གཞུང་ལུགས་རབ་འབྱམས་སྨྲ་བ་ཏྰ་བླ་མ་སྐལ་བཟང་ལྷ་དབང་གིས་ངེད་ཀྱིས་བྱས་པའི་གྲུབ་མཐའི་རྣམ་གཞག་ལ་དཔྱོད་པ་ཞིབ་འཇུག་གི་སྒོ་ནས། ཡིག་སྐྱོན་དང་ཚིག་འཕྲད་སོགས་ལ་དོགས་སློང་མཛད་པ་སེམས་ལ་ཤིན་ཏུ་འཕྲོད་པར་བྱུང་། ཤོག་གྲངས་གྱ་བདུན་པའི་ཤེས་པ་གཅིག་ཟེར་རྒྱུ་ལ་ཞེས་པ་གཅིག་ལ་རྣམ་པ་གཅིག་ཁོ་ན་ཞེས་བྲིས་པ་དང་བརྒྱ་བཅུ་གསུམ་པའི་དུས་དང་ཞེས་པ་ལ་ངེད་ཞེས་བྲིས་པ་དང་། དོན་བདུན་པའི་རང་མཚན་ཉིད་ཀྱིས་མ་གྲུབ་པར་སྣང་ན་ཞེས་པ་ལ་རང་གི་མཚན་ཉིད་གྱིས་གྲུབ་པར་ཞེས་བྲིས་པ་དང་། གོ་གཅིག་པའི་ཚད་མ་ཟེར་རྒྱུ་ལ་ཚད་པར་བྲིས་པ་དང་། གོ་ལྔ་པའི་རྟགས་ཆོས་སྒྲུབ་པའི་རྣམ་པ་ཅན་ཞེས་པ་ལ་སྒྲིབ་པའི་རྣམ་པ་ཅན་ཞེས་བྲིས་པ་དང་། ཞེ་བདུན་པའི་དབུ་མ་པ་གཞན་དག་ཟེར་རྒྱུ་ལ་བུམ་པ་ཞེས་བྲིས་པ་དང་། སྤར་བྱང་གི་ཚིག་རྐང་བསབ་དགོས་རྣམས་ཉིད་ཀྱིས་གསུང་བ་ལྟར་ཡིག་སྐྱོན་ཁོ་ན་ཡིན་འདུག་པས་བཟོ་རྒྱུ་བྱས་ཡོད་ལགས། བརྒྱ་རེ་གཅིག་པའི་སྦྱོར་ལམ་བཟོད་པ་ཚུན་ཆད་སྐྱེད་ནའང་ཆོས་མངོན་པར་རྟོགས་པ་དང་འབྲས་བུ་ཐོབ་མི་ནུས་པའི། ཟེར་བ་དེ་ལ་བདེན་པ་མངོན་པར་རྟོགས་པ་ཟེར། དགོས་སམ་གསུང་བ་དེ་ལ། ལེགས་བཤད་གཤེར་ཕྲེང་དུ། ཚོགས་སྤྱོད་ཆེ་ཆུང་གི་སྐབས་ཀྱི་བཤད་པར་གོ་རིམ་དེ་བཞིན་ལ་ཆོས་མངོན་པར་རྟོགས་པ་ཞེས་པ་སྔ་ཕྱི་གཉིས་ཙམ་བྱུང་བ་དང་། དེ་ཡང་སྦྱོར་ལམ་བཟོད་པ་ཐོབ་པའི་ཚེ་ཕྱི་མ་ལ་ཆོས་མངོན་པར་རྟོགས་པར་གསུང་བ་དང་། འཇམ་དབྱངས་བཞད་པའི་གྲུབ་མཐར་ཡང་ཚིག་དེ་བཞིན་བྱུང་། ད་རེས་ལྟ་རྒྱུ་མ་བྱུང་ཡང་སྔར་གྲུབ་མཐའ་རྩོམ་སྐབས་སའི་དངོས་གཞིར་ལྟ་རྟོག་བྱས་ཁུལ་ཡིན་པས་དེར་ཡང་ཚིག་དེ་བཞིན་བྱུང་ཚོད་དུ་སྣང་བས། སྤྱི་སྐད་ལ་ཚོགས་ལམ་ལ་ཆོས་མངོན་རྟོགས་དང་སྦྱོར་ལམ་ལ་དོན་མངོན་རྟོགས་སོགས་སུ་གྲགས་པ་དེ་མ་ཡིན་པར་གསལ་ལོ། །
