ད་སྔ་གཟིགས་བཞིན་པ།  མདུན་ངོས། > བསླབ་གཞིའི་ལྟེ་གནས། > བསླབ་གཞིའི་གདེང་འཇོག
༄༅། །མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་སློབ་གསོའི་གླེང་མོལ་སྟེང་གི་གཏམ་བཤད།
སྤེལ་དུས།05-02  ཡོང་ཁུངས།  རྩོམ་པ་པོ།
གསུམ། ཉེ་ཆར་གྱི་རྟོགས་ཞིབ་ལས་མཐོང་བའི་སློབ་གསོའི་ཐད་ཀྱི་གནད་ དོན་དང་དེར་བཏོན་པའི་བསམ་འཆར་འགའ།
ཐེངས་འདིའི་བགྲོ་གླེང་ཐད་ཀྱི་གནད་དོན་གཙོ་བོ་ཞིག་ནི་ཁྲིད་ཐབས་བདམ་གསེས་བྱེད་པའི་བསྐོར་རེད། དེ་བས་ང་ཚོས་དུས་ཚོད་ཐུང་ངུའི་ནང་དུ་རྟོགས་ཞིབ་ཕྲན་ཙམ་བྱས་པ་ཡིན་ལ། གཙོ་བོ་གཞི་རིམ་གྱི་འབྲེལ་ཡོད་སློབ་གསོའི་ལས་ཁུངས་ཀྱིས་ཁྲིད་ཐབས་ལ་བཟུང་བའི་ལྟ་ཚུལ་དང༌། ལྷོ་ནུབ་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་པའི་མཚོ་ལྷོའི་ཞིབ་འཇུག་སློབ་མ་ཁ་ཤས་ལ་རྒྱུས་ལོན་བྱས་རྗེས་ གཤམ་གྱི་ལྟ་ཚུལ་འགའ་བཏོན་པ་ཡིན།
1.ཁྲིད་ཐབས་གདམ་གསེས་བྱེད་པའི་ཐད་ནས་བལྟས་ན། གཞི་རིམ་གྱི་སློབ་གྲྭ་མང་ཆེ་བ་ཞིག་གིས་ཁྲིད་ཐབས་དང་པོ་དང་གཉིས་པ་གཉིས་ཀ་མཉམ་གནས་འགལ་མེད་བྱེད་པའི་རེ་བ་བཟུང་ཡོད་ལ། ཕ་སྐད་སློབ་གསོའི་གནས་ལུགས་དང་སློབ་མའི་ཤེས་རྟོགས་ཀྱི་གནས་ལུགས། སྐད་ཆའི་གཏན་ཚིགས་གཅིག་གྱུར་གྱི་གནས་ལུགས་བཅས་དང་མ་འགལ་བར་ཁྲིད་ཐབས་ལག་བསྟར་བྱེད་སྐབས་ལྟོས་བཅོས་ཀྱི་གཏན་ཆགས་རང་བཞིན་ཡོད་དགོས་ཚུལ་དང༌།   ད་དུང་སྐད་ཆའི་ཁོར་ཡུག་མི་མཚུངས་པའི་ས་ཁུལ་གྱི་སློབ་མ་ལ་ཁྲིད་ཐབས་ཀྱང་མི་འདྲ་བ་བེད་སྤྱོད་དགོས་པའི་ལྟ་ཚུལ་འདོན་བཞིན་ཡོད།       ཁྲིད་ཐབས་གང་ཡིན་རུང་ཆེས་གལ་ཆེ་བ་ནི་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་བྱེད་དགོས་པ་དེ་ཡིན། ཡིན་ནའང་ཞིབ་བསྡུར་བྱས་པ་ལྟར་ན། སློབ་འབྲས་ཀྱི་བཟང་ངན་ནི་ཁྲིད་ཐབས་ཀྱི་སྟེང་ན་མེད་པར་དགེ་རྒན་གྱི་སློབ་ཚན་ཆེད་ལས་ཀྱི་ཆུ་ཚད་ལ་རགས་ལས་པ་དང༌། གལ་ཏེ་དགེ་རྒན་གྱི་ ཆེད་ལས་ཆུ་ཚད་མཐོ་ན་ཁྲིད་ཐབས་དང་པོའི་འབྲས་བུ་ལྷག་ཏུ་བཟང་པར་ངེས། དེ་མིན་སྐད་གཉིས་སློབ་ཁྲིད་ཀྱི་ཟུར་ལྟའི་དཔྱད་ཡིག་ཉུང་དྲག་པ་དང༌། དགེ་རྒན་གསོ་སྦྱོང་བྱེད་པའི་གོ་སྐབས་ཉུང་པས་ཁྲིད་ཐབས་དང་པོའི་སློབ་ཁྲིད་ལ་མཁོ་བའི་སློབ་གྲྭའི་བསླབ་གཞི་འཛུགས་སྐྲུན་བྱེད་གོས་པ་དང༌། ལྷག་པར་དུ་རྩིས་ཚན་ཐད་ཀྱི་བསླབ་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པར་འདུག
2.སྐད་གཉིས་སློབ་གསོ་ལ་ཁྲིད་ཐབས་གདམ་གསེས་བྱེད་སྐབས་རང་འདོད་གང་དྲན་བྱེད་དྲག་པ་དང༌། སློབ་མའི་ཆུ་ཚད་དངོས་ལ་མཐུན་པའི་ལས་འཐོབ་སློབ་སྟོན་དང་འཆར་གཞི་བཟོ་རྒྱུ་གལ་ཆེ་བ་ལས། དམིགས་མེད་ཧོབ་རྒྱུགས་དང་རང་འདོད་གང་དྲན་བྱེད་མི་རུང༌། ཁྲིད་ཐབས་བདམ་གསེས་ཀྱི་དབང་ཆ་སློབ་མ་རང་ལ་སྤྲད་ནས་སྲིད་གཞུང་གི་ཐེ་གཏོགས་ཇེ་ཉུང་ལ་གཏོང་དགོས་པར་སེམས།
3.ཁྲིད་ཐབས་ཀྱི་གཏན་ཆགས་རང་བཞིན་ཁག་ཐེག་བྱས་ཏེ་སློབ་གསོའི་འཕེལ་རྒྱས་ཀྱི་ལུགས་དང་བསྟུན་དགོས་ལ། སློབ་གསོའི་སྲིད་འཛིན་ལས་ཁུངས་ཀྱིས་ཐེ་གཏོགས་བྱེད་རྒྱུ་མང་དྲག་པ་དང༌།   འགོ་ཁྲིད་ལ་ལས་སྲིད་འབྲས་ཡག་ཤོས་ལེན་པའི་བློ་ཚོད་དང་བསྟུན་དྲག་པས་ཁྲིད་ཐབས་དང་པོའི་རྒྱུན་ཆགས་འཕེལ་རྒྱས་ལ་བར་ཆད་ཐེབས་པ་དང༌། ཐ་ན་ཁ་ལོ་ཡང་ཡང་བསྒྱུར་པས་སློབ་གྲྭ་དང་ཁྱིམ་བདག་གི་ཅི་བྱ་གཏོད་མེད་དུ་གྱུར་པའི་སྣང་ཚུལ་ཡང་ཡོད།
4.སྐད་གཉིས་མི་སྣའི་གསོ་སྐྱོང་ཐད་ལ་ཤུགས་ཆེན་པོ་སྣོན་པ་དང༌། དེའི་ཆ་འགྲིག་གི་སྲིད་ཇུས་གཏན་ཁེལ་དང་ལག་བསྟར་རྒྱུན་འཁྱོངས་བྱེད་པ། ལས་འཚོལ་དང་མི་སྣ་བེད་སྤྱོད་ཐད་ནས་འདྲ་མཉམ་དང་དྲང་བདེན།   མངོན་གསལ་བཅས་རྒྱུན་འཁྱོངས་བྱེད་དགོས།
མཚོ་ལྷོ་ནས་ཡོང་པའི་ཞིབ་འཇུག་སློབ་མར་རྒྱུས་ལོན་བྱས་པ་ལྟར་སྐད་ཡིག་གི་སློབ་ཁྲིད་འབུར་དུ་ཐོན་པ་ལས་རྨང་གཞིའི་ཤེས་བྱའི་གཏིང་མི་ཟབ་པ་དང༌། སློབ་མར་བསམ་གཞིག་གི་ནུས་པ་དང་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ནུས་པ་ཞན་ལ། རང་ཉིད་ཀྱི་དུས་ཡུན་ཐུང་ངུའི་འཆར་གཞིའང་བཟོ་བཀོད་བྱེད་ཐུབ་ཀྱིན་མེད་པར་མ་ཟད།སློབ་ཆེན་དུ་ཞུགས་རྗེས་ཡུན་རིང་ལ་དབྱིབས་འགྱུར་བྱེད་མ་ཐུབ་པར་ལུས་ཡོད། དེ་མིན་སྐད་གཉིས་ཤེས་བྱའི་ཆུ་ཚད་ཆ་མི་སྙོམས་དང་ས་གནས་ཀྱི་བར་ཁྱད་ཆེ་བ། རིག་ཚན་ཤེས་བྱ་སྣ་གཅིག་ཡིན་པ་སོགས་ཀྱི་དབང་གིས་སློབ་ཆེན་སྐབས་སུའང་རིག་ཚན་གྱི་རྒྱ་བསྐྱེད་དཀའ་བ་དང་ཤེས་བྱ་གསར་བསྒྱུར་བྱེད་མི་ཐུབ་ལ།   མཐོ་རིམ་སློབ་གྲྭའི་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་ལས་གསོ་སྐྱོང་གི་དཔེ་དབྱིབས་གཅིག་མཚུངས་ཡིན་པས་མི་སྣའི་མཁོ་སྤྲོད་དང་དགོས་མཁོ་ལ་འགལ་འཛོལ་ཤོར་ཡོད།
བཞི། མཚོ་ལྷོ་ཁུལ་གྱི་ད་ཡོད་སློབ་གསོའི་གནས་ཚུལ་གྱི་བསམ་གཞིགས།
མཚོ་ལྷོ་ཁུལ་གྱི་ཐེངས་འདིའི་སློབ་གསོའི་བཅོས་བསྒྱུར་ནི་བོད་ཁུལ་ཡོངས་ཀྱིས་དེང་རབས་སློབ་གསོ་ལ་ཁ་ཕྱོགས་པའི་དཔལ་འབྱོར་འཛམ་གླིང་ཅན་དང་རིག་གནས་སྣ་མང་ཅན་དུ་བསྐྱོད་པའི་ད་ལྟའི་ཀྲུང་གོའི་སློབ་གསོ་ཐོད་བརྒལ་བྱེད་པའི་རྒྱབ་ལྗོངས་ཁྲོད་དུ་བྱུང་བའི་ཧུར་ཐག་འབད་བརྩོན་བྱེད་པའི་རྣམ་པ་གསར་བ་ཞིག་གི་ཚོད་ལྟ་ཡིན་པས། དེར་ལྟ་ཚུལ་འདྲ་མིན་འབྱུང་སྲིད་པ་དང༌། རིག་གཞུང་གི་རྒྱབ་ལྗོངས་མི་འདྲ་བ་དང༌། རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་མི་འདྲ་བས་བསམ་བློའི་སྟེང་ནས་ཕོག་ཐུག་ཐེབས་པ་དང་ཕན་ཚུན་རྩོད་གླེང་ཡང་འབྱུང་སྲིད་པ་རེད། དེ་ནི་ཧ་ཅང་རྒྱུན་ལྡན་ཡིན་པའི་སྣང་ཚུལ་ཅིག་གི་མངོན་ཚུལ་རེད། སྤྱི་ཚོགས་གང་ཞིག་ཡིན་རུང་བར་བརྒལ་བྱེད་པའི་སྐབས་ཀྱི་རིག་གནས་དེར་སེམས་ཁུར་བྱེད་པ་དང་མཉམ་དུ་གསར་བྱུང་གི་སྐད་ཆའི་གནས་སྐབས་དང་བསྟུན་ནས་ཉམས་དམས་དང་གསར་སྒྲིག་བྱེད་ངེས་རེད། ང་རང་བགྲོ་གླེང་འདི་ལ་མ་ཞུགས་པའི་ཉིན་འགའི་སྔོན་ལ་དོན་དེ་གོ་ཚོར་བྱུང་ཡོད། སློབ་གསོའི་བྱ་བ་བསྒྲུབ་མཁན་ཁ་ཤས་ཞིག་གིས་ཁྲིད་ཐབས་དང་པོ་གཉིས་པའི་སྒྲིག་བཀོད་དང༌། བར་བརྒལ་དུས་མཚམས་ཀྱི་རིག་ཚན་གྱི་གྱེས་འགྱེལ་གྱིས་