ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་གྲུབ་མཐའ
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

       ལྔ་པ་གྲུབ་མཐའ་སྤྱིའི་གཞུང་བསྒྱུར་བ་ལ་མཁོ་བའི་མིང་གི་རྣམ་གྲངས་ནི།སྤྱིར་གྲུབ་མཐའ་ནི། གཞི་ལམ་འབྲས་གསུམ་མམ་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་ལ་རིགས་པས་དཔྱད་ནས་རང་གི་བློ་ངོར་འདིར་ངེས་སོ་སྙམ་དུ་ཐག་བཅད་པའི་མཐར་ཐུག་པའི་ཆ་ཞིག་ལ་ཟེར་ཞིང༌། དེ་སྟོན་པའི་བརྗོད་བྱེད་ཀྱི་ཚིག་ལའང་གྲུབ་མཐའ་ཞེས་བཏགས་པ་ཡང་ཡོད་དོ།།

གྲུབ་མཐའ་སྨྲ་བ་ལ་དབྱེ་ན།ཕྱི་རོལ་པ་དང༌།ནང་པའི་གྲུབ་མཐའ་སྨྲ་བ་གཉིས་ལས།དང་པོ་ལ་གཞན་སྟེ།ཕྱི་རོལ་པ།མུ་སྟེགས་བྱེད།ཆོས་འདི་པ་མ་ཡིན་པ་རྣམས་དོན་གཅིག
 དེ་ལ་ལྟ་བའི་སྒོ་ནས་དབྱེ་ན།ལྟ་བའི་རྩ་བ་ནི་བརྒྱ་རྩ་བཅུ་སྟེ། སངས་རྒྱས་པ།འཛིན་པ་མེད་པ།འཚེ་བ་པ། ལོ་མ་ཅན། གཙང་སྦྲ་ཅན། ཁྱབ་འཇུག་པ།    ཁྱབ་འཇུག་སེམས་པ་པ། དབྱུག་གུ་གསུམ་པ། ཀོ་ལྤགས་དུམ་བུ་ཅན། མཉམ་པར་སྤྱོད་པ། ལྷ་མཆོག་པ། ཆོས་ཀྱི་མཆོག་སྦྱིན་ཅན།གདུང་བ་ཅན། ལག་པ་གདུང་བ་ཅན། རྒྱལ་པོར་སྨྲ་བ། རྒན་པོར་སྨྲ་བ། མེ་ཡོ་ཨུ་ད་རི། རིགས་དང་རྗེས་སུ་འཐུན་པ། བཅིངས་ནས་འདུག་པ། འཁོར་ལོ་སྐྱོང་བ།    རི་ལ་གནས་པ། རྒྱལ་པོའི་བསོད་སྙོམས་ཅན། གླང་པོ་ཆེའི་རྒྱལ་མཚན་ཅན། ཀློག་ཅན། ནང་ཅན།   རྟ་འདུལ་བ། ཀ་ལན་ད་ཀ་པ།    སྣོད་གཙང་མ་ཅན། སློང་མོས་རྒྱུ་བ། ཡན་ལག་རལ་བའི་ནང་དུ་བསྟུམས་པ།   སྒྲོན་མ་ལྷག་པ་ཅན། གསེར་ཅན། གྲུབ་པར་སྨྲ་བ།    དབང་པོ་ཆེན་པོ། ཞ་ཉེ་ཅན། བྱང་ཕྱོགས་ཀྱི་འགྲམ་ན་གནས་པ། ལྷོ་ཕྱོགས་ཀྱི་འགྲམ་ན་གནས་པ། འུག་པ་པ། དགེ་སྦྱོང་བ། ལུས་ལ་གནོད་པ་མེད་པ། ཀ་ཀན་ངྷ་པ། ལྷའི་གྲོང་པ། ས་ཁུང་ན་གནས་པ།ཆོས་སེམས་པ་བ། ཟླ་བ་ཕྱེད་པ། ནགས་ན་གནས་པ། བེེ་ཤི་ཥ་ཀ ཚངས་པར་སྤྱོད་པ། གཽ་ཏ་མ་པ།   ཕ་ལ་གུས་པ་བ། མ་ལ་གུས་པ་བ། ཟླ་བ་ཤར་བ་པ། ཉི་མ་ཤར་བ་པ། ལག་པར་ཟ་བ། སྙིང་གིས་འཚོ་བ།   ཕུང་པོ་གསུམ་པ་བ། ཤིན་ཏུ་ཁྲུས་བྱས་པ། བ་རའི་སྤྱོད་པ་ཅན། འཐོར་བྱེད་པ། འཁོར་བ་ལས་གྲོལ་བ། པ་ཏཾ་ཛ་ལ་པ།ལྷ་མཆོད་པ།  གཞན་ལ་མི་འདུད་པ།གོས་ཀྱི་དུམ་བུ་ཅན།འུག་པའི་གཤོག་པ་ཅན།ལན་གསུམ་དུ་ཆུར་འཇུག་པ། མཁའ་ལྡིང་བ།    ཁྱིམ་གྱི་ར་བ་ན་གནས་པ། བ་ལང་དང༌། རི་དྭགས་དང༌།རྟ་དང༌།ཁྱི་དང༌།   གསོལ་བ་མི་འགེབས་པའི་བརྟུལ་ཞུགས་པ། མེའི་བརྟུལ་ཞུགས་པ།གཞོན་ནུའི་བརྟུལ་ཞུགས་པ།ཞིབ་མོའི་བརྟུལ་ཞུགས་ཅན།   མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བར་སྨྲ་བ། ཆུ་ལས་སྐྱེས་པའི་ཕྲེང་བ་ཅན།བཟང་པོའི་བརྟུལ་ཞུགས་ཅན།   རྡོ་འཐག་པ་བ། ཆུས་དག་པར་ལྟ་བ།སྐྱེས་ནས་དག་པར་ལྟ་བ།   ལས་ཀྱིས་དག་པར་ལྟ་བ། ཆུ་ལ་བྱི་འཛུལ་བྱེད་པ།
དགོན་པ་བ། ས།ཆུ།མེ།རླུང༌།ནམ་མཁའ་ལ་སེམས་ཡོད་པར་ལྟ་བ།ནམ་མཁའ་འབྱུང་བ།ཤིང་རྟ་མང་པོ་ཅན། བསམ་གཏན་ལ་དགའ་བ།ཆོས་ཅན་པ། ཟས་གྲང་མོ་ཅན། ཕྲག་པའི་གོས་ཅན།དོན་ཐམས་ཅད་པ།ཕྲུ་བ་གཅིག་པ།   གྲངས་ཅན་གྱི་རྣལ་འབྱོར་པ། སོའི་གཏུན་རྡུངས་ཅན།མཚེའུའི་འགྲམ་ན་གནས་པ།བྷ་ར་ངྟྭ་ཛ་པ།གཅེར་བུ་པ།གཉེན་གྱི་བུ་པ།   མེས་པོ་པ།ཕྱུག་བདག་པ།དུང་སྒྲ་ཅན།ལྷ་རྟེན་སྦྱིན་མའི་བུ།ཀ་དྱའི་བུ་པ། སྣ་ཚོགས་ལྟ་བ་སྟེ་བརྒྱ་དང་བཅུའོ།།
ལྟ་བ་འདི་རྣམས་འདྲེན་ཚུལ་མི་འདྲ་པ་མང་པོ་ཡོད་ཀྱང་རྟོག་གེ་འབར་བ་དང༌། ལེགས་ལྡན་ཆུང་བའི་དབུ་མ་རིན་ཆེན་སྒྲོན་མ་གུང་བསྒྲིགས་ནས་བྲིས་པའོ།།གཞན་ཡང་ཡ་མཚན་ཅན་གྱི་ལྟ་བ་དགུ་བཅུ་གོ་དྲུག་སོགས་མང་དུ་ཡོད་ཀྱང་དབུ་མ་དང་མངོན་པའི་སྐབས་ཀྱི་ལྟ་བ་ངན་པའི་མིང་གི་རྣམ་གྲངས།བཤད་ཟིན་པ་རྣམས་སུ་ཕལ་ཆེར་འདུའོ།།
