དཔྱད་གཞི།
གཞན་ཡང༌། སྟེ་ཡིག་གི་འབྱུང་ཁུངས་ནི་ལ་དོན་གྱི་སུ་ཡིག་ཡིན་པས་ས་ཡིག་ནི་རྗེས་འཇུག་གི་ཡི་གེ་ཡིན་སྟབས་རྗེས་འཇུག་ལས་མ་འདས་སོ་ཞེས་བཤད་ན་ལེགས་པར་འདོད།
ཀུན་བཟང་དགོངས་རྒྱན་དུ།གཞུང་འདིར་དངོས་སུ་མ་བསྟན་ཀྱང་རྗེས་འཇུག་གི་དབང་གིས་ལྷག་བཅས་ལ། དེ་དང་ཏེ་དང་ནས་སོགས་ཀྱང་སྦྱོར་བ་ཡོད་དོ །དེ་ཡང་མཚམས་སྦྱོར་བའི་ལྷག་བཅས་དང༌། དམ་བཅའ་བའི་ལྷག་བཅས་དང༌། གཞན་འདྲེན་པའི་ལྷག་བཅས་དང་གསུམ་མོ། །
དེ་ལྟར་སྨྲ་སྒོར།སྟེ་ནི་ལྷག་མ་ཡོད་པ་སྟེ། ། མཚམས་སྦྱོར་བ་དང་དམ་བཅའ་དང༌། ། གཞན་འདྲེན་པ་དང་གསུམ་དུ་འདོད། །ཅེས་སོ། །
དེ་ལ་མཚམས་སྦྱོར་བ་ནི། མདའ་འཕངས་ཏེ་ཕོག ལག་པ་བརྐྱང་སྟེ་བཟུང༌། ལྷ་མཆོད་དེ་ལས་བྱ་ལྟ་བུ།རིམ་ཅན་དུ་སྦྱོར་བ་དང༌། འཛུམ་དམུལ་ཏེ་མདངས་ཕྱུང༌། སོ་བསྟན་ཏེ་བགད་ལྟ་བུ། ཅིག་ཆར་དུ་སྦྱོར་བ་གཉིས་ཏེ། དེ་ཡང་སྨྲ་སྒོར།ཚིག་གཉིས་རིམ་དང་ཅིག་ཆར་དུ། །སྦྱོར་བར་བྱེད་པ་མཚམས་པ་སྦྱོར་ཡིན། །ཞེས་པ་ལྟར་རོ།།
དམ་བཅའ་བ་ནི་རྒྱུ་མཚན་ལ་སོགས་པ་འདྲེན་པའི་སྒོ་ནས་དམ་བཅའ་བ་སྟོན་པ་སྟེ། དེ་ཡང་རྒྱུ་མཚན་འདྲེན་པ་ནི། མི་རྟག་སྟེ། བྱས་པའི་ཕྱིར་ལྟ་བུ་དང༌། ངེས་ཚིག་འདྲེན་པ་ནི། འདི་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། ཉོན་མོངས་པའི་དགྲ་བཅོམ་པའི་ཆོས་དང་ལྡན་པས་སོ། །ལྟ་བུ་དང༌།
རྣམ་གྲངས་ཀྱི་དབྱེ་བ་འདྲེན་པ་ནི། ཕུང་བོ་ནི་ལྔ་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པའོ། །ལྟ་བུ་རྣམས་སོ། །དེ་ལྟར་ཡང་སྨྲ་སྒོར། གང་ཞིག་གིས་ནི་སྔ་མ་ལ། །གསལ་བར་བྱེད་པ་དམ་བཅའ་བ། །ཞེས་སོ། །གཞན་ཡང་དེ་ལ་དཔེ་འདྲེན་པ་དང༌།རྒྱས་བཤད་འདྲེན་པའི་དམ་བཅའ་སོགས་འགྲེལ་བ་ལས་བཤད་དོ། །
གཞན་འདྲེན་པ་ནི་འདི་ནི་མི་སྟེ། འདི་ནི་ལྷའོ། །ལྟ་བུ་དོན་ལྷག་མ་ཡོད་པ་ཙམ་དུ་སྟོན་པའི་སྒོ་ནས། སྔ་མ་རྣམས་ལས་གཞན་དུ་འདྲེན་པའོ། །དེ་ལྟར་ཡང་དེ་ཉིད་ལས། ལྷག་མ་ཡོད་པ་སྟོན་གྱུར་ཅིང༌། །དེ་ལས་གཞན་གྱུར་འདྲེན་པའོ།།ཞེས་སོ། །དེ་རྣམས་ཀྱིས་ཀྱང་རིག་པའི་འཇུག་པ་མང་དུ་འཕེལ་བའི་སྒོ་ཡིན་པས་འདིར་བཤད་དོ། །
