ད་སྔ་གཟིགས་བཞིན་པ།  མདུན་ངོས། > སྲོལ་རྒྱུན་སློབ་གསོ། > སྲོལ་རྒྱུན་རིག་ཚན།
༄༅། །གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་དག་ཡིག་མཁས་པའི་འབྱུང་གནས་ཞེས་བྱ་བ་ལས་གྲུབ་མཐའ
སྤེལ་དུས།05-16  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།
ཤེས་བྱ་ཉེར་ལྔ་ནི་རྩ་བའི་རང་བཞིན་དང༌།ཆེན་པོ།ང་རྒྱལ།དབང་པོ་བཅུ་གཅིག དེ་ཙམ་ལྔ།འབྱུང་བ་ལྔ།སྐྱེས་བུ་དང་ཉེར་ལྔའོ། རང་བཞིན་དང༌།གནས་ལུགས།གཙོ་བོ།དོན་དམ་བདེན་པ་རྣམས་མིང་གི་རྣམ་གྲངས་སོ། །ཆེན་པོ་ནི་བློའོ།   །ང་རྒྱལ་ནི་གསུམ་སྟེ།རྣམ་པར་འགྱུར་བ་ཅན།སྙིང་སྟོབས་ཅན།མུན་པ་ཅན་ནོ། །དབང་པོ་བཅུ་གཅིག་ལ།   ལས་ཀྱི་དབང་པོ་ལྔ་ནི།ངགལག་པ།རྐང་པ།རྐུབ།འདོམ་གྱི་དབང་པོའོ། །བློའི་དབང་པོ་ལྔ་ནི།མིག རྣ་བ། སྣ།ལྕེ།པགས་པའི་དབང་པོའོ།།གཉི་ཀའི་བདག་ཉིད་ཅན་ནི་ཡིད་ཀྱི་དབང་པོའོ།།དེ་ཙམ་ལྔ་ནི་གཟུགས་སོགས་ལྔའོ། །འབྱུང་བ་ལྔ་ནི་ས་སོགས་ལྔའོ། །ཤེས་བྱ་ཉེར་ལྔ་པོ་དེ་དག་ཀྱང་མུ་བཞི་སྟེ། རང་བཞིན་ཁོ་ན་ཡིན་པ།རང་བཞིན་དང་རྣམ་འགྱུར་གཉི་ཀ་ཡིན་པ།རྣམ་འགྱུར་ཁོ་ན་ཡིན་པ།གཉི་ཀ་མ་ཡིན་པའོ།   ། རྩ་བའི་རང་བཞིན་གྱི་ཡོན་ཏན་གསུམ་ནི།རྔུལ།མུན་པ། སྙིང་སྟོབས་སོ། །མཚན་ཉིད་ལྔ་བཅུ་ནི།ཆུ།ཆུ་རྒྱུན།ཆུ་བོ།ཆར་འབབ།ལེགས་བརྒལ།མིག་བཟང༌།འོད་ཅན།   འཚེ་མཐོང༌།ཐར་དགའ།ལུས་མཆོག་སྟེ་མགུ་བ་དགུ། གྲོལ་བ། ལེགས་གྲོལ།མཐར་ཕྱིན།དགའ་བ།རབ་དགའ།བླ་མ་མགུ་བར་འགྱུར་བ།ཉམས་དགའ། རྟག་དགའ་སྟེ་གྲུབ་པ་བརྒྱད།   དབང་པོ་བཅུ་གཅིག་ལ་གནོད་པའི་ནུས་པ་བཅུ་གཅིག་དང༌། མགུ་བ་དགུའི་མི་མཐུན་ཕྱོགས་དགུ་དང༌།གྲུབ་པ་བརྒྱད་ཀྱི་མི་མཐུན་ཕྱོགས་བརྒྱད་དེ་ནུས་པ་ཉེར་བརྒྱད། གཞན་མིན་ལ་གཞན་དུ་རློམ་པ།ལེགས་མིན་ལ་ལེགས་པར་བསྒྲུབ་པ།བདེ་མིན་ལ་བདེ་བར་ང་རྒྱལ་བ།མི་ནུས་པ་ལ་ནུས་པར་སེམས་པ།   མི་བཟོད་པ་ལ་བཟོད་པར་ཡིད་ཆེས་པ་སྟེ་ཕྱིན་ཅི་ལོག་ལྔ་བསྡོམས་པས་ལྔ་བཅུའོ།།
གཉིས་པ་ཚངས་པ་བ་ལ།སྟོན་པ་ནི།ཚངས་པ་དང༌།   དེའི་རྗེས་སུ་འབྲངས་པའི་དྲང་སྲོང་རྣམས་སོ།།མིང་གི་རྣམ་གྲངས་ནི་བྲག་ཟེ་པ།རིག་བྱེད་པ།ཚངས་པ་བ་སོགས་སོ། །འདིས་ཚངས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པར་འདོད་པ་དང༌། མེས་པོའི་གདོང་བཞི་ལས་རིག་བྱེད་བཞི་དང༌།ལུས་ཀྱི་ཆ་ཤས་བཞི་ལས་མི་རིགས་བཞི་སྐྱེས་པ་དང༌། ཡང་རིག་བྱེད་ནི་རང་བྱུང་ནམ་མཁལལྟ་བུ་དང༌།རིག་བྱེད་ཀྱི་གཞུང་ལས་བཤད་པའི་སྦྱིན་སྲེག་དང༌།རྟའི་མཆོད་སྦྱིན་བསང་མཆོད་སོགས་གྲོལ་ལམ་དུ་འདོད་དོ། །གསུམ་པ་བརྡ་སྤྲོད་པ་ལ་སྟོན་པ་ནི་སྔར་དང་འདྲ། མིང་གི་རྣམ་གྲངས་ནི།བརྡའ་སྤྲོད་པ།སྒྲ་བྱེད་པ།ལུང་སྟོན་པ་སོགས་སོ།   །འདིས་དངོས་པོ་ཐམས་ཅད་སྒྲའི་ཚངས་པ་ༀ་ཡིག་ལས་སྐྱེས་པར་འདོད་ལ། ཕྱུགས་ཀྱི་མཆོད་སྦྱིན་སོགས་དང༌།མེ་ལྔས་གདུང་བ། ཁམས་འཛག་པའི་སྦྱིན་སྲེག་སོགས་གྲོལ་ལམ་དུ་འདོད་དོ། ། བཞི་པ་རིག་བྱེད་མཐའ་པ་ལ།སྟོན་པ་ནི་སྔར་དང་འདྲ།མིང་གི་རྣམ་གྲངས་ལ།རིག་བྱེད་མཐར་སྨྲ་བ།བྲམ་ཟེ་མཆོག་སྨྲ་བ་རྣམས་སོ། །དབྱེ་བ་ལ་ཁྱབ་པའི་བདག་དང༌།ཕྲ་བའི་བདག་ཁས་ལེན་པ་གཉིས་སོ། །ལམ་གྱི་ཁྱད་པར་ཕལ་ཆེར་སྔར་དང་འདྲ།ལྔ་པ་གསང་བ་པ་ལ་སྟོན་པ་སྔར་དང་འདྲ།མིང་གི་རྣམ་གྲངས་རིག་བྱེད་གསང་བ་པ།གཉིས་མེད་ལྟ་བ་པ།རྣམ་ཤེས་ཚངས་སྨྲ་བ་རྣམས་སོ། ། འདིས་ལུང་བདུད་རྩི་ཐིག་པ་ལ་བརྟེན་ནས་ཤེས་རིག་རྟག་བདག་ཆ་མེད་བདེན་གྲུབ་ཏུ་འདོད་དོ། །དྲུག་པ་ཁྱབ་འཇུག་པ་ལ་སྟོན་པ་ནི།ནོར་ལྷ། སྲེད་མེད་ཀྱི་བུ་སོགས་མིང་མང་པོ་ཡོད་པའི་ཁྱབ་འཇུག་དང༌།བླ་མ་ཟླ་བ། སྟོན་པ་གཞོན་ནུ་མ་ལེན་རྣམས་སོ། །མིང་གི་རྣམ་གྲངས་ནི།ཁྱབ་འཇུག་པ།ཟླ་བ་པ།གླུའི་ཆོས་སྨྲ་བ་རྣམས་སོ། །ཁྱབ་འཇུག་གི་འཇུག་པ་བཅུ་ནི།ཉ།རུས་སྦལ།ཕག་རྒོད།མི་ཡི་སེང་གེ།མིའུ་ཐུང༌།ཤིང་རྟ་བཅུ་པའི་བུ་ར་མ་ཎ།ཛ་མཱད་ཨགྣིའི་བུ་ར་མ་ཎ།ནག་པ།སངས་རྒྱས་ཤཱཀྱ་ཐུབ་པ།རིགས་ལྡན་ཀརྐི་རྩེ་སྟེ་བཅུའོ། །ཕྱི་མ་ལ་ཀ་པ་ལི་ཅན་ཞེས་ཀྱང་ཟེར་རོ།འདི་སྣོད་བཅུད་ཀྱི་བྱེད་པ་པོ།རྟག་པ་ཆ་མེད་ཀྱི་བདག དུས་རྟག་དངོས།འབྱུང་བའི་རང་བཞིན། སྙིང་སྟོབས་སོགས་ཡོན་ཏན་དངོས་པོ་མཉམ་པས་སྟོང་པ།བསྐྱེད་བྱ་སྐྱེད་བྱེད་ཀྱི་རྟེན་འབྲེལ་སོགས་ཁས་ལེན་ལ།ལམ་ནི་ༀ་ཡིག་བསྒོམ་པ་དང༌། འཕོ་བ་རླུང་སོགས་རྣལ་འབྱོར་ཡན་ལག་དྲུག་པ་བསྒོམ་པས་ཁྱབ་འཇུག་གི་དངོས་གྲུབ་སྟེར་བར་འདོད་ལ།འཁོར་བ་ཡང་མཐའ་ཅན་དུ་འདོད་དོ།།