བོད་སྐད་ཡིག་སློབ་གསོ་ལ་ངན་ཤུགས་ཐེབས་ངེས་རེད་འདོད། ངས་ང་ཚོ་དངོས་སུ་བརྒྱུད་མྱོང་བའི་སློབ་གསོའི་དངོས་ཡོད་ཀྱི་སྟེང་ནས་བལྟས་ན། མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་སྟེང་ནས་བོད་སྐད་ཡིག་སློབ་ཁྲིད་ཀྱི་རིག་གཞུང་གི་ལྟ་ཚུལ་ལ་ངེས་པར་དུ་ངོས་འཛིན་གསར་བ་ཞིག་ཡོད་དགོས།ཐོག་མར་དུང་སེམས་དང་བསམ་བློའི་སྟེང་ནས་རྒྱུ་གཉིས་སྨྲ་བའི་འགལ་བ་འདོར་དགོས་ལ། རང་ས་རང་ཡུལ་གྱི་འདུ་ཤེས་ལས་བརྒལ་བ་དང་མི་རིགས་ལ་བློ་ཁ་ཕྱོགས་དྲག་ པའི་མངོན་ཚུལ་མེད་དུ་འཇུག་དགོས་པར་མ་ཟད། བསྐྱར་དུ་བསམ་བློ་གཏོང་བའི་ཤེས་རྟོག་གི་ནུས་པ་ཞིག་ཡོད་དགོས། དེ་ལྟར་བྱས་ཚེ་ད་གཟོད་རྗེས་དཔག་ཁྲོད་ནས་བོད་སྐད་ཡིག་གི་སློབ་གསོ་ལ་ངོས་འཛིན་མི་དམན་པ་ཞིག་ལེན་ཐུབ་པ་རེད།
མིག་སྔར་བོད་སྐད་ཡིག་གི་སློབ་གསོའི་གནས་བབ་སྟེང་ནས་བལྟས་ན་གོ་ལོག་ཆེན་པོ་གཉིས་བྱུང་ཡོད་པ་དེ་ངེས་པར་དུ་དག་སེལ་བྱེད་དགོས་པ་སྟེ།
1.བོད་སྐད་ཡིག་རྩོམ་རིག་རིག་ཚན་གྱི་ཆེ་བ་བླ་ལྷག་ཏུ་བརྗོད་པ་དང༌། འབྲེལ་ཡོད་རིག་ཚན་ལ་རྒྱུ་ལོན་བྱེད་རྒྱུ་ཉུང་དྲག་པས་རིག་ཚན་ཕན་ཚུན་གྱི་འབྲེལ་བ་ཟ་ཟིང་དུ་གྱུར་ཡོད། དེ་བས་རིག་གནས་རང་སྟེང་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱ་ཐབས་བྲལ།
སྣང་ཚུལ་འདི་ནི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་གཉེར་མཁན་ཁྲོད་དུ་ཧ་ཅང་རྒྱུན་ལྡན་རེད། དེ་མ་ཟད་མཐོ་རིམ་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་གི་དགེ་རྒན་ཁྲོད་དུའང་སྐད་ཡིག་རྩོམ་རིག་མཆོག་འཛིན་བྱེད་མཁན་ཡང་ཡོད་སྲིད། ཁོ་ཚོར་འབྲེལ་ཡོད་རིག་ཚན་ལ་རྒྱུས་མེད་པ་དང་ངེས་ཤེས་ལ་ཚད་བཀག་ཡོད་པས་དེ་ལྟར་རང་ཉིད་ཀྱིས་བཟོས་པའི་རིག་གནས་སྟོང་སེམས་ཁྲོད་དུ་ལུས་ཡོད་པ་རེད། དེ་ལྟར་བྱས་ཚེ་ཆེད་ལས་ཤེས་བྱའི་སྒྲིག་གཞི་འོས་མཚམས་མིན་ལ།   