་པ་དང༌།ཐེ་ཚོམ་དང༌།ཡང་དག་པར་རྗེས་སུ་རྟོགས་པའོ།།དེ་ཡང་མ་རྟོགས་པའི་བྱེ་བྲག་ལའང་ལྷ་ཁང་ངམ་མི་མང་ལྟ་བུ་མངོན་སུམ་དུ་སྣང་བ་ལ་རྗེས་སུ་ངེས་བ་མ་འདྲོངས་བས་མ་ངེས་པ་དང་དགེ་སློང་རྣམས་ཡོད་པར་མཐོང་ཡང་དེར་དགའ་བོ་ཡོད་མེད་མ་ངེས་པ་ལྟ་བུ་དང༌།རྗེས་དཔག་ཚད་མ་ལ་མ་བརྟེན་པའི་ཡིད་དཔྱོད་ཕ་མྱེས་ཀྱི་ཁྲོན་པ་རྙིང་པ་ལྟ་བུ་ལ་ཆུ་ཡོད་དམ་མེད་སྙམ་པ་ལྟ་བུ་གཉིས་ནི་རང་གཞན་གྱི་ཡིད་ཤེས་ལ་ཡོད་ངེས་མེད་ངེས་ལྟ་བུའི་ཐག་ཆོད་ཀྱི་ངེས་པ་འདྲེན་མི་ནུས་བའི་ཆ་ནས་མ་རྟོགས་པར་བཞག་པའོ།།ལོག་པར་རྟོགས་པ་ནི་ཕྱིན་ཅི་ལོག་ཏུ་འཛིན་པ་སྟེ་ཐོ་ཡོར་ལ་མི་དང་ཐག་པ་ལ་སྤྲུལ་དུ་འཛིན་པ་ལྟ་བུའོ།།ཐེ་ཚོམ་ནི་བློ་རྩེ་གཉིས་སུ་འཇུག་པ་ཕྱོགས་མ་ཆོད་སྟེ་ཐག་རིང་གི་གཟུགས་ལ་བུམ་པ་དང་ཁམ་ཕོར་གང་ཡིན་ཆ་མ་ཆོད་པ་ལྟ་བུའོ།།ཡང་དག་པར་རྟོགས་པ་ལའང་རྒྱུ་མངོན་སུམ་ཚད་མ་དང་རྗེས་དཔག་ཚད་མ་གཉིས་ཏེ།མངོན་སུམ་ལའང་བདག་རྐྱེན་མིག་དབང་ལས་སྐྱེས་བའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པས་གཟུགས་མངོན་སུམ་དུ་མཐོང་བ་ལྟ་བུ་དབང་པོའི་མངོན་སུམ་དང༌།བདག་རྐྱེན་ཡིད་དབང་ལ་བརྟེན་ནས་སྐྱེས་བའི་རྟོག་བྲལ་མ་འཁྲུལ་བའི་ཤེས་བ་ཡིད་ཀྱི་མངོན་སུམ་དང༌།བདག་རྐྱེན་ཞི་ལྷག་གི་རྣལ་འབྱོར་ལ་བརྟེན་ནས་སྐྱེས་བའི་རྟོག་བྲལ་མ་འཁྲུལ་བའི་ཤེས་བའི་མངོན་སུམ་དུ་གྱུར་བ་རྣལ་འབྱོར་མངོན་སུམ་དང༌།སེམས་སེམས་བྱུང་ཐམས་ཅད་རང་ཉིད་གསལ་བའི་ངོ་བོས་རྟོག་བྲལ་མ་འཁྲུལ་བར་རང་རིག་པ་རང་རིག་མངོན་སུམ་སྟེ་མངོན་སུམ་གྱི་ཚད་མ་བཞི་དང༌།རྟགས་བྱས་པ་ལས་མི་རྟག་པ་རྗེས་སུ་དཔག་པའམ།རེས་འགའ་བའི་ཆོས་ཀྱིས་རང་ཉིད་རྒྱུདང་ལྡན་པར་རྗེས་སུ་དཔག་པའམ།དུ་བ་དྲག་ཏུ་འཕྱུར་བ་ལས་མེ་ཡོད་པར་རྗེས་སུ་དཔོག་པ་ལྟ་བུ་རྗེས་དཔག་ཚད་མ་སྟེ་གཉིས་སོ།།མངོན་རྗེས་དེ་གཉིས་ཀྱི་འབྲས་བུ་ནི་བཅད་ཤེས་ཏེ་ཐེ་ཚོམ་དང་བྲལ་བའི་ངེས་ཤེས་ཐུན་མིན་རྒྱུད་ལ་སྐྱེས་པའོ།།ཡུལ་དེ་ལའང་