ཕྱི་རོལ་པའི་གྲུབ་མཐའ་ལ་དབྱེ་ན།ཆད་སྨྲ་གཅིག་དང༌། རྟག་སྨྲ་བཅུ་གཅིག་སྟེ་བསྡོམས་པས་བཅུ་གཉིས་སོ། །དང་པོ་ཆད་སྨྲ་ལ།སྟོན་པ་ནི།ལྷ་ཡི་བླ་མའམ།ཕུར་བུ་པ། དྲང་སྲོང་འཇིག་རྟེན་མིག  དྲང་སྲོང་འཇུག་སྟོབས།ལྭ་བ་ཅན།རྟ་མཆོག་རྣམས་སོ། །མིང་གི་རྣམ་གྲངས་ནི། ཚུ་རོལ་མཛེས་པ་བ།ཆད་སྨྲ་བ།མེད་སྨྲ་བ།ལྷ་ཡི་བླ་མ་པ།ཕུར་བུ་པ།རྒྱད་པན་པ། ངོ་བོ་ཉིད་སྨྲ་བ།རང་བཞིན་སྨྲ་བ་རྣམས་སོ། །དབྱེ་བ་ནི།རྟོག་གེ་པ།   སྙོམས་འཇུག་པ་གཉིས། སྒྲས་བརྗོད་ཀྱིས་དབྱེ་ན།ཆད་ལྟའི་དབང་དུ་བྱས་པ། གསང་ཚིག་གི་དབང་དུ་བྱས་པ།   རྣམ་རྟོག་གི་དབང་དུ་བྱས་པ་གསུམ་མོ། །འདིས་ནི་སྐྱེ་བ་སྔ་ཕྱི་དང༌།ཀུན་མཁྱེན་དང༌། རྒྱུ་འབྲས་སོགས་མེད་པར་འདོད་དོ།།
གཉིས་པ་རྟག་སྨྲ་ལ་བཅུ་གཅིག་ལས།དང་པོ་གྲངས་ཅན་པ་ལ་སྟོན་པ་ནི།དྲང་སྲོང་སེར་སྐྱ།དྲང་སྲོང་མཆོད་འོས།སྟོན་པ་ཆུ་ཀླུང་སོགས་སོ། མིང་གི་རྣམ་གྲངས་ནི། གྲངས་ཅན་པ།རང་བཞིན་རྒྱུར་སྨྲ་པ།གཙོ་བོ་པ།སེར་སྐྱ་པ་སོགས་སོ།   །འགའ་ཞིག་ཏུ་སེར་སྐྱ་པ་དང་གྲངས་ཅན་པ་གཉིས་ཐ་དད་དུ་བཤད་པའང་ཡོད་དོ། །དབྱེ་ན་གསལ་བྱེད་པ་དང༌།ལྷ་མེད་པ་དང༌། ལྷ་བཅས་པ་སོགས་ཡོད་པར་བཤད་དོ། །འདིས་ཤེས་བྱ་ཐམས་ཅད་བེམ་རིག་གཉིས་སུ་འདོད་དོ། །བདག་ནི།ཤེས་པའི་ངོ་བོ་དང༌།མི་སྐྱེ་བའི་ཆོས་ཅན་དང༌།རྟག་པ་དང༌།ཟ་བ་པོ་དང༌། ཁྱབ་པ་དང༌།ཡོན་ཏན་མ་ཡིན་པ་དང༌།བྱེད་པ་མེད་པ་དང༌།གཅིག་པུ་དང༌། མཐའ་མེད་པའི་མཚན་ཉིད་ཅན་དུ་འདོད་ཅིང༌།བདག་གི་དབྱེ་བ་ལ་སྤྱིའི་གློར་གནས་པ་དང་མི་གནས་པ་གཉིས།   བདག་གི་མིང་གི་རྣམ་གྲངས་ལ།མྱོང་བ་པོ།ཤེས་རིག སྐྱེས་བུ། ཟབ་པོ།སེམས་པ་ཅན་ཞེས་ཟེར་རོ།།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号