རིག་གཞུང་གི་ལས་ལ་འཇུག་པའི་གསར་སློབ་པའི་ཆེད་ལས་ཀྱི་ཁྱད་ཆོས་ལ་ཁ་གཡར་ནས་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཆེ་རུ་བསྐྱེད་ཀྱིན་ཡོད། འདི་ལྟ་བུའི་སློབ་གསོའི་འདུ་ཤེས་ཡིས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་སློབ་མར་རིག་ཚན་གང་ཡིན་ལ་ངེས་ཤེས་གསལ་བོ་མེད་པ་བཟོས་པ་མ་ཟད། ཞིབ་འཇུག་སློབ་མའི་སྐབས་སུའང་སྐད་ཆ་དང་ཡི་གེ་ལ་གོ་བ་ལེན་ཚད་དང་འགྲེལ་ལུགས་ཙམ་གྱིས་དེའི་ཤེས་ཡོན་གྱི་མཐོ་དམའ་ཚད་འཇལ་བྱེད་པ་རེད། དངོས་གཞི་དང་ཧྲོ་ཧྲིའི་སྐབས་སུ་རང་རྐྱ་ཕེར་བའི་སྒོ་ ནས་བསམ་གཞིགས་བྱེད་པའི་ནུས་པ་དང༌། རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ནུས་པ་དམན་པ་རེད། རིག་ཚན་ཤེས་བྱ་སྤྱི་འདུས་མིན་པས་རིག་གནས་གྱི་ཁ་དབུགས་ལ་ངན་ཤུགས་ཐེབས་ཏེ་རིག་གནས་ཆེར་རློམ་གྱི་བསམ་ཚུལ་བྱུང་བ་རེད། དེ་བས་མི་རིགས་རིག་གནས་ལ་དོན་སྟོང་རིང་ལུགས་ཀྱི་སྣང་ཚུལ་ལམ་སྲོལ་རྒྱུན་རིག་གནས་དགོས་མེད་དུ་འཛིན་པ་དང༌། ཡང་ན་དེང་རབས་རིག་གནས་སམ་ནུབ་ཕྱོགས་རིག་གནས་ལ་ཁ་ཕྱོགས་པ་བཅས་ཀྱིས་མི་རིགས་རིག་གནས་གྱི་རང་རྟོགས་ཀྱི་འདུ་ཤེས་མེད་པའམ་རང་ཉིད་ཀྱི་རིག་གནས་དེའི་ཁྱད་ཆོས་ངོ་གདོང་ཡལ་འགྲོ་བ་ རེད།
རིག་ཚན་གྱི་འབྲེལ་བ་དེ་ཉོག་བསྲེས་ཡོད་པ་ནི་སློབ་འབྲིང་སྐབས་སུ་བྱུང་ཡོད་པ་རེད། བོད་ཡིག་དགེ་རྒན་གྱིས་འགན་གཞན་པ་མི་ཉུང་བ་ཞིག་ཁུར་ཡོད་དེ།   ཆབ་སྲིད་དང༌། ལོ་རྒྱུས། ས་རྒྱུས་ལ་སོགས་པའི་རིག་ཚན་གཞན་པའི་སློབ་ཁྲིད་ཀྱང་བྱེད་དགོས་པ་རེད།འདི་ལྟ་བུའི་རིག་ཚན་སྣ་མང་གཉེར་བའི་སློབ་གསོའི་མཇུག་འབྲས་ཀྱིས་སློབ་མར་རིག་ཚན་ལ་ངེས་ཤེས་མེད་པ་དང༌།རིག་ཚན་གྱི་ཚད་ལྡན་བརྡ་ཆད་བཀོལ་སྤྱོད་བྱེད་མི་ཐུབ་པ་དང༌། སྐད་ཡིག་ལས་གཞན་པའི་རིག་ཚན་གྱི་ཤེས་བྱ་སྤྱིར་བཏང་གིས་ཧ་ཅང་དམའ། སློབ་ཆེན་ནང་དུ་ཐོན་རྗེས་སློབ་སྐར་ལེན་པ་ལ་ཁ་ཕྱོགས་ནས་རང་འགུལ་སློབ་སྦྱོང་གི་ནུས་བ་འདོན་པའི་སྐབས་སུ་ཤེས་བྱ་སྣ་གཅིག་ ཅན་ལ་ཚད་བཀག་ཡོད་པ་ཤེས་ཐུབ། དེས་རིག་ཚན་གཞན་པ་གདམ་སྟེ་སློབ་སྦྱོང་བྱེད་པ་ལ་གནོད་པ་ཚབ་ཆེན་བཟོས་ཡོད། ལས་གནས་འཚོལ་བའི་སྐབས་སུ་མི་རིགས་སློབ་ཆེན་ཁག་གིས་སློབ་མ་གསོ་སྐྱོང་བྱས་པའི་རྣམ་པ་འདྲ་ལ་རིག་ཚན་ལ་ཁྱད་ཆོས་མངོན་གསལ་མེད་པ་དང༌། ལས་གནས་ཀྱི་འགྲོ་ཕྱོགས་ལའང་ཚད་བཀག་བྱུང་སྟེ་ཐུན་མོང་ལ་སྐྱི་གཡའ་བའི་གནས་སྐབས་བྱུང་དུ་བཅུག་པ་རེད།
དེར་བརྟེན། ངས་བལྟས་ན་བོད་ཡིག་སློབ་ཁྲིད་ཀྱི་རྨང་གཞིའི་སྟེང་དུ་དམའ་འབྲིང་ནས་མཐོ་འབྲིང་གི་སྐབས་སུ་སློབ་མས་བསླབ་ཟིན་པའི་ཤེས་བྱའི་ནུས་པ་ལ་གཞིགས་ཏེ་རང་ཉིད་ཀྱིས་བདམ་གསེས་བྱེད་པའི་རྣམ་པ་བསྒྱུར་ཚེ་ཁྲིད་ཐབས་དང་པོ་དང་གཉིས་པ་གང་ཡིན་ནའང་ཁྱད་ཆོས་འབུར་དུ་ཐོན་དགོས་པ་རེད།ཁྲིད་ཐབས་དང་པོའི་བོད་ཡིག་གི་ལེགས་ཆ་དང་དགེ་མཚན་ཁག་ཐེག་གིས་སློབ་མའི་ཁྱད་ཆོས་ གཞིར་བཟུང་ནས་སྐད་གཉིས་སློབ་གསོ་ལ་ཤུགས་སྣོན་བྱ་དགོས། སློབ་འབྲིང་གི་སྐབས་སུ་སློབ་མར་སྦྱོང་བརྡར་ལེགས་པོ་བྱས་ཚེ་ད་གཟོད་སློབ་ཆེན་དང༌། ཧྲོ་ཧྲིའི་སྐབས་ཀྱི་ཁྱད་ཆོས་ཅན་དང་ཆེད་ལས་ཅན་དུ་འགྱུར་ཐུབ་པ་རེད།
2.བོད་སྐད་ཡིག་སློབ་གསོ་ལ་རང་ཚོད་ཀྱི་བསམ་གཞིགས་ཀྱིས་དབེན་པ་དང༌། རིག་གནས་ལ་ཁེངས་སེམས་ཀྱིས་སྡུག་ཡུས་བརྗོད་པ།
རིག་ཚན་གྱི་གོ་དོན་དང་འབྲེལ་བ་མག་མོག་ཡིན་པས་བོད་སྐད་ཡིག་གི་རིག་ཚན་ལ་གོ་བ་དཔྱིས་ཕྱིན་པ་ཞིག་ལོན་ཐུབ་མེད། མི་མང་ཤོས་ཅིག་གིས་བོད་སྐད་ཡིག་རྩོམ་རིག་གི་རིག་ཚན་ཆེད་ལས་དེ་བོད་ཀྱི་རིག་གནས་ལ་གོ་བླངས་ཡོད་དེ། བོད་སྐད་ཡིག་རྩོམ་རིག་ཆེད་ལས་ལ་གླེང་སློང་བ་ཙམ་གྱིས་བོད་ཀྱི་རིག་གནས་ལ་ནག་ཉེས་བཟོས་པའི་འདུ་ཤེས་འཛིན་གྱིན་ཡོད། བོད་སྐད་ཡིག་རྩོམ་རིག་ནི་བོད་ཀྱི་རིག་    གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ་དེ་མ་ཟད་རིག་གནས་བརྗེ་རེས་བྱེད་པའི་ལག་ཆ་ཞིག་ཀྱང་རེད། དེ་དང་བོད་ཀྱི་རིག་གནས་གཉིས་བར་ལ་འབྲལ་ཐབས་མེད་པའི་འབྲེལ་བ་ལྡན་མོད། ཡིན་ནའང་དེ་ནི་བོད་ཀྱི་རིག་གནས་ཡོད་ཚད་མིན།  