དེ་བས་ན་སྐབས་འདིར་གཞུང་ཆེན་པོ་རྣམས་སུ་ཆོས་མངོན་པར་རྟོགས་པ་ཞེས་གསུངས་པ་ནི་འཕགས་པའི་ཆོས་མངོན་པར་རྟོགས་པ་སྟེ་བདེན་པ་མངོན་པར་རྟོགས་པ་སོགས་ལ་བྱ་རྒྱུ་ཡིན་ཚོད་དུ་འདུག་ལགས། དེ་ལྟར་དོན་གྱི་དབང་དུ་བྱས་པར་མ་ཟད་ཐ་སྙད་ལ་ཡང་དེ་འདྲའི་རིགས་མང་དུ་བྱུང་སྟེ། དཔེར་ན། དོན་མངོན་རྟོགས་སྦྱོར་ལམ་ཡིན་ཀྱང་མངོན་པར་རྟོགས་པ་བརྒྱད་ལ་དོན་མངོན་པར་རྟོགས་པ་བརྒྱད་ཞེས་བརྗོད་པ་བཞིན་ནོ། །བརྒྱ་རེ་དྲུག་པའི། སེམས་ཙམ་པས་ངོ་བོ་ཉིད་མེད་པར་སྨྲ་བ་ལ་དྲི་བ་དྲིས་ལན་བཀོད་པའི་སྐབས་ཡིན་པས་དབུ་མ་པས་ཟེར་བ་དང་། དབུ་མ་པ་ན་རེ་མ་བྱས་པར་ངོ་བོ་ཉིད་མེད་པར་སྨྲ་བ་ན་རེ་ཞེས་ཟེར་དགོས་ལགས་སམ་གསུང་བ་ལ། སེམས་ཅན་ཁོ་རང་གི་གྲུབ་མཐའི་ལུཊ་ལ་ཁོ་རང་དབུ་མ་པ་ཡིན་པ་དང་། ངོ་བོ་ཉིད་མེད་པར་སྨྲ་བ་ལ་དབུ་མ་པ་མི་ཟེར་བ་བདེན་པས་རྩོད་ཚེ། ཚིག་གི་སྤུ་རིས་ཕྱེད་དགོས་ཀྱང་ཡོངས་གྲགས་ལ་ངོ་བོ་ཉིད་མེད་པར་སྨྲ་བ་ལ་དབུ་མ་པ་ཟེར། སེམས་ཙམ་པ་ལ་དབུ་མ་པ་མི་ཟེར་བས་གཞུང་ཆེན་མོའི་བཤད་ཡམ་སྐབས་དེ་སོར་གནས་བཞིན་བྱུང་བ་ཡང་དུ་མ་ཡོད་པས་སྐྱོན་ཆེར་མེད་འདྲ་ལགས། གྱ་གཅིག་པའི་རྒྱབ་ངོས་སུ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བ་དང་མཐོང་ཟིན་གོམས་པར་བྱེད་པ་དེ་ཡང་དེ་ཁོ་ན་ཉིད་ཕྲ་མོ་རྟོགས་པའི་མཐོང་ལམ་དང་སྒོམ་ལམ་དུ་མི་འཇོག་གོ་གསུངས་འདུག་པ་འདི་ལ། ཐལ་རང་གང་གི་ལུགས་ལ་ཡང་། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པ་ལས་ལྷག་པའི་དེ་ཁོ་ན་ཉིད་ཕྲ་མོ་རྟོགས་རྒྱུ་མེད་པས་དེ་དག་ཅིའི་ཕྱིར་དེ་ཁོ་ན་ཉིད་ཕྲ་མོ་རྟོགས་པའི་མཐོང་ལམ་དང་སྒོམ་ལམ་དུ་མི་འཇོག། དེས་ན་འདི་སྐོར་ཡི་གེ་ནོར་བར་མངོན་པས་བཅོས་དགོས་སམ་སྙམ་ལགས་གསུང་བ་ལ། སྤྱིར་ཐལ་རང་གང་གི་ལུགས་ལའང་རང་གི་ལུགས་ཀྱི་ཆོས་ཀྱི་བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པ་དེ་དེ་ཁོ་ན་ཉིད་ཕྲ་མོ་མངོན་སུམ་དུ་རྟོགས་པར་འཇོག་པ་བདེན་མོད་ཀྱང་བཤད་མ་ཐག་པའི་གཞུང་འདི་ན་དེ་ལྟར་མི་འདོད་པའི་ཚིག་ཟུར་ཙམ་ཡང་མེད་ལ། རང་རྒྱུད་པའི་སྐབས་འདིར་ཉན་རང་གིས་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པ་མེད་པ་སྤྱིར་བཏང་དང་ཚོགས་སྦྱོར་གྱི་གནས་སྐབས་སུ་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་རྒྱུན་དེ་གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པར་བྱས་པ་ལས་དོན་དེ་མངོན་སུམ་དུ་མཐོང་བ་དང་མཐོང་ཟིན་གོམས་པར་བྱེད་པ་ཡོད་པ་ནི་རྣལ་འབྱོར་མངོན་སུམ་བསྒྲུབ་པའི་རིགས་པས་འགྲུབ་པོ། ། དེའི་ཕྱིར་དེ་ལྟ་བུའི་ཐེག་དམན་འཕགས་པ་ལ་ཆོས་ཀྱི་བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པ་ཡོད་པ་ནི་སྐབས་འདིའི་དམིགས་བསལ་ལོ། ། དེ་ལྟ་ན་ཡང་བདེན་འཛིན་ཤེས་སྒྲིབ་ཏུ་བཞེད་པའི་ལུགས་འདི་ལ་རང་ལམ་དུ་རྟོགས་པ་འདི་ཙམ་གྱིས་བདེན་འཛིན་དུ་གྱུར་པའི་མཐོང་སྤང་དང་སྒོམ་སྤང་ཅུང་ཟད་ཀྱང་སྤོང་མི་ནུས་པ་ནི་རྗེ་བདག་ཉིད་ཆེན་པོའི་འཇུག་ཊིཀ་ཏུ་གསལ་བར་བཀའ་སྩལ་ཞིང་། དེ་ལྟ་ན་མཐོང་ལམ་དང་སྒོམ་ལམ་དུ་ཡང་འཇོག་པར་མི་ནུས་ཏེ། ལམ་གཉིས་ཀྱི་ངོ་སྐལ་གྱི་སྤང་བྱ་སྤང་བ་སོགས་ཀྱི་བྱ་བ་བྱེད་མི་ནུས་པའི་ཕྱིར་དང་། ལམ་དེ་དང་དེར་འཇོག་པ་ལ་ལམ་དེ་དང་དེའི་བྱ་བ་བྱེད་པ་ཞིག་དགོས་པའི་ཕྱིར་རོ། །
དེ་ལ་ཁོ་ན་རེ། དེ་འདྲའི་ཉན་ཐོས་མཐོང་ལམ་པའི་རྒྱུད་ཀྱི་ཆོས་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་ཆོས་ཅན། མཐོང་ལམ་ཡིན་པར་ཐལ། མཐོང་ལམ་པའི་རྒྱུད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ཟེར་ན། ཁོ་བོ་ཅག་ནི་མ་ཁྱབ་པར་སྨྲ་སྟེ། ཐེག་དམན་སློབ་པ་འཕགས་པའི་རྒྱུད་ཀྱི་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