ད་སྔ་གཟིགས་བཞིན་པ།  མདུན་ངོས། > བསླབ་གཞིའི་ལྟེ་གནས། > བསླབ་གཞིའི་སློབ་དེབ།
༄༅། །རྒྱལ་ཁབ་རིམ་པའི་ཕུལ་བྱུང་བསླབ་ཚན་༼བོད་ཀྱི་གནའ་རབས་རྩོམ་རིག་༽ངོ་སྤྲོད་མདོར་བསྡུས།
སྤེལ་དུས།04-27  ཡོང་ཁུངས།  རྩོམ་པ་པོ།

      དེ་ཡང་བོད་ཀྱི་གནའ་རབས་རྩོམ་རིག་ཅེས་པའི་བསླ་ཚན་འདི་ནི་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་མཚོ་སྔོན་མི་རིགས་སློབ་གྲ་ཆེན་མོའི་བོད་རིག་པའི་སྡེ་ཁག་ནས་གསར་དུ་ཚུགས་པའི་བོད་ཡིག་གི་ཆེད་ལས་བསླབ་ཚན་གྱི་ཐོག་མ་ཡིན་ཞིང་། རྒྱལ་ཡོངས་ཀྱི་སློབ་གྲ་ཆེན་མོ་དག་ལས་ཐོག་མར་སྤེལ་བའི་བོད་ཡིག་གི་བསླབ་ཚན་ཡང་ཡིན། དེ་ནས་བཟུང་བགྲང་བྱ་བཅུ་ཕྲག་དུ་མའི་རིང་ལ་དགེ་སློབ་ཐུན་མོང་གི་འབད་འབུངས་ལས་བསླབ་ཚན་འདིའི་འཆད་ཉན་གྱི་ཆ་ལ་གྲུབ་འབྲས་མང་པོ་འཐོབ། ༡༩༨༡ལོར་རང་རེའི་སློབ་གྲར་བོད་ཀྱི་གནའ་རབས་རྩོམ་རིག་གི་ཞིབ་འཇུག་སློབ་མ་བསྡུ་བའི་ཆོག་མཆན་ཐོག་མར་ཐོབ། ༡༩༩༥ལོར་བོད་ཀྱི་གནའ་རབས་རྩོམ་རིག་གཙོས་བོད་ཡིག་ཆེད་ལས་འདི་ཞིང་ཆེན་རིམ་པའི་ལྟེ་གནད་རིག་ཚན་གྱི་གྲས་སུ་བདམས། དེ་ནས་རིམ་བཞིན་སློབ་གྲ་དང་ཞིང་ཆེན་རིམ་པའིེ་ཕུལ་བྱུང་བསླབ་ཚན་དང་ལྟེ་གནད་བསླབ་ཚན་དུ་བདམས། ༢༠༠༤ལོར་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བསླབ་ཚན་དུ་གྱི་མཚན་སྙན་ཐོབ། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་ཁག་གི་རྒྱལ་ཁག་གི་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བསླབ་ཚན་ཁོ་ནར་ངེས་ཤིང་། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ནང་ནས་མི་རིགས་སྐད་ཡིག་གིས་ཁྲིད་པའི་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བསླབ་ཚན་གྱི་ཐོག་མའང་ཡིན་ནོ ། །