ང་ཚོ་གོམས་ལོབས་སུ་གྱུར་བའི་དབང་གིས་བོད་སྐད་ཡིག་རྩོམ་རིག་གིས་བོད་ཀྱི་རིག་གནས་བསམ་གཞིགས་ཀྱི་རྣམ་པའི་དོད་བྱས་པ་རེད། དེ་བས་མི་མང་ཤོས་ཅིག་གིས་ཤེས་རིག་གི་བྱང་ཆ་དེ་ཤེས་བྱའི་གསོག་འཇོག་ལ་ནོར་ནས་ཤེས་བྱ་ནི་ཤེས་རིག་གི་བྱང་ཆ་ཡིན་པར་འདོད། བོད་སྐད་ཡིག་རྩོམ་རིག་ནི་ཤེས་བྱ་ཡིན་པའི་དབང་དུ་བཏང་ན། ཤེས་བྱ་ནི་རིག་གནས་ཀྱི་བྱང་ཚད་ཡིན་ལ་དེ་བརྒྱུད་ནས་ཤེས་རྟོག་བྱུང་བ་ནི་ཤེས་རིག་གི་སྙིང་སྟོབས་ཡིན་པ་དེ་ཤེས་བྱ་གསོག་འཇོག་ལ་ངོས་འཛིན་པ་རེད། ཚུལ་འདི་སློབ་གསོའི་ལག་ལེན་ཁྲོད་དུ་མངོན་ཚེ་རིག་གནས་ཀྱི་མ་རྐང་ལྟ་བུའི་ཤེས་རིག་གི་བྱང་ཆ་ཤོར་འགྲོ་བ་རེད། དེ་བས་མི་རིགས་རིག་གནས་ཀྱི་སྙིང་བོ་དང་བསམ་པའི་འདེགས་རྟེན་ལྟ་བུ་རྙེད་ཐུབ་ཀྱིན་མེད། མིག་སྔར་ང་ཚོ་རིག་གནས་སྣ་མང་ཅན་ལ་ཁ་ཕྱོགས་ཏེ་འཆམ་མཐུན་གྱིས་གནས་ཡོད་ལ། དེ་དག་གི་འབྲེལ་འདྲིས་ཁྲོད་ནས་སྙིགས་འདོར་བཅུད་ལེན་སྒོས་རིག་གནས་བདེ་ཐང་གི་ངང་ནས་མདུན་བསྐྱོད་བྱེད་པའི་སྣེ་དེ་ངོས་ཟིན་དགོས།
ང་རང་ཉིད་ལ་མཚོན་ན་མི་རིགས་སློབ་གསོའི་ལས་གནས་དང་པོ་ནས་ལོ་ངོ་ཉི་ཤུ་ལྷག་འགོར་ལ་ཉེ། ཆུང་དུས་སུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་མྱངས་བ་མ་ཟད་དེང་རབས་རིག་གནས་ཀྱི་སློབ་གསོའང་མྱངས་མྱོང༌། མི་རིགས་རིག་གནས་ནི་ང་ཚོ་གསོན་ཐུབ་མིན་དང་ཚེ་སྲོག་གི་གཞི་རྩ་ཡིན་པ་གསལ་བོར་ཤེས། ངས་མཚོ་སྔོན་དང༌། ཀན་སུའུ། སི་ཁྲོན་བཅས་བོད་ཁུལ་གྱི་ས་གནས་ཆེན་པོ་གསུམ་དུ་བྱ་བ་གཉེར་བའི་ཉམས་མྱོང་ལས་ང་རང་ལ་བོད་ཀྱི་སློབ་གསོ་བསྒྲུབ་པའི་གནས་བབས་བཟང་པོ་ཞིག་མཁོ་སྤྲོད་བྱས་པ་སྟེ། ཐད་ཀར་དུ་ཞིབ་སྡུར་དང་བསམ་གཞིགས་བྱེད་ཐུབ་པ་བྱུང༌། ལྷག་པར་དུ་ཉེ་བའི་ལོ་འདི་དག་གི་ནང་དུ་མི་རིགས་སློབ་གསོ་ལ་སྔར་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་ཡོད་ལ། དབྱིབས་འགྱུར་དང་འགྲན་རྩོད་ཀྱི་འགག་སྒོར་ཡང་འཕྲད་ཡོད། ཇི་ལྟར་བོད