མཚམས་འདིར་དམིགས་སུ་བཟུང་ནས་བཤད་དགོས་པ་ནི། ལྷག་བཅས་ཀྱི་ཏེ་ཡིག་སོགས་སུམ་ཅུ་བའི་དངོས་བསྟན་དུ་མ་བྱུང་བའི་རྒྱུ་མཚན་ལ། མཁས་མཆོག་སི་ཏུ་པཎ་ཆེན་གྱིས། སུམ་ཅུ་པར་རྗེས་འཇུག་གི་བྱ་བ་གཙོ་བོར་སྟོན་པའི་རྒྱུ་མཚན་གྱིས་ཏེ་ཡིག་སོགས་མ་བསྟན་ཞེས་གསུངས་པ་དང༌། སུམ་ཅུ་བར་མིང་གཞི་རྐྱང་བའི་སྒྲ་གཙོ་བོར་གྱུར་པའི་ཕྲད་བདག་སྒྲ་ཙམ་ལས་མ་གསུངས་ཞེས་དང༌། ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས་པ་ཉིད་གོ །ཞེས་པའི་དམ་བཅའ་འགའ་ཡོད་པ་ནི་མཁས་པ་ཆེན་པོའི་ལེགས་བཤད་རྨད་དུ་བྱུང་བ་ཡིན་ཏེ།དངོས་གནས་མཁས་པའི་མགལ་རྒྱན་དུ་འོས་པའི་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་ནས་ཡོད་པས་རང་དགར་སྣང་མེད་དུ་སྐྱུར་མི་རིགས་སོ །
དཀའ་གནད་འདི་དག་གི་དོན་ལ་ཐོན་མིའི་ཞལ་ལུང་དུ་དགག་བཞག་རྒྱ་ཆེར་སྤྲོས་ཡོད་ཀྱང་དོན་དངོས་སུ་སི་ཏུའི་དགོངས་པ་དགག་ཐུབ་མིན་ཐད་དཔྱད་པ་གཏོང་རྒྱུ་ཡོད་ཀྱང་མཁས་དབང་སྟག་སེང་ཁ་འཐབ་པའི་བར་དུ་བླུན་པོ་ཝ་སྐྱེས་ཀྱི་ངུ་ཟུག་རྣ་བར་གཟན་པར་དོགས་ནས་འདིར་ངལ་བ་བསྐྱུངས་པར་བྱས་སོ།།
འོན་ཀྱང་འདིར་མི་བཤད་ཀ་མེད་དུ་གྱུར་པ་ཞིག་ཡོད་པ་ནི། ཐོན་མིའི་སུམ་ཅུ་བར་རྗེས་འཇུག་གི་ཡི་གེ་ཡིན་པའི་ཕྲད་ལས་གཞན་མ་བསྟན་ཞེས་པ་ནི་སི་ཏུའི་དགོངས་པ་རྨ་མེད་པ་ཡིན་པའི་གོ་བ་ལེན་དགོས།ལྷག་པར་ལྷག་བཅས་ཀྱི་སྟེ་ཡིག་གི་རྣམ་གཞག་ཐད་མུ་ཏིག་ཕྲེང་མཛེས་དང་ཐོན་མིའི་ཞལ་ལུང་གཉིས་ཀར་དཔྱད་པར་བྱ་བ་འདི་ཡོད་དེ། མུ་ཏིག་ཕྲེང་མཛེས་སུ།
ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་འདིར་ཡང་གསུངས་པ་ཉིད་དོ། །ཞེས་ཀྱི་ཀྱིས་ཀྱང་སྟེ་རྣམས་ཀྱི་མིང་གཞི་ཀ་ཏ་གཉིས་ནི་འཇུག་པའི་ཡི་གེ་སྟེ་རྗེས་འཇུག་གི་ཡི་གེ་ག་དང་ད་གཉིས་ཀྱི་སྒྲ་དང་འདྲ་བའི་ཕྱིར་སུམ་ཅུ་བའི་གཞུང་གི་མཚམས་འདིར་ཡང་གསུངས་པ་ཡིན་ཞེས་པའི་དོན་ཡིན་པ་འདྲ། ཀྱི་ཀྱིས་ཀྱང་གསུམ་གྱི་མིང་གཞི་ཀ་ཡེད་ནི་རྗེས་འཇུག་གི་ཡི་གེ་མིན་ཡང་རྗེས་འཇུག་ག་ཡིག་གི་སྒྲ་དང་འདྲ་བའི་ཕྱིར་ན་སློབ་དཔོན་ཐོན་མིས་སུམ་ཅུ་བའི་རྩ་བར་གསུངས་པ་ཡིན་ཟེར་ཡང་གཙོ་བོ་ཨི་དང་མཐུན་ལུགས་ཀྱི་དབང་གིས་གསུངས་པ་ཡིན་ཞེས་བཤད་ན་ལེགས་པར་འདོད། སྟེ་ཡིག་གི་མིང་གཞི་ཏ་སྒུར་ནི་རྗེས་འཇུག་གི་ཡི་གེ་མིན་ཡང་རྗེས་འཇུག་ད་ཡིག་གི་སྒྲ་དང་འདྲ་བའི་ཕྱིར་འདིར་ཡང་གསུངས་སོ་ཞེ་ན་ཡིད་ཆེས་པའི་གཏམ་དུ་འགྱུར་དཀའ་འོ། །རྒྱུ་མཚན་ནི་ས་མགོ་སྦྱར་ཚེ་སྟེ་དང་སྡེ་གཉིས་ཀྱི་སྒྲ་གདངས་མི་འདྲ་བས་སོ། །
སྟེ་ཡིག་གི་སྐབས་སུ་ཏ་སྒུར་གྱི་སྒྲ་གདངས་ད་སྐྱ་དང་འདྲ་བར་རིག་བསྒྲེས་བྱེད་པ་ལས། སྟེ་ཡིག་གི་ནུས་པ་གཙོ་བོ་ས་ཡིག་གི་སྟེང་ན་ཡོད་པ་བཙལ་ན་མི་ལེགས་སམ། རྒྱུ་མཚན་ནི། སློབ་དཔོན་ཐོན་མིས།ལ་དོན་སུ་ལ་ཨུ་ཕྱིས་ནཡ །དེ་ལ་གསུམ་པའི་དང་པོ་སྦྱར། །ཞེས་ལ་དོན་སུ་ཡིག་གི་ཨུ་ཕྱིས་པའི་ས་ཡིག་ལ། སྡེ་བ་གསུམ་པའི་དང་པོ་ཏ་སྒུར་ཕར་ལ་སྦྱར་བའི་རྣམ་པ་སྟེར་བས་སོ། །དེ་བས་སྟེ་ཡིག་གི་མགོ་ཅན་ས་ཡིག་རྗེས་འཇུག་གི་ཡི་གེ་ཡིན་པས་སུམ་ཅུ་བའི་རྩ་བར་ལྷག་བཅས་ཀྱི་སྒྲ་གསུངས་སོ་ཞེས་བཤད་ན་ལེགས།
ཐོན་མིའི་ཞལ་ལུང་དུ།ཀྱི་ཀྱིས་ཀྱང་སྟེ་ཞེས་གི་གྱི་འི་གིས་གྱིས་འང་རྣམས་ལས་བཀར་བའི་རྒྱུ་མཚན་སྟོན་རྒྱུ་མེད་ཟེར་ཡང༌། དེ་ལས་བཀར་བའི་རྒྱུ་མཚན་སྟོན་རྒྱུ་ཡོད་དེ། ཀ་ཏ་གཉིས་དང་ག་འ་གཉིས་རྗེས་འཇུག་གི་ཡི་གེ་ཡིན་མིན་གྱི་ཁྱད་པར་ཡོད་པས་སོ།།
འདིར་ཡང་ཞེས་པའི་ཡང་སྒྲ་ལ་ནུས་པ་ཅི་ཡོད་མི་གསལ་ལོ ཞེས་ཟེར་ཡང༌། སི་ཏུའི་དགོངས་པ་ནི། ཐོན་མིའི་སུམ་ཅུ་བའི་རྩ་བར་རྗེས་འཇུག་ག་ད་གཉིས་ཀྱི་ཡི་གེ་ཡིན་པར་གྱུར་པའི་ཕྲད་རྣམས་གོང་དུ་བསྟན་ཟིན་ལ། རྗེས་འཇུག་ག་དའི་སྒྲ་དང་འདྲ་བའི་ཀྱི་ཀྱིས་ཀྱང་སྟེ་རྣམས་ནི་འདིར་ཡང་བསྟན་པ་ཡིན་ཞེས་པའི་དོན་ཡིན་པས་ཡང་སྒྲ་ལ་ནུས་པ་ཁྱད་པར་བ་ཞིག་ཡོད་དོ། །