   གཅིག དགེ་རྒན་གྱི་ཐད་ལ། ཐོག་མར་མཚན་སྙན་རྒྱ་བོད་ཡོངས་ལ་ཁྱབ་པའི་གནས་ལྔ་རིག་པའི་པཎ་ཌི་ཏ་ཆེན་མོ་རྗེ་འཇིགས་མེད་རིག་པའི་བློ་གྲོས་ནས་རང་རེའི་སློབ་གྲྭར་བསླབ་ཚན་འདིའི་འཆད་ཉན་གྱི་སྲོལ་ཐོག་མར་ཕྱེ་བ་ནས་བཟུང་། རྗེ་བླ་མ་ཤར་གདོང་རིན་པོ་ཆེ་དང་། སློབ་དཔོན་ཆེན་མོ་ཀླུ་རྒྱལ་འབུམ་གཙོས་དགེ་བའི་བཤེས་གཉེན་དུ་མའི་བཀའ་དྲིན་ལས་འདིའི་འཆད་ཉན་གྱི་རྒྱུན་ལེགས་པར་བསྐྱངས་ཤིང་། དུས་ཕྱིས་སུའང་བོད་རིག་པའི་ཆེད་ལས་མཁས་པ་ཆབ་འགག་རྟ་མགྲིན། ཆེད་དུ་གདན་འདྲེན་བྱས་པའི་མཁས་དབང་འཇམ་དབྱངས་གྲགས་པ་སོགས་དང་། རྒྱ་བོད་ཡིག་རིགས་དུ་མར་མཁས་པའི་དགེ་རྒན་མང་དུ་མཆིས། དགེ་རྒན་དེ་དག་ལས་ཕལ་ཆེ་བས་སྔ་ཕྱིར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་དུ་བླངས།
   གཉིས། སློབ་ཁྲིད་ཀྱི་ནང་དོན་ཐད་ལ ། བརྗོད་བྱ་ཆོས་ནོར་ཐར་འདོད་ཀྱིས་ཕྱུག་ཅིང་རྗོད་བྱེད་ཚིག་གི་སྡེབས་ལེགས་ཤིང་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་སྲོལ་རང་བཞིན་དུ་གནས་པའི་བསྟོད་པ། རྟོགས་བརྗོད། སྐྱེས་རབས། རྣམ་ཐར། བསླབ་བྱ། ལེགས་བཤད། མགུར་མ་སོགས་བརྩམས་ཆོས་ཀྱི་རིགས་ཐ་དད་པ་རྣམས་སྡེ་ཚན་བཅུ་བཞིར་བསྡུས་པའི་སྔོན་བྱོན་མཁས་དབང་རྣམས་ཀྱི་གསུང་རྩོམ་ལྔ་བཅུ་ལྷག་ཁྲིད་གཞིར་དྲངས་ཤིང་། དེ་དག་སོ་སོའི་བརྗོད་དོན། རྗོེད་བྱེད་ཀྱི་ཚིག དགོས་པ་དང་དགོངས་གཞི། དུས་སྐབས་སོ་སོ། ཡུལ་གྲུ་སོ་སོ། རྩོམ་སྲོལ་ཐ་དད་པ་བཅས་ལེགས་པར་འཆད་པ་དང་ཆབས་ཅིག་ཏུ། ས་པཎ་མཁས་འཇུག་སོགས་གནའ་རབས་ཀྱི་རྩོམ་རིག་གཞུང་ལུགས་དག་གིས་ཀྱང་ཟུར་བརྒྱན་པའོ། །
   གསུམ། སློབ་ཁྲིད་བྱེད་ཐབས་ཀྱི་ཆ་ལ། སློབ་མ་རྣམས་ལ་གནའ་རབས་ཀྱི་རྩོམ་རིག་ལ་འདྲིས་ཆ་ལྡན་པ། བར་སྐབས་ཀྱི་ཆེད་རྩོམ་འབྲི་བ་ལ་ཤེས་བྱའི་རྨང་གཞི་འདིང་བ། མཐར་ཕྱིན་དཔྱད་རྩོམ་འབྲི་བ་ལ་རྒྱུ་རྐྱེན་བསྐྲུན་པ། འབྱུང་འགྱུར་རྩོམ་རིག་དོན་གཉེར་གྱི་ལས་ལ་ནང་བྱན་ཆུད་པ་བཅས་ལ་དམིགས་ཏེ། རྗོད་བྱེད་ཚིག་གི་གནད་རྣམས་གསལ་བར་འགྲེལ་བ། རྒྱན་རྣམས་སྙན་ངག་གི་གཞུང་དང་མི་འགལ་བར་འཆད་པ། བརྗོད་བྱའི་དོན་ལ་ལུང་རིགས་དཔེ་གསུམ་གྱིས་སྒྲོ་འདོགས་གཅོད་པ། གཏན་ཚིགས་ཀྱིས་བརྗོད་དོན་བདེན་པར་བསྒྲུབ་པ། ལོ་རྒྱུས་ཀྱིས་དགོངས་དོན་རྒྱ་བསྐྱེད་ཚུལ་སོགས་སྲོལ་རྒྱུན་གྱི་འཆད་ཐབས་གཞིར་བྱས་པའི་སྟེང་། རྒྱ་ནག་སོགས་མི་རིགས་གཞན་གྱི་གནའ་རྩོམ་འཁྲིད་ཐབས་ཀྱི་ལེགས་པའི་ཆ་རྣམས་ཀྱང་སྡུད་ཅི་ཐུབ་དང་། སྨྱན་མང་གཟུགས་ཀྱི་སློབ་ཁྲིད་སོགས་དེང་རབས་ཀྱི་སློབ་ཁྲིད་སོགས་དེང་རབས་ཀྱི་ལག་ཐབས་ཀྱང་གང་འཚམ་སྤྱད།
   བཞི་བ། བསླབ་དེབ་ཕྱོགས་སུ། འབྲེལ་ཡོད་སློབ་གྲྭ་ཆེན་མོ་དག་གི་ཁྲིད་གཞིར་དམིགས་ཏེ་སྔ་ཕྱིར་སྟོད་སྨད་བར་གསུམ་དུ་ཕྱེ་བའི་དེབ་གསུམ་གྱི་བདག་ཉིད་ཅན་གྱི་ཡིག་འབྲུ་ཁྲི་༡༦༠ལས་བརྒལ་བའི་རྩོམ་ཡིག་གསེར་གྱི་སྦྲམ་བུ་ཞེས་བྱ་བ་དེ་དང་རྩོམ་ཡིག་གཅེས་བསྡུས་མུ་ཏིག་གསར་བའི་ཕྲེང་བ་ཞེས་བྱ་བ་གཉིས་ལེགས་པར་བསྒྲིགས་ཏེ་པར་དུ་བསྐྲུན། ཁྲིད་གཞི་དེ་དག་ནི་འདེམ་འགོད་ཀྱི་ཁྱབ་ཡུལ་རྒྱ་ཆེ་ཞིང་ནང་དོན་འདུས་ཆེ་བ། མ ཚམས་སྦྱོར་གནད་ལ་ཁེལ་ཞིང་འཛིན་བདེ་བ། མིང་འགྲེལ་ཁ་གསལ་ཞིང་རྒྱས་བསྡུས་འཚམ་པ། སློབ་མའི་བློ་ཁ་དང་འཚམ་ཞིང་བཀོལ་བདེ་བ་སོགས་ཁྱད་ཆོས་དུ་མ་ལྡན་པས། ཀུན་གྱི་དགའ་མགུ་ཡི་རངས་ཀྱི་གནས་སུ་བྱེད་ཅིང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སློབ་གྲྭ་ཆེན་མོ་ཁག་གི་ཁྲིད་གཞིར་བཀོལ་ཞིང་འབྲེལ་ཡོད་ལས་ཁུངས་དག་གིས་དཔྱད་གཞིར་ཡང་དྲངས།  སློབ་གྲྭ་དང་ཞིང་ཆེན། རྒྱལ་ཁབ་རིམ་པ་བཅས་ཀྱི་དགའ་རྟགས་ཀྱང་རིམ་པར་ཐོབ།
   ལྔ། སློབ་ཁྲིད་དོ་དམ་གྱི་ཆ་ལ། སློབ་ཁྲིད་རྩ་གནད། རྒྱུགས་ལེན་ཚད ་གཞི་སོགས་དོ་དམ་གྱི་ཡིག་ཆ་ཡོངས་སུ་ཚང་ཞིང་། སློབ་ཁྲིད་ཀྱི་དཔྱད་བརྗོད་སོགས་ཚགས་དམ་ཞིང་འཁྱེར་བདེ་བ་ཞིག་ཡོད་དོ། །
   མདོར་ན། བོད་ཀྱི་གནའ་རབས་རྩོམ་རིག་གཅེས་ཅེས་པའི་བསླབ་ཚན་འདི་ནི་དགེ་རྒན་གྱི་འཆད་ཁྲིད། བསླབ་ཚན་གྱི་ནང་དོན། སློབ་ཁྲིད་བྱེད་ཐབས། སློབ་མར་ཕན་ཐོགས་པ་སོགས་གང་ཅིའི་ཐད་ནས་བསླབ་ཚན་གཞན་ལས་ཁྱད་པར་འཕགས་པའི་དགེ་མཚན་དུ་མ་ལྡན་ནོ། །
རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号