་སྐད་ཡིག་རྩོམ་རིག་སློབ་ཚན་གྱི་དབྱེ་འཚམས་འབྱེད་པ་དང༌།ཇི་ལྟར་གསོ་སྐྱོང་དཔེ་དབྱིབས་བཟོ་བཀོད་བྱེད་པ། ཇི་ལྟར་ལས་ཞུགས་ཀྱི་བགྲོད་ལམ་རྒྱ་བསྐྱེད་པ་སོགས་ནི་བྱ་བ་འདིར་ཞུགས་མཁན་གྱི་མི་ཚང་མས་ཞིབ་འཇུག་མི་བྱེད་ཐབས་མེད་ཀྱི་དོན་དག་ཅིག་རེད། ཐེངས་འདིའི་བགྲོ་གླེང་གི་གོ་སྐབས་དང་བསྟུན་ནས་འགོ་ཁྲིད་དང་གྲོགས་པོ་ལྷན་རྒྱས་དང་གླེང་མོལ་བྱ་འོས། གླེང་མོལ་གྱི་མཇུག་འབྲས་གང་ཡིན་རུང་ང་ཚོ་ལ་ཡིད་ཆེ་ཞིག་ཡོད་པ་ནི་མི་རིགས་སློབ་གསོ་ལ་དུང་སེམས་ཆེ་བའི་དབང་གིས་ང་ཚོ་འདིར་ལྷགས་པ་དང་ལྟ་ཚུལ་མི་འདྲ་བའི་གདོང་གཏུག་དང་བརྗེ་རེས་ཀྱི“བློ་རྒྱ་བསྐྱེད་པའི་”རིག་གནས་ཀྱི་ལས་འགན་འདི་བསྒྲུབས་པ་རེད།
མཚོ་ལྷོ་ཁུལ་གྱི་ཐེངས་འདིའི་སློབ་གསོའི་བཅོས་བསྒྱུར་དེ་མིག་དཔེར་བཟུང་ན་ང་ཚོའི་སློབ་གསོ་བསྒྲུབ་ཕྱོགས་ལ་ངེས་ཤེས་མི་དམན་པ་ཞིག་རྙེད་ཐུབ་པར་མ་ཟད།གཡོལ་དུ་མེད་པའི་དཀའ་ཁག་ལའང་འཕྲད་སྲིད། ཡིན་ནའང་བཤད་ཕོད་པ་དང༌། སྒྲུབ་ཕོད་པའི་སྙིང་སྟོབས་དེ་གཙིགས་སུ་བཟུང་ནས་རྗེས་སུ་ཡི་རངས་བྱས་པ་ཡིན། ལོ་དུ་མའི་རྗེས་ནས་ང་ཚོས་གྲོས་གཞི་འདི་ལ་ཕྱི་མིག་གིས་བལྟས་ཚེ་འདིས་ལེགས་འགྲུབ་ཀྱི་ཉམས་མྱོང་གིས་ང་ཚོར་སྤྲོ་སྣང་འབྱིན་སྲིད་ལ། མདུན་སྐྱོད་ཀྱི་དཀའ་ཁག་ཁྲོད་ནས་འདིར་བཅོས་བསྒྱུར་དང་ལེགས་སྒྲིག་བྱེད་མི་དགོས་པའང་མི་སྲིད། ཡིན་ནའང་ང་ཚོས་ལས་དོན་འདི་ལྟ་བུའི་བསྒྲུབ་པར་བཀག་འགོག་བྱེད་པའི་གནས་ལུགས་གང་ཡང་མེད་དོ། །
 
 
 
                                            2008ལོའི་ཟླ7པའི་ཚེས16ཉིན།
 

 

རྒྱབ་སྐྱོར།
返回首页
གཙོ་ངོས།
པར་ལྡན་རྩོམ་ཡིག
ཉེ་ལམ་གསར་བརྗེས།
ཀློག་མཁན་མང་ཤོས།
 
Copyright © 2005 - 2024 Teducn.com
phone:18997245213 QQ:89457590
དྲ་ཚིགས་འདིའི་པར་དབང་ཡོད་ཚད་བོད་ཀྱི་སློབ་གསོ་དྲ་བར་དབང་།
ཡིག་ཟམ། gangjian_xn@hotmail.com
འབྲེལ་གཏུགས་ཁ་པར། ༡༨༩༩༧༢༤༥༢༡༣青ICP备18000196号