ཁྱོད་ཀྱིས་བཤད་པའི་ཀྱི་སོགས་བཞི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པ་ཡིན་ན་ཁྱོད་ཀྱིས་མ་བཤད་པའི་གི་གྱི་འི་གིས་གྱིས་འང་སྟེ་དྲུག་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོ་མ་ཡིན་པའི་ཚུལ་གང་ལ་ཐུག་ཅེས་ཟེར་ཡང༌། དེ་ནི་སི་ཏུས་བཤད་པའི་ཀྱི་སོགས་བཞི་ནི་རྗེས་འཇུག་གི་ཡི་གེ་མིན་ལ་མ་བཤད་པའི་གི་སོགས་དྲུག་ནི་མ་གཞི་ནས་རྗེས་འཇུག་གི་ཡི་གེ་ཡིན་པའི་ཁྱད་པར་ཡོད་པས་སོ། །
གང་ལྟར་གོང་གི་འཇུག་པའི་ཡི་གེ་དང་ལྷན་ཅིག་པའི་སྒྲ་གཙོ་བོར་གྱུར་པའི་ཕྱིར་ཞེས་པའི་ཚིག་འདིར་མཁས་དབང་རྣམ་གཉིས་ཀྱིས་གོ་བ་ལེན་ཚུལ་མི་འདྲ་བ་ཡོད་པར་ངེས་པས་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།
སྡོམ་ཚིག
དེ་ཏེ་སྟེ་གསུམ་ལྷག་བཅས་ཏེ། །ཚིག་གི་ལྷག་པ་ཡོད་པར་སྟོན། །
མཚམས་སྦྱོར་དམ་བཅའ་གཞན་འདྲེན་གསུམ། །ད་དེ་ན་ར་ལ་ས་ཏེ། །
ག་ང་བ་མ་འ་རྣམས་དང༌། །རྗེས་འཇུག་མེད་མཐར་ས་སྟེ་འཐོབ། །
ཚིག་གཉིས་རིམ་དང་ཅིག་ཅར་དུ། །སྦྱོར་བར་བྱེད་པ་མཚམས་སྦྱོར་ཡིན། །
གང་ཞིག་གིས་ནི་སྔ་མ༌ལ།།གསལ་བར་བྱེད་པ་དམ་བཅའ་བ། །
དམ་བཅའ་རྒྱུ་མཚན་འདྲེན་པ་དང༌། །ངེས་ཚིག་རྣམས་གྲངས་འདྲེན་པ་གསུམ། །
གཞན་འདྲེན་ལྷག་མ་ཡོད་གྱུར་ཅིང༌། །དེ་ལས་གཞན་གྱུར་སྟོན་པའོ།།
ལྷག་བཅས་མཚམས་སྦྱོར་རིམ་ཅན་པ། །ལག་པ་བརྐྱང་སྟེ་བཟུང་ལྟ་བུ། །
ལྷག་བཅས་མཚམས་སྦྱོར་ཅིག་ཅར་བ། །མེ་མདའ་འཕངས་ཏེ་ཕོག་ལྟ་བུ །
དམ་བཅའ་རྒྱུ་མཚན་འདྲེན་པ་ནི། །མི་རྟག་པ་སྟེ་བྱས་པའི་ཕྱིར། །
དམ་བཅའ་ངེས་ཚིག་འདྲེན་པ་ནི། །མིང་ཚིག་འགྲེལ་བ་བྱེད་པ་སྟེ། །
ཆུ་སྟེ་བརླན་ཞིང་གཤེར་ལྟ་བུ། ། དམ་བཅའ་རྣམ་གྲངས་འདྲེན་པ་ནི། །
ཆོས་ཀྱི་རྣམས་གྲངས་འདྲེན་པ་སྟེ། །དཀོན་མཆོག་གསུམ་སྟེ་སངས་རྒྱས་དང༌། །
ཆོས་དང་དགེ་འདུན་ལྟ་བུའོ། །གཞན་འདྲེན་ལྷག་བཅས་གཞན་གྱུར་སྟོན། །
འདི་ནི་མི་སྟེ་འདི་ནི་ལྷ། །ལྟ་བུའོ།།
༣ ཞར་ལ་འབྱེད་སྡུད་ཀྱི་སྒྲ་བསྟན་པ།
རྗེས་འཇུག་ཡི་གེ་བཅུ་བོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །
ཞེས་གསུངས་ཏེ། རྗེས་སུ་འཇུག་པའི་ཡི་གེ་བཅུ་བོ་སོ་སོ་ལ། རྗེས་འཇུག་དྲུག་པ་མ་ཡིག་སྦྱར་བས་གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཞེས་འབྱུང་བ་ནི། དོན་སོ་སོར་འབྱེད་པ་དང་ཕྱོགས་གཅིག་ཏུ་སྡུད་པའི་སྒྲ་ཡིན་ནོ། །
དཔྱད་གཞི།
ཀུན་བཟང་དགོངས་རྒྱན་དུ། དེ་ཡང་འབྱེད་པ་ནི། དབྱེ་བའི་གཞི་གཅིག་ལས། རྣམ་གྲངས་མང་བོར་འབྱེད་པ་སྟེ། དཔེར་ན། ཕུང་བོ་ནི་ལྔ་སྟེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ།འདུ་བྱེད་དམ། རྣམ་པར་ཤེས་པའོ། །ལྟ་བུའོ།།དེ་བཞིན་དུ་གཟུགས་རྟག་གམ། མི་རྟག་ལྟ་བུ་བརྟག་པ་དང་དྲི་བའི་སྒོ་ནས་རྣམ་གྲངས་གཞན་དང་འབྱེད་པ་དང༌། གསེར་ལེན་ནམ། དངུལ་ལེན་ལྟ་བུ་གདམ་ངའི་སྒོ་ནས་འབྱེད་པ་རྣམས་སོ། །
སྡུད་པ་ལ་ཡང་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་ནི་ཕུང་བོའོ།།ལྟ་བུ་ཕྱོགས་གཅིག་ཏུ་སྡུད་པ་དང༌། བུམ་པ་ནི་མི་རྟག་སྟེ། ཀ་བའམ་སྣམ་བུ་ཡང་ངོ༌། །ལྟ་བུ་ཆོས་སྔ་མར་སྦྱར་བ་ཕྱི་མར་ཡང་སྦྱོར་བ་སྡུད་པ་དང༌། བུམ་པའམ། ཀ་བའམ། སྣམ་བུ་ཡང་བདག་མེད་དོ །ལྟ་བུ་ཕྱི་མའི་ཆོས་བདག་མེད་པ་སྔ་མར་སྦྱོར་བར་སྡུད་པ་སོགས་ཡོད་དོ། །
ཐེ་ཚོམ་གྱི་ནང་ནས་མཐའ་གཉིས་པོ་ཆ་མཉམ་དུ་དོགས་པ་ལ་མཐའ་གཉིས་ཀ་བཀོད་ནས། ཡིན་ནམ་མིན་ཞེས་སྦྱོར་ལ། ཡིན་པ་ལ་མངོན་དུ་ཕྱོགས་པའམ། མིན་པ་ལ་ཤས་ཆེར་ཕྱོགས་པ་ལ་ནི། མཐའ་རེ་རེ་བ་རྐྱང་བར་འམ་ལ་སོགས་པ་སྦྱར་ཏེ། ཡིན་ནམ་ལྟ་བུ་དང༌། མིན་ནམ་ལྟ་བུ་བྱ་ཞིང༌། དེ་དག་ཀྱང་མཐར་གཉིས་པོ་དངོས་སུ་འབྱེད་པ་དང༌། དོན་གྱིས་འབྱེད་པ་ཅི་རིགས་སུ་ཡོད་དོ། ། 14/21 མདུན་ངོས། 上一页 12 13 14 15 16 17 下一页 尾页