སྣང་བའི་ཡུལ་ནི་ཡིད་རྟོག་མེད་ཤེས་བའི་ཡུལ་གཟུགས་སོགས་ཀྱི་རང་མཚན་དཔེར་ན་ཚ་ཞིང་སྲེག་པར་བྱེད་པའི་མེ་དངོས་ལྟ་བུ་དང༌།ཞེན་པའི་ཡུལ་ནི་ཡིད་རྟོག་བཅས་ཀྱི་ཤེས་པས་མེ་སོགས་ཀྱི་རྣམ་པ་བློ་ངོ་ལ་ཤར་བའི་དོན་སྤྱི་དེ་ལ་ཡུལ་དུ་ཞེན་པ་སྟེ་དེ་གཉིས་ཀར་ཡང་རྟོག་ལྡན་གྱི་སྐྱེས་བུའི་བྱ་བ་སོགས་ཀྱི་འཇུག་ལྡོག་གི་ཡུལ་དུ་བྱེད་པའི་ཆ་ནས་ནི་འཇུག་ཡུལ་དང༌།རྟོག་ལྡན་གྱི་བློས་བཟུང་བར་བྱ་བའི་ཡུལ་ཡིན་པའི་ཆ་ནས་ནི་གཟུང་བའི་ཡུལ་ཞེས་བརྗོད་ལ།དེ་ལྟར་ཡུལ་ཡུལ་ཅན་ནམ་གཞལ་བྱ་འཇལ་བྱེད་ཀྱི་རྣམ་པར་བཞག་པའོ།༨འགལ་འབྲེལ།འགལ་བ་དང་འབྲེལ་བ་ཅན་གྱི་རྣམ་བཞག་ལ།ཕན་ཚུན་འགལ་བ་ནི།བློ་འགལ་དོན་འགལ་གཉིས་ཏེ་རིགས་འདྲའི་རྒྱུན་ཕན་ཚུན་ནུས་མཚུངས་སུ་དུས་ལྷན་ཅིག་ཏུ་མི་འགྲོགས་པ་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད་ཡིན་ཅིང་འདིའི་འགལ་ཟླ་དངོས་པོར་ངེས་པ་ཡིན་ལ།དེ་ལའང་བདག་ཏུ་འཛིན་པ་དང་བདག་མེད་དུ་འཛིན་པའི་བློ་གཉིས་གང་ཟག་གཅིག་གི་རྒྱུད་ལ་དུས་མཉམ་དུ་མི་གནས་པ་ལྟ་བུ་བློ་འགལ་དང༌།དངོས་པོ་གཅིག་གི་སྟེང་ཚ་རེག་གྲངས་རེག་ལྟ་བུ་གཉིས་ལྷན་ཅིག་མི་གནས་པ་དོན་འགལ་དང་གཉིས་ཡོད།
ཕན་ཚུན་གཅིག་གིས་གཅིག་སྤང་སྟེ་འགལ་བ་ལ་ཕན་ཚུན་དངོས་སུ་འགལ་བ་རྟག་པ་དང་མི་རྟག་པ་ལྟ་བུ་དང༌།དངོས་སུ་འགལ་བ་མིན་ཡང་བརྒྱུད་ནས་འགལ་བ་འགལ་ཟླའི་ཁྱབ་བྱ་བྱས་མ་བྱས་ལྟ་བུ་དང་འགལ་ཟླ་ཅིག་ཤོས་ཁྱབ་བྱེད་མི་རྟག་པ་དང་རྟག་པ་ལྟ་བུ་སྟེ།བྱས་པ་ཡིན་ན་མི་རྟག་པའི་ཁྱབ་པ་ཚད་མས་ངེས་པ་དེའི་འགལ་ཟླར་གྱུར་བ།མ་བྱས་པའི་ཁྱབ་བྱེད་མི་རྟག་པ་དང༌།མི་རྟག་པའི་ཁྱབ་བྱ་བྱས་པ་ལྟ་བུ་གཉིས་ཏེ་འདིའི་འགལ་ཟླ་དངོས་མེད་དུ་ངེས་སོ།།