བདུན་པ་རྒྱལ་དཔོག་པ་ལ་སྟོན་པ་ནི།དྲང་སྲོང་ཁྱབ་འཇུག་པ་དང༌། དྲང་སྲོང་རྒྱལ་དཔོག་པ་སོགས་སོ། །མིང་གི་རྣམ་གྲངས་ནི།དཔྱོད་པ་བ།རྒྱལ་དཔོག་པ་རྣམས་སོ།   །འདིས་རིག་བྱེད་ཚད་མར་འདོད་ཅིང་དྲི་མ་སེམས་ཀྱི་རང་བཞིན་དུ་སྨྲའོ། །བྲམ་ཟེར་བྱེད་པའི་ཆོས་བྱ་བའི་ཤུགས་བཞི་བཅུ་ཞེ་བརྒྱད་དང༌།བྱོལ་སོང་བཅིང་བ།མར་ལ་སོགས་པས་མཆོད་སྦྱིན་བྱ་བ།ཆུང་མ་དང་འབྲེལ་བའི་ལས་བྱ་བ་སོགས་མཐའ་ཡས་པ་ཞིག་ཡོད་དོ།   །ཚད་མ་ལ།མངོན་སུམ།རྗེས་དཔག དཔེ་ཉེར་འཇལ།སྒྲ་ལས་བྱུང་བ།དོན་གོ་བ།དངོས་པོ་མེད།པའི་ཚད་མ་སྟེ་དྲུག་ཏུ་འདོད་དོ། །ངེས་བརྗོད།མཆོད་སྦྱིན།སྲིད་བསྲུང༌།སྙན་དངགས་ཏེ་བཞི་ནི་གྲུབ་མཐའ་ཐམས་ཅད་ཀྱི་རྩ་བར་སྨྲའོ།།
བརྒྱད་པ་ཞི་བ་པ་ལ་སྟོན་པ་ནི་ལྷ་ཆེན་པོ་དབང་ཕྱུག དྲང་སྲོང་རྐང་མིག་སོགས་སོ། །མིང་གི་རྣམ་གྲངས་ནི་དབང་ཕྱུག་པ།ཡེ་སྲིད་པ།ཞི་བ་པ་སོགས་སོ།།དབྱེ་ན།གྲངས་ཅན་ལྷ་བཅས་པ།གསལ་བྱེད་པ།རྣ་བ་མ་ཕུབ་པ་གསུམ་ཞེས་ཟེར་རོ།།ལུང་ནི་དབང་ཕྱུག་སྒྲ་བསྒྲགས་ཀྱི་རྒྱུད།སྨེ་བརྩེགས་ཀྱི་རྒྱུད་རྣམས་སོ།དབང་ཕྱུག་གི་ཡོན་ཏན་བརྒྱད་ནི།ཕྲ་བ། ཡངས་པ། མཆོད་བྱ་བ།བདག་པོར་གྱུར་པ། དབང་དུ་གྱུར་པ། གར་ཡང་ཕྱིན་པ།   འདོད་རྒུར་ལྡན་པ།   དགའ་མགུར་གནས་པའོ། །འདི་པས་སྣོད་བཅུད་ཐམས་ཅད་དབང་ཕྱུག་གིས་བྱས་པར་འདོད་དོ། །ལམ་ནི་བུམ་པ་ཅན་གྱི་རླུང་བསྒོམ་པ་དང༌། ཞི་བ་ལ་དམིགས་ནས་ༀ་བརྗོད་པ་དང༌།   དྲག་པོའི་དབང་བསྐུར་དང༌། ཁམས་འཛག་པའི་བདེ་བ་དང༌། འཁྲིག་པ་ལས་བྱུང་བའི་བདེ་བ་རྣམས་གྲོལ་ལམ་དུ་འདོད་དོ། ། དགུ་པ་བྱེ་བྲག་པ་ལ། སྟོན་པ་ནི།ཐུབ་པ་འུག་པ། དྲང་སྲོང་གཟེག་ཟན་རྣམས་སོ། མིང་གི་རྣམས་གྲངས་ནི་གཟེག་ཟན་པ། རྐང་མིག་པ། འུག་ཕྲུག་པ། བྱེ་བྲག་པ། ལུང་ཙམ་པ་རྣམས་སོ།   །འདི་དང་འུག་པའི་ཐུལ་བ་གྱོན་པ་གཉིས་མི་གཅིག་བོ།   །འདིས་འདོད་པའི་ཤེས་བྱ་ཚིག་གི་དོན་དྲུག་ནི།རྫས།ཡོན་ཏན།ལས། སྤྱི། ཁྱད་པར། འདུ་བ་རྣམས་སོ། །རྫས་ནི་དགུ་སྟེ།
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号