ལ་ཡིད་ཆེས་ཀྱི་དད་པ་དང་། དེ་མངོན་དུ་བྱ་འདོད་ཀྱི་འདུན་པ་དང་། ཐེག་ཆེན་ལམ་ལ་ལྟོས་ཏེ་ཐེག་དམན་གྱི་ལམ་ལྡོག་བྱར་ཤེས་པའི་ཤེས་རབ་སོགས་དེའི་རྒྱུད་ཀྱི་ཡེ་ཤེས་ཡིན་གྱིས་ཐེག་དམན་གྱི་མཐོང་ལམ་དང་སྒོམ་ལམ་སོགས་སུ་འཇོག་བར་དཀའ་བས་སོ། ། དཔེར་ན་ཐེག་དམན་དགྲ་བཅོམ་པ་ཐེག་ཆེན་ལམ་ལ་འཇུག་པའི་སྔོན་དུ་བློ་སྦྱོང་བའི་དུས་ཀྱི་ལྷག་བསམ་རྣམ་དག་སོགས་ཐེག་དམན་གྱི་མི་སློབ་ལམ་དུ་འཇོག་མི་ནུས་པ་བཞིན་ནོ། །གཞན་ཡང་དམན་ལམ་སྔོན་དུ་སོང་བའི་བྱང་སེམས་ཚོགས་སྦྱོར་བ་སོགས་སྔར་གྱི་ཞི་བདེས་ཐུགས་འཕྲོག་ནས་དེ་ལ་ཡང་དང་ཡང་དུ་མཉམ་པར་འཇོག་པར་བཤད་པས་དེ་འདྲའི་ཡེ་ཤེས་དེ་ཡང་གནས་སྐབས་དེ་དང་དེའི་ཐེག་ཆེན་གྱི་ལམ་དེ་དང་དེར་འཇོག་དཀའ་སྟེ། རྒྱུ་དེས་སངས་རྒྱས་འཐོབ་པ་ལ་བུལ་བར་བཤད་པའི་ཕྱིར་རོ། ། ལམ་དང་ཡེ་ཤེས་དང་མཁྱེན་པ་སོགས་དོན་གཅིག་ཏུ་ད་ལྟ་གྲགས་མོད་ཀྱང་བརྟག་པར་བྱ་བ་དུ་མ་ཞིག་ཡོད་དོ། ། སྔར་གྱི་དམིགས་བསལ་གྱི་མཁྱེན་པ་དེ་དག་འཕགས་པ་དེ་དག་གི་རྒྱུད་ཀྱི་ལམ་ཙམ་ཡིན་དུ་ཆུག་ཀྱང་ཐེག་པ་ཆེ་ཆུང་གི་ལམ་གང་རུང་ཡིན་མི་དགོས་ཏེ། དོན་འདི་ལ་དགོངས་ནས་མཁས་གྲུབ་རིན་པོ་ཆེས་ཞིབ་ཏུ་བརྟགས་ན་ལམ་ཕུང་བོ་གསུམ་པ་མཐའ་ཡས་པ་ཞིག་ཡོད་པར་གསུང་བ་ཡིན་ནོ། ། མཐོང་ལམ་ལྟ་བུ་ལ་མཚོན་ན་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་རང་གི་ངོ་སྐལ་གྱི་སྤང་བྱ་སྤོང་བ་དང་སྤངས་པའི་བྱེད་པའི་སྒོ་ནས་འཇོག་དགོས་ལ། མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཀྱང་དེའི་ཕྱིས་སུ་ཐོབ་པའི་ཡེ་ཤེས་སམ་དེ་ལས་ལངས་པའི་ཡེ་ཤེས་ཙམ་ལ་མི་བྱེད་པར་མཉམ་བཞག་དེའི་སྟོབས་ཀྱིས་ཐོབ་པའམ་དེའི་ལག་རྗེས་ལ་ཐོབ་པའི་ཡོན་ཏན་གྱི་རྟེན་བྱེད་པའི་ཡེ་ཤེས་ཁྱད་པར་བ་ཞིག་ལ་བྱེད་པ་ཡིན་ཏེ། དེང་སང་གི་ཅ་