འབྲེལ་བ་ཕྱི་རོལ་པས་འབྲེལ་བའི་གནད་ཁོང་དུ་མ་ཆུད་པར་ལྡན་འདུས་འབྲེལ་བ་སོགས་སུ་བཞག་ཀྱང་རིག་པའི་དབང་ཕྱུག་གིས་གཉིས་སུ་བསྡུས་ཏེ་བྱས་བ་དང་མི་རྟག་པ་ལྟ་བུ་ལྡོག་པ་ཐ་དད་ཀྱང་དེ་ཐམས་ཅད་བུམ་པའི་ཆོས་སུ་ངོ་བོ་ཐ་དད་མེད་པར་གཅིག་པ་ལྟ་བུ་ནི་ངོ་བོ་བདག་གཅིག་གི་འབྲེལ་བ་ཞེས་དོན་དུ་བདག་རང་ལ་རང་འབྲེལ་མི་ཤེས་ཀྱང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ལ་བདག་གཅིག་འབྲེལ་ཞེས་བློས་བཞག་པའོ།མེ་དང་དེ་ལས་བྱུང་བའི་དུབ་ལྟ་བུ་རྒྱུ་འབྲས་ལ་དེ་ལས་དེ་བྱུང་གི་འབྲེལ་བ་སྟེ་གཉིས་སུ་ཡོད་དོ།།
༩མཚན་མཚོན་གཞི་གསུམ།
ཡང་ཐ་སྙད་དུ་བུམ་པ་ཞེས་བའི་བཏགས་དོན་ཁ་གཡེལ་མཆུ་འཕྱང་ཆུ་སྐྱོར་གྱི་བྱ་བ་བྱེད་པ་སོགས་མཚན་ཉིད་གཞན་ཡང་ཡོད་མོད་གཙོ་བོར་ལྟོ་ལྡིར་ཉིད་སྔོན་གྱི་མཁས་བ་རྣམས་ཀྱིས་མཛད་པས་ན་ལྟོ་ལྡིར་བུམ་པ་འཇོག་བྱེད་ཀྱི་མཚན་ཉིད་དོན་ལྡོག།ལྟོ་ལྡིར་གྱི་མཚན་ཉིད་དེས་རྣམ་པར་བཞག་པའི་བུམ་པའི་སྒྲ་བློའི་ཐ་སྙད་མཚོན་བྱ་རང་ལྡོག་མཚན་མཚོན་དེ་གཉིས་གང་ལ་བསྒྲུབ་པའི་གཞིར་མཚོན་བྱའི་བྱེ་བྲག་ལས་གཞན་དུ་མི་ནོར་བ་གནས་སྐབས་དེར་གོ་བར་བྱེད་པ་གསེར་གྱི་ལྟོ་ལྡིར་བའི་གོང་བུ་ལྟ་བུར་འཛིན་པ་ནི་མཚན་གཞི་ལྟ་བུ་སྟེ་གཞི་ལྡོག་དེ་ལྟར་མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་གོ།
༡༠ཆོས་ཆོས་ཅན།
ཡང་བུམ་པ་ལྟ་བུ་དེ་ཉིད་ཁྱད་གཞི་ཆོས་ཅན་དང༌།དེའི་སྟེང་དུ་ཁ་ཁྱེར་དང་ལྟོ་བ་འདབ་མ་སོགས་དང་བྱས་མི་རྟག་སོགས་ཆོས་ཇི་སྙེད་ཡོད་པ་ནི་དེའི་ཁྱད་པར་གྱི་ཆོས་ཞེས་བྱ་བའི་རྣམ་བཞག་གོ།
༡༡བརྗོད་བྱ་རྗོད་བྱེད།
ཡང་བརྗོད་བྱ་དོན་དང་རྗོད་བྱེད་ཀྱི་ཚིག་གི་རྣམ་བཞག་ནི།བརྟག་བྱ་ཕྱི་རོལ་གྱི་དོན་རང་མཚན་དང༌།དེའི་དོན་སྤྱི་བློ་ལ་སྣང་བའི་རྟོག་སྣང་དང་སྣང་བརྟགས་གཉིས་པོ་གཅིག་ཏུ་བསྲེས་ནས་བརྡའམ་ཐ་སྙད་ཀྱི་མིང་རྣམས་དོན་ལ་འབྱོར་བར་འགྱུར་ལ།དེ་ལ་དཔྱད་ན་མིང་གི་སྒྲ་དངོས་ཀྱི་བརྗོད་བྱ་མེ་སྣང་བློ་ཡུལ་དུ་ཤར་བ་ལྟ་བུ་དོན་སྤྱི།སྣང་བཏགས་གཅིག་ཏུ་ཞེན་པས་བརྗོད་བྱ་ཚང་མང་གི་མེ་ལྟ་བུ་རང་མཚན།དེ་བཞིན་དངོས་ཀྱི་རྗོད་བྱེད་ཕ་རོལ་པོའི་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་བའི་མེ་ཡི་སྒྲ་གདངས་ལྟ་བུ་སྒྲ་སྤྱི་རྟོག་ཡུལ།ཞེན་པས་རྗོད་བྱེད་ཕ་རོལ་པོ་ལ་བརྡལ་འཕྲོད་ནས་མེ་ལེན་གྱི་བྱ་བ་ལ་དངོས་སུ་འཇུག་པ་ལྟ་བུ་སྒྲ་རང་མཚན་རྟོག་མེད་ཀྱི་ཡུལ་ཡིན་ཀྱང༌།ཡིད་རྟོག་བཅས་ཀྱི་སྒྲ་རང་མཚན་དང་སྒྲ་སྤྱི་གཉིས་པོ་གཅིག་ཏུ་བསྲེས་ཏེ་རྗོད་བྱེད་ཀྱི་ངག་དང༌།དོན་དང་དོན་སྤྱི་གཉིས་པོ་གཅིག་ཏུ་བསྲེས་ཏེ་བརྗོད་བྱར་བཟུང་ནས།རྗོད་བྱེད་ཀྱི་ཚིག་ལས་བརྗོད་བྱའི་དོན་རྟོགས་པ་ཡིན་ནོ།།གོང་དུ་བཤད་པ་དེ་ལ་སོགས་པའི་ཐ་སྙད་དོན་མཐུན་གྱི་རྣམ་བཞག་འདི་དག་ལ་བརྟེན་ནས་ཤེས་བྱའི་དོན་ལ་མ་རྨོངས་བར་འགྱུར་བ་ཡིན་ནོ།།
༡༢ཤེས་བརྗོད་འཇུག་གསུམ།
ཐ་སྙད་དེ་ལ་བྱ་བ་གང་ལའང་ཐོག་མར་ཡིད་ཀྱིས་ཤེས།ངག་གིས་བརྗོད།ལུས་ཀྱིས་འཇུག་པས་ན་དེ་གསུམ་དུ་བཞག་པ་ནི་སེམས་དང་ངག་དང་ལུས་ཀྱི་སྒོ་ནས་སོ།།ཐ་སྙད་བྱེད་པའི་རྒྱུའི་སྒོ་ནས་མ་འཁྲུལ་བའི་དབང་ཤེས་ཀྱིས་མངོན་སུམ་མཐོང་ནས་སྔོ་སེར་སོགས་ཐ་སྙད་བྱེད་པ་ལྟ་བུ་མཐོང་བའི་ཐ་སྙད།དེ་བཞིན་དུ་དངོས་སུ་མཐོང་བ་མིན་ཡང་ཡིད་ཆེས་བའི་ལུང་ངམ་ཚིག་ལས་ཐོས་ནས་ཡོད་མེད་སོགས་ངེས་པ་ཐོས་པའི་ཐ་སྙད།མཐོང་ཐོས་མེད་ཀྱང་རང་གི་ཡིད་ཀྱིས་དཔྱད་ནས་ཡིན་མིན་སོགས་ཐེ་ཚོམ་མེད་པར་དེ་དང་དེ་ཤེས་པ་ནི་བྱེ་བྲག་ཕྱེད་པ་དང༌།བདེ་སྡུག་སོགས་གཞན་ལ་འདྲི་མི་དགོས་པ་རང་རིག་པས་ཉམས་སུ་མྱོང་བ་ལས་དེ་དང་དེ་ཐ་སྙད་བྱེད་པའི་ཚུལ་བཞི་དང༌།ཡང་བསྒྲུབ་བྱ་བུམ་པ་མི་རྟག་པ་ལྟ་བུ་ཡིན་པ་དང༌།དུ་བས་མེ་ལྟ་བུ་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པ་དང༌།བདག་མེད་ལྟ་བུའི་མེད་དགག་དང་ཕུང་པོ་ནི་བདག་མ་ཡིན་ལྟ་བུ་མ་ཡིན་དུ་དགག་པ་སྟེ།གཞན་ངོར་སྒྲུབ་ཚུལ་གྱི་ཐ་སྙད་དགག་སྒྲུབ་གྱི་ཡན་ལག་བཞིའོ།།གསུམ་པ།འདི་རྣམས་ཀྱིས་མཆོན་ནས་ཐ་སྙད་ཀྱི་རྣམ་བཞག་ཁོང་དུ་ཆུད་པར་བྱའོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2018 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号