ཅོའི་གཡམ་རྒྱུག་མཁན་རྣམས་ལ་རྒྱུས་ཆེར་མི་སྣང་ངོ་། སྤྲོ་བྱ་མང་ཡང་རེ་ཞིག་དེ་ཙམ་མོ། ། གོ་གཅིག་པའི་རྒྱབ་ངོས་ཀྱི་ཐལ་འགྱུར་པའི་ལུགས་ལ་ནི་དཔྱོད་ཚུལ་སྔ་མ་ལྟར་ནའང་དེ་ཁོ་ན་ཉིད་ལ་དཔྱོད་པར་སོང་བ་ཡིན་ཞིང་། བློས་བཞག་པ་ལ་མ་ལྟོས་པའི་སྡོད་ལུགས་ཀྱིས་ཡོད་པར་འཛིན་པ་ནི་ཕྲ་བའི་བདེན་འཛིན་ལྷན་སྐྱེས་མ་ཡིན་ནོ། ། གསུངས་པའི་འཛིན་པ་ཕྱི་མ་འདི་ཡང་བདེན་འཛིན་ཡིན་ནམ་སྙམ་ལགས་གསུང་བ་ལ། ཐལ་འགྱུར་བའི་ལུགས་ལ་བློའི་དབང་གིས་བཞག་པ་ལ་མ་ལྟོས་པའི་སྡོད་ལུགས་ཀྱིས་ཡོད་པར་འཛིན་པ་ནི་ཕྲ་བའི་བདེན་འཛིན་ལྷན་སྐྱེས་མིན་ནོ་ཞེས་པའི་ཚིག་འདི་སྔར་རྒྱས་པར་བཤད་ཟིན་པ་ལ་བསམ་ནས་ཚིག་ཚེགས་སྐྱུང་བ་ཡིན་གྱི་དོན་དུ་ན་བློ་གནོད་མེད་ལ་སྣང་པའི་དབང་གིས་བཞག་ཙམ་མ་ཡིན་པར་ཡུལ་གྱི་སྡོད་ལུཊ་ཀྱི་ངོས་ནས་གྲུབ་པར་འཛིན་པ་དེ་ཐལ་འགྱུར་བའི་ལུགས་ལ་ཕྲ་བའི་བདེན་འཛིན་ལྷན་སྐྱེས་མ་ཡིན་པར་བཤད་པ་ནི་སྐབས་སྟོབས་ཀྱིས་ཤེས་པར་སླའོ། ། ཚུལ་དེ་ནི་རྗེ་རིན་པོ་ཆེའི་འཇུག་ཊིཀ་ཆེན་མོར་ཡང་ཤིན་ཏུ་གསལ་ཞིང་འདོད་ཀྱང་དགོས་ཏེ། གཞན་དུ་ན་ཐལ་རང་གཉིས་ཀྱི་བདེན་འཛིན་གྱི་ངོས་འཛིན་ལ་ཕྲ་རགས་ཀྱི་ཁྱད་པར་མེད་པར་འདོད་དགོས་པས་རྗེ་ཡབ་སྲས་ཀྱི་གསུང་རབ་ལ་སྦྱངས་པ་རྣམས་ཀྱིས་དེ་ལྟར་སྨྲ་བའི་གནས་མེད་དོ། ། གོ་གསུམ་པའི་ཐབས་ནི་སྟོང་བའི་གཟུགས་ཅན་ནོ། ། ཟེར་རྒྱུ་ལ་སྟོན་པའི་ཞེས་བྲིས་པ་ཡིན་ནམ་སྙམ་གསུང་བ་ལ་། ཡི་གེ་མ་དག་པ་མ་ཡིན་ཏེ། ལུང་དེའི་ནང་ཚན་གྱི། སྟོན་པ་སུམ་ཅུ་རྩ་གཉིས་མཚན། ཞེས་སོགས་རྒྱས་བཤད་དང་མཇུག་གི་སྟོན་པའི་གཟུགས་ཅན་ནོ་ཞེས་པ་དོན་བསྡུ་ཡིན་པ་སོགས་འབྲུ་ནོན་ཞིབ་པར་མཐའ་དཔྱོད་མྱུ་གུ་དང་། སྔགས་རིམ་ཆེན་མོ་སོགས་སུ་གཟིགས་ན་གསལ་བར་ཡོད་དོ། ། སླན་ཆད་ཀྱང་དེ་རིགས་ཀྱི་དོགས་པ་བྱུང་ཚེ་གསུང་འཕྲིན་དུ་བསྐུར་